གྱོད་འབྲེལ་རྒྱུ་ནོར་གྱི་རིན་གོང་དཔྱད་དཔང་བྱེད་ཕྱོགས་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་སྲོལ་ཡིག
བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས།
【2011】ལོའི་ཡིག་ཨང་4པ།
《གྱོད་འབྲེལ་རྒྱུ་ནོར་གྱི་རིན་གོང་དཔྱད་དཔང་བྱེད་ཕྱོགས་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་སྲོལ་ཡིག 》དེ་2011ལོའི་ཟླ་5ཚེས་27ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་རྒྱུན་ཨུད་ཀྱི་ཚོགས་འདུ་ཐེངས་ཉེར་གཉིས་པའི་ཐོག་གྲོས་འཆམ་དོན་བཞིན་2011ལོའི་ཟླ་8ཚེས་1ཉིན་ནས་ལག་བསྟར་བྱེད་རྒྱུ་ཡིན་པ་ད་ལྟ་ཆེད་དུ་སྤྱི་བསྒྲགས་བྱེད་རྒྱུ་ཡིན།
བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས།
2011ལོའི་ཟླ་5ཚེས་27ལ།
དཀར་ཆག
●ལེའུ་དང་པོ། སྤྱིའི་རྩ་འཛིན།
●ལེའུ་གཉིས་པ། རིན་གོང་དཔྱད་དཔང་ཚན་པ་དང་རིན་གོང་དཔྱད་དཔང་མི་སྣ།
●ལེའུ་གསུམ་པ། གྱོད་འབྲེལ་རྒྱུ་ནོར་གྱི་རིན་གོང་དཔྱད་དཔང་གོ་རིམ།
●ལེའུ་བཞི་པ། བཅའ་ཁྲིམས་ཀྱི་འགན་འཁྲི།
●ལེའུ་ལྔ་པ། ཞར་བྱུང་།
ལེའུ་དང་པོ། སྤྱིའི་རྩ་འཛིན།
དོན་ཚན་དང་པོ། གྱོད་འབྲེལ་རྒྱུ་ནོར་གྱི་རིན་གོང་དཔྱད་དཔང་བྱེད་ཕྱོགས་ཚད་ལྡན་བཟོས་ནས་ཁྲིམས་འཛིན་དང་། སྲིད་འཛིན་ཁྲིམས་སྒྱུར། ཁྲུན་གཅོད་བཅས་ཀྱི་བྱེད་སྒོ་དོན་དངོས་དང་མཐུན་ཞིང་དྲང་གཞག་ཐུབ་པའི་འགན་སྲུང་བྱེད་རྒྱུ་དང་། རྒྱལ་ཁབ་ཀྱི་ཁེ་ཕན་སྲུང་སྐྱོང་། སྤྱི་དམངས་དང་། ཁྲིམས་ཚན། རྩ་འཛུགས་གཞན་དག་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བཅས་བྱེད་ཆེད 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིན་གོང་བཅའ་ཁྲིམས 》དང་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་གཞིར་བཟུང་རང་སྐྱོང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་སྲོལ་ཡིག་འདི་བཟོས་པ་ཡིན།
དོན་ཚན་གཉིས་པ། རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ས་ཁོངས་ནང་གྱོད་འབྲེལ་རྒྱུ་ནོར་གྱི་རིན་གོང་དཔྱད་དཔང་ལ་སྲོལ་ཡིག་འདི་བེད་སྤྱོད་རྒྱུ།
དོན་ཚན་གསུམ་པ། གྱོད་འབྲེལ་རྒྱུ་ནོར་གྱི་རིན་གོང་དཔྱད་དཔང་བྱེད་སྐབས་ངེས་པར་དུ་ཁྲིམས་དང་མཐུན་ཞིང་དྲང་གཞག་ཡོད་པ་དང་། ཚན་རིག་དང་མཐུན་པ། ནུས་ཕྱོད་ལྡན་པ་བཅས་ཀྱི་རྩ་དོན་བརྩི་སྲུང་ཞུ་དགོས།
དོན་ཚན་བཞི་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་རིན་གོང་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ལྗོངས་ཡོངས་ཀྱི་གྱོད་འབྲེལ་རྒྱུ་ནོར་གྱི་རིན་གོང་དཔྱད་དཔང་ལས་དོན་ལ་ལྟ་སྐུལ་དོ་དམ་བྱེད་འགན་འཁུར་རྒྱུ། ས་གནས (གྲོང་ཁྱེར )དང་རྫོང་རིམ་མི་དམངས་སྲིད་གཞུང་གི་རིན་གོང་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་སྲིད་འཛིན་ས་ཁོངས་དེ་གའི་ནང་གི་གྱོད་འབྲེལ་རྒྱུ་ནོར་གྱི་རིན་གོང་དཔྱད་དཔང་ལས་དོན་ལ་ལྟ་སྐུལ་དོ་དམ་བྱེད་འགན་འཁུར་རྒྱུ།
དོན་ཚན་ལྔ་པ། རང་སྐྱོང་ལྗོངས་ཀྱི་གྱོད་འབྲེལ་རྒྱུ་ནོར་གྱི་རིན་གོང་དཔྱད་དཔང་ལས་དོན་ལ་རིམ་བགོས་འགན་འཁུར་གྱི་རྩ་དོན་ལག་བསྟར་བྱེད་རྒྱུ།
དོན་ཚན་དྲུག་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་རིན་གོང་གཙོ་འགན་འཁུར་མཁན་སྡེ་ཚན་གྱི་རིན་གོང་དཔྱད་དཔང་ཚན་པས་སྲོལ་ཡིག་འདི་གཞིར་བཟུང་ཁྲིམས་འཛིན་ལས་ཁུངས་དང་། སྲིད་འཛིན་ཁྲིམས་སྒྱུར་ལས་ཁུངས། ཁྲུན་གཅོད་ལས་ཁུངས (གཤམ་ལ་གྱོད་ཞིབ་ལས་ཁུངས་ཞེས་བསྡུ་རྒྱུ )བཅས་ནས་གྱོད་ཞིབ་བྱེད་པའི་ནང་བཏོན་པའི་རིན་གོང་གསལ་པོ་མེད་པ་དང་། རིན་གོང་གཏན་འཁེལ་བྱེད་ཁག་པའམ་ཡང་ན་རིན་གོང་ལ་རྩོད་ཪྙོག་ཡོད་པ་བཅས་དང་འབྲེལ་བ་ཡོད་པའི་མངོན་ཡོད་རྒྱུ་ནོར་དང་། མངོན་མེད་རྒྱུ་ནོར། རྒྱུ་ནོར་རང་བཞིན་གྱི་ཁེ་དབང་དང་ཞབས་ཞུ་བཅས་ལ་རིན་གོང་དཔྱད་འདོམས་དང་དཔང་འདོན་ར་སྤྲོད་བྱེད་རྒྱུ།
དོན་ཚན་བདུན་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་རིན་གོང་གཙོ་འགན་འཁུར་མཁན་སྡེ་ཚན་གྱི་རིན་གོང་དཔྱད་དཔང་ཚན་པས་སྲིད་འཛིན་ས་ཁོངས་དེ་གའི་ནང་གི་གྲོང་ཁྱེར (ས་གནས )རིམ་པའི་རིན་གོང་དཔྱད་དཔང་ཚན་པ་ནས་བཏོན་པའི་རིན་གོང་དཔྱད་དཔང་ཆོད་འདོམས་ལ་བསྐྱར་ཞིབ་ཁྲུན་གཅོད་བྱེད་འགན་འཁུར་རྒྱུ་དང་། གྲོང་ཁྱེར (ས་གནས )རིམ་པའི་རིན་གོང་དཔྱད་དཔང་ཚན་པ་ནས་བཏོན་པའི་བསྐྱར་ཞིབ་ཁྲུན་གཅོད་ལ་མཐའ་མའི་བསྐྱར་ཞིབ་ཁྲུན་གཅོད་བྱེད་རྒྱུ། གྲོང་ཁྱེར (ས་གནས )མི་དམངས་སྲིད་གཞུང་གི་རིན་གོང་དཔྱད་དཔང་ཚན་པས་སྲིད་འཛིན་ས་ཁོངས་དེ་གའི་ནང་གི་རྫོང་རིམ་མི་དམངས་སྲིད་གཞུང་རིན་གོང་གཙོ་འགན་འཁུར་མཁན་སྡེ་ཚན་གྱི་རིན་གོང་དཔྱད་དཔང་ཚན་པ་ནས་བཏོན་པའི་རིན་གོང་དཔྱད་དཔང་ཆོད་འདོམས་ལ་བསྐྱར་ཞིབ་ཁྲུན་གཅོད་བྱེད་འགན་འཁུར་རྒྱུ།
དོན་ཚན་བརྒྱད་པ། རིན་གོང་དཔྱད་དཔང་ཚན་པར་མཁོ་བའི་གྲོན་དངུལ་དེ་རིམ་མཚུངས་ཀྱི་ནོར་སྲིད་སྔོན་རྩིས་ཁོངས་སུ་འཇུག་རྒྱུ། རིན་གོང་དཔྱད་དཔང་ཚན་པས་དམངས་དོན་གྱོད་གཞི་གཉེར་སྒྲུབ་བྱས་པ་དང་འབྲེལ་བའི་རིན་གོང་དཔྱད་དཔང་བྱས་རིན་དེ་མངགས་བཅོལ་བྱེད་མཁན་ནས་འདོན་རྒྱུ། རིན་གོང་དཔྱད་དཔང་ཚན་པས་རིན་གོང་དཔྱད་དཔང་གི་དོན་གནད་གཞན་དག་གཉེར་སྒྲུབ་བྱེད་སྐབས་རིན་དངུལ་གང་ཡང་བསྡུ་མི་ཆོག
དོན་ཚན་དགུ་པ། རིན་གོང་དཔྱད་དཔང་ཚན་པས་ཁྲིམས་ལུགས་གཞིར་བཟུང་རང་ཚུགས་ཐོག་གྱོད་འབྲེལ་རྒྱུ་ནོར་གྱི་རིན་གོང་དཔྱད་དཔང་ལས་དོན་སྤེལ་དགོས། སྤྱི་དམངས་དང་། ཁྲིམས་ཚན་ནམ་ཡང་ན་རྩ་འཛུགས་གཞན་དག་བཅས་ཀྱིས་རིན་གོང་དཔྱད་དཔང་ཚན་པའི་གྱོད་འབྲེལ་རྒྱུ་ནོར་གྱི་རིན་གོང་དཔྱད་དཔང་བྱེད་སྒོར་ཐེ་ཇུས་བྱེད་མི་ཆོག
ལེའུ་གཉིས་པ། རིན་གོང་དཔྱད་དཔང་ཚན་པ་དང་རིན་གོང་དཔྱད་དཔང་མི་སྣ།
དོན་ཚན་བཅུ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་རིན་གོང་གཙོ་འགན་འཁུར་མཁན་སྡེ་ཚན་གྱི་རིན་གོང་དཔྱད་དཔང་ཚན་པར་ངེས་པར་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རིན་གོང་གཙོ་འགན་འཁུར་མཁན་སྡེ་ཚན་ནས་སྤྲད་པའི 《རིན་གོང་དཔྱད་དཔང་ཚན་པའི་འོས་ཐོབ་ལག་ཁྱེར 》རག་རྗེས། གཞི་ནས་གྱོད་འབྲེལ་རྒྱུ་ནོར་གྱི་རིན་གོང་དཔྱད་དཔང་ལས་དོན་སྤེལ་ཆོག
དོན་ཚན་བཅུ་གཅིག་པ། རིན་གོང་དཔྱད་དཔང་མི་སྣར་ངེས་པར་དུ་དེ་མཚུངས་ཀྱི་ལས་གཉེར་ཐོབ་ཐང་ལག་ཁྱེར་རག་རྗེས། གཞི་ནས་རིན་གོང་དཔྱད་དཔང་ལས་དོན་སྤེལ་ཆོག
དོན་ཚན་བཅུ་གཉིས་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་རིན་གོང་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ངེས་པར་དུ་ཁྲིམས་ལུགས་གཞིར་བཟུང་འོས་ཐོབ་དང་ཐོབ་ཐང་རག་པའི་རིན་གོང་དཔྱད་དཔང་ཚན་པ་དང་རིན་གོང་དཔྱད་དཔང་མི་སྣའི་མིང་ཐོ་སྤྱི་ཚོགས་ཐོག་ཡོངས་བསྒྲགས་བྱེད་དགོས།
དོན་ཚན་བཅུ་གསུམ་པ། རིན་གོང་དཔྱད་དཔང་ཚན་པ་བཙུགས་མེད་པའི་རིགས་ཡིན་ཚེ། རང་ལས་རིམ་པ་གཅིག་གིས་མཐོ་བའི་རིན་གོང་དཔྱད་དཔང་ཚན་པས་གྱོད་འབྲེལ་རྒྱུ་ནོར་གྱི་རིན་གོང་དཔྱད་དཔང་ལས་ཀ་བྱེད་འགན་འཁུར་རྒྱུ།
དོན་ཚན་བཅུ་བཞི་པ། རིན་གོང་དཔྱད་དཔང་ཚན་པར་གཤམ་གསལ་གྱི་བྱེད་སྤྱོད་རིགས་ཡོད་མི་ཆོག་པ་སྟེ། (གཅིག )རིན་གོང་དཔྱད་དཔང་གི་ཆོད་འདོམས་རྫུན་མ་འདོན་པ་དང་། (གཉིས )འོས་ཐོབ་ལག་ཁྱེར་བཟོ་བཅོས་དང་། བོགས་གཏོང་། གཡར་སྤྱོད་བྱེད་པའམ་ཡང་ན་རྣམ་པ་གཞན་དག་གི་ཐོག་ནས་ནང་བཤུག་གཏོང་བ། (གསུམ )གྱོད་ཞིབ་ལས་ཁུངས་ཀྱིས་རེ་བ་ཞུས་པའི་རིན་གོང་དཔྱད་དཔང་ལས་སྒོ་ནང་བཤུག་གཏོང་བ། (བཞི )རིན་གོང་དཔྱད་དཔང་གི་འབྲེལ་ཡོད་དཔྱད་ཡིག་དེ་དམིགས་ཡུལ་གཞན་པའི་ཐོག་སྤྱོད་པ། (ལྔ )རྒྱལ་ཁབ་ཀྱི་གསང་དོན་དང་། ཚོང་ལས་གསང་དོན། མི་སྒེར་གྱི་གསང་དོན་བཅས་གྱར་རིགས། (དྲུག )གྱོད་དོན་གྱི་དོ་བདག་ས་ནས་རྒྱུ་ནོར་ལེན་པའམ་ཡང་ན་ཚུལ་མིན་གྱི་ཁེ་ཕན་སྒྲུབ་རིགས། (བདུན )གྱོད་འབྲེལ་གྱི་རྒྱུ་ནོར་བེད་སྤྱོད་གཏོང་བ་དང་། བརྗེ་བ། གཏོར་སྐྱོན་གཏོང་བ། བོར་བརླགས་སོང་བའི་རིགས། (བརྒྱད )བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་དང་འགལ་བའི་བྱེད་སྤྱོད་གཞན་དག་བཅས་སོ།
དོན་ཚན་བཅོ་ལྔ་པ། རིན་གོང་དཔྱད་དཔང་མི་སྣར་གཤམ་གསལ་གྱི་བྱེད་སྤྱོད་རིགས་ཡོད་མི་ཆོག་པ་སྟེ། (གཅིག )རྒྱལ་ཁབ་ཀྱི་གསང་དོན་དང་། ཚོང་ལས་གསང་དོན། མི་སྒེར་གྱི་གསང་དོན་བཅས་གྱར་རིགས་དང་། (གཉིས )རིན་གོང་དཔྱད་དཔང་ཚན་པ་གཉིས་ཡན་ལ་ལས་ཀ་བྱེད་པ། (གསུམ )མི་སྒེར་གྱི་མིང་ཐོག་ནས་རིན་གོང་དཔྱད་དཔང་བྱ་བ་སྒྲུབ་པའི་རིགས། (བཞི )གྱོད་འབྲེལ་གྱི་རྒྱུ་ནོར་མ་བདག་བདག་བཟུང་བྱེད་པའམ་ཡང་ན་གྱོད་འབྲེལ་གྱི་རྒྱུ་ནོར་ཉོ་སྒྲུབ་བྱེད་པ། (ལྔ )གྱོད་དོན་གྱི་དོ་བདག་ས་ནས་རྒྱུ་ནོར་ལེན་པའམ་ཡང་ན་ཚུལ་མིན་གྱི་ཁེ་ཕན་སྒྲུབ་རིགས། (དྲུག )འགན་དབང་གང་བྱུང་དུ་སྤྱོད་པ་དང་། རང་འགན་ཟོལ་འཇོག་བྱེད་པ། ཉེར་ཕྱོགས་གཡོ་ཟོལ་བྱེད་རིགས། (བདུན )བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་དང་འགལ་བའི་བྱེད་སྤྱོད་གཞན་དག་བཅས་སོ།
དོན་ཚན་བཅུ་དྲུག་པ། རིན་གོང་དཔྱད་དཔང་ལ་གཤམ་གསལ་གྱི་གནས་ཚུལ་གྲས་ཤིག་ཡོད་རིགས། རིན་གོང་དཔྱད་དཔང་མི་སྣས་ངེས་པར་དུ་གཡོལ་དགོས་པ་སྟེ། (གཅིག )གྱོད་འབྲེལ་གྱི་དོ་བདག་དང་གཉེན་ཉེའི་འབྲེལ་བ་ཡོད་པའམ་ཡང་ན་ཁེ་ཉེན་གྱི་འབྲེལ་བ་ཡོད་རིགས། (གཉིས )རིན་གོང་དཔྱད་དཔང་གི་བྱ་བ་དང་ཁེ་ཉེན་གྱི་འབྲེལ་བ་ཡོད་རིགས། (གསུམ )གྱོད་འབྲེལ་མི་སྣ་དང་འབྲེལ་བ་གཞན་དག་ཡོད་པའི་རྐྱེན་གྱིས་རིན་གོང་དཔྱད་དཔང་ཆོད་འདོམས་དྲང་གཞག་ཡོང་རྒྱུར་ཤུགས་རྐྱེན་ངན་པ་བཟོ་སྲིད་པའི་རིགས།
དོན་ཚན་བཅུ་བདུན་པ། དོ་བདག་དང་ཁེ་ཉེན་གྱི་འབྲེལ་བ་ཡོད་པའི་མིས་རིན་གོང་དཔྱད་དཔང་མི་སྣ་གཡོལ་དགོས་པའི་རེ་བ་བཏོན་ཚེ། རིམ་པ་དེ་གའི་རིན་གོང་དཔྱད་དཔང་ཚན་པའི་འགན་འཁུར་བས་གཡོལ་དགོས་མིན་གཏན་འཁེལ་བྱེད་རྒྱུ་དང་། རིན་གོང་དཔྱད་དཔང་ཚན་པའི་འགན་འཁུར་བ་གཡོལ་དགོས་པའི་རེ་བ་བཏོན་ཚེ། རིམ་པ་དེ་གའི་རིན་གོང་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་གཡོལ་དགོས་མིན་གཏན་འཁེལ་བྱེད་རྒྱུ།
ལེའུ་གསུམ་པ། གྱོད་འབྲེལ་རྒྱུ་ནོར་གྱི་རིན་གོང་དཔྱད་དཔང་གོ་རིམ།
དོན་ཚན་བཅོ་བརྒྱད་པ། གྱོད་འབྲེལ་རྒྱུ་ནོར་གྱི་རིན་གོང་དཔྱད་དཔང་བྱེད་སྐབས་ངེས་པར་དུ་གཤམ་གསལ་གྱི་གོ་རིམ་ལ་སྲུང་བརྩི་ཞུ་དགོས་པ་སྟེ། (གཅིག )གྱོད་ཞིབ་ལས་ཁུངས་ཀྱིས་རིན་གོང་དཔྱད་དཔང་བྱེད་མཁན་ཚན་པར་རིན་གོང་དཔྱད་དཔང་བྱེད་རྒྱུའི་རེ་བ་འདོན་དགོས་པ་དང་། (གཉིས )རིན་གོང་དཔྱད་དཔང་ཚན་པས་རིན་གོང་དཔྱད་དཔང་བྱེད་དགོས་མིན་ཞིབ་དཔྱད་བདག་སྤྲོད་བྱེད་དགོས་པ། (གསུམ )རིན་གོང་དཔྱད་དཔང་ཚན་པས་བརྟག་ཞིབ་དང་། ཚད་ལེན་ཞིབ་བཤེར། ཚོད་རྩིས། རིགས་པས་ཁུངས་སྐྱེལ་བཅས་བྱེད་དགོས་པ། (བཞི )རིན་གོང་དཔྱད་དཔང་ཚན་པས་རིན་གོང་དཔྱད་དཔང་གི་ཆོད་འདོམས་འདོན་དགོས་པ། (ལྔ )གྱོད་ཞིབ་ལས་ཁུངས་ཀྱིས་རིན་གོང་དཔྱད་དཔང་གི་ཆོད་འདོམས་མིང་འགོད་རྩིས་ལེན་བྱེད་དགོས་པ་བཅས་སོ།
དོན་ཚན་བཅུ་དགུ་པ། གྱོད་ཞིབ་ལས་ཁུངས་ཀྱིས་གྱོད་འབྲེལ་རྒྱུ་ནོར་གྱི་རིན་གོང་དཔྱད་དཔང་བྱེད་སྐབས་ངེས་པར་དུ་རིན་གོང་དཔྱད་དཔང་ཚན་པར་མཁོ་བའི་གྱོད་འབྲེལ་གྱི་རྒྱུ་ནོར་དང་དེའི་འབྲེལ་ཡོད་གནས་ཚུལ་དང་དཔྱད་ཡིག་འདོན་དགོས་པ་མ་ཟད་རིན་གོང་དཔྱད་དཔང་ཞུ་ཡིག་འདོན་དགོས། རིན་གོང་དཔྱད་དཔང་གི་ཞུ་ཡིག་ནང་ངེས་པར་དུ་གཤམ་གསལ་གྱི་ནང་དོན་ཚུད་དགོས་པ་སྟེ། (གཅིག )གྱོད་ཞིབ་ལས་ཁུངས་ཀྱི་མིང་དང་གནས་ཡུལ་དང་། (གཉིས )རིན་གོང་དཔྱད་དཔང་གི་དམིགས་ཡུལ་དང་བླང་བྱ། (གསུམ )གྱོད་འབྲེལ་རྒྱུ་ནོར་གྱི་མིང་དང་། ལན་པར། ཚད་གཞི། ཨང་དབྱིབས། སྣ་རིགས། གྲངས་འབོར། ཉོ་སྒྲུབ་རིན་གོང་། ཡོང་ཁུངས། གསར་ཪྙིང་བཅས་དང་། དེ་བཞིན་ཉོ་སྒྲུབ་དང་། བཟོ་སྐྲུན། བེད་སྤྱོད་བཅས་བྱས་པའི་དུས་ཚོད་དང་། ས་གནས། ད་ལྟའི་གནས་ཚུལ་སོགས། (བཞི )རིན་གོང་དཔྱད་དཔང་གི་གཞི་འཛིན་དུས་ཚོད། (ལྔ )གྱོད་ཞིབ་ལས་ཁུངས་ཀྱི་འབྲེལ་གཏུག་བྱ་ཡུལ་དང་སྐྱེལ་བའི་དུས་ཚེས། (དྲུག )གསལ་བཤད་བྱེད་དགོས་པའི་གནས་ཚུལ་གཞན་དག་བཅས་སོ། རིན་གོང་དཔྱད་དཔང་ཞུ་ཡིག་ལ་ངེས་པར་དུ་གྱོད་ཞིབ་ལས་ཁུངས་ཀྱི་ཐམ་ག་རྒྱག་དགོས། རིན་གོང་དཔྱད་དཔང་གི་གཞི་འཛིན་དུས་ཚོད་གཏན་འཁེལ་བྱེད་སྐབས་བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འབེབས་ཁ་གསལ་ཡོད་པ་ཕུད། ངེས་པར་དུ་གྱོད་ཞིབ་ལས་ཁུངས་ཀྱིས་དམིགས་གཏན་འཁེལ་བའི་དུས་ཚེས་དེ་ཚད་གཞིར་འཛིན་དགོས།
དོན་ཚན་ཉི་ཤུ་པ། གྱོད་ཞིབ་ལས་ཁུངས་ཀྱིས་རིན་གོང་དཔྱད་དཔང་ཚན་པར་འདོན་སྤྲོད་བྱས་པའི་གྱོད་འབྲེལ་རྒྱུ་ནོར་རྣམས་ངེས་པར་དུ་དངོས་འབྲེལ་ཡིན་དགོས་པ་དང་། འདོན་སྤྲོད་བྱས་པའི་འབྲེལ་ཡོད་གནས་ཚུལ་དང་དཔྱད་ཡིག་རྣམས་ངེས་པར་དུ་ཆ་ཚང་པོ་ཡོད་དགོས་པ་མ་ཟད། དེ་བདེན་པ་ཡིན་པའི་འགན་ཡང་འཁུར་དགོས།
དོན་ཚན་ཉེར་གཅིག་པ། རིན་གོང་དཔྱད་དཔང་ཚན་པར་རིན་གོང་དཔྱད་དཔང་ཞུ་ཡིག་ལག་འབྱོར་བྱུང་རྗེས། ངེས་པར་དུ་རིན་གོང་དཔྱད་དཔང་ཞུ་ཡིག་གི་ནང་དོན་དང་གྱོད་འབྲེལ་རྒྱུ་ནོར་ལ་ཞིབ་བཤེར་བརྟག་དཔྱད་བྱེད་དགོས། རིན་གོང་དཔྱད་དཔང་ཚན་པས་ངེས་པར་དུ་རིན་གོང་དཔྱད་དཔང་ཞུ་ཡིག་འབྱོར་ཉིན་ནས་བཟུང་ལས་ཀའི་ཉིན་གྲངས་3ནང་བདག་སྤྲོད་བྱེད་དགོས་མིན་གཏན་འཁེལ་བྱེད་དགོས། བདག་སྤྲོད་མི་བྱེད་རྒྱུའི་གཏན་འཁེལ་བྱས་ཚེ་ངེས་པར་དུ་གྱོད་ཞིབ་ལས་ཁུངས་ལ་རིན་གོང་དཔྱད་དཔང་གི་བདག་སྤྲོད་བྱེད་རྒྱུའི་བརྡ་ཐོ་གཏོང་དགོས།
དོན་ཚན་ཉེར་གཉིས་པ། གཤམ་གསལ་གྱི་གནས་ཚུལ་གྲས་ཤིག་ཡོད་རིགས་རིན་གོང་དཔྱད་དཔང་ཚན་པས་བདག་སྤྲོད་མི་བྱེད་རྒྱུ་སྟེ། (གཅིག )བཏོན་པའི་དོན་གནད་དེ་རིན་གོང་དཔྱད་དཔང་གི་ཁྱབ་ཁོངས་སུ་མི་གཏོགས་པ་དང་། (གཉིས )བཏོན་པའི་དོན་གནད་དེ་རིན་གོང་དཔྱད་དཔང་ཚན་པའི་བདག་འདོམས་བྱེད་ཁོངས་སུ་མི་གཏོགས་པ། (གསུམ )གྱོད་ཞིབ་ལས་ཁུངས་ཀྱིས་གཞོགས་འདེགས་མི་བྱེད་པའམ་ཡང་ན་གྱོད་འབྲེལ་རྒྱུ་ནོར་དང་དེའི་འབྲེལ་ཡོད་གནས་ཚུལ་དང་དཔྱད་ཡིག་སྦས་བསྐུང་དང་མཁོ་འདོན་མི་བྱེད་པའི་རིགས། (བཞི )གྱོད་འབྲེལ་རྒྱུ་ནོར་བོར་བརླགས་སོང་ནས་བསྟན་རྒྱུ་མེད་པའི་རིགས་ལ། གྱོད་ཞིབ་ལས་ཁུངས་ནས་གྱོད་འབྲེལ་རྒྱུ་ནོར་ར་འཕྲོད་བྱེད་ཐུབ་པའི་དཔྱད་ཡིག་ངོ་མ་ཇི་མ་ཇི་བཞིན་མཁོ་འདོན་བྱེད་མི་ཐུབ་པའི་རིགས། (ལྔ )བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་བདག་སྤྲོད་མི་བྱེད་རྒྱུའི་གནས་ཚུལ་གཞན་དག་བཅས་སོ། རིན་གོང་དཔྱད་དཔང་ཚན་པས་བདག་སྤྲོད་མི་བྱེད་རྒྱུའི་རིགས་ཡིན་ཚེ། ངེས་པར་དུ་གྱོད་ཞིབ་ལས་ཁུངས་ལ་བརྡ་ཐོ་གཏོང་དགོས་པ་དང་འབྲེལ་རྒྱུ་མཚན་གསལ་བཤད་བྱེད་དགོས།
དོན་ཚན་ཉེར་གསུམ་པ། རིན་གོང་དཔྱད་དཔང་ཚན་པས་རིན་གོང་དཔྱད་དཔང་བྱེད་རྒྱུའི་བདག་སྤྲོད་བྱས་ཚེ་ངེས་པར་དུ་གྱོད་ཞིབ་ལས་ཁུངས་དང་རིན་གོང་དཔྱད་དཔང་བྱེད་རྒྱུའི་དུས་ཚད་ཁ་ཆད་གཏན་འཁེལ་བྱེད་དགོས། རིན་གོང་དཔྱད་དཔང་བྱེད་པའི་ནང་དོགས་གནད་ཆེ་བའི་གནད་དོན་ཐོན་སྐབས་རིན་གོང་དཔྱད་དཔང་ཚན་པས་གྱོད་ཞིབ་ལས་ཁུངས་དང་ལོགས་སུ་དུས་ཚད་ནར་འགྱངས་གཏོང་རྒྱུའི་ཁ་ཆད་བྱས་ན་འགྲིགབཅའ་ཁྲིམས་དང་ཁྲིམས་སྲོལ་ནང་ལོགས་སུ་གཏན་འབེབས་ཡོད་རིགས་གཏན་འབེབས་དེ་བཞིན་བྱེད་དགོས།
དོན་ཚན་ཉེར་བཞི་པ། རིན་གོང་དཔྱད་དཔང་ཚན་པས་རིན་གོང་དཔྱད་དཔང་བདག་སྤྲོད་བྱས་ཚེ་ངེས་པར་དུ་མི་གཉིས་ཡན་གྱི་རིན་གོང་དཔྱད་དཔང་བྱེད་མཁན་དམིགས་འཛུགས་བྱས་ཏེ་དཔྱད་དཔང་བྱེད་དགོས་པ་དང་། གྲངས་འབོར་ཆེ་ཙམ་གྱི་གྱོད་འབྲེལ་རྒྱུ་ནོར་རམ་ཡང་ན་དོགས་གནད་ཆེ་བའི་རིགས་ལ་རིན་གོང་དཔྱད་དཔང་བྱེད་དགོས་ཚེ། ངེས་པར་དུ་རིན་གོང་དཔྱད་དཔང་ཚོགས་ཆུང་བཙུགས་ནས་དཔྱད་དཔང་བྱེད་དགོས།
དོན་ཚན་ཉེར་ལྔ་པ། རིན་གོང་དཔྱད་དཔང་ཚན་པས་རིན་གོང་དཔྱད་དཔང་བྱེད་དགོས་པའི་རྐྱེན་གྱིས་ངེས་པར་དུ་གྱོད་འབྲེལ་རྒྱུ་ནོར་ཉར་འཇོག་བྱེད་དགོས་ཚེ་ངེས་པར་དུ་གྱོད་ཞིབ་ལས་ཁུངས་ཀྱི་མོས་མཐུན་ཐོབ་དགོས་པ་མ་ཟད་ཉར་འཇོག་བྱེད་པའི་འགྲོ་ལུགས་སྒྲུབ་དགོས་པའི་ཐོག ཕྱིར་སྤྲོད་བྱེད་རྒྱུའི་དུས་ཚེས་ཀྱང་ཁ་གསལ་འབྲི་དགོས།
དོན་ཚན་ཉེར་དྲུག་པ། གྱོད་འབྲེལ་རྒྱུ་ནོར་གྱི་རིན་གོང་དཔྱད་དཔང་བྱེད་རྒྱུའི་དགོས་པ་གཞིར་བཟུང་རིན་གོང་དཔྱད་དཔང་ཚན་པས་གྱོད་ཞིབ་ལས་ཁུངས་ནས་འབྲེལ་ཡོད་རྩིས་ཁྲ་དང་ཡིག་ཆ་བལྟ་བཤེར་བྱེད་རོགས་བྱེད་དགོས་པ་མ་ཟད། བརྟག་དཔྱད་བྱེད་པའམ་ཡང་ན་འབྲེལ་ཡོད་དཔྱད་ཡིག་རིགས་བསྡུ་ལེན་བྱེད་དགོས་པའི་རེ་བ་འདོན་ཆོག
དོན་ཚན་ཉེར་བདུན་པ། རིན་གོང་དཔྱད་དཔང་ཚན་པས་ངེས་པར་དུ་རིན་གོང་དཔྱད་དཔང་གི་གཞི་འཛིན་དུས་ཚོད་དེ་རང་དང་། ས་ཆ་དེ་གའི་རིགས་མཚུངས་རྒྱུ་ནོར་གྱི་རིན་གོང་དང་། སྤུས་ཚད། གསར་ཪྙིང་། ཁྱད་ནུས། ལག་རྩལ་གཞི་གྲངས་སོགས་ཀྱི་རྒྱུ་རྐྱེན་ལ་གཞིགས་ནས་གྱོད་འབྲེལ་རྒྱུ་ནོར་ལ་གཤམ་གསལ་གྱི་བྱ་ཐབས་ལྟར་རིན་གོང་དཔྱད་དཔང་བྱེད་དགོས་པ་སྟེ། (གཅིག )སྲིད་གཞུང་ནས་གཏན་འཁེལ་བྱས་པའི་རིན་གོང་གི་ཁོངས་སུ་གཏོགས་ཚེ། སྲིད་གཞུང་གི་གཏན་འབེབས་རིན་གོང་གཞིར་བཟུང་རྩིས་རྒྱག་དགོས་པ་དང་། (གཉིས )སྲིད་གཞུང་གི་མཛུབ་ཁྲིད་རིན་གོང་ཁོངས་སུ་གཏོགས་ཚེ། སྲིད་གཞུང་གི་མཛུབ་ཁྲིད་རིན་གོང་གཞི་འཛིན་དུ་བྱས་ཐོག་ས་ཆ་དེ་གའི་དངོས་ཡོད་རིན་གོང་ཆུ་ཚད་ལ་དཔྱད་ཞིབ་བྱས་ནས་རྩིས་རྒྱག་དགོས་པ། (གསུམ )ཁྲོམ་རའི་སྙོམས་སྒྲིག་རིན་གོང་གི་ཁོངས་སུ་གཏོགས་ཚེ། ཁྲོམ་རའི་ཆ་སྙོམས་རིན་གོང་ཆུ་ཚད་གཞིར་བཟུང་རྩིས་རྒྱག་དགོས། རྩིས་སྟངས་ཀྱི་ཚད་གཞི་དང་རྩིས་ཐབས་ལོགས་སུ་གཏན་འབེབས་ཡོད་རིགས། གཏན་འབེབས་དེ་བཞིན་བྱེད་རྒྱུ།
དོན་ཚན་ཉེར་བརྒྱད་པ། སྤུས་ཚད་ལ་ཞིབ་དཔྱད་དམ་ཡང་ན་ལག་རྩལ་དཔྱད་སྡོམ་བྱེད་དགོས་པའི་དམིགས་བསལ་གྱོད་འབྲེལ་རྒྱུ་ནོར་ལ་རིན་གོང་དཔྱད་དཔང་ཚན་པས་རིན་གོང་དཔྱད་དཔང་བྱེད་དགོས་ཚེ། གྱོད་ཞིབ་ལས་ཁུངས་ཀྱིས་ངེས་པར་དུ་ཁྲིམས་ནུས་ལྡན་པའི་སྤུས་ཚད་ཀྱི་ཞིབ་དཔྱད་དང་ལག་རྩལ་དཔྱད་སྡོམ་བྱས་པའི་སྙན་ཞུ་འདོན་དགོས།
དོན་ཚན་ཉེར་དགུ་པ། བོར་བརླགས་སོང་ནས་བསྟན་རྒྱུ་མེད་པའམ་ཡང་ན་དབྱིབས་རྣམ་ལ་འགྱུར་ལྡོག་སོང་ཟིན་པའི་གྱོད་འབྲེལ་རྒྱུ་ནོར་རིགས་ལ། རིན་གོང་དཔྱད་དཔང་ཚན་པས་གྱོད་ཞིབ་ལས་ཁུངས་ཀྱི་ངོས་གཏན་འཁེལ་བའམ་ཡང་ན་གྱོད་གཞིའི་དོ་བདག་ཕྱོགས་གཉིས་ཀས་ཐུན་མོང་ཐོག་ཁས་ལེན་བྱས་པའི་དཔང་ཡིག་གཞིར་བཟུང་རིན་གོང་དཔྱད་དཔང་གི་གཞི་འཛིན་དུས་ཚོད་ཀྱི་རྒྱུ་དངོས་དབྱིབས་རྣམ་རིགས་མཚུངས་ཀྱི་རིན་གོང་གི་ཆུ་ཚད་ལྟར་རིན་གོང་དཔྱད་དཔང་བྱེད་ཆོག
དོན་ཚན་སུམ་ཅུ་པ། 《རིན་གོང་དཔྱད་དཔང་གི་ཆོད་འདོམས་ཡི་གེའི 》ནང་ངེས་པར་དུ་གཤམ་གསལ་གྱི་ནང་དོན་ཚུད་དགོས་པ་སྟེ། (གཅིག )གྱོད་ཞིབ་ལས་ཁུངས་དང་རིན་གོང་དཔྱད་དཔང་ཚན་པའི་མིང་དང་གནས་ཡུལ་དང་། (གཉིས )རིན་གོང་དཔྱད་དཔང་གི་དམིཌ་ཡུལ་དང་། ནང་དོན། ཁྱབ་ཁོངས། གཞི་འཛིན་དུས་ཚོད། (གསུམ )རིན་གོང་དཔྱད་དཔང་བྱེད་པའི་གཞི་འཛིན་ས་དང་། བྱ་ཐབས། བརྒྱུད་རིམ་བཅས་ཀྱི་གསལ་བཤད་མདོར་བསྡུས། (བཞི )རིན་གོང་དཔྱད་དཔང་གི་ཆོད་འདོམས་དང་དུས་ཚེས། (ལྔ )གསལ་བཤད་བྱེད་དགོས་པའི་གནས་ཚུལ་གཞན་དག (དྲུག )རིན་གོང་དཔྱད་དཔང་མི་སྣའི་མིང་འགོད་བཅས་སོ། 《རིན་གོང་དཔྱད་དཔང་གི་ཆོད་འདོམས་ཡི་གེར 》ངེས་པར་དུ་རིན་གོང་དཔྱད་དཔང་ཚན་པའི་གཞུང་ཐམ་རྒྱག་དགོས་པ་དང་འབྲེལ་རིན་གོང་དཔྱད་དཔང་མི་སྣའི་འོས་ཐོབ་ལག་འཁྱེར་དཔར་སློག་བརྒྱབ་ནས་མཉམ་དུ་སྦྱར་དགོས།
དོན་ཚན་སོ་གཅིག་པ། གྱོད་ཞིབ་ལས་ཁུངས་ནས་དེ་སྔའི་རིན་གོང་དཔྱད་དཔང་བྱ་ཡུལ་གྱི་གྲངས་འབོར་དང་ནང་དོན་སོགས་འབྲེལ་ཡོད་དོན་གནད་ལ་འགྱུར་བ་བཏང་བའམ་ཡང་ན་རིན་གོང་དཔྱད་དཔང་ཚན་པས་སྔར་གྱི་རིན་གོང་དཔྱད་དཔང་གི་ནང་དོན་ལ་འགྱུར་བ་གཏོང་དགོས་པ་འདུག་སྙམ་པ་མ་ཟད། གྱོད་ཞིབ་ལས་ཁུངས་ཀྱི་མོས་མཐུན་ཐོབ་པའི་རིགས་ལ་རིན་གོང་དཔྱད་དཔང་ཚན་པས་ངེས་པར་དུ་དཔྱད་དཔང་ཁ་གསབ་བྱེད་དགོས་པའམ་ཡང་ན་ཁ་གསབ་གསལ་བཤད་བྱེད་དགོས།
དོན་ཚན་སོ་གཉིས་པ། གཤམ་གསལ་གྱི་གནས་ཚུལ་གྲས་ཤིག་ཡོད་རིགས། གྱོད་ཞིབ་ལས་ཁུངས་ཀྱིས་རིན་གོང་དཔྱད་དཔང་གི་ཆོད་འདོམས་མཆན་འགོད་རྩིས་ལེན་བྱས་ཉིན་ནས་བཟུང་ཉིན་གྲངས་15ནང་ཚུན་དུ་རང་ལས་རིམ་པ་གཅིག་གིས་མཐོ་བའི་རིན་གོང་དཔྱད་དཔང་ཚན་པར་བསྐྱར་ཞིབ་ཁྲུན་གཅོད་བྱེད་རོགས་ཞུས་ན་འགྲིག་པ་སྟེ། (གཅིག )རིན་གོང་དཔྱད་དཔང་མི་སྣར་དེ་མཚུངས་ཀྱི་འོས་ཐོབ་མེད་པ་དང་། (གཉིས )རིན་གོང་དཔྱད་དཔང་གི་ལས་རིམ་ཁྲིམས་འགལ་ཡིན་པ། (གསུམ )རིན་གོང་དཔྱད་དཔང་ཆོད་འདོམས་ཀྱི་གཞི་འཛིན་ས་ཆ་ཚང་པོ་མེད་པ། (བཞི )རིན་གོང་དཔྱད་དཔང་གི་ཆོད་འདོམས་དྲང་གཞག་བྱུང་མེད་པ། (ལྔ )ས་ཡུལ་དངོས (རྒྱུ་ནོར་དངོས )ཀྱི་ཚད་ལེན་ཞིབ་དཔྱད་བྱས་པར་ནོར་འཛོལ་ཡོད་པ། (དྲུག )བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་ལས་འགལ་བའི་གནས་ཚུལ་གཞན་དག་བཅས་སོ།
དོན་ཚན་སོ་གསུམ་པ། གྱོད་གཞིའི་དོ་བདག་གིས་རིན་གོང་དཔྱད་དཔང་གི་ཆོད་འདོམས་ལ་དོགས་གཞི་ཡོད་ཚེ། གྱོད་ཞིབ་ལས་ཁུངས་ལ་དཔྱད་དཔང་ཁ་གསབ་བྱེད་དགོས་པའམ་ཡང་ན་བསྐྱར་ཞིབ་ཁྲུན་གཅོད་བྱེད་དགོས་པའི་རེ་བ་འདོན་ཆོག་པ་མ་ཟད་རྒྱུ་མཚན་གསལ་བཤད་བྱེད་དགོས།
དོན་ཚན་སོ་བཞི་པ། རིན་གོང་དཔྱད་དཔང་བྱེད་པའི་བརྒྱུད་རིམ་ནང་གཤམ་གསལ་གྱི་གནས་ཚུལ་གྲས་ཤིག་ཡོད་རིགས་རིན་གོང་དཔྱད་དཔང་བྱེད་རྒྱུ་བར་མཚམས་འཇོག་དགོས་པ་སྟེ། (གཅིག )གྱོད་ཞིབ་ལས་ཁུངས་ཀྱིས་གཏན་འབེབས་སམ་ཡང་ན་ཁ་ཆད་བྱས་པའི་དུས་ཚོད་གཞིར་བཟུང་འབྲེལ་ཡོད་དཔྱད་ཡིག་མཁོ་འདོན་བྱེད་མ་ཐུབ་པ་དང་། (གཉིས )གྱོད་ཞིབ་ལས་ཁུངས་ཀྱིས་བར་མཚམས་འཇོག་རྒྱུའི་རེ་བ་བཏོན་པ། (གསུམ )གནས་ཚུལ་གཞན་དག་གི་རྐྱེན་པས་རིན་གོང་དཔྱད་དཔང་ལས་དོན་གནས་སྐབས་སྤེལ་ཐབས་མེད་པར་གྱུར་བ་བཅས་སོ། རིན་གོང་དཔྱད་དཔང་བྱེད་རྒྱུ་བར་མཚམས་འཇོག་དགོས་ན། རིན་གོང་དཔྱད་དཔང་ཚན་པས་ངེས་པར་དུ 《རིན་གོང་དཔྱད་དཔང་བར་མཚམས་འཇོག་པའི་བརྡ་ཐོ 》འདོན་སྤྲོད་བྱེད་དགོས། རིན་གོང་དཔྱད་དཔང་བྱེད་རྒྱུ་བར་མཚམས་འཇོག་དགོས་པའི་རྒྱུ་རྐྱེན་སེལ་རྗེས་གཞི་ནས་རིན་གོང་དཔྱད་དཔང་མུ་མཐུད་བྱེད་རྒྱུ།
དོན་ཚན་སོ་ལྔ་པ། རིན་གོང་དཔྱད་དཔང་བྱེད་པའི་བརྒྱུད་རིམ་ནང་གཤམ་གསལ་གྱི་གནས་ཚུལ་གྲས་ཤིག་ཡོད་རིགས་རིན་གོང་དཔྱད་དཔང་མཚམས་འཇོག་བྱེད་རྒྱུ་སྟེ། (གཅིག )གྱོད་ཞིབ་ལས་ཁུངས་ནས་མཁོ་འདོན་བྱས་པའི་རིན་གོང་དཔྱད་དཔང་གི་དཔྱད་ཡིག་ཆ་ཚང་པོ་དང་ཚགས་ཚུད་པོ་མེད་པའི་ཐོག དེ་མཚུངས་ཀྱི་དཔྱད་ཡིག་གསབ་སྣོན་བྱེད་ཐབས་བྲལ་བ་དང་། (གཉིས )གྱོད་ཞིབ་ལས་ཁུངས་ཀྱིས་རིན་གོང་དཔྱད་དཔང་མཚམས་འཇོག་བྱེད་རྒྱུའི་རེ་བ་བཏོན་པ། (གསུམ )འགོག་ཐབས་བྲལ་བའི་རྐྱེན་ངན་གྱིས་རྐྱེན་པས་རིན་གོང་དཔྱད་དཔང་བྱེད་ཐབས་མེད་པར་གྱུར་བ། (བཞི )རྒྱུ་རྐྱེན་གཞན་དག་གིས་རྐྱེན་པས་རིན་གོང་དཔྱད་དཔང་བྱེད་ཐབས་མེད་པར་གྱུར་བ་བཅས་སོ། རིན་གོང་དཔྱད་དཔང་མཚམས་འཇོག་བྱས་ན། རིན་གོང་དཔྱད་དཔང་ཚན་པས་ངེས་པར་དུ 《རིན་གོང་དཔྱད་དཔང་མཚམས་འཇོག་གི་བརྡ་ཐོ 》འདོན་སྤྲོད་བྱེད་དགོས་པ་མ་ཟད། གྱོད་ཞིབ་ལས་ཁུངས་ལ་དེ་འབྲེལ་གྱི་དཔྱད་ཡིག་ཕྱིར་སློག་བྱེད་དགོས།
ལེའུ་བཞི་པ། བཅའ་ཁྲིམས་ཀྱི་འགན་འཁྲི།
དོན་ཚན་སོ་དྲུག་པ། རིན་གོང་དཔྱད་དཔང་གི་འོས་ཐོབ་རག་མེད་པའི་ཚན་པས་གྱོད་འབྲེལ་རྒྱུ་ནོར་གྱི་རིན་གོང་དཔྱད་དཔང་བྱེད་སྒོ་སྤེལ་ཚེ། དེས་བཏོན་པའི་དཔྱད་དཔང་ཆོད་འདོམས་རྩིས་འགྲོ་མེད་པ་དང་། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་རིན་གོང་གཙོ་འགན་འཁུར་མཁན་སྡེ་ཚན་ནས་དེར་ཐ་ཚིག་སྒྲོག་རྒྱུ་དང་། ཁྲིམས་འགལ་ལས་བྱུང་བའི་ཡོང་འབབ་རྣམས་གཞུང་བཞེས་གཏོང་རྒྱུ་མ་ཟད། ཁྲིམས་འགལ་གྱི་ཐོབ་ཆའི་ལྡབ་གཅིག་ཡན་ནས་ལྡབ་ལྔ་མན་གྱི་དངུལ་ཆད་གཅོད་རྒྱུ། ཁྲིམས་འགལ་གྱི་ཐོབ་ཆ་མེད་ཚེ་སྒོར་5000ཡན་ནས་སྒོར་ཁྲི་གཅིག་མན་གྱི་དངུལ་ཆད་གཅོད་རྒྱུ།
དོན་ཚན་སོ་བདུན་པ། རིན་གོང་དཔྱད་དཔང་ཚན་པས་སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་རིགས་ལ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་རིན་གོང་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་རིན་གོང་དཔྱད་དཔང་ཚན་པའི་ཐད་ཀའི་གཙོ་འགན་འཁུར་མཁན་དང་དེ་མིན་གྱི་ཐད་ཀར་འགན་འཁྲི་ཡོད་མཁན་ལ་སྲིད་འཛིན་གྱི་ཆད་པ་གཅོད་རྒྱུ། རིན་གོང་དཔྱད་དཔང་ཚན་པས་ཉར་འཇོག་བྱས་པའི་གྱོད་འབྲེལ་རྒྱུ་ནོར་ལ་གྱོང་གུན་བཟོས་ཡོད་ཚེ་ཁྲིམས་ལུགས་གཞིར་བཟུང་སྐྱིན་ཚབ་འཇལ་དུ་འཇུག་རྒྱུ།
དོན་ཚན་སོ་བརྒྱད་པ། རིན་གོང་དཔྱད་དཔང་མི་སྣས་སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་རིགས་ལ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་རིན་གོང་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་སྲིད་འཛིན་གྱི་ཆད་པ་གཅོད་རྒྱུ་དང་། གྱོང་གུན་བཟོས་ཡོད་ཚེ་ཁྲིམས་ལུགས་གཞིར་བཟུང་སྐྱིན་ཚབ་འཇལ་དུ་འཇུག་རྒྱུ། གནས་ཚུལ་ཚབས་ཆེན་པོ་ཡིན་ཚེ་ལག་ཁྱེར་སྤྲོད་མཁན་ལས་ཁུངས་ཀྱིས་ཁྲིམས་ལུགས་གཞིར་བཟུང་དེའི་དཔྱད་དཔང་ཐོབ་ཐང་མེད་པ་བཟོ་རྒྱུ།
དོན་ཚན་སོ་དགུ་པ། སྤྱི་དམངས་དང་ཁྲིམས་ཚན་ནམ་ཡང་ན་རྩ་འཛུགས་གཞན་དག་གིས་སྲོལ་ཡིག་འདིའི་དོན་ཚན་དགུ་པའི་གཏན་འབེབས་ལས་འགལ་ཏེ་རིན་གོང་དཔྱད་དཔང་བྱེད་པར་ཐེ་ཇུས་བྱས་ཚེ་སྤྱི་བདེ་ལས་ཁུངས་ཀྱིས 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས 》ནང་གསལ་གྱི་གཏན་འབེབས་གཞིར་བཟུང་ཆད་པ་གཅོད་རྒྱུ།
དོན་ཚན་བཞི་བཅུ་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་བའི་རིགས། བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་ལོགས་སུ་གཏན་འབེབས་ཡོད་རིགས་གཏན་འབེབས་དེ་བཞིན་བྱེད་དགོས་པ་དང་། ཉེས་གསོག་གི་ཚད་དུ་སླེབས་པར་ཁྲིམས་ལུགས་གཞིར་བཟུང་ཉེས་དོན་གྱི་འགན་འཁྲི་བདའ་འདེད་གཏོང་རྒྱུ།
ལེའུ་ལྔ་པ། ཞར་བྱུང་།
དོན་ཚན་ཞེ་གཅིག་པ། རང་བྱུང་གནོད་འཚེ་དང་གློ་བུར་དུ་ཐོན་པའི་དོན་རྐྱེན་ནང་གཏོར་སྐྱོན་ཕོག་པའི་དངོས་པོ་དང་གཏོར་སྐྱོན་ཕོག་པར་གཏན་འཁེལ་བྱས་པའི་དངོས་པོར་རིན་གོང་དཔྱད་དཔང་བྱེད་དགོས་ཚེ་སྲོལ་ཡིག་འདི་དཔྱད་གཞིར་བཟུང་ནས་ལག་བསྟར་བྱེད་རྒྱུ།
དོན་ཚན་ཞེ་གཉིས་པ། སྲོལ་ཡིག་འདི་2011 ལོའི་ཟླ་8ཚེས་1ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ།
(ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་དྲུང་ཡིག་ཁྲུའུ་ཡིས་མཁོ་འདོན་བྱས་པ་གཞིར་བཟུང )
འགན་འཁུར་རྩོམ་སྒྲིག་པ། admin
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣