ལི་ཅང་ལུང་། ཕོ། རྒྱ་རིགས། སི་ཁྲོན་ལུའུ་ཀྲོའུ་ཡི་མི། 1974ལོའི་ཟླ་བ་དྲུག་པར་སྐྱེས། 1998ལོའི་ཟླ་བ་བདུན་པར་ལས་ཀར་ཞུགས། 1999ལོའི་ཟླ་བ་བདུན་པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། སྔ་རྗེས་སུ་ཟངས་རི་རྫོང་ཞོལ་པ་ཤང་གི་ཁོའོ་ཡོན་དང་། ཟངས་རི་རྫོང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ། ཟངས་རི་རྫོང་ཨུད་གཞུང་ལས་ཁང་གི་ཀྲུའུ་རེན་ཁོའོ་ཡོན། ཟངས་རི་རྫོང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་དང་རིག་གནས་རླུང་འཕྲིན་གློག་བཪྙན་བཪྙན་འཕྲིན་ཅུས་ཀྱི་ཅུས་ཀྲང་གི་འགན་གཅིག་ལྕོགས་འཁུར་བ། མཚོ་སྣ་རྫོང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་། ལྷོ་ཁ་ས་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་ས་ཁུལ་རིག་གནས་ཁྲོམ་ར་ཕྱོགས་བསྡུས་ཁྲིམས་འཛིན་ཉིང་ལག་རུ་ཁག་གི་ཉིང་ལག་རུ་དཔོན་བཅས་ཀྱི་འགན་བཞེས་མྱོང་ཡོད། འཚོ་བཞུགས་སྐབས་རྒྱ་ཚྭ་རྫོང་རྭ་སྨད་གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་ཀྱི་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོའི་ལས་དོན་རུ་ཁག (ལྷོ་ཁ་ས་ཨུད་དྲིལ་བསྒྲགས་པུས་མངགས་གཏོང་བྱས་པ )གི་རུ་དཔོན་ཡིན་པ་རེད། 2012ལོའི་ཟླ་7ཚེས་18ཉིན་རྭ་སྨད་གྲོང་ཚོའི་འབྲུ་སྣུམ་ལས་སྣོན་ཁང་གི་ལས་གྲྭའི་དཔེ་རིས་ལ་བཟོ་བཅོས་རྒྱག་ཆེད་བློ་མཐུན་ལི་ཅང་ལུང་རྩེད་ཐང་གྲོང་རྡལ་དུ་ཕྱིར་ལོག་པའི་ལམ་བར་དུ་རླངས་འཁོར་གྱི་ལས་འཛོལ་ཐོན་ནས་སྟབས་མ་ལེགས་པར་སྐུ་གཤེགས་པ་དང་སྐུ་གཤེགས་སྐབས་དགུང་ལོ་38ཡིན་པ་རེད།
བློ་མཐུན་ལི་ཅང་ལུང་ནི་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོའི་ཁྲོད་ཐོན་པའི་ཕུལ་བྱུང་མཚོན་བྱེད་ཅིག་རེད། ལོ་14ཡི་རིང་ཁོང་གིས་ལས་གནས་གང་རུང་ཞིག་གི་ཐོག་ཧུར་ཐག་འབད་ཐག་བྱེད་པ་དང་། ངལ་འཁང་གཉིས་བཟོད་བྱེད་པ། འགན་འཁྲི་ལྕི་པོ་འཁུར་ཕོད་པ་བཅས་ཀྱི་ལས་ཀའི་རྣམ་འགྱུར་དང་ལས་ཀའི་གྲུབ་འབྲས་གཟེངས་སུ་ཐོན་པར་ལས་རོགས་ཚོའི་གདེང་འཇོག་བཟང་པོ་དང་འགོ་ཁྲིད་ཀྱི་ཁས་ལེན་ཐོབ་པ་མ་ཟད་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ཚོའི་ཡོངས་ཁྱབ་ཀྱི་བསྔགས་བརྗོད་ཀྱང་ཐོབ་ཡོད། 2011ལོའི་ཟླ་བཅུ་པར་བློ་མཐུན་ལི་ཅང་ལུང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ནས་རང་འགུལ་ངང་རྒྱ་ཚྭ་རྫོང་མངར་རབ་གྲོང་རྡལ་རྭ་སྨད་གྲོང་ཚོར་བཅའ་སྡོད་ལས་དོན་སྒྲུབ་པར་བསྐྱོད་རྒྱུའི་རེ་ཞུ་བྱས། གྲོང་ཚོར་བཅའ་སྡོད་བྱེད་རིང་ཁོང་གིས་གཞི་རིམ་དུ་བསྐྱོད་པ་དང་། སེམས་རྣལ་དུ་ཕབ་པ། གཞི་རིམ་དུ་གཞི་ཚུགས་པ་བཅས་བྱེད་པ་དང་རང་འགན་གཙང་སྒྲུབ་ཀྱིས་མང་ཚོགས་བློ་ཡིད་ཚིམས་པོ་ཡོང་རྒྱུ་དེ་ལས་ཀའི་ཚད་གཞིར་བརྩིས་ནས་གྲོང་མིའི་དོན་དུ་ནུས་ཤུགས་ཡོད་རྒུས་བྱ་བ་བཟང་པོ་བསྒྲུབས་པ་དང་། བྱ་བ་དངོས་སྒྲུབ་པ། དཀའ་གནད་སེལ་བ་བཅས་བྱས་ཏེ་ཏན་ཏིག་གི་ལས་ཀའི་སྤྱོད་ཚུལ་དང་ལས་ཀའི་གྲུབ་འབྲས་མངོན་གསལ་དོད་པོར་གྲོང་མི་ཡོངས་ཀྱི་གདེང་འཇོག་ཡག་པོ་ཐོབ་པ་མ་ཟད་ས་ཁུལ་དང་རྫོང་གི་རྨང་བརྟན་དམངས་ཕན་བྱེད་སྒོའི་གཞུང་ལས་ཁང་གི་གདེང་འཇོག་ཡག་པོའང་མཐའ་གཅིག་ཏུ་ཐོབ་ཡོད་པ་རེད། ཁོང་གིས་སེམས་པ་མང་ཚོཌ་ལ་བཅངས་པ་དང་བརྟག་ཞིབ་གཏིང་ཟབ་བྱས་ནས་དུད་ཚང་དུ་བརྟག་ཞིབ་བྱེད་ཚད་100%ཟིན་པ་དང་བརྟག་ཞིབ་ཀྱི་ཟིན་ཐོ་ཡིག་འབྲུ་ཁྲི་3ཙམ་བྲིས་ཡོད་པ་རེད། ཁོང་གིས་དམངས་ཀྱི་ཆེད་དུ་སེམས་ནུས་ཡོད་ཚད་བཏོན་པ་དང་བློ་གཅིག་སེམས་གཅིག་ངང་མང་ཚོགས་ཀྱི་ཆེད་དུ་བྱ་བ་དངོས་བསྒྲུབས་པ་དང་ཁོང་གི་འབད་བརྩོན་བརྒྱུད་དུད་ཚང་དབུལ་པོ་ཆོས་འཛོམས་ཀྱི་བུ་མོར་སློབ་ཆེན་དུ་བསྐྱོད་པའི་སློབ་དུས་དང་པོའི་སློབ་ཡོན་བརྩོན་ལེན་ཐུབ་པ་དང་གྲོང་ཚོ་ཡོངས་ནས་ཞིང་ལས་མིན་པའི་ཐེམ་ཐོ་དང་མཐོ་རིམ་སློབ་འབྲིང་གི་སློབ་རྒྱུས་ལྡན་པའི་འཛོམས་པ་ཁོ་ནར་སྤྱི་ཕན་རང་བཞིན་གྱི་ལས་གནས་བརྩོན་ལེན་བྱས་ཡོད། ཁོང་གིས་སྤྱི་དོན་ཁོ་ན་ལས་སྒེར་དོན་མི་བསམས་པ་དང་བློ་གཅིག་སེམས་གཅིག་ངང་གྲོང་ཚོའི་བཅའ་སྡོད་ལས་དོན་ལ་གཞོལ་ནས་གྲོང་ཚོ་དེ་ཡོངས་ཀྱི་ཞིང་འབྲོག་པའི་ཏང་ཡོན་སྒྲིག་འཛུགས་ཀྱིས་ལམ་བཟོ་བ་དང་ཡུར་བུ་གཤོང་བ་དང་། གྲོང་ཚོའི་ལམ་སྤྱི་ལེ་3ཙམ་ཉམས་བཟོ་བྱས་པ། ཆུ་ཡུར་སྤྱི་ལེ་4ཡན་བཤངས་བ་བཅས་བྱས་ཡོད། རྭ་སྨད་གྲོང་ཚོའི་ལས་ཞོར་རིག་རྩལ་དྲིལ་བསྒྲགས་རུ་ཁག་སྒྲིག་འཛུགས་བྱས་ནས་འཁྲབ་ཚན་སྒྲིག་བཟོ་བྱས་ཏེ་དཔྱིད་གསར་དུས་ཆེན་དང་། བོད་ཀྱི་ལོ་གསར། “3·28”བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་བཏང་བའི་དྲན་གསོའི་ཉིན་མོ་བཅས་ཀྱི་རིང་ཞིང་འབྲོག་མང་ཚོགས་ལ་འཁྲབ་སྟོན་བྱེད་པ། རྭ་སྨད་གྲོང་ཚོའི་གྲོང་མི་སྒྲིག་འཛུགས་བྱས་ནས་མུའུ་108ས་རྒོད་སློག་པ་དང་སྟར་ཤིང་སྡོང་རྐང་1836བཙུགས་པ། རྭ་སྨད་གྲོང་ཚོར་སྡོམ་གསོས་རྟེན་གཞི་རྒྱ་བསྐྱེད་ཀྱི་མ་དངུལ་སྒོར་ཁྲི་30བརྩོན་ལེན་ཐུབ་པ་བཅས་བྱས་ཡོད། ཁོང་གིས་དཀའ་སྤྱད་ཀྱིས་སློབ་སྦྱོང་བྱེད་པ་དང་གྲོང་ཚོའི་ལས་སྒོར་བརྩོན་ཞིབ་ཧུར་ཐག་བྱས་ནས་སྔོན་ཐོན་གྲོང་ཚོར་ཉམས་མྱོང་སློབ་སྦྱོང་དུ་ཐེངས་མང་བསྐྱོད་དེ་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་གྱི་ཉམས་མྱོང་བཟང་པོ་དང་བྱེད་ཐབས་བཟང་པོ་དཔྱད་གཞིར་འཛིན་པ་དང་། རྭ་སྨད་གྲོང་ཚོར་ལྟ་སྐོར་དང་སློབ་སྦྱོང་དུ་ཡོང་བའི་ལས་དོན་རུ་ཁག་དང་རྟག་ཏུ་ལས་ཀའི་བསམ་ཚུལ་བརྗེ་རེས་དང་ལས་ཀའི་ཉམས་མྱོང་སྤེལ་རེས་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་གྱི་ཆོས་ཉིད་ཟམ་མི་ཆད་པར་འཚོལ་ཞིབ་དང་ལས་སྒོའི་ཆུ་ཚད་མཐོ་རུ་བཏང་ཡོད། ཁོང་ངོ་མས་བརྟན་ལྷིང་སྲུང་སྐྱོང་དང་སྤྱི་ཚོགས་ཞི་མཐུན་ལ་སྐུལ་མ་བཏང་སྟེ་ཉིན་ལྟར་སྐོར་གཡེང་རུ་ཁག་སྒྲིག་འཛུགས་བྱས་ནས་གྲོང་ཚོའི་ནང་སྐོར་གཡེང་བྱེད་པ་དང་དོགས་ཡོད་གནས་ཚུལ་གྲལ་བཤེར་བྱེད་ཀྱི་ཡོད་པ་དང་། རྟག་ཏུ་གྲོང་མི་སྒྲིག་འཛུགས་བྱས་ནས་བོད་གསར་ཪྙིང་བསྡུར་བའི་འགྲེམས་སྟོན་ལ་ཞུགས་པ་དང་འགྲེམས་སྟོན་གྱི་པར་རིས་ལ་རང་ཉིད་ངོ་མས་འགྲེལ་བཤད་བརྒྱབ་སྟེ་ཏཱ་ལའི་རུ་ཚོགས་ཀྱི་སྡིག་ཉེས་བྱེད་སྤྱོད་ཐེར་འདོན་དགག་རྒྱག་བྱེད་པ་དང་མང་ཚོགས་ཚོར་ལོ་རྒྱུས་བློ་ལ་བརྟན་པོར་ངེས་ནས་ཐོབ་པར་དཀའ་བའི་བདེ་སྐྱིད་འཚོ་བར་གཅེས་སྤྲས་བྱེད་དགོས་པའི་སློབ་གསོ་གཏོང་གི་ཡོད་པ། ཁོང་ནི་གཤིབ་བདེ་འགྲོགས་མཁས་ཤིག་ཡིན་པ་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་གཏོང་བ་དང་མང་ཚོགས་ཀྱི་ས་ནས་སེམས་ཆུང་ངང་བོད་སྐད་སྦྱོང་བ་དང་བོད་སྐད་ཀྱི་ཐོག་ནས་མང་ཚོགས་དང་སྤེལ་རེས་ཧུར་ཐག་བྱེད་པ་དང་ས་གནས་ཀྱི་དམངས་སྲོལ་དང་གོམས་གཤིས་ཤེས་རྟོགས་ཐུབ་པ་བྱས་ནས་མང་ཚོགས་དབར་དང་བརྩེ་སེམས་ཟབ་ཏུ་གཏོང་གི་ཡོད་པ། ཁོང་གིས་རྒྱུན་བསྲིང་ལྷོད་མེད་ངང་དམངས་འཚོའི་རྣམ་གྲངས་ཆེད་གང་སར་བསྐྱོད་པ་དང་ལས་དོན་རུ་ཁག་གིས་ས་ཁུལ་ལ་རེ་ཞུ་ཕུལ་བའི་རྭ་སྨད་གྲོང་ཚོའི་འབྲུ་སྣུམ་ལས་སྣོན་ཁང་གི་རྣམ་གྲངས་ལ་ཞིབ་བཤེར་ཆོག་མཆན་ཐོབ་རྗེས་དུས་ཐོག་ཏུ་ལས་འགོ་འཛུགས་ཆེད་བློ་མཐུན་ལི་ཅང་ལུང་གིས་ས་ཁུལ་ཇུས་འགོད་ཁང་ལ་རྭ་སྨད་གྲོང་ཚོའི་འབྲུ་སྣུམ་ལས་སྣོན་ཁང་གི་ལས་གྲྭའི་དཔེ་རིས་རིན་མེད་ཐོག་ཇུས་འགོད་བྱ་རྒྱུའི་མཐུན་སྦྱོར་ཐེངས་མང་བྱས་ཡོད་པ་བཅས་རེད།
བློ་མཐུན་ལི་ཅང་ལུང་གི་སྔོན་ཐོན་བྱས་རྗེས་ལ་སློབ་སྦྱོང་བྱེད་པར་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་དད་སེམས་བརྟན་དུ་གཏོང་བ་དང་དམིགས་ཡུལ་བློ་ལ་བརྟན་པོར་འཆང་རྒྱུར་སྔར་བས་སྐུལ་སྤེལ་གཏོང་བ་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་ལྷག་པར་དུ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་ལས་ཀའི་སྤྲོ་སེམས་སྔར་བས་སྐུལ་སྤེལ་ཐུབ་ཆེད་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་བློ་མཐུན་ལི་ཅང་ལུང་ལ “ལྗོངས་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན ”གྱི་གཟི་བརྗིད་མཚན་སྙན་རྗེས་སྤྲོད་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་ལྷག་པར་དུ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མི་ཚོས་བློ་མཐུན་ལི་ཅང་ལུང་ལ་སློབ་སྦྱོང་བྱེད་པ་དང་དངོས་སྒྲུབ་བདེན་འཚོལ་དང་དངོས་འཛིན་དངོས་སྒྲུབ་ཀྱི་ཁོང་གི་སྤྱོད་ཚུལ་བཟང་པོར་སློབ་སྦྱོང་བྱེད་པ་དང་། ངལ་འཁང་གཉིས་བཟོད་དང་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བའི་ཁོང་གི་བླ་ན་མ་མཆིས་པའི་སྙིང་སྟོབས་ལ་སློབ་སྦྱོང་བྱེད་པ། སེམས་པ་མང་ཚོགས་ལ་འཆང་བ་དང་བློ་གཅིག་སེམས་གཅིག་ངང་དམངས་ཀྱི་དོན་དུ་བྱ་བ་སྒྲུབ་པའི་ཁོང་གི་སྤྱི་ཞབས་པའི་བརྩེ་སེམས་ལ་སློབ་སྦྱོང་བྱེད་པ་བཅས་བྱེད་དགོས། རིམ་ཁག་ཏང་རྩ་འཛུགས་ཀྱིས་བློ་མཐུན་ལི་ཅང་ལུང་ལ་སློབ་སྦྱོང་བྱེད་པའི་བྱེད་སྒོ་དེ་ད་ཆ་སྤེལ་བཞིན་པའི་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོ་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་རང་འཁྲིའི་ལས་ཀ་ཡག་པོ་བསྒྲུབས་པ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་བཀོད་སྒྲིག་ཞིབ་ཚགས་དང་དོན་འཁྱོལ་དམ་འཛིན་གྱིས་སློབ་སྦྱོང་གི་གྲུབ་འབྲས་དེ་མིག་སྔའི་ལས་དོན་ཁག་ཡག་པོ་སྒྲུབ་པའི་བྱ་སྤྱོད་དངོས་ལ་འགྱུར་བ་བྱས་ནས་བྱ་གཞག་ཁག་ལ་རྣམ་པ་གསར་པ་ཧུར་ཐག་བཏོད་དེ་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་མ་གཏོང་བའི་ཕུལ་བྱུང་གྲུབ་འབྲས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པར་ཕྱག་རྟགས་འབུལ་དགོས་པའི་འབོད་སྐུལ་བྱས་པ་རེད།