དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་ས་གནས་རིམ་པ་ཁག་གི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འདེམས་བསྐོའི་བཅའ་ཁྲིམས》ལག་བསྟར་བྱེད་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་ཞིབ་སྲོལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས།

        〔2011〕ལོའི་ཡིག་ཨང་5པ།

        《<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་ས་གནས་རིམ་པ་ཁག་གི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འདེམས་བསྐོའི་བཅའ་ཁྲིམས >ལག་བསྟར་བྱེད་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་ཞིབ་སྲོལ 》དེ་2011ལོའི་ཟླ་7ཚེས་29ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་རྒྱུན་ཨུད་ཀྱི་ཚོགས་འདུ་ཐེངས་ཉེར་གསུམ་པའི་ཐོག་བཟོ་བཅོས་བྱས་ནས་གྲོས་འཆམ་བྱུང་ཡོད། བཟོ་བཅོས་བྱས་རྗེས་ཀྱི 《<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་ས་གནས་རིམ་པ་ཁག་གི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འདེམས་བསྐོའི་བཅའ་ཁྲིམས >ལག་བསྟར་བྱེད་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་ཞིབ་སྲོལ 》སྤྱི་བསྒྲགས་བྱེད་རྒྱུ་དང་སྦྲགས་གྲོས་འཆམ་བྱུང་ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་ཡིན་པ་ད་ལྟ་ཆེད་དུ་སྤྱི་བསྒྲགས་སྤེལ་རྒྱུ་ཡིན།

        བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས།

        2011ལོའི་ཟླ་7ཚེས་29ལ།

        ལེའུ་དང་པོ། སྤྱིའི་རྩ་འཛིན།

        དོན་ཚན་དང་པོ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་ས་གནས་རིམ་པ་ཁག་གི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འདེམས་བསྐོའི་བཅའ་ཁྲིམས 》(གཤམ་དུ 《འདེམས་བསྐོའི་བཅའ་ཁྲིམས 》ཞེས་བསྡུ་རྒྱུ )དང་འབྲེལ་ཡོད་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་གཞིར་བཟུང་ཐོག་བོད་རང་སྐྱོང་ལྗོངས་ཀྱི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ་འདེམས་བསྐོའི་ཞིབ་སྲོལ་འདི་བཟོས་པ་ཡིན།

        དོན་ཚན་གཉིས་པ། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ལ་ཞུགས་མཁན་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་རྣམས་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་ཐོག་འདེམས་བསྐོ་བྱེད་རྒྱུ།

        རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་རྣམས་ཆུད་བཙུགས་པའི་གྲོང་ཁྱེར་དང་ས་གནས་ཁོངས་གཏོགས་སུ་ཆུད་བཙུགས་མེད་པའི་གྲོང་ཁྱེར་དང་རྫོང་མི་དམངས་འཐུས་མི་ཚོགས་ཆེན་ནས་འདེམས་བསྐོ་བྱེད་རྒྱུ།

        ཆུད་བཙུགས་པའི་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་རྣམས་དེ་གའི་གྲོང་ཁྱེར་ཁོངས་གཏོགས་ཀྱི་ཆུད་དང་རྫོང་མི་དམངས་འཐུས་མི་ཚོགས་ཆེན་ནས་འདེམས་བསྐོ་བྱེད་རྒྱུ།

        ཆུད་བཙུགས་མེད་པའི་གྲོང་ཁྱེར་དང་། གྲོང་ཁྱེར་ཁོངས་གཏོགས་ཀྱི་ཆུད། རྫོང་། ཤང་། མི་རིགས་ཤང་། གྲོང་རྡལ་བཅས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་རྣམས་འདེམས་དམངས་ཀྱིས་ཐད་ཀར་འདེམས་བསྐོ་བྱེད་རྒྱུ།

        རྫོང་རིམ་པ་ཡན་གྱི་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་ནང་མི་དམངས་དྲག་ཆས་ཉེན་རྟོག་དཔུང་སྡེའི་འཐུས་མི་འདེམས་བསྐོ་བྱེད་རྒྱུར་ཞུགས་རྒྱུ།

        རང་སྐྱོང་ལྗོངས་སུ་བཅའ་སྡོད་མི་དམངས་བཅིངས་འགྲོལ་དམག་གིས 《ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ཁོངས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་དང་རྫོང་རིམ་པ་ཡན་གྱི་ས་གནས་རིམ་པ་ཁག་གི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་འདེམས་བསྐོ་བྱེད་ཐབས 》གཞིར་བཟུང་འཐུས་མི་འདེམས་བསྐོ་བྱེད་རྒྱུ།

        དོན་ཚན་གསུམ་པ། བོད་རང་སྐྱོང་ལྗོངས་ཁོངས་ཀྱི་རང་ལོ་བཅོ་བརྒྱད་ཡན་ཟིན་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཡིན་ཕྱིན་མི་རིགས་དང་། རིགས་རྒྱུད། ཕོ་མོ། ལས་རིགས། ཁྱིམ་ཚང་གི་གཞི་ཁུངས། ཆོས་ལུགས་དད་མོས། སློབ་གསོ་ཐོབ་ཚད། རྒྱུ་ནོར་གྱི་གནས་ཚུལ། སྡོད་ཡུན་རིང་ཐུང་སོགས་གང་ཡིན་ལ་མ་ལྟོས་པར་ཚང་མར་གདམ་བྱ་དང་འདེམས་བྱེད་ཀྱི་དབང་ཆ་ཡོད།

        བཅའ་ཁྲིམས་ཀྱི་གཏན་འབེབས་གཞིར་བཟུང་ཆབ་སྲིད་ཀྱི་དབང་ཆ་འཕྲོག་པའི་རིགས་ལ་གདམ་བྱ་དང་འདེམས་བྱེད་ཀྱི་དབང་ཆ་མེད།

        དོན་ཚན་བཞི་པ། རང་སྐྱོང་ལྗོངས་ཀྱི་རིམ་པ་ཁག་གི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་ལ་རྒྱ་ཁྱབ་ཆེ་བའི་འཐུས་ཚབ་རང་བཞིན་ཡོད་དགོས་པ་དང་། གཞི་རིམ་གྱི་འཐུས་མི་དང་ལྷག་པར་དུ་བཟོ་པ་དང་། ཞིང་འབྲོག་པ། ཤེས་ཡོན་ཅན་བཅས་ཀྱི་འཐུས་མིའི་གྲངས་འབོར་འོས་འཚམ་ཞིག་ངེས་པར་དུ་ཡོད་དགོས་པ། རྒྱ་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གི་འཐུས་མིའི་གྲངས་འབོར་འོས་འཚམ་ཞིག་ཡོད་དགོས། བུད་མེད་ཀྱི་འཐུས་མིའི་བསྡུར་ཚད་20%ལས་མི་ཉུང་བ་བྱེད་རྒྱུ་མ་ཟད། བུད་མེད་ཀྱི་འཐུས་མིའི་བསྡུར་ཚད་རིམ་བཞིན་མཐོ་རུ་གཏོང་དགོས།

        འཐབ་ཕྱོགས་གཅིག་གྱུར་གྱི་མི་སྣ་དང་ཚུར་ལོག་བོད་རིགས་སྤུན་ཟླ་ཅུང་མང་བའི་ས་ཆར་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་འདེམས་བསྐོ་བྱེད་སྐབས་འཐབ་ཕྱོགས་གཅིག་གྱུར་གྱི་མི་སྣ་དང་ཚུར་ལོག་བོད་རིགས་སྤུན་ཟླའི་འཐུས་མིའི་གྲངས་འབོར་འོས་འཚམ་ཞིག་ཡོད་དགོས།

        དོན་ཚན་ལྔ་པ། རང་སྐྱོང་ལྗོངས་ཀྱི་རིམ་པ་ཁག་གི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འདེམས་བསྐོའི་འགྲོ་གྲོན་རྣམས་རིམ་པ་དེ་གའི་ནོར་སྲིད་སྔོན་རྩིས་ནང་འཇུག་དགོས། ནོར་སྲིད་བཙུགས་མེད་པའི་ཤང་དང་། མི་རིགས་ཤང་། གྲོང་རྡལ་བཅས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འདེམས་བསྐོའི་འགྲོ་གྲོན་རྣམས་རང་ལས་རིམ་པ་གཅིག་གིས་མཐོ་བའི་ནོར་སྲིད་སྔོན་རྩིས་ནང་བཅུག་ནས་གཏོང་རྒྱུ།

        འདེམས་བསྐོའི་འགྲོ་གྲོན་རྣམས་ཆེད་དངུལ་ཆེད་སྤྱོད་བྱེད་རྒྱུ།

        དོན་ཚན་དྲུག་པ། འདེམས་བསྐོའི་ཡིག་ཆ་དང་། འདེམས་དམངས་ཀྱི་མིང་ཐོ། འདེམས་དམངས་ལག་ཁྱེར། འཐུས་མིའི་འོས་མིའི་མིང་ཐོ། བདམས་ཐོན་བྱུང་བའི་འཐུས་མིའི་ལག་ཁྱེར། འདེམས་བསྐོ་ཨུ་ཡོན་ལྷན་ཁང་གི་ཐམ་ག་སོགས་ལ་ངེས་པར་དུ་བོད་ཡིག་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་ཡི་གེ་གཉིས་ཀ་མཉམ་དུ་སྤྱོད་དགོས།

        ལེའུ་གཉིས་པ། འདེམས་བསྐོའི་ཚན་པ།

        དོན་ཚན་བདུན་པ། རང་སྐྱོང་ལྗོངས་དང་ཆུད་བཙུགས་པའི་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་འདེམས་བསྐོ་བྱེད་རྒྱུའི་གཙོ་སྐྱོང་བྱེད་རྒྱུ།

        ཆུད་བཙུགས་མེད་པའི་གྲོང་ཁྱེར་དང་། གྲོང་ཁྱེར་ཁོངས་གཏོགས་ཀྱི་ཆུད། རྫོང་། ཤང་། མི་རིགས་ཤང་། གྲོང་རྡལ་བཅས་ལ་འདེམས་བསྐོ་ཨུ་ཡོན་ལྷན་ཁང་བཙུགས་ནས་དེས་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་འདེམས་བསྐོ་བྱེད་རྒྱུའི་གཙོ་སྐྱོང་བྱེད་རྒྱུ།

        ཆུད་བཙུགས་མེད་པའི་གྲོང་ཁྱེར་དང་། གྲོང་ཁྱེར་ཁོངས་གཏོགས་ཀྱི་ཆུད། རྫོང་བཅས་ཀྱི་འདེམས་བསྐོ་ཨུ་ཡོན་ལྷན་ཁང་ལ་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འགོ་ཁྲིད་བྱེད་རྒྱུ། ཤང་དང་། མི་རིགས་ཤང་། གྲོང་རྡལ་བཅས་ཀྱི་འདེམས་བསྐོ་ཨུ་ཡོན་ལྷན་ཁང་ལ་རང་ལས་རིམ་པ་གཅིག་གིས་མཐོ་བའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འགོ་ཁྲིད་བྱེད་རྒྱུ།

        དོན་ཚན་བརྒྱད་པ། རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཆུད་བཙུགས་མེད་པའི་གྲོང་ཁྱེར་དང་། གྲོང་ཁྱེར་ཁོངས་གཏོགས་ཀྱི་ཆུད། རྫོང་། ཤང་། མི་རིགས་ཤང་། གྲོང་རྡལ་བཅས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་འདེམས་བསྐོའི་ལས་ཀར་མཛུབ་ཁྲིད་བྱེད་རྒྱུ། ཆུད་བཙུགས་པའི་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་དེ་གའི་གྲོང་ཁྱེར་ཁོངས་གཏོགས་ཀྱི་ཆུད་དང་། རྫོང་། ཤང་། གྲོང་རྡལ་བཅས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་འདེམས་བསྐོ་བྱེད་རྒྱུའི་ལས་ཀར་མཛུབ་ཁྲིད་བྱེད་རྒྱུ།

        རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ས་གནས་ལས་དོན་ཨུ་ཡོན་ལྷན་ཁང་གིས་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཀོད་སྒྲིག་གཞིར་བཟུང་རང་ས་གནས་ཀྱི་ཆུད་བཙུགས་མེད་པའི་གྲོང་ཁྱེར་དང་། རྫོང་། ཤང་། མི་རིགས་ཤང་། གྲོང་རྡལ་བཅས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འདེམས་བསྐོའི་ལས་ཀར་མཛུབ་ཁྲིད་བྱེད་རྒྱུ།

        དོན་ཚན་དགུ་པ། འདེམས་བསྐོ་ཨུ་ཡོན་ལྷན་ཁང་ནི་རིམ་པ་དེ་གའི་ཏང་ཨུད་དང་། མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། མི་དམངས་སྲིད་གཞུང་། ཁྲོམ་གཞུང་དོན་གཅོད་ཁྲུའུ། ཤང་གྲོང་སོགས་འབྲེལ་ཡོད་ཕྱོགས་ཀྱི་འགན་འཁུར་མི་སྣ་ལས་གྲུབ་དགོས། ཆུད་བཙུགས་མེད་པའི་གྲོང་ཁྱེར་དང་། གྲོང་ཁྱེར་ཁོངས་གཏོགས་ཀྱི་ཆུད། རྫོང་བཅས་ཀྱི་འདེམས་བསྐོ་ཨུ་ཡོན་ལྷན་ཁང་ལ་ཀྲུའུ་རེན་གཅིག་དང་། ཀྲུའུ་རེན་གཞོན་པ་གཅིག་ནས་གསུམ་བར། ཨུ་ཡོན་བདུན་ནས་བཅུ་གཅིག་བར་བཅས་དགོས་པ་དང་དེའང་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བསྐོ་གཞག་བྱེད་རྒྱུ།

        ཤང་དང་། མི་རིགས་ཤང་། གྲོང་རྡལ་བཅས་ཀྱི་འདེམས་བསྐོ་ཨུ་ཡོན་ལྷན་ཁང་ལ་ཀྲུའུ་རེན་གཅིག་དང་། ཀྲུའུ་རེན་གཞོན་པ་གཅིག་ནས་གཉིས་བར། ཨུ་ཡོན་ཁ་ཤས་བཅས་དགོས་པ་དང་དེའང་རང་ལས་རིམ་པ་གཅིག་གིས་མཐོ་བའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བསྐོ་གཞག་བྱེད་རྒྱུ།

        འདེམས་བསྐོ་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དེ་འཐུས་མིའི་འོས་མི་ཡིན་ཚེ་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གི་གོ་གནས་དགོངས་ཞུ་བྱེད་དགོས།

        དོན་ཚན་བཅུ་པ། འདེམས་བསྐོ་ཨུ་ཡོན་ལྷན་ཁང་གིས་སྒྲུབ་དགོས་པའི་འགན་འཁྲི་གཤམ་གསལ།

        (གཅིག )《འདེམས་བསྐོའི་བཅའ་ཁྲིམས 》དང་། ཞིབ་སྲོལ་འདི་དང་འདེམས་བསྐོའི་ལས་དོན་གྱི་འབྲེལ་ཡོད་གཏན་འབེབས་དྲིལ་བསྒྲགས་དང་ལག་བསྟར་བྱས་ཏེ་འབྲེལ་ཡོད་ཀྱི་འདེམས་བསྐོའི་གནད་དོན་རིགས་ཁྲིམས་ལུགས་གཞིར་བཟུང་འགྲེལ་བཤད་རྒྱག་རྒྱུ།

        (གཉིས )རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་འདེམས་བསྐོ་བྱེད་རྒྱུའི་གཙོ་སྐྱོང་བྱེད་རྒྱུ་དང་། འདེམས་བསྐོའི་ལས་དོན་གྱི་འཆར་གཞི་དང་བྱ་ཐབས་བཟོ་རྒྱུ། འདེམས་བསྐོའི་ལས་བྱར་སྦྱོང་བརྡར་སྤྲོས་རྒྱུ། འདེམས་བསྐོའི་ལས་དོན་བཀོད་སྒྲིག་དང་དེར་མཛུབ་ཁྲིད་བྱེད་རྒྱུ།

        (གསུམ )འདེམས་ཁུལ་དབྱེ་རྒྱུ་དང་འཐུས་མིའི་མིང་སྐལ་བགོ་འགྲེམས་བྱེད་རྒྱུ།

        (བཞི )འདེམས་དམངས་ཐོ་འགོད་དང་། འདེམས་དམངས་ཀྱི་ཐོབ་ཐང་ལ་ཞིབ་བཤེར། འདེམས་དམངས་ཀྱི་མིང་ཐོ་ཁྱབ་བསྒྲགས། འདེམས་དམངས་ལག་ཁྱེར་བཟོ་སྤྲོད། འདེམས་དམངས་ཀྱི་མིང་ཐོར་མོས་མཐུན་མེད་པའི་ཞུ་སྦྱོར་རིགས་བདག་སྤྲོད་བཅས་བྱེད་རྒྱུ།

        (ལྔ )འདེམས་བསྐོའི་ཚེས་ཆ་གཏན་འཁེལ་བྱེད་རྒྱུ།

        (དྲུག )འདེམས་དམངས་སྒྲིག་འཛུགས་བྱས་ནས་འཐུས་མིའི་འོས་མི་འོས་སྦྱོར་དང་། འཐུས་མིའི་འོས་མིའི་མིང་ཐོ་ཁྱབ་བསྒྲགས། འཐུས་མིའི་འོས་མིའི་གནས་ཚུལ་རྩད་གཅོད་དང་། ཞིབ་དཔྱད། ངོ་སྤྲོད་བཅས་བྱས་ནས་དངོས་གཞིའི་འཐུས་མིའི་འོས་མིའི་མིང་ཐོ་གཏན་འཁེལ་དང་ཁྱབ་བསྒྲགས་བྱེད་རྒྱུ།

        (བདུན )འདེམས་ཤོག་བཟོ་རྒྱུར་ལྟ་ཞིབ་དང་འདེམས་ཤོག་འཕེན་ཐབས་གཏན་འབེབས་བྱེད་རྒྱུ་དང་། འདེམས་ཤོག་འཕེན་རྒྱུ་གཙོ་སྐྱོང་བྱེད་རྒྱུ། འདེམས་བསྐོ་བྱས་འབྲས་རྩིས་འགྲོ་ཡོད་མེད་གཏན་འཁེལ་བྱེད་རྒྱུ། བདམས་ཐོན་བྱུང་བའི་འཐུས་མིའི་མིང་ཐོ་ཁྱབ་བསྒྲགས་བྱེད་རྒྱུ། བདམས་ཐོན་བྱུང་བའི་འཐུས་མིར་ལག་ཁྱེར་སྤྲོད་རྒྱུ་བཅས། (བརྒྱད )འདེམས་བསྐོའི་འགྲོ་གྲོན་བདག་གཉེར་དང་བེད་སྤྱོད་གཏོང་རྒྱུ།

        (དགུ )འདེམས་ཤོག་གི་བསྡོམས་རྩིས་རེའུ་མིག་དང་ཡིག་རིགས་རྣམས་ཕྱོགས་བསྒྲིགས་བྱས་ནས་ཡིག་ཚགས་ཁོངས་སུ་འཇུག་རྒྱུ།

        (བཅུ )འདེམས་བསྐོའི་ནང་ཁྲིམས་འགལ་གྱི་བྱ་བ་བྱེད་མཁན་ཐེར་འདོན་དང་ཞུ་སྦྱོར་བྱས་རིགས་བདག་སྤྲོད་བྱེད་རྒྱུ།

        (བཅུ་གཅིག )འདེམས་བསྐོའི་ཆ་འཕྲིན་ཁྱབ་བསྒྲགས་བྱེད་རྒྱུ།

        (བཅུ་གཉིས )བཅའ་ཁྲིམས་ཀྱིས་གཏན་འབེབས་བྱས་པའི་འགན་འཁྲི་གཞན་དག་བཅས་སོ།

        དོན་ཚན་བཅུ་གཅིག་པ། ཆུད་བཙུགས་མེད་པའི་གྲོང་ཁྱེར་དང་། གྲོང་ཁྱེར་ཁོངས་གཏོགས་ཀྱི་ཆུད། རྫོང་བཅས་ཀྱི་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གིས་ལས་ཀའི་དགོས་མཁོ་གཞིར་བཟུང་ཤང་(གྲོང་རྡལ )དང་། ཁྲོམ་གཞུང་། ཅུང་ཆེ་བའི་ཁེ་ལས། བྱ་གཞག་ཚན་པ། ལས་ཁུངས། སློབ་གྲྭ་སོགས་ཚན་པར་འདེམས་བསྐོའི་ལས་དོན་ཚོགས་ཆུང་བཙུགས་ན་འགྲིག འདེམས་བསྐོའི་ལས་དོན་ཚོགས་ཆུང་ནི་དེ་གའི་འདེམས་ཁུལ་ནས་འོས་སྦྱོར་བྱས་པའི་འཐུས་མི་དང་རིམ་པ་དེ་གའི་འདེམས་བསྐོ་ཨུ་ལྷན་གྱིས་མངགས་གཏོང་བྱས་པའི་མི་སྣ་ལས་གྲུབ་ཅིང་། དེ་གའི་ཁོངས་གཏོགས་ཀྱི་འདེམས་བསྐོའི་ལས་ཀར་མཛུབ་ཁྲིད་བྱེད་འགན་འཁུར་རྒྱུ།

        འདེམས་ཁུལ་ཁག་གིས་འདེམས་བསྐོའི་ལས་དོན་ཚོགས་ཆུང་ཁ་ཤས་བཙུགས་ནས་དེ་གའི་ཚོགས་ཚུང་གི་འདེམས་བསྐོའི་ལས་ཀ་བཀོད་སྒྲིག་བྱེད་འགན་འཁུར་དགོས་པ་དང་། འདེམས་བསྐོའི་ལས་དོན་ཚོགས་ཆུང་གི་ཙུའུ་ཀྲང་དང་ཙུའུ་ཀྲང་གཞོན་པ་དེ་འདེམས་དམངས་ཀྱིས་འདེམས་སྒྲུག་བྱེད་རྒྱུ།

        ལེའུ་གསུམ་པ། འཐུས་མིའི་མིང་སྐལ།

        དོན་ཚན་བཅུ་གཉིས་པ། ཆུད་བཙུགས་པའི་གྲོང་ཁྱེར་དང་། ཆུད་བཙུགས་མེད་པའི་གྲོང་ཁྱེར། གྲོང་ཁྱེར་ཁོངས་གཏོགས་ཀྱི་ཆུད། རྫོང་། ཤང་། མི་རིགས་ཤང་། གྲོང་རྡལ་བཅས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་མིང་སྐལ་ནི་ཚོགས་འདུ་འཚོགས་སྟབས་བདེ་བ་དང་། གྲོས་བསྡུར་དང་གནད་དོན་ཐག་གཅོད་བྱེད་སྟབས་བདེ་བའི་རྩ་དོན་ལྟར་གཏན་འཁེལ་བྱེད་རྒྱུ་གཤམ་གསལ།

        (གཅིག )ཆུད་བཙུགས་པའི་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་མིང་སྐལ་ཉིས་བརྒྱ་ལྔ་བཅུ་ང་དྲུག་ཡིན་པ་དང་།

        (གཉིས )གྲོང་ཁྱེར་ཁོངས་གཏོགས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་མིང་སྐལ་བརྒྱ་དང་བཞི་བཅུ་ཞེ་བརྒྱད་ཡིན་པ།

        (གསུམ )ཆུད་བཙུགས་མེད་པའི་གྲོང་ཁྱེར་དང་རྫོང་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་མིང་སྐལ་ནི་མི་འབོར་ཁྲི་ལྔ་བརྒལ་རིགས་ལ་འཐུས་མི་བརྒྱ་དང་སུམ་ཅུ་སོ་གཅིག་ནས་བརྒྱ་དང་སུམ་ཅུ་སོ་དྲུག་བར་ཡིན་པ་དང་། མི་འབོར་ཁྲི་གཅིག་བརྒལ་བ་དང་ཁྲི་ལྔ་མ་ལོན་པའི་རིགས་ལ་འཐུས་མི་དགུ་བཅུ་གོ་ལྔ་ནས་བརྒྱ་དང་ཉི་ཤུ་བར་ཡིན་པ། མི་འབོར་ཁྲི་གཅིག་མན་ལ་འཐུས་མི་བདུན་ཅུ་དོན་ལྔ་ནས་དགུ་བཅུ་གོ་ལྔ་བར་ཡིན།

        (བཞི )ཤང་དང་། མི་རིགས་ཤང་། གྲོང་རྡལ་བཅས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་མིང་སྐལ་ནི་རྫོང་རིམ་པའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས 《འདེམས་བསྐོའི་བཅའ་ཁྲིམས 》གཞིར་བཟུང་གཏན་འཁེལ་བྱེད་རྒྱུ་མ་ཟད། རང་ལས་རིམ་པ་གཅིག་གིས་མཐོ་བའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྙན་དཔོད་ཞུ་དགོས།

        དོན་ཚན་བཅུ་གསུམ་པ། ཆུད་བཙུགས་པའི་གྲོང་ཁྱེར་དང་། ཆུད་བཙུགས་མེད་པའི་གྲོང་ཁྱེར། གྲོང་ཁྱེར་ཁོངས་གཏོགས་ཀྱི་ཆུད། རྫོང་། ཤང་། མི་རིགས་ཤང་། གྲོང་རྡལ་བཅས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་མིང་སྐལ་སྤྱི་འབོར་གཏན་འཁེལ་བྱས་རྗེས་འགྱུར་བ་གཏོང་མི་ཆོག གལ་ཏེ་སྲིད་འཛིན་ཁུལ་ཁོངས་ལ་འགྱུར་བ་བྱུང་བའམ་ཡང་ན་གཙོ་གནད་ལས་གྲྭའི་འཛུགས་སྐྲུན་སོགས་ཀྱིས་རྐྱེན་པས་མི་འབོར་ལ་འགྱུར་བ་ཆེན་པོ་བྱུང་ཚེ་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་མིང་སྐལ་སྤྱི་འབོར་དེ་ངེས་པར་དུ 《འདེམས་བསྐོའི་བཅའ་ཁྲིམས 》ཀྱི་གཏན་འབེབས་གཞིར་བཟུང་བསྐྱར་དུ་གཏན་འཁེལ་བྱེད་དགོས།

        དོན་ཚན་བཅུ་བཞི་པ། རང་སྐྱོང་ལྗོངས་ཀྱི་རིམ་པ་ཁག་གི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་མིང་སྐལ་དེ་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ངམ་ཡང་ན། རིམ་པ་དེ་གའི་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གིས་སྲིད་འཛིན་ཁུལ་ཁོངས་སོ་སོའི་ཁོངས་གཏོགས་ཀྱི་རང་ལས་རིམ་པ་གཅིག་གིས་དམའ་བའི་སྲིད་འཛིན་ཁུལ་ཁོངས་ཁག་གམ་ཡང་ན་འདེམས་ཁུལ་ཁག་གི་མི་འབོར་གཞིར་བཟུང་འཐུས་མི་རེས་ཚབ་བྱེད་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མི་འབོར་གཅིག་མཚུངས་ཡིན་པའི་རྩ་དོན་དང་དེ་བཞིན་ས་གནས་ཁག་དང་། མི་རིགས་ཁག ཕྱོགས་ཁག་བཅས་ཚང་མར་འཐུས་མིའི་མི་གྲངས་འོས་འཚམ་ཡོད་པ་བྱེད་རྒྱུའི་དགོས་འདུན་ལྟར་བགོ་འགྲེམས་བྱེད་དགོས། རྫོང་རིམ་པའི་མི་དམངས་འཐུས་མི་ཚོགས་ཆེན་ནང་མི་འབོར་ཆེས་ཉུང་བའི་ཤང་དང་། མི་རིགས་ཤང་། གྲོང་རྡལ་བཅས་ལ་ཉུང་མཐར་ཡང་འཐུས་མི་གཅིག་ཡོད་དགོས།

        དོན་ཚན་བཅོ་ལྔ་པ། རྫོང་རིམ་པ་ཡན་གྱི་མི་དམངས་འཐུས་མི་ཚོགས་ཆེན་ནང་གི་བཅིངས་འགྲོལ་དམག་གི་འཐུས་མིའི་མིང་སྐལ་དེ་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཏན་འཁེལ་བྱེད་རྒྱུ།

        ལེའུ་བཞི་པ། གྲངས་ཉུང་མི་རིགས་ཀྱི་འཐུས་མི་འདེམས་བསྐོ་བྱེད་སྟངས།

        དོན་ཚན་བཅུ་དྲུག་པ། མོན་པ་དང་ལྷོ་པ་སོགས་གྲངས་ཉུང་མི་རིགས་དང་། ཤར་པ་དང་ཏེང་པ་འདུས་སྡོད་བྱེད་པའི་ས་ཁུལ་གྱི་མི་དམངས་འཐུས་མི་ཚོགས་ཆེན་ནང་ངེས་པར་དུ་ས་གནས་དེ་གའི་འཐུས་མི་ཡོད་དགོས། གྲངས་ཉུང་མི་རིགས་གཞན་དག་དང་རྒྱ་རིགས་གྲམ་སྡོད་བྱེད་པའི་ཁུལ་དུ 《འདེམས་བསྐོའི་བཅའ་ཁྲིམས 》ཀྱི་དོན་ཚན་ཉི་ཤུ་པའི་གཏན་འབེབས་གཞིར་བཟུང་བསྒྲུབ་རྒྱུ།

        དོན་ཚན་བཅུ་བདུན་པ། གྲངས་ཉུང་མི་རིགས་གཞན་དག་འདུས་སྡོད་བྱེད་སར་ཆུད་བཙུགས་མེད་པའི་གྲོང་ཁྱེར་དང་། གྲོང་ཁྱེར་ཁོངས་གཏོགས་ཀྱི་ཆུད། རྫོང་། ཤང་། མི་རིགས་ཤང་། གྲོང་རྡལ་བཅས་སོ་སོའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་ཡོང་སྟངས་ནི་ས་གནས་དེ་གའི་མི་རིགས་ཀྱི་འབྲེལ་བ་དང་འདུས་སྡོད་ཀྱི་གནས་ཚུལ་ལ་གཞིགས་ཏེ་གྲངས་ཉུང་མི་རིགས་སོ་སོའི་འདེམས་དམངས་ཀྱིས་ཁེར་རྐྱང་གི་ཐོག་ནས་འདེམས་བསྐོ་བྱེད་པའམ་ཡང་ན་མཉམ་འབྲེལ་ཐོག་འདེམས་བསྐོ་བྱས་ནའང་འགྲིག

        ལེའུ་ལྔ་པ། འདེམས་ཁུལ་དབྱེ་སྟངས།

        དོན་ཚན་བཅོ་བརྒྱད་པ། འདེམས་ཁུལ་ནི་སྡོད་ཁུལ་གྱི་གནས་ཚུལ་ལ་གཞིགས་ཏེ་དབྱེ་ཆོག་ལ་ས་གནས་དེ་གའི་ཐོན་སྐྱེད་ཚན་པ་དང་། བྱ་གཞག་ཚན་པ། ལས་དོན་ཚན་པ་བཅས་ཀྱི་གནས་ཚུལ་ལ་གཞིགས་ནས་དབྱེ་ཆོག མི་འབོར་ཉུང་བའི་རྐྱེན་གྱིས་འཐུས་མི་གཅིག་ཀྱང་འདེམས་མི་ཐུབ་ཚེ་ལས་རིགས་དབྱེ་བའམ་ཡང་ན་ཉེ་འབྲེལ་ཚན་པ་དང་མཉམ་དུ་འདེམས་ཁུལ་དབྱེ་ན་འགྲིག

        འདེམས་ཁུལ་ཆེ་ཆུང་དེ་འདེམས་ཁུལ་རེ་ནས་འཐུས་མི་གཅིག་ནས་གསུམ་བར་འདེམས་རྒྱུ་ལྟར་དབྱེ་རྒྱུ།

        སྲིད་འཛིན་ཁུལ་ཁོངས་འདི་གའི་ནང་གི་འདེམས་ཁུལ་ཁག་གི་འཐུས་མི་རེས་རྐང་ཚབ་བྱེད་པའི་མི་འབོར་དེ་ཧ་ལམ་གཅིག་མཚུངས་དགོས་པ་སོགས།

        དོན་ཚན་བཅུ་དགུ་པ། ཆུད་བཙུགས་མེད་པའི་གྲོང་ཁྱེར་དང་། གྲོང་ཁྱེར་ཁོངས་གཏོགས་ཀྱི་ཆུད། རྫོང་། ཤང་། མི་རིགས་ཤང་། གྲོང་རྡལ་བཅས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་མིང་སྐལ་དེ་འདེམས་ཁུལ་དུ་བགོ་འགྲེམས་བྱས་རྗེས་འདེམས་ཁུལ་སོ་སོའི་ནང་འདེམས་བསྐོ་བྱེད་དགོས།

        དོན་ཚན་ཉི་ཤུ་པ། ཆུད་བཙུགས་མེད་པའི་གྲོང་ཁྱེར་དང་། གྲོང་ཁྱེར་ཁོངས་གཏོགས་ཀྱི་ཆུད། རྫོང་བཅས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་འདེམས་བསྐོ་བྱེད་སྐབས་གྲོང་གསེབ་དང་འབྲོག་ཁུལ་ལ་རྩ་དོན་ཐོག་ཤང་སོ་སོ་བྱས་ནས་འདེམས་ཁུལ་དབྱེ་རྒྱུ་དང་། སྡོད་གནས་ཁ་ཐོར་ཡིན་པའི་ཤང་ཁག་ལ་འདེམས་ཁུལ་འགའ་ཞིག་དབྱེ་ན་འགྲིག གྲོང་ཁྱེར་དང་གྲོང་རྡལ་རིགས་ལ་རྩ་དོན་ཐོག་གྲོང་མི་ཨུ་ཡོན་ལྷན་ཁང་སོ་སོ་བྱས་ནས་འདེམས་ཁུལ་དབྱེ་རྒྱུ། རང་སྐྱོང་ལྗོངས་དང་། ཆུད་བཙུགས་པའི་གྲོང་ཁྱེར (ས་གནས )རྫོང་བཅས་ཀྱིས་དེ་གའི་སྲིད་འཛིན་ཁུལ་ཁོངས་ནང་བཙུགས་པའི་ལས་ཁུངས་དང་། སློབ་གྲྭ བཟོ་གཏེར། ཁེ་ལས་བྱ་གཞག་ཚན་པ། ཀྲུང་དབྱང་ཐད་གཏོགས་ལས་ཁུངས་བཅས་དེའི་ཁོངས་གཏོགས་དང་ལས་རིགས་ལྟར་འདེམས་ཁུལ་ལོགས་སུ་དབྱེ་ཆོག་ལ་ཉེ་འབྲེལ་ཚན་པ་དང་མཉམ་འབྲེལ་བྱས་ནས་འདེམས་ཁུལ་དབྱེ་ནའང་འགྲིག

        དོན་ཚན་ཉེར་གཅིག་པ། ཤང་དང་། མི་རིགས་ཤང་། གྲོང་རྡལ་བཅས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་འདེམས་བསྐོ་བྱེད་སྐབས་རྩ་དོན་ཐོག་གྲོང་ཚོ་ཨུ་ཡོན་ལྷན་ཁང་དང་གྲོང་མི་ཨུ་ཡོན་ལྷན་ཁང་སོ་སོ་བྱས་ནས་འདེམས་ཁུལ་དབྱེ་རྒྱུ།

        ལེའུ་དྲུག་པ། འདེམས་དམངས་ཐོ་འགོད་བྱེད་སྟངས།

        དོན་ཚན་ཉེར་གཉིས་པ། འདེམས་ཁུལ་སོ་སོ་བྱས་ནས་འདེམས་དམངས་ཐོ་འགོད་བྱེད་དགོས།

        གདམ་བྱ་འདེམས་བྱེད་ཀྱི་དབང་ཆ་ཡོད་པའི་སྤྱི་དམངས་ཡིན་ཕྱིན་ཚང་མས་ངེས་པར་དུ་འདེམས་དམངས་ཁོངས་སུ་ཐོ་འགོད་བྱེད་དགོས་ཤིང་། ཐོ་འགོད་བྱས་ནས་གཏན་འཁེལ་བྱུང་བའི་འདེམས་དམངས་ཀྱི་འོས་བབ་དེ་ཡུན་རིང་གོ་ཆོད་པ་ཡིན། འདེམས་བསྐོ་མ་བྱས་གོང་དེ་སྔའི་འདེམས་དམངས་ཐོ་འགོད་ཁོངས་སུ་ཚུད་མེད་པའི་རང་ལོ་བཅོ་བརྒྱད་ཟིན་པ་དང་ཆབ་སྲིད་ཀྱི་དབང་ཆ་འཕྲོག་པའི་ལོ་དུས་ཐིམ་ནས་ཆབ་སྲིད་དབང་ཆ་སླར་གསོ་བྱུང་བའི་འདེམས་དམངས་ཡིན་ཕྱིན་ཐོ་འགོད་བྱེད་དགོས་པ་དང་། འདེམས་དམངས་ཐོ་འགོད་བྱས་རྗེས་སྔར་གྱི་འདེམས་ཁུལ་ནས་གནས་སྤོ་བྱས་རིགས་ད་ལྟའི་གནས་ཡུལ་གྱི་འདེམས་དམངས་མིང་ཁོངས་སུ་འཇུག་དགོས་པ། འདས་གྲོངས་སོང་བ་དང་བཅའ་ཁྲིམས་ཀྱི་གཏན་འབེབས་གཞིར་བཟུང་ཆབ་སྲིད་ཀྱི་དབང་ཆ་འཕྲོག་པའི་མི་རྣམས་འདེམས་དམངས་ཀྱི་ཐོ་ཁོངས་ནས་སུབ་དགོས། གདམ་བྱ་འདེམས་བྱེད་ཀྱི་དབང་ཆ་ལོངས་སུ་སྤྱོད་མི་ཐུབ་པའི་སྨྱོ་ནད་ཕོག་མཁན་རིགས་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གིས་གཏན་འཁེལ་བྱས་རྗེས་འདེམས་དམངས་ཀྱི་མིང་ཐོའི་ནང་འཇུག་རྒྱུ་མེད། སྐབས་སྐབས་སུ་སྨྱོ་ནད་ལངས་མཁན་རིགས་འདེམས་དམངས་ཀྱི་ཁོངས་སུ་ཐོ་འགོད་བྱེད་དགོས། འོན་ཀྱང་ནད་གཞི་ལངས་དུས་འདེམས་བསྐོའི་ནང་ཞུགས་མི་དགོས།

        དོན་ཚན་ཉེར་གསུམ་པ། འདེམས་དམངས་རྣམས་རང་གི་ཐེམ་ཐོ་ཡོད་སའི་འདེམས་ཁུལ་ལ་ཐོ་འགོད་བྱེད་དགོས་ཤིང་། ལས་ཁུངས་དང་། ཚོགས་པ། བཟོ་གཏེར། སློབ་གྲྭ ཁེ་ལས་བྱ་གཞག་ཚན་པ་བཅས་ཀྱི་མི་སྣ་དང་སློབ་གྲྭར་ཡོད་མུས་ཀྱི་སློབ་མ་རྣམས་ཚན་པ་དེ་གར་འདེམས་དམངས་ཀྱི་ཐོ་འགོད་བྱེད་དགོས། ལས་ཀ་དང་སློབ་སྦྱོང་བྱེད་ཡུལ་དང་ཐེམ་ཐོ་གནས་ཡུལ་ས་ཆ་གཅིག་ལ་མིན་པའི་རིགས་དེ་སྔའི་འདེམས་ཁུལ་ནས་མོས་མཐུན་བྱས་རྗེས་ད་ལྟའི་ལས་ཀ་བྱེད་ཡུལ་ལམ་ཡང་ན་སློབ་སྦྱོང་བྱེད་ཡུལ་དེའི་ཁུལ་དུ་འདེམས་དམངས་ཀྱི་ཐོ་འགོད་བྱེད་དགོས།

        ལས་འཁྱུར་དང་རྒན་ཡོལ་ཞུས་པའི་མི་རྣམས་ཐེམ་ཐོ་གནས་ཡུལ་དུ་འདེམས་དམངས་ཀྱི་ཐོ་འགོད་བྱེད་པར་དེ་སྔའི་ཐེམ་ཐོ་གནས་ཡུལ་ནས་མོས་མཐུན་བྱས་རྗེས་དེ་སྔའི་ཚན་པའམ་ཡང་ན་ད་ལྟའི་སྡོད་ཡུལ་དུ་འདེམས་དམངས་ཀྱི་ཐོ་འགོད་བྱས་ན་འགྲིག ཐེམ་ཐོ་བསྒྱུར་མེད་པའི་ཕྱོགས་མིའི་རིགས་ས་གནས་དེ་གར་གནས་སྡོད་བྱེད་པའི་ཐོག་དེ་སྔའི་འདེམས་ཁུལ་གྱི་འདེམས་དམངས་འོས་ཐོབ་དཔང་ཡིག་རག་པ་དང་རང་གི་མོས་མཐུན་ཡོད་རིགས་ད་ལྟའི་སྡོད་གནས་བྱེད་སའི་འདེམས་ཁུལ་དུ་འདེམས་དམངས་ཀྱི་ཐོ་འགོད་ནང་ཞུགས་ན་འགྲིག

        དོན་ཚན་ཉེར་བཞི་པ། རྩ་འཛུགས་ཀྱིས་དངོས་སུ་བོད་དུ་ཡུན་ཐུང་ལས་ཀ་བྱེད་པར་ལས་སྒྱུར་བྱས་ཀྱང་ཐེམ་ཐོ་བསྒྱུར་མེད་པའི་བོད་སྐྱོར་མི་སྣའི་རིགས་ངེས་པར་དུ་འདེམས་དམངས་ཀྱི་ཐོ་འགོད་བྱེད་དགོས་པ་དང་། ལས་ཀ་བྱེད་གནས་ཀྱི་འདེམས་ཁུལ་དུ་འདེམས་བསྐོའི་ནང་ཞུགས་དགོས་པ་དང་འདེམས་བསྐོའི་ལས་དོན་ཚན་པས་ངེས་པར་དུ་དེའི་ཐེམ་ཐོ་གནས་ཡུལ་ལ་འདེམས་དམངས་ནང་བསྐྱར་དུ་འདེམས་དམངས་ཀྱི་ཐོ་འགོད་བྱེད་མི་དགོས་པའི་བརྡ་ཐོ་གཏོང་དགོས།

        དོན་ཚན་ཉེར་ལྔ་པ། ཆུད་བཙུགས་མེད་པའི་གྲོང་ཁྱེར་དང་། གྲོང་ཁྱེར་ཁོངས་གཏོགས་ཀྱི་ཆུད་དང་། རྫོང་། ཤང་། མི་རིགས་ཤང་། གྲོང་རྡལ་བཅས་ཀྱི་རང་སྐྱོང་ལྗོངས་ཀྱི་མི་ཕྱི་རྒྱལ་དུ་སྡོད་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་རྣམས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་འདེམས་བསྐོ་བྱེད་རིང་རྒྱལ་ནང་དུ་བསྡད་ཡོད་པའི་རིགས། རང་གི་སྐྱེ་ཡུལ་ལམ་ཡང་ན་ཕྱི་རྒྱལ་དུ་མ་འགྲོ་གོང་སྡོད་སའི་འདེམས་ཁུལ་དུ་འདེམས་དམངས་ཀྱི་ཐོ་འགོད་བྱས་ན་འགྲིག དོན་ཚན་ཉེར་དྲུག་པ། རང་སྐྱོང་ལྗོངས་སུ་བཅའ་སྡོད་བྱེད་མཁན་མི་དམངས་བཅིངས་འགྲོལ་དམག་ཁོངས་གཏོགས་ཀྱི་ཚན་པའི་ནང་གི་དམག་མི་མ་ཡིན་པའི་རིགས་དང་དམག་མིའི་བཟའ་ཟླའི་རིགས 《ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་རྫོང་རིམ་པ་ཡན་གྱི་ས་གནས་རིམ་པ་ཁག་གི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་འདེམས་བསྐོ་བྱ་ཐབས 》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་འདེམས་དམངས་ཐོ་འགོད་བྱེད་རྒྱུ།

        དོན་ཚན་ཉེར་བདུན་པ། འདེམས་དམངས་ཀྱི་མིང་ཐོ་ཁྱབ་བསྒྲགས་བྱས་རྗེས་འདེམས་བསྐོ་མ་བྱས་གོང་འདེམས་དམངས་ཀྱི་སྡོད་གནས་སམ་ཡང་ན་ལས་ཁུངས་བསྒྱུར་རིགས་དེ་སྔའི་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གིས་སྤྲད་པའི་འདེམས་དམངས་ལག་ཁྱེར་དང་གནས་སྤོ་ལས་སྒྱུར་གྱི་ངོ་སྤྲོད་འཁྱེར་ནས་སྡོད་གནས་གསར་པའམ་ཡང་ན་ལས་ཁུངས་གསར་པ་གནས་སའི་འདེམས་ཁུལ་དུ་ཐོ་འགོད་བྱེད་སྟངས་སྒྱུར་དགོས།

        དོན་ཚན་ཉེར་བརྒྱད་པ། འདེམས་དམངས་ཐོ་འགོད་བྱེད་མཚམས་བཞག་ནས་འདེམས་བསྐོ་བྱེད་པའི་བར་འདེམས་དམངས་ཀྱི་སྡོད་གནས་ལ་འགྱུར་བ་བྱུང་བ་དང་། འདས་གྲོངས་སོ་ཀྱི་གནས་ཚུལ་ཐོན་ཚེ་མིང་ཁོངས་སུ་ཐོ་གསར་པ་འགོད་པའམ་ཡང་ན་མིང་ཁོངས་ནས་སུབ་དགོས། དམིགས་བསལ་གནས་ཚུལ་གྱིས་རྐྱེན་པས་འདེམས་བསྐོའི་དུས་ཚོད་འགྱངས་དགོས་ཚེ་འདེམས་བསྐོ་འགྱངས་པའི་རིང་གལ་ཏེ་རང་ལོ་བཅོ་བརྒྱད་ཟིན་པའི་སྤྱི་དམངས་ཡིན་ཕྱིན་ངེས་པར་དུ་ཁྲིམས་ལུགས་གཞིར་བཟུང་འདེམས་དམངས་ཀྱི་ཐོ་འགོད་བྱེད་དགོས།

        དོན་ཚན་ཉེར་དགུ་པ། འདེམས་དམངས་ཀྱི་ལོ་བརྩི་སྟངས་ནི་ས་གནས་དེ་གའི་འདེམས་བསྐོའི་མཚམས་འཇོག་ཉིན་མོ་དེ་ཡིན་དགོས། འདེམས་དམངས་ཀྱི་རང་ལོ་གཏན་འཁེལ་མ་ཐུབ་ཚེ་ཐེམ་ཐོའི་དཔྱད་ཡིག་གི་གྲངས་གཞི་ལྟར་བརྩི་དགོས།

        དོན་ཚན་སུམ་ཅུ་པ། འདེམས་དམངས་ཀྱི་མིང་ཐོ་དེ་འདེམས་བསྐོ་མ་བྱས་གོང་གི་ཉིན་ཉི་ཤུའི་སྔོན་དུ་ཁྱབ་བསྒྲགས་བྱེད་དགོས་པ་དང་། འདེམས་དམངས་ཀྱི་ལག་ཁྱེར་འཁྱེར་ནས་འདེམས་བསྐོའི་ནང་བཞུགས་དགོས་རིགས་ལ་ངེས་པར་དུ་འདེམས་དམངས་ལག་ཁྱེར་སྤྲོད་དགོས།

        དོན་ཚན་སོ་གཅིག་པ། ཁྱབ་བསྒྲགས་བྱས་པའི་འདེམས་དམངས་ཀྱི་མིང་ཐོར་བསམ་འཆར་མི་འདྲ་བ་ཡོད་ཚེ་འདེམས་དམངས་ཀྱི་མིང་ཐོ་ཁྱབ་བསྒྲགས་བྱས་ཉིན་ནས་བཟུང་ཉིན་ལྔའི་ནང་ཚུན་དུ་འདེམས་བསྐོ་ཨུ་ཡོན་ལྷན་ཁང་ལ་ཞུ་གཏུག་བྱེད་ཆོག་པ་དང་། ཞུ་གཏུག་བྱས་པར་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གིས་ཉིན་གསུམ་གྱི་ནང་ཚུན་དུ་འདི་བྱས་ཀྱི་ཐག་གཅོད་བྱེད་དགོས། ཞུ་གཏུག་བྱེད་མཁན་གྱིས་ཐག་གཅོད་བསམ་འཆར་ལ་བློ་མོས་མ་བྱུང་ཚེ་འདེམས་བསྐོ་བྱས་པའི་ཉིན་གྱི་ཉིན་ལྔའི་གོང་དུ་མི་དམངས་ཁྲིམས་ཁང་ལ་ཞུ་སྦྱོར་བྱེད་ཆོག་པ་དང་། མི་དམངས་ཁྲིམས་ཁང་གིས་ངེས་པར་དུ་འདེམས་བསྐོ་མ་བྱས་གོང་ཁྲིམས་ཐག་གཅོད་དགོས་ཤིང་། མི་དམངས་ཁྲིམས་ཁང་ནས་དཔྱད་མཚམས་བཏང་བ་དེ་མཐའ་མཇུག་གི་ཐག་གཅོད་ཡིན།

        ལེའུ་བདུན་པ། འཐུས་མིའི་འོས་མིའི་མིང་འདོན་སྟངས།

        དོན་ཚན་སོ་གཉིས་པ། རང་སྐྱོང་ལྗོངས་རིམ་པ་ཁག་གི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་འོས་མི་ནི་འདེམས་ཁུལ་ལམ་ཡང་ན་འདེམས་བསྐོའི་ཚན་པ་སོ་སོ་ནས་མིང་འདོན་བྱས་ཏེ་ཐོན་དགོས།

        སྲིད་ཏང་དང་མི་དམངས་ཚོགས་པས་མཉམ་འབྲེལ་དང་ཡང་ན་འཐུས་མིའི་འོས་མི་ལོགས་སུ་འོས་སྦྱོར་བྱས་ན་འགྲིག་ལ་འདེམས་དམངས་སམ་ཡང་ན་འཐུས་མི་བཅུ་ཡན་གྱི་མིང་ཐོག་ནས་འཐུས་མིའི་འོས་མི་འོས་སྦྱོར་བྱས་ནའང་འགྲིག འོས་སྦྱོར་བྱེད་མཁན་གྱིས་འོས་མི་འོས་སྦྱོར་བྱེད་སྐབས་ངེས་པར་དུ་འོས་སྦྱོར་བྱེད་མཁན་གྱིས་ཡིག་ཐོག་ནས་འོས་སྦྱོར་བྱེད་དགོས་པ་དང་། ངེས་པར་དུ་འདེམས་བསྐོ་ཨུ་ཡོན་ལྷན་ཁང་ངམ་ཡང་ན་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པར་འོས་མིའི་གནས་ཚུལ་ངོ་སྤྲོད་བྱེད་དགོས། འོས་སྦྱོར་དང་ལེན་བྱེད་མཁན་འཐུས་མིའི་འོས་མིས་ངེས་པར་དུ་འདེམས་བསྐོ་ཨུ་ཡོན་ལྷན་ཁང་ངམ་ཡང་ན་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པར་མི་སྒེར་གྱི་མིང་ཐོབ་དང་ལོ་རྒྱུས་མདོར་བསྡུས་སོགས་གཞི་རྩའི་གནས་ཚུལ་ཇི་མ་ཇི་བཞིན་མཁོ་འདོན་བྱེད་དགོས། མཁོ་འདོན་བྱས་པའི་གཞི་རྩའི་གནས་ཚུལ་རྣམས་དོན་དངོས་དང་མཐུན་མེད་ཚེ་འདེམས་བསྐོ་ཨུ་ཡོན་ལྷན་ཁང་ངམ་ཡང་ན་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པས་ངེས་པར་དུ་འདེམས་དམངས་སམ་ཡང་ན་འཐུས་མིར་བརྡ་ཁྱབ་གཏོང་དགོས།

        སྲིད་ཏང་དང་མི་དམངས་ཚོགས་པས་མཉམ་འབྲེལ་དང་ཡང་ན་ཁག་སོ་སོ་ནས་འཐུས་མིའི་འོས་མིར་འོས་སྦྱོར་བྱས་པའི་མི་གྲངས་དང་འདེམས་དམངས་སམ་ཡང་ན་འཐུས་མིས་མིང་འབྲེལ་ཐོག་ནས་འོས་སྦྱོར་བྱས་པའི་འཐུས་མིའི་འོས་མིའི་མི་གྲངས་དེ་འདེམས་ཁུལ་དེའམ་ཡང་ན་འདེམས་བསྐོའི་ཚན་པས་འདེམས་ཐོན་བྱེད་དགོས་པའི་མིང་སྐལ་ལས་བརྒལ་མི་ཆོག

        སྲིད་ཏང་དང་། མི་དམངས་ཚོགས་པ་དང་འདེམས་དམངས་སམ་ཡང་ན་འཐུས་མི་བཅས་ཀྱིས་འོས་སྦྱོར་བྱས་པའི་འོས་མི་དེ་ངེས་པར་དུ་འཐུས་མིའི་འོས་མིའི་མིང་ཐོའི་ཁོངས་སུ་འཇུག་དགོས་ཤིང་། འདེམས་བསྐོ་ཨུ་ཡོན་ལྷན་ཁང་ངམ་ཡང་ན་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པས་བརྗེ་པོ་རྒྱག་པ་དང་སྣོན་འཕྲི་བྱེད་མི་ཆོག

        དོན་ཚན་སོ་གསུམ་པ། འདེམས་དམངས་ཀྱིས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་ཐད་ཀར་འདེམས་དགོས་པའི་རིགས་འཐུས་མིའི་འོས་མི་དེ་འདེམས་ཁུལ་སོ་སོའི་འདེམས་དམངས་དང་། སྲིད་ཏང་། མི་དམངས་ཚོགས་པ་བཅས་ཀྱིས་མིང་འདོན་འོས་སྦྱོར་བྱེད་རྒྱུ། དེ་དག་འདེམས་བསྐོ་ཨུ་ཡོན་ལྷན་ཁང་ནས་ཕྱོགས་སྡོམ་བྱས་རྗེས་འཐུས་མིའི་འོས་མིའི་མིང་ཐོ་དང་འཐུས་མིའི་འོས་མིའི་གཞི་རྩའི་གནས་ཚུལ་རྣམས་འདེམས་བསྐོ་མ་བྱས་གོང་གི་ཉིན་བཅོ་ལྔའི་སྔོན་ནས་ཁྱབ་བསྒྲགས་བྱེད་དགོས་པ་མ་ཟད་འདེམས་ཁུལ་སོ་སོའི་འདེམས་དམངས་ཚོགས་ཆུང་ལ་སྤྲད་ནས་གྲོས་བསྡུར་དང་གྲོས་མོལ་བྱེད་དུ་བཅུག་སྟེ་འདེམས་དམངས་མང་ཆེ་བའི་བསམ་འཆར་གཞིར་བཟུང་དངོས་གཞིའི་འཐུས་མིའི་འོས་མིའི་མིང་ཐོ་གཏན་འཁེལ་བྱེད་རྒྱུ། དངོས་གཞིའི་འཐུས་མིའི་འོས་མིར་བསམ་འཆར་གཅིག་མཐུན་མ་བྱུང་ཚེ་གྲ་སྒྲིག་འདེམས་བསྐོ་བྱས་ནས་གྲ་སྒྲིག་འདེམས་བསྐོ་བྱེད་སྐབས་ཀྱི་སྤ་སེ་ཐོབ་མང་ཉུང་གི་གོ་རིམ་ལ་གཞིགས་ཏེ་དངོས་གཞིའི་འཐུས་མིའི་འོས་མིའི་མིང་ཐོ་གཏན་འཁེལ་བྱེད་རྒྱུ། གྲ་སྒྲིག་འདེམས་བསྐོའི་ཞིབ་ཕྲའི་བྱེད་ཐབས་དེ་རིམ་པ་དེ་གའི་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གིས་བཟོས་ནས་ལག་བསྟར་བྱེད་རྒྱུ།

        དངོས་གཞིའི་འཐུས་མིའི་འོས་མིའི་མིང་ཐོ་དང་འཐུས་མིའི་འོས་མིའི་གཞི་རྩའི་གནས་ཚུལ་དེ་ངེས་པར་དུ་འདེམས་བསྐོ་མ་བྱས་གོང་གི་ཉིན་བདུན་སྔོན་ནས་ཁྱབ་བསྒྲགས་བྱེད་དགོས།

        རྫོང་རིམ་ཡན་གྱི་རིམ་པ་ཁག་གི་མི་དམངས་འཐུས་མི་ཚོགས་ཆེན་གྱིས་རང་ལས་རིམ་པ་གཅིག་གིས་མཐོ་བའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་འདེམས་བསྐོ་བྱེད་སྐབས་འཐུས་མིའི་འོས་མི་མིང་འདོན་དང་ནང་མོལ་བྱེད་པའི་དུས་ཚོད་ནི་ཉིན་གཉིས་ལས་མི་ཉུང་བ་བྱེད་དགོས། དེ་གའི་རིམ་པ་ཁག་གི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པས་ཁྲིམས་ལུགས་གཞིར་བཟུང་བཏོན་པའི་འཐུས་མིའི་འོས་མིའི་མིང་ཐོ་དང་འཐུས་མིའི་འོས་མིའི་གཞི་རྩའི་གནས་ཚུལ་འཐུས་མི་ཡོངས་ལ་པར་འགྲེམས་བྱེད་རྒྱུ་དང་འཐུས་མི་ཡོངས་ནས་ནང་མོལ་དང་གྲོས་བསྡུར་བྱས་ཏེ་འཐུས་མི་མང་ཆེ་བའི་བསམ་འཆར་གཞིར་བཟུང་དངོས་གཞིའི་འཐུས་མིའི་འོས་མིའི་མིང་ཐོ་གཏན་འཁེལ་བྱེད་རྒྱུ། དོན་ཚན་སོ་བཞི་པ། རྫོང་རིམ་པ་ཡན་གྱི་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་གྱིས་རང་ལས་རིམ་པ་གཅིག་གིས་མཐོ་བའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་འདེམས་བསྐོ་བྱེད་སྐབས། འཐུས་མིའི་འོས་མི་དེ་རིམ་པ་ཁག་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་ཁོ་ན་ཡིན་དགོས་པའི་ངེས་པ་མེད། འདེམས་དམངས་ཀྱིས་ཐད་ཀར་འདེམས་རྒྱུའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་འོས་མི་ནི་སྤྱིར་ན་འདེམས་ཁུལ་དེ་རང་གི་འདེམས་དམངས་ཁོངས་ནས་ཡིན་དགོས་ཀྱང་འདེམས་ཁུལ་དེ་གའི་འདེམས་དམངས་མིན་ནའང་འགྲིག

        དོན་ཚན་སོ་ལྔ་པ། དངོས་གཞིའི་འཐུས་མིའི་འོས་མིའི་མིང་ཐོ་དེ་ངེས་པར་དུ་བོད་ཡིག་ཀ་མད་ཀྱི་གོ་རིམ་དང་ཡང་ན་རྒྱལ་ཁབ་ཀྱི་སྤྱི་སྤྱོད་ཡི་གེའི་པིར་རིས་ཀྱི་གོ་རིམ་གཞིར་བཟུང་བསྒྲིགས་དགོས།

        དོན་ཚན་སོ་དྲུག་པ། རང་སྐྱོང་ལྗོངས་དང་། ཆུད་བཙུགས་པའི་གྲོང་ཁྱེར (ས་གནས ) ཆུད་བཙུགས་མེད་པའི་གྲོང་ཁྱེར། གྲོང་ཁྱེར་ཁོངས་གཏོགས་ཀྱི་ཆུད། རྫོང་སོགས་ཚན་པའི་ལས་བྱ་གཞི་རིམ་འདེམས་ཁུལ་གྱི་འཐུས་མིའི་འོས་མིར་འོས་སྦྱོར་བྱེད་སྐབས་ངེས་པར་དུ་འོས་སྦྱོར་བྱེད་མཁན་གྱིས་གནས་ཚུལ་ཇི་མ་ཇི་བཞིན་ངོ་སྤྲོད་བྱས་ནས་མང་ཚོགས་ཀྱི་བསམ་འཆར་རྒྱ་ཁྱབ་ཏུ་ཉན་དགོས་པ་མ་ཟད་རྒྱུས་མངའ་ཆེ་ཙམ་ཡོད་པའི་འདེམས་དམངས་ཀྱི་འདེམས་ཁུལ་དུ་འོས་སྦྱོར་བྱེད་དགོས།

        དོན་ཚན་སོ་བདུན་པ། འདེམས་བསྐོ་ཨུ་ཡོན་ལྷན་ཁང་ངམ་ཡང་ན་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པས་ངེས་པར་དུ་འདེམས་དམངས་སམ་ཡང་ན་འཐུས་མིར་འཐུས་མིའི་འོས་མིའི་གནས་ཚུལ་ངོ་སྤྲོད་བྱེད་དགོས། འཐུས་མིའི་འོས་མི་འོས་སྦྱོར་བྱེད་མཁན་སྲིད་ཏང་དང་། མི་དམངས་ཚོགས་པ། འདེམས་དམངས། འཐུས་མི་བཅས་ཀྱིས་འདེམས་དམངས་ཚོགས་ཆུང་ངམ་ཡང་ན་འཐུས་མིའི་ཚོགས་ཆུང་གི་ཚོགས་འདུའི་ཐོག་རང་གིས་འོས་སྦྱོར་བྱས་པའི་འཐུས་མིའི་འོས་མིའི་གནས་ཚུལ་རྣམས་ངོ་སྤྲོད་བྱེད་དགོས། འདེམས་བསྐོ་ཨུ་ཡོན་ལྷན་ཁང་ངམ་ཡང་ན་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པས་འདེམས་དམངས་སམ་ཡང་ན་འཐུས་མིའི་རེ་བ་གཞིར་བཟུང་ངེས་པར་དུ་འཐུས་མིའི་འོས་མི་དེ་འདེམས་དམངས་སམ་ཡང་ན་འཐུས་མི་དང་ངོ་འཕྲད་བྱེད་དུ་འཇུག་དགོས་པ་དང་། འཐུས་མིའི་འོས་མིས་སོ་སོའི་གནས་ཚུལ་ངོ་སྤྲོད་བྱེད་དགོས་པ་དང་། འདེམས་དམངས་སམ་ཡང་ན་འཐུས་མིས་བཏོན་པའི་གནད་དོན་ལ་ལན་འདེབས་དགོས། འོན་ཀྱང་འདེམས་བསྐོའི་ཉིན་མོར་ངེས་པར་དུ་འཐུས་མིའི་འོས་མི་ངོ་སྤྲོད་བྱེད་མཚམས་འཇོག་དགོས།

        ལེའུ་བརྒྱད་པ། འདེམས་བསྐོའི་གོ་རིམ།

        དོན་ཚན་སོ་བརྒྱད་པ། རང་སྐྱོང་ལྗོངས་རིམ་པ་ཁག་གི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་འདེམས་བསྐོ་བྱེད་སྐབས་ངེས་པར་དུ་ཁྲིམས་གཏན་འཁེལ་བའི་གོ་རིམ་གཞིར་བཟུང་བྱེད་དགོས་པ་མ་ཟད་ལྟ་སྐུལ་དང་ལེན་ཡང་ཞུ་དགོས། ཚན་པའམ་ཡང་ན་མི་སྒེར་སུ་ཞིག་གིས་ཀྱང་བྱེད་སྟངས་གང་རུང་གི་ཐོག་ནས་འདེམས་དམངས་སམ་ཡང་ན་འཐུས་མིས་རང་མོས་ཐོག་འདེམས་བསྐོའི་དབང་ཆ་སྤྱོད་པར་འགོག་རྐྱེན་བཟོ་མི་ཆོག

        དོན་ཚན་སོ་དགུ་པ། འདེམས་དམངས་ཀྱིས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་ཐད་ཀར་འདེམས་བསྐོ་བྱེད་སྐབས་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གི་གཏན་འབེབས་ལྟར་འདེམས་དམངས་ཀྱིས་རང་གི་མིང་བབ་ལག་ཁྱེར་རམ་ཡང་ན་འདེམས་དམངས་ལག་ཁྱེར་གཞིར་བཟུང་འདེམས་ཤོག་ལེན་དགོས། འདེམས་དམངས་ལག་ཁྱེར་གཞན་ལ་གཡར་མི་ཆོག

        དོན་ཚན་བཞི་བཅུ་པ། འདེམས་དམངས་ཀྱིས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་ཐད་ཀར་འདེམས་བསྐོ་བྱེད་དགོས་རིགས། འདེམས་ཁུལ་གྱིས་འདེམས་བསྐོའི་ཚོགས་ཆེན་ཚོགས་ནས་འདེམས་བསྐོ་བྱེད་ཆོག་ལ་འདེམས་ཤོག་འཕེན་སའི་ས་ཚུགས་དང་སྐོར་སྐྱོད་འདེམས་ཤོག་འཕེན་སྒམ་སོགས་བཟོས་ནས་འདེམས་བསྐོ་བྱས་ནའང་འགྲིག

        འདེམས་བསྐོ་ཨུ་ཡོན་ལྷན་ཁང་གིས་ངེས་པར་དུ་འདེམས་ཁུལ་སོ་སོའི་གནས་སྟངས་ལ་གཞིགས་ཏེ་འདེམས་དམངས་ལ་འདེམས་ཤོག་འཕེན་རྒྱུ་སྟབས་བདེ་ཡོང་བའི་རྩ་དོན་གཞིར་བཟུང་འདེམས་ཤོག་འཕེན་སའི་ས་ཚུགས་བཟོས་ནས་འདེམས་བསྐོ་བྱེད་དགོས་པ་དང་། འདེམས་དམངས་སྡོད་ས་ཅུང་གཅིག་སྡུད་ཡིན་ཚེ་འདེམས་བསྐོའི་ཚོགས་ཆེན་སྐོང་ཚོགས་བྱས་ནས་འདེམས་བསྐོ་བྱས་ན་འགྲིག ནད་གཞི་ཕོག་པ་སོགས་ཀྱིས་རྐྱེན་པས་འགྲོ་སྐྱོད་སྟབས་བདེ་མེད་པའམ་ཡང་ན་སྡོད་གནས་ཁ་ཐོར་ཡིན་པའི་རྐྱེན་གྱིས་འགྲིམ་འགྲུལ་སྟབས་བདེ་མེད་པའི་འདེམས་དམངས་ལ་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གིས་ལས་བྱ་གཉིས་ཡན་སྒྲིག་འཛུགས་བྱས་ཏེ་སྐོར་སྐྱོད་འདེམས་ཤོག་འཕེན་སྒམ་འཁྱེར་ནས་སྒོ་རྩར་བསྐྱོད་དེ་འདེམས་བསྐོ་བྱས་ན་འགྲིག སྐོར་སྐྱོད་འདེམས་ཤོག་འཕེན་སྒམ་ནང་གི་འདེམས་ཤོག་རྣམས་ངེས་པར་དུ་འདེམས་ཁུལ་དེ་གའི་འདེམས་ཤོག་རྩིས་མ་བརྒྱབ་གོང་འཕེན་ཚར་བ་བྱེད་དགོས།

        རྫོང་དང་ཤང་རིམ་པ་གཉིས་དུས་གཅིག་ཏུ་འདེམས་བསྐོ་བྱེད་སྐབས་འདེམས་ཤོག་འཕེན་སའི་ས་ཚུགས་གཅིག་རང་དུ་ཁག་སོ་སོར་འདེམས་ཤོག་འཕེན་ནས་འདེམས་བསྐོ་བྱས་ན་འགྲིག

        འདེམས་དམངས་ཀྱིས་ཐད་ཀར་འདེམས་བསྐོའི་འདེམས་ཤོག་འཕེན་པའི་དུས་ཚོད་དེ་སྤྱིར་ན་ཉིན་གཅིག་ཡིན་པ་དང་། སྐོར་སྐྱོད་རང་བཞིན་ཆེ་བ་དང་། སྡོད་གནས་ཁ་ཐོར་ཡིན་པ། འགྲིམ་འགྲུལ་སྟབས་བདེ་མེད་པ་བཅས་ཀྱི་འདེམས་ཁུལ་དུ་འདེམས་བསྐོ་བྱས་ཉིན་ནས་བཟུང་ཉིན་གསུམ་ནང་ཚར་བ་བྱས་ན་འགྲིག་པ་དང་། དམིགས་བསལ་གནས་ཚུལ་གྱི་རྐྱེན་པས་དུས་ཚོད་འགྱངས་དགོས་ཚེ་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གིས་གཏན་འཁེལ་བྱེད་རྒྱུ། འདེམས་ཤོག་ཉིན་གཉིས་ཡན་འཕེན་དགོས་ཚེ། འཕེན་ཟིན་པའི་འདེམས་ཤོག་རྣམས་ངེས་པར་དུ་འདེམས་ཤོག་ལྟ་བཤེར་པས་ཐམ་མནན་དམ་འཇུག་བྱེད་དགོས་པ་མ་ཟད། ཉར་ཚགས་ཡག་པོ་བྱེད་དགོས།

        དོན་ཚན་ཞེ་གཅིག་པ། རྫོང་རིམ་ཡན་གྱི་རིམ་པ་ཁག་གི་མི་དམངས་འཐུས་མི་ཚོགས་ཆེན་གྱིས་རང་ལས་རིམ་པ་གཅིག་གིས་མཐོ་བའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་འདེམས་བསྐོ་བྱེད་སྐབས་རིམ་ཁག་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པས་གཙོ་སྐྱོང་བྱེད་རྒྱུ།

        དོན་ཚན་ཞེ་གཉིས་པ། རང་སྐྱོང་ལྗོངས་ཀྱི་རིམ་པ་ཁག་གི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་འདེམས་བསྐོ་ཚང་མར་མིང་མ་བཀོད་པའི་ཐོག་ནས་འདེམས་ཤོག་འཕེན་པའི་བྱ་ཐབས་སྤྱོད་རྒྱུ། འདེམས་བསྐོ་བྱེད་སྐབས་ངེས་པར་དུ་འདེམས་ཤོག་གསང་བའི་ཐོག་འབྲི་ས་བཟོས་ནས་འདེམས་ཤོག་འབྲི་དགོས་པ་དང་། ངེས་པར་དུ་བོད་ཡིག་གམ་ཡང་ན་རྒྱལ་ཁབ་ཀྱི་སྤྱི་སྤྱོད་ཡིག་ཐོག་ནས་འབྲི་དགོས། དོན་ཚན་ཞེ་གསུམ་པ། ཆུད་བཙུགས་མེད་པའི་གྲོང་ཁྱེར་དང་། ཐད་གཏོགས་གྲོང་ཁྱེར། རྫོང་། ཤང་། མི་རིགས་ཤང་། གྲོང་རྡལ་བཅས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་འདེམས་བསྐོ་མ་བྱས་གོང་ངེས་པར་དུ་གཤམ་གསལ་གྱི་གྲ་སྒྲིག་ལས་དོན་ཁག་ཡག་པོ་སྒྲུབ་དགོས་པ་སྟེ།

        (གཅིག )འདེམས་བསྐོ་མ་བྱས་གོང་གི་ཉིན་ལྔའི་སྔོན་ནས་འདེམས་ཁུལ་ཁག་གིས་འདེམས་བསྐོའི་དུས་ཚོད་དང་། འདེམས་ཤོག་འཕེན་པའི་དུས་ཚོད། འདེམས་ཤོག་འཕེན་ས་བཅས་ཡང་བསྐྱར་ཁྱབ་བསྒྲགས་བྱེད་དགོས་པ་དང་།

        (གཉིས )འདེམས་ཤོག་གཅིག་གྱུར་ཐོག་པར་རྒྱག་དགོས་པ་མ་ཟད། འདེམས་བསྐོ་ཨུ་ཡོན་ལྷན་ཁང་གི་ཐམ་གའང་རྒྱག་དགོས་པ་དང་། འདེམས་ཤོག་ཐོག་གི་འཐུས་མིའི་འོས་མིའི་མིང་ཐོ་དེ་བོད་ཡིག་ཀ་མད་ཀྱི་གོ་རིམ་དང་ཡང་ན་རྒྱལ་ཁབ་ཀྱི་སྤྱི་སྤྱོད་ཡི་གེའི་པིར་རིས་ཀྱི་གོ་རིམ་གཞིར་བཟུང་བསྒྲིགས་དགོས་པ།

        (གསུམ )འདེམས་བསྐོ་མ་བྱས་གོང་དུ་འདེམས་ཁུལ་ཁག་གིས་ངེས་པར་དུ་འདེམས་དམངས་ཀྱི་མི་འབོར་ཞིབ་དཔྱད་དང་། འདེམས་བསྐོའི་ཉིན་མོར་འདེམས་ཤོག་འཕེན་པའི་ནང་ཞུགས་ཐུབ་པའི་མི་གྲངས། ཚབ་བྱེད་འདེམས་ཤོག་འཕེན་མཁན་གྱི་མི་གྲངས། འདེམས་ཤོག་འཕེན་པའི་ནང་ཞུགས་མ་ཐུབ་པའི་མི་གྲངས་བཅས་ཞིབ་རྩིས་དོ་ཏན་རྒྱག་དགོས་པ།

        (བཞི )ཚོགས་འདུ་ཚོགས་ས་དང་འདེམས་ཤོག་འཕེན་ས་བཟོ་དགོས་པ།

        (ལྔ )འདེམས་དམངས་སྒྲིག་འཛུགས་བྱས་ནས་འདེམས་ཤོག་ལྟ་བཤེར་པ་དང་འདེམས་ཤོག་རྩིས་བཤེར་པ་ཁ་ཤས་འོས་འདེམས་བྱེད་དགོས་པ།

        (དྲུག )འདེམས་བསྐོའི་འདེམས་ཤོག་འཕེན་ཐབས་དང་ཡིད་གཟབ་བྱ་དགོས་པའི་དོན་གནད་གཏན་འཁེལ་བྱེད་དགོས་པ།

        (བདུན )གྲ་སྒྲིག་གི་ལས་དོན་གཞན་དག་སྒྲུབ་དགོས་པ་བཅས་སོ།

        དོན་ཚན་ཞེ་བཞི་པ། འདེམས་བསྐོའི་ཚོགས་ཆེན་ཐོག་གཙོ་སྐྱོང་པས་ངེས་པར་དུ་འདེམས་དམངས་ལ་འདེམས་ཁུལ་དེ་གའི་འདེམས་དམངས་ཀྱི་ཐོ་འགོད་གནས་ཚུལ་སྙན་སེང་ཞུ་དགོས་པ་དང་། དངོས་གཞིའི་འཐུས་མིའི་འོས་མིའི་མིང་ཐོ་དང་འདེམས་ཤོག་འཕེན་སྐབས་དོ་སྣང་བྱ་དགོས་པའི་དོན་གནད་ཁྱབ་བསྒྲགས་བྱས་ཏེ་འདེམས་དམངས་ཀྱིས་གོ་རིམ་ལྡན་པའི་སྒོ་ནས་འདེམས་ཤོག་འཕེན་རྒྱུའི་སྒྲིག་འཛུགས་བྱེད་དགོས།

        དོན་ཚན་ཞེ་ལྔ་པ། འདེམས་དམངས་ཡིག་རྨོངས་པ་དང་དབང་པོ་སྐྱོན་ཅན་ཡིན་པའམ་ཡང་ན་རྒྱུ་རྐྱེན་གཞན་དག་གིས་རྐྱེན་པས་འདེམས་ཤོག་འབྲི་མི་ཐུབ་པའི་རིགས་ཡིན་ཚེ། མི་གཞན་ཞིག་ལ་རང་གི་ཚབ་བྱས་ནས་འདེམས་ཤོག་འབྲི་རྒྱུའི་མངག་བྱ་བྱས་ཆོག ཚབ་བྱེད་མཁན་དེས་ངེས་པར་དུ་འདེམས་དམངས་རང་གི་འདོད་བློ་བཞིན་འབྲི་དགོས།

        འདེམས་དམངས་འདེམས་ཤོག་འཕེན་པའི་ནང་ཞུགས་མ་ཐུབ་ཚེ་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གི་མོས་མཐུན་ཐོབ་པ་བརྒྱུད་ཡིག་ཐོག་གམ་ཡང་ན་ངག་ཐོག་གང་རུང་ནས་འདེམས་དམངས་གཞན་ཞིག་ལ་རང་གི་ཚབ་བྱས་ནས་འདེམས་ཤོག་འཕེན་རྒྱུའི་མངག་བྱ་བྱས་ན་འགྲིག འདེམས་དམངས་གཅིག་གིས་མངག་བྱ་ཁས་ལེན་མི་གསུམ་ཡན་བྱེད་མི་ཆོག་པ་མ་ཟད། ངེས་པར་དུ་མངག་བྱ་བྱེད་མཁན་གྱི་འདོད་བློ་གཞིར་བཟུང་འདེམས་ཤོག་འཕེན་རྒྱུའི་ཚབ་བྱེད་དགོས།

        དོན་ཚན་ཞེ་དྲུག་པ། འདེམས་དམངས་སམ་ཡང་ན་འཐུས་མིས་འཐུས་མིའི་འོས་མིར་མོས་མཐུན་ཡོད་པའི་འདེམས་ཤོག་འཕེན་ན་འགྲིག་ལ་མོས་མཐུན་མེད་པའི་འདེམས་ཤོག་འཕེན་ནའང་འགྲིག་པ་དང་ཡང་ན་འདེམས་དམངས་གཞན་ཞིག་བདམས་ནའང་འགྲིག་ལ་དབང་ཆ་དོར་ནའང་འགྲིག

        དོན་ཚན་ཞེ་བདུན་པ། འཐུས་མིའི་འོས་མི་དང་དེའི་གཉེན་ཚན་གྱིས་འདེམས་ཤོག་ལྟ་བཤེར་བ་དང་འདེམས་ཤོག་རྩིས་བཤེར་བའི་འགན་འཁུར་མི་ཆོག

        དོན་ཚན་ཞེ་བརྒྱད་པ། འདེམས་ཤོག་འཕེན་མཇུག་འགྲིལ་རྗེས་འདེམས་དམངས་སམ་ཡང་ན་འཐུས་མིས་འོས་སྦྱོར་བྱས་པའི་འདེམས་ཤོག་ལྟ་བཤེར་བ་དང་། འདེམས་ཤོག་རྩིས་བཤེར་བ། འདེམས་བསྐོ་ཨུ་ཡོན་ལྷན་ཁང་ངམ་ཡང་ན་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་མི་སྣ་བཅས་ཀྱིས་འདེམས་ཤོག་འཕེན་མཁན་མི་འབོར་དང་འདེམས་ཤོག་གྲངས་འབོར་ལ་ཞིབ་བསྡུར་བྱས་ནས་ཟིན་ཐོ་འགོད་དགོས་པ་མ་ཟད་འདེམས་བསྐོའི་ཚོགས་ཆེན་གྱི་གཙོ་སྐྱོང་བ་དང་། འདེམས་ཤོག་ལྟ་བཤེར་བ། འདེམས་ཤོག་རྩིས་བཤེར་བ་བཅས་ཀྱི་མིང་རྟགས་འགོད་རྒྱུ།

        དོན་ཚན་ཞེ་དགུ་པ། འདེམས་བསྐོ་བྱེད་ཐེངས་རེར་འཕེན་པའི་འདེམས་ཤོག་གི་གྲངས་འབོར་དེ་འདེམས་ཤོག་འཕེན་མཁན་མི་འབོར་ལས་མང་བ་ཡོད་ན་རྩིས་འགྲོ་མེད་པ་དང་། འདེམས་ཤོག་འཕེན་མཁན་མི་འབོར་དང་མཚུངས་པའམ་ཡང་ན་ཉུང་བ་ཡོད་ན་རྩིས་འགྲོ་ཡོད།

        འདེམས་ཤོག་རེའི་ནང་བདམས་པའི་མི་གྲངས་དེ་གཏན་འབེབས་ལྟར་འདེམས་དགོས་པའི་འཐུས་མིའི་མི་གྲངས་ལས་མང་བ་ཡོད་ན་རྩིས་མེད་དུ་གཏོང་རྒྱུ་དང་། གཏན་འབེབས་ལྟར་འདེམས་དགོས་པའི་འཐུས་མིའི་མི་གྲངས་དང་མཚུངས་པའམ་ཡང་ན་ཉུང་བ་ཡོད་ན་རྩིས་འགྲོ་ཡོད།

        འཕེན་པའི་འདེམས་ཤོག་ཐད་རྩིས་འགྲོ་ཡོད་མེད་ཀྱི་དཀའ་གནད་འཕྲད་སྐབས་འདེམས་ཁུལ་གྱི་འདེམས་བསྐོའི་ཚོགས་ཆེན་གྱི་གཙོ་སྐྱོང་པ་དང་འདེམས་ཤོག་ལྟ་བཤེར་བས་ཐུན་མོང་ཐོག་ཞིབ་འཇུག་གཏན་འཁེལ་བྱེད་རྒྱུ།

        དོན་ཚན་ལྔ་བཅུ་པ། འདེམས་དམངས་ཀྱིས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་ཐད་ཀར་འདེམས་བསྐོ་བྱེད་སྐབས་འདེམས་ཁུལ་གྱི་འདེམས་དམངས་ཡོངས་ཀྱི་མི་འབོར་ཕྱེད་ཀ་ཡན་འདེམས་ཤོག་འཕེན་པའི་ནང་ཞུགས་ན་འདེམས་བསྐོ་རྩིས་འགྲོ་ཡོད། འཐུས་མིའི་འོས་མིར་འདེམས་བསྐོའི་ནང་ཞུགས་མཁན་འདེམས་དམངས་ཕྱེད་ཀ་ཡན་གྱི་འདེམས་ཤོག་རག་ན་བདམས་ཐོན་བྱུང་བ་ཡིན།

        རྫོང་རིམ་པ་ཡན་གྱི་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་གྱིས་རང་ལས་རིམ་པ་གཅིག་གིས་མཐོ་བའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་འདེམས་བསྐོ་བྱེད་སྐབས་གདམ་བྱའི་འོས་མིར་འཐུས་མི་ཡོངས་ཀྱི་འདེམས་ཤོག་ཕྱེད་ཀ་ཡན་རག་ན་བདམས་ཐོན་བྱུང་བ་ཡིན།

        བདམས་ཐོན་བྱུང་བའི་མི་གྲངས་དེ་འདེམས་དགོས་པའི་འཐུས་མིའི་མིང་སྐལ་ལས་ཉུང་བ་ཡོད་ན་མ་ལྡེང་བའི་མིང་སྐལ་དེ་ལོགས་སུ་འདེམས་དགོས།

        དོན་ཚན་ང་གཅིག་པ། འདེམས་བསྐོ་བྱས་འབྲས་དེ་འདེམས་བསྐོ་ཨུ་ཡོན་ལྷན་ཁང་ངམ་ཡང་ན་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པས 《འདེམས་བསྐོའི་བཅའ་ཁྲིམས 》དང་ཞིབ་སྲོལ་འདིའི་གཏན་འབེབས་གཞིར་བཟུང་རྩིས་འགྲོ་ཡོད་མེད་གཏན་འཁེལ་བྱེད་དགོས་པ་མ་ཟད་ཁྱབ་བསྒྲགས་ཀྱང་བྱེད་དགོས།

        དོན་ཚན་ང་གཉིས་པ། སྤྱི་དམངས་ཀྱིས་དུས་གཅིག་ཏུ་གཏོགས་ཁོངས་ཀྱི་འབྲེལ་བ་མེད་པའི་སྲིད་འཛིན་ས་ཁོངས་གཉིས་ཡན་གྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་བྱེད་མི་ཆོག

        ལེའུ་དགུ་པ། འཐུས་མིར་ལྟ་སྐུལ་བྱེད་སྟངས་དང་། འཐུས་མི་གནས་དབྱུང་གཏོང་སྟངས། འཐུས་མི་ལས་གནས་དགོངས་ཞུ་བྱེད་སྟངས་བཅས་ཀྱི་སྐོར།

        དོན་ཚན་ང་གསུམ་པ། རང་སྐྱོང་ལྗོངས་ཀྱི་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིར་འདེམས་དམངས་དང་རང་འདེམས་མཁན་ཚན་པས་ལྟ་སྐུལ་བྱེད་དགོས་ཀྱི་ཡོད་ལ། འདེམས་དམངས་སམ་འཐུས་མི་འདེམས་མཁན་ཚན་པར་རང་གིས་བདམས་པའི་འཐུས་མི་གནས་དབྱུང་གཏོང་རྒྱུའི་དབང་ཆ་ཡོད།

        འཐུས་མི་གནས་དབྱུང་གཏོང་རྒྱུའི་ཞིབ་ཕྲའི་བྱེད་སྟངས་ནི 《འདེམས་བསྐོའི་བཅའ་ཁྲིམས 》ཀྱི་དོན་ཚན་ཞེ་བདུན་པ་ནས་ང་གཅིག་བར་གྱི་གཏན་འབེབས་གཞིར་བཟུང་བྱེད་དགོས།

        དོན་ཚན་ང་བཞི་པ། རང་སྐྱོང་ལྗོངས་དང་ཆུད་བཙུགས་པའི་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིས་རང་འདེམས་མཁན་གྱི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ལས་གནས་དགོངས་ཞུའི་ཞུ་ཡིག་འབུལ་ཆོག ཆུད་བཙུགས་མེད་པའི་གྲོང་ཁྱེར་དང་། གྲོང་ཁྱེར་ཁོངས་གཏོགས། རྫོང་བཅས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིས་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ལས་གནས་དགོངས་ཞུའི་ཞུ་ཡིག་འབུལ་ཆོག ཤང་དང་། མི་རིགས་ཤང་། གྲོང་རྡལ་བཅས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་ཡིན་ན་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་ལ་ལས་གནས་དགོངས་ཞུའི་ཞུ་ཡིག་འབུལ་ཆོག

        འཐུས་མི་ལས་གནས་དགོངས་ཞུའི་ཞིབ་ཕྲའི་བྱེད་སྟངས 《འདེམས་བསྐོའི་བཅའ་ཁྲིམས 》ཀྱི་དོན་ཚན་ང་གཉིས་ནས་ང་གསུམ་བར་གྱི་གཏན་འབེབས་གཞིར་བཟུང་བྱེད་དགོས།

        ལེའུ་བཅུ་པ། འཐུས་མི་གསབ་འདེམས་བྱེད་སྟངས།

        དོན་ཚན་ང་ལྔ་པ། རང་སྐྱོང་ལྗོངས་ཀྱི་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་འགན་ཡུན་ནང་འདས་གྲོངས་སོང་ནས་སྟོང་པ་ལུས་ཚེ་དེ་སྔའི་འདེམས་ཁུལ་ལམ་ཡང་ན་དེ་སྔའི་འདེམས་བསྐོ་བྱེད་མཁན་ཚན་པས་གསབ་འདེམས་བྱེད་དགོས།

        དོན་ཚན་ང་དྲུག་པ། གཤམ་གསལ་རྒྱུ་རྐྱེན་རིགས་ཡོད་ཚེ་འཐུས་མིའི་ཐོབ་ཐང་རང་ཤུགས་ཀྱིས་མཚམས་འཇོག་བྱས་ནས་སྟོང་པ་ལུས་ཚེ་ངེས་པར་དུ་གསབ་འདེམས་བྱེད་དགོས།

        (གཅིག )སྲིད་འཛིན་ས་ཁོངས་དེ་ནས་ས་ཆ་གཞན་ལ་ལས་སྒྱུར་དང་གནས་སྤོ་བྱས་རིགས་དང་།

        (གཉིས )ཁྲིམས་ལུགས་གཞིར་བཟུང་གོ་གནས་གནས་དབྱུང་བཏང་བ།

        (གསུམ )ལས་གནས་དགོངས་ཞུར་ཆོག་མཆན་ཐོབ་པ།

        (བཞི )ཆོག་མཆན་མ་ཐོབ་པར་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུར་ཐེངས་གཉིས་ཞུགས་ཡོད་པ།

        (ལྔ )ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁོངས་ཤོར་བ།

        (དྲུག )ཁྲིམས་ལུགས་གཞིར་བཟུང་ཆབ་སྲིད་ཀྱི་དབང་ཆ་འཕྲོག་པའི་མི།

        (བདུན )བྱ་སྤྱོད་སྤེལ་ནུས་ཤོར་བའི་མི་བཅས་སོ།

        དོན་ཚན་ང་བདུན་པ། རང་སྐྱོང་ལྗོངས་དང་ཆུད་བཙུགས་པའི་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་གྱིས་ཚོགས་འདུ་འཚོགས་རིང་འཐུས་མི་གསབ་འདེམས་བྱེད་དགོས་ན་སྲིད་ཏང་དང་མི་དམངས་ཚོགས་པས་མཉམ་འབྲེལ་ལམ་ཡང་ན་ཁེར་རྐྱང་གི་ཐོག་ནས་མིང་འདོན་བྱེད་ཆོག་ལ་འཐུས་མིའི་མི་གྲངས་བཅུ་ཡན་གྱིས་མཉམ་དུ་མིང་འདོན་བྱས་ཏེ་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པར་འཐུས་མིའི་འོས་མི་འོས་སྦྱོར་བྱེད་ཆོག

        རང་སྐྱོང་ལྗོངས་དང་ཆུད་བཙུགས་པའི་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུ་མཇུག་འགྲིལ་རིང་འཐུས་མི་གསབ་འདེམས་བྱེད་དགོས་ཚེ་སྲིད་ཏང་དང་མི་དམངས་ཚོགས་པས་མཉམ་འབྲེལ་ལམ་ཡང་ན་ཁེར་རྐྱང་གི་ཐོག་ནས་མིང་འདོན་བྱེད་ཆོག་ལ་འཐུས་མིའི་མི་གྲངས་བཅུ་ཡན་གྱིས་མཉམ་དུ་མིང་འདོན་བྱས་ནའང་འགྲིག་པ་མ་ཟད། རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་རྒྱུན་ཡོན་ལྷན་ཁང་གི་ཁོངས་མི་མི་གྲངས་ལྔ་ཡན་གྱིས་མཉམ་དུ་མིང་འདོན་བྱས་ཏེ་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་འཐུས་མིའི་འོས་མི་འོས་སྦྱོར་བྱེད་ཆོག

        དོན་ཚན་ང་བརྒྱད་པ། ཆུད་བཙུགས་མེད་པའི་གྲོང་ཁྱེར་དང་། གྲོང་ཁྱེར་ཁོངས་གཏོགས། རྫོང་བཅས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་གྱིས་ཚོགས་འདུ་འཚོགས་རིང་འཐུས་མི་གསབ་འདེམས་བྱེད་དགོས་ཚེ་སྲིད་ཏང་དང་། མི་དམངས་ཚོགས་པ་མཉམ་འབྲེལ་ལམ་ཡང་ན་ཁེར་རྐྱང་གི་ཐོག་ནས་མིང་འདོན་བྱེད་ཆོག་ལ་འཐུས་མི་མི་གྲངས་བཅུ་ཡན་གྱིས་མཉམ་དུ་མིང་འདོན་བྱས་ཏེ་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པར་འཐུས་མིའི་འོས་མི་འོས་སྦྱོར་བྱས་ནའང་འགྲིག

        ཆུད་བཙུགས་མེད་པའི་གྲོང་ཁྱེར་དང་། གྲོང་ཁྱེར་ཁོངས་གཏོགས་། རྫོང་བཅས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་གྱིས་ཚོགས་འདུ་འཚོགས་རིང་འཐུས་མི་གསབ་འདེམས་བྱེད་དགོས་ཚེ་སྲིད་ཏང་དང་། མི་དམངས་ཚོགས་པས་མཉམ་འབྲེལ་ལམ་ཡང་ན་ཁེར་རྐྱང་གི་ཐོག་ནས་མིང་འདོན་བྱེད་ཆོག་ལ་འཐུས་མི་མི་གྲངས་བཅུ་ཡན་གྱིས་མཉམ་དུ་མིང་འདོན་བྱེད་ཆོག་པ་མ་ཟད། རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་གསུམ་ཡན་གྱིས་མཉམ་དུ་མིང་འདོན་བྱས་ཏེ་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་འཐུས་མིའི་འོས་མི་འོས་སྦྱོར་བྱས་ནའང་འགྲིག གསབ་འདེམས་བྱེད་རྒྱུའི་ལས་དོན་དེ་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྒྲིག་འཛུགས་བྱེད་དགོས།

        དོན་ཚན་ང་དགུ་པ། ཤང་དང་། མི་རིགས་ཤང་། གྲོང་རྡལ་བཅས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་གྱིས་ཚོགས་འདུ་འཚོགས་རིང་འཐུས་མི་གསབ་འདེམས་བྱེད་དགོས་ཚེ་སྲིད་ཏང་དང་མི་དམངས་ཚོགས་པས་མཉམ་འབྲེལ་ལམ་ཡང་ན་ཁེར་རྐྱང་གི་ཐོག་ནས་མིང་འདོན་བྱེད་ཆོག་ལ་འཐུས་མི་མི་གྲངས་བཅུ་ཡན་གྱིས་མཉམ་དུ་མིང་འདོན་བྱས་ཏེ་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པར་འཐུས་མིའི་འོས་མི་འོས་སྦྱོར་བྱས་ན་འགྲིག

        ཤང་དང་། མི་རིགས་ཤང་། གྲོང་རྡལ་བཅས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་གྱིས་ཚོགས་འདུ་མཇུག་འགྲིལ་རིང་འཐུས་མི་གསབ་འདེམས་བྱེད་དགོས་ཚེ་སྲིད་ཏང་དང་མི་དམངས་ཚོགས་པས་མཉམ་འབྲེལ་ལམ་ཡང་ན་ཁེར་རྐྱང་གི་ཐོག་ནས་མིང་འདོན་བྱེད་ཆོག་ལ་འདེམས་དམངས་མི་གྲངས་བཅུ་ཡན་གྱིས་མཉམ་དུ་མིང་འདོན་བྱས་ཏེ་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་ཞིའམ་ཡང་ན་ཀྲུའུ་གཞི་གཞོན་པར་འཐུས་མིའི་འོས་མི་འོས་སྦྱོར་བྱས་ནའང་འགྲིག གསབ་འདེམས་ཀྱི་ལས་དོན་དེ་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་ཞིའམ་ཡང་ན་ཀྲུའུ་ཞི་གཞོན་པས་སྒྲིག་འཛུགས་བྱེད་དགོས།

        དོན་ཚན་དྲུག་ཅུ་པ། རང་ལས་རིམ་པ་གཅིག་གིས་མཐོ་བའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་གསབ་འདེམས་བྱེད་སྐབས་ངེས་པར་དུ་རང་ལས་རིམ་པ་གཅིག་གིས་མཐོ་བའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མོས་མཐུན་ཐོབ་དགོས།

        དོན་ཚན་རེ་གཅིག་པ། འཐུས་མི་གསབ་འདེམས་བྱེད་སྐབས་འཐུས་མིའི་འོས་མིའི་མི་གྲངས་དེ་འདེམས་དགོས་པའི་འཐུས་མིའི་མི་གྲངས་དང་གཅིག་མཚུངས་ཡིན་དགོས།

        དོན་ཚན་རེ་གཉིས་པ། ཆུད་བཙུགས་མེད་པའི་གྲོང་ཁྱེར་དང་། གྲོང་ཁྱེར་ཁོངས་གཏོགས། རྫོང་། ཤང་། མི་རིགས་ཤང་། གྲོང་རྡལ་བཅས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་གསབ་འདེམས་བྱེད་སྐབས་འདེམས་ཁུལ་གཅིག་གི་འཐུས་མི་གསབ་འདེམས་བྱས་ཚར་རྗེས་འདེམས་ཁུལ་དེའི་འཐུས་མིའི་མི་གྲངས་གསུམ་ནས་བརྒལ་མི་ཆོག

        དོན་ཚན་རེ་གསུམ་པ། ཆུད་བཙུགས་མེད་པའི་གྲོང་ཁྱེར་དང་། གྲོང་ཁྱེར་ཁོངས་གཏོགས། རྫོང་། ཤང་། མི་རིགས་ཤང་། གྲོང་རྡལ་བཅས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་གསབ་འདེམས་བྱེད་སྐབས་དེ་སྔའི་འདེམས་ཁུལ་གྱིས་ངེས་པར་དུ་འདེམས་དམངས་ཀྱི་མིང་ཐོ་བསྐྱར་དུ་ཞིབ་བཤེར་བྱེད་དགོས་པ་དང་འདེམས་དམངས་ཀྱི་གནས་ཚུལ་འགྱུར་ལྡོག་སོང་བར་མིང་ཐོ་ཁ་གསབ་བྱེད་དགོས་པའམ་ཡང་ན་མིང་སུབ་དགོས་པ་མ་ཟད། འདེམས་བསྐོ་བྱེད་ཉིན་གྱི་ཉིན་བདུན་གོང་ལ་ཁྱབ་བསྒྲགས་བྱེད་དགོས།

        དོན་ཚན་རེ་བཞི་པ། འཐུས་མི་གསབ་འདེམས་བྱས་འབྲས་ངེས་པར་དུ་རང་སར་ཁྱབ་བསྒྲགས་བྱེད་དགོས།

        རྫོང་རིམ་པ་ཡན་གྱི་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་གྱིས་འཐུས་མི་གསབ་འདེམས་བྱས་འབྲས་ངེས་པར་དུ་རང་ལས་རིམ་པ་གཅིག་གིས་མཐོ་བའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྙན་སེང་ཞུ་དགོས།

        དོན་ཚན་རེ་ལྔ་པ། རྫོང་རིམ་པ་ཡན་གྱི་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་གསབ་འདེམས་བྱེད་རྒྱུའི་འོས་བབ་ལ་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་འོས་བབ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ཁག་གིས་ཞིབ་བཤེར་བྱས་ཏེ་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཁས་ལེན་བྱེད་རྒྱུར་འབུལ་དགོས། ཤང་དང་། མི་རིགས་ཤང་། གྲོང་རྡལ་བཅས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་གསབ་འདེམས་བྱེད་རྒྱུའི་འོས་བབ་ལ་ཤང་དང་། མི་རིགས་ཤང་། གྲོང་རྡལ་བཅས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་འོས་བབ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཞིབ་བཤེར་བྱས་ཏེ་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པས་ཁས་ལེན་བྱེད་རྒྱུར་འབུལ་དགོས།

        འཐུས་མིའི་འོས་བབ་ཁས་ལེན་བྱུང་རིགས་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁག་གམ་ཡང་ན་ཤང་དང་། མི་རིགས་ཤང་། གྲོང་རྡལ་བཅས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པས་ཁྱབ་བསྒྲགས་བྱེད་དགོས།

        དོན་ཚན་རེ་དྲུག་པ། ས་གནས་ཁག་གི་སྟོང་པར་ལུས་པའི་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་གསབ་འདེམས་བྱེད་སྐབས་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ས་གནས་ལས་དོན་ཨུ་ཡོན་ལྷན་ཁང་ནས་སྒྲིག་འཛུགས་བྱེད་རྒྱུར་གཞོགས་འདེགས་བྱེད་དགོས།

        ལེའུ་བཅུ་གཅིག་པ། འདེམས་བསྐོར་གཏོར་བཤིག་གཏོང་རིགས་ལ་ཁྲིམས་འདོམས་བྱེད་སྟངས།

        དོན་ཚན་རེ་བདུན་པ། གཤམ་གསལ་གྱི་བྱེད་སྤྱོད་རིགས་ཤིག་ཡོད་པའི་འདེམས་བསྐོར་གཏོར་བཤིག་གཏོང་བ་དང་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས 》ལས་འགལ་རིགས་ཁྲིམས་ལུགས་གཞིར་བཟུང་བདེ་འཇགས་དོ་དམ་ཐད་ཀྱི་ཆད་པ་གཅོད་རྒྱུ་དང་། ཉེས་གསོག་གི་ཚད་ལ་སླེབས་རིགས་ཁྲིམས་ལུགས་གཞིར་བཟུང་ཉེས་དོན་གྱི་འགན་འཁྲི་བདའ་འདེད་གཏོང་རྒྱུ་སྟེ།

        (གཅིག )རྒྱུ་དངུལ་ལམ་ཡང་ན་རྒྱུ་ནོར་གཞན་དག་སྤྲད་དེ་འདེམས་དམངས་སམ་ཡང་ན་འཐུས་མིར་ལྐོག་རྔན་སྤྲད་ནས་བསླུ་ཁྲིད་བྱས་ཏེ་འདེམས་དམངས་སམ་ཡང་ན་འཐུས་མིས་རང་མོས་ཀྱིས་གདམ་བྱ་འདེམས་བྱེད་ཀྱི་དབང་ཆ་སྤྱོད་རྒྱུར་འགོག་རྐྱེན་བཟོ་རིགས་དང་།

        (གཉིས ) གཏུམ་སྤྱོད་དང་། འཇིགས་སྐུལ། མགོ་སྐོར་གཏོང་བ་སོགས་ཁྲིམས་འགལ་གྱི་བྱེད་ཐབས་སམ་ཡང་ན་ཐབས་ཤེས་གཞན་དག་ལ་བརྟེན་ནས་འདེམས་དམངས་དང་འཐུས་མིས་རང་མོས་ཀྱིས་གདམ་བྱ་འདེམས་བྱེད་ཀྱི་དབང་ཆ་སྤྱོད་རྒྱུར་འགོག་རྐྱེན་བཟོ་བ།

        (གསུམ )མི་རིགས་དབར་དབྱེན་སྦྱོར་དཀྲུག་ཤིང་རྒྱག་པ་དང་། མི་རིགས་མཐུན་སྒྲིལ་གཏོར་བཤིག་གཏོང་བ། མི་རིགས་ཁ་ཕྲལ་གཏོང་རྒྱུའི་ངན་སྐུལ་བྱེད་པ་སོགས་ཁྲིམས་འགལ་གྱི་བྱ་སྤྱོད་ལ་བརྟེན་ནས་འདེམས་བསྐོར་གཏོར་བཤིག་གཏོང་བའམ་ཡང་ན་འདེམས་དམངས་སམ་ཡང་ན་འཐུས་མིས་གདམ་བྱ་འདེམས་བྱེད་ཀྱི་དབང་ཆ་སྤྱོད་རྒྱུར་འགོག་རྐྱེན་བཟོ་བ།

        (བཞི ) འདེམས་བསྐོའི་ཡིག་ཆ་རྫུན་མ་བཟོ་བ་དང་འདེམས་ཤོག་གྲངས་འབོར་རྫུན་ཞུ་བྱེད་པའམ་ཡང་ན་འདེམས་བསྐོའི་ནང་ཐོན་པའི་ཁྲིམས་འགལ་གྱི་བྱེད་སྤྱོད་གཞན་དག་རིགས།

        (ལྔ ) འདེམས་བསྐོའི་ནང་ཁྲིམས་འགལ་གྱི་བྱ་བ་སྤེལ་བར་ཞུ་གཏུག་དང་ཐེར་འདོན་བྱེད་མཁན་ནམ་ཡང་ན་འཐུས་མི་གནས་དབྱུང་གཏོང་རྒྱུའི་རེ་བ་འདོན་མཁན་ལ་མགོ་མནོན་དང་འཁོན་ལན་སློག་རིགས།

        རྒྱལ་ཁབ་ཀྱི་ལས་བྱའི་རིགས་ལ་གོང་གསལ་གནས་ཚུལ་ཐོན་རིགས་ཁྲིམས་ལུགས་གཞིར་བཟུང་སྲིད་འཛིན་གྱི་ཆད་པ་གཅོད་རྒྱུ།

        དོན་ཚན་དེ་གའི་ནང་གསེས་དང་པོའི་ནང་བཏོན་པའི་ཁྲིམས་འགལ་གྱི་བྱེད་སྤྱོད་རིགས་ཡོད་ཀྱང་འདེམས་ཐོན་བྱུང་རིགས་རྩིས་མེད་གཏོང་རྒྱུ།

        དོན་ཚན་རེ་བརྒྱད་པ། འདེམས་བསྐོ་གཙོ་སྐྱོང་བྱེད་མཁན་ཚན་པས་འདེམས་བསྐོར་གཏོར་བཤིག་གཏོང་བའི་བྱེད་སྤྱོད་ཤེས་རྟོགས་བྱུང་བའམ་ཡང་ན་འདེམས་བསྐོར་གཏོར་བཤིག་གཏོང་བའི་བྱེད་སྤྱོད་ཐེར་འདོན་བྱེད་མཁན་བྱུང་ཚེ་ངེས་པར་དུ་དུས་ཐོག་ཏུ་ཁྲིམས་ལུགས་གཞིར་བཟུང་བརྟག་དཔྱད་བྱས་ཏེ་ཐག་གཅོད་བྱེད་དགོས། ཁྲིམས་ལུགས་ཀྱི་འགན་འཁྲི་བདའ་འདེད་གཏོང་དགོས་རིགས་དུས་ཐོག་ཏུ་འབྲེལ་ཡོད་ཚན་པར་ཐག་གཅོད་བྱེད་རྒྱུར་སྐྱེལ་དགོས།

        ལེའུ་བཅུ་གཉིས་པ། ཞར་བྱུང་།

        དོན་ཚན་རེ་དགུ་པ། ལག་བསྟར་ཞིབ་སྲོལ་འདི་ཁྱབ་བསྒྲགས་བྱས་ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ། 1999ལོའི་ཟླ་11ཚེས་25ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བདུན་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་པའི་ཐོག་གྲོས་འཆམ་བྱུང་བའི 《བོད་རང་སྐྱོང་ལྗོངས་ཀྱི་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་གསབ་འདེམས་བྱེད་རྒྱུའི་བྱ་ཐབས 》དེ་ཆབས་ཅིག་ཏུ་མཁོ་མེད་དུ་གཏོང་རྒྱུ།

        (ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་དྲུང་ཡིག་ཁྲུའུ་ཡིས་མཁོ་འདོན་བྱས་པ་གཞིར་བཟུང )

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།