《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་ཡར་ཐོན་བཅའ་ཁྲིམས》ལག་བསྟར་བྱེད་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས།
བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས།
〔2011〕ལོའི་ཡིག་ཨང་8པ།
《<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་ཡར་ཐོན་བཅའ་ཁྲིམས >ལག་བསྟར་བྱེད་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས 》དེ་2011ལོའི་ཟླ་9ཚེས་30ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་རྒྱུན་ཨུད་ཀྱི་ཚོགས་འདུ་ཐེངས་ཉེར་བཞི་པའི་ཐོག་དག་བཅོས་བྱས་ནས་གྲོས་འཆམ་བྱུང་དོན་བཞིན་2011ལོའི་ཟླ་12ཚེས་1ཉིན་ནས་ལག་བསྟར་བྱེད་རྒྱུ་ཡིན་པ་སྤྱི་བསྒྲགས་བྱེད་རྒྱུ་ཡིན།
བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས།
2011ལོའི་ཟླ་9ཚེས་30ལ།
ལེའུ་དང་པོ། སྤྱིའི་རྩ་འཛིན།
དོན་ཚན་དང་པོ། ཚན་རིག་ལག་རྩལ་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་རྒྱུ་དང་། ཚན་རིག་ལག་རྩལ་ནི་ཐོན་སྐྱེད་ནུས་ཤུགས་ཨང་དང་པོ་ཡིན་པའི་ནུས་པ་འདོན་སྤེལ་བྱེད་རྒྱུ། ཚན་རིག་ལག་རྩལ་གྱི་འབྲས་བུ་ཐོན་སྐྱེད་ནུས་ཤུགས་ལ་སྒྱུར་མགྱོགས་སུ་གཏོང་རྒྱུ། ཚན་རིག་ལག་རྩལ་གྱིས་བོད་ཀྱི་དཔལ་འབྱོར་འཛུགས་སྐྲུན་དང་སྤྱི་ཚོགས་གོང་འཕེལ་ཡོང་བར་ཞབས་འདེགས་ཞུ་རྒྱུ་བཅས་ཀྱི་ཆེད་དུ 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་ཡར་ཐོན་བཅའ་ཁྲིམས 》གཞིར་བཟུང་རང་སྐྱོང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་བྱ་ཐབས་འདི་བཟོས་པ་ཡིན།
དོན་ཚན་གཉིས་པ། རང་སྐྱོང་ལྗོངས་ཀྱིས་ཚན་རིག་ཞིབ་འཇུག་དང་། ལག་རྩལ་གསར་སྤེལ། ཚན་རིག་ལག་རྩལ་གྱི་འབྲས་བུ་དངོས་སྒྱུར་དང་ཁྱབ་གདལ་བེད་སྤྱོད། ཚན་རིག་ལག་རྩལ་ཡོངས་ཁྱབ་སོགས་བྱེད་རྒྱུ་དང་ཚན་རིག་ལག་རྩལ་ཡར་ཐོན་དང་འབྲེལ་བ་ཡོད་པའི་བྱེད་སྒོ་སྤེལ་རིགས་ལ་བྱ་ཐབས་འདི་སྤྱད་ཆོག
དོན་ཚན་གསུམ་པ། རང་སྐྱོང་ལྗོངས་ཀྱིས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་རྒྱུན་འཁྱོངས་ཀྱིས་ཚན་རིག་དང་སློབ་གསོར་བརྟེན་ནས་བོད་ལྗོངས་དར་རྒྱས་གཏོང་རྒྱུའི་འཐབ་ཇུས་ལག་བསྟར་བྱས་ཏེ། ནང་འདྲེན་གསར་གཏོད་ཟུང་འབྲེལ་དང་། གཙོ་གནད་འགག་སྒྲོལ། རྨང་གཞི་སྲ་བརྟན་དུ་གཏོང་བ། གོང་འཕེལ་ལ་འདེགས་སྐྱོར་བཅས་བྱེད་པའི་ཚན་རྩལ་ལས་དོན་གྱི་མཛུབ་ཁྲིད་མཛད་ཕྱོགས་ལག་བསྟར་བྱས་ནས་གསར་གཏོད་མ་ལག་འཛུགས་པ་དང་གསར་གཏོད་རྣམ་པའི་བོད་ལྗོངས་སྐྲུན་དགོས།
དོན་ཚན་བཞི་པ། རང་སྐྱོང་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་ཤེས་རིག་བདག་དབང་འཐབ་ཇུས་ཀྱི་རྩ་གནད་ལག་བསྟར་གྱིས་ཤེས་རིག་བདག་དབང་དང་ཚན་རིག་ལག་རྩལ་མི་སྣའི་ཁྲིམས་མཐུན་ཁེ་དབང་ཁྲིམས་བཞིན་སྲུང་སྐྱོབ་བྱས་ཏེ་རང་བརྟེན་གསར་གཏོད་བྱེད་པར་སྐུལ་ལྕག་གཏོང་རྒྱུ། སྤྱི་ཚོགས་ཡོངས་ཀྱིས་ངེས་པར་དུ་ཚན་རིག་ལ་དད་ཞེན་དང་། ངལ་རྩོལ་ལ་བརྩི་འཇོག ཤེས་བྱར་བརྩི་འཇོག ཤེས་ལྡན་པར་བརྩི་འཇོག གསར་གཏོད་ལ་བརྩི་འཇོག་བཅས་བྱེད་དགོས།
དོན་ཚན་ལྔ་པ། རང་སྐྱོང་ལྗོངས་ཀྱིས་ཚན་རིག་ལག་རྩལ་ཡོངས་ཁྱབ་བྱ་གཞག་གོང་འཕེལ་ཧུར་ཐག་བཏང་ནས་སྤྱི་དམངས་ཀྱི་ཚན་རིག་རིག་གནས་བྱང་ཚད་གོང་མཐོར་གཏོང་དགོས།
དོན་ཚན་དྲུག་པ། རང་སྐྱོང་ལྗོངས་ཀྱིས་ངེས་པར་དུ་མཐའ་མཚམས་ཐག་རིང་དང་དབུལ་ཕོངས་ས་ཁུལ་ལ་ཚན་རིག་ལག་རྩལ་འབྲས་བུ་ནང་འདྲེན་དང་ཁྱབ་གདལ་གཏོང་རྒྱུ་དང་། ཚན་རིག་ལག་རྩལ་ཡོངས་ཁྱབ་ལས་དོན་ལ་གཞོགས་སྐྱོར་དང་མཛུབ་ཁྲིད་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས།
དོན་ཚན་བདུན་པ། རང་སྐྱོང་ལྗོངས་ཀྱིས་ངེས་པར་དུ་ཚན་རིག་ལག་རྩལ་ཐད་ནོར་སྲིད་རང་བཞིན་གྱི་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་སྟེ། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་ཁྲལ་བསྡུ་དང་དངུལ་རྩའི་སྲིད་ཇུས་དོན་འཁྱོལ་བྱས་ཐོག ས་ཁོངས་དཔལ་འབྱོར་གོང་འཕེལ་གཏོང་རྒྱུ་དང་སྤྱི་ཚོགས་འཛུགས་སྐྱོང་བྱེད་རྒྱུ་དང་འཚམ་པའི་ཐོན་ལས་གཉེར་རྒྱུ་དང་སྲིད་གཞུང་ནས་མཁོ་སྒྲུབ་བྱེད་རྒྱུ་སོགས་ཀྱི་སྲིད་ཇུས་ལག་བསྟར་བྱས་ཏེ་ཁེ་ལས་དང་། དངུལ་རྩ། འགན་བཅོལ། དེ་མིན་གྱི་སྤྱི་ཚོགས་མ་དངུལ་བཅས་ཚན་རིག་ལག་རྩལ་གསར་གཏོད་བྱེད་རྒྱུའི་ཐོག་གཏོང་རྒྱུར་སྐུལ་ལྕག་དང་ཁྲིད་སྟོན་བྱས་ཏེ་སྤྱི་ཚོགས་ཡོངས་ཀྱི་ཚན་རིག་ལག་རྩལ་ཞིབ་འཇུག་དང་གསར་སྤེལ་བྱེད་པའི་འགྲོ་གྲོན་རྒྱུན་མཐུད་བརྟན་པོའི་ངང་འཕར་ཐུབ་པ་བྱེད་དགོས།
དོན་ཚན་བརྒྱད་པ། རང་སྐྱོང་ལྗོངས་ཀྱིས་ངེས་པར་དུ་ས་ཁུལ་བརྒལ་བ་དང་། ལས་རིགས་བརྒལ་བ། ཁྱབ་ཁོངས་བརྒལ་བ་བཅས་ཀྱི་ཚན་རིག་ལག་རྩལ་མཉམ་ལས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ལྗོངས་ནང་ཁོངས་ཀྱི་ཞིབ་འཇུག་གསར་སྤེལ་ཚན་པ་དང་ཁེ་ལས་བྱ་གཞག་རྩ་འཛུགས་ཀྱིས་ལྗོངས་ཕྱིའི་ཞིབ་འཇུག་གསར་སྤེལ་ཚན་པ་དང་ཁེ་ལས་བྱ་གཞག་རྩ་འཛུགས་དང་ཁྲིམས་བཞིན་ཚན་རིག་ལག་རྩལ་གྱི་མཉམ་ལས་དང་སྤེལ་རེས་བྱེད་རྒྱུར་སྐུལ་མ་གཏོང་དགོས། རྒྱལ་ཁབ་ཕྱི་ནང་གི་ཕུལ་བྱུང་ཤེས་ལྡན་པ་དང་རིམ་མཐོའི་ཚན་རྩལ་ཤེས་ལྡན་པ་ཚན་རྩལ་གསར་གཏོད་ཀྱི་བྱེད་སྒོའི་ནང་ཞུགས་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་དགོས།
དོན་ཚན་དགུ་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་ཚན་རིག་ལག་རྩལ་ཡར་ཐོན་གྱི་ལས་དོན་ལ་འགོ་ཁྲིད་ཐོག ཚན་རིག་ལག་རྩལ་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་འགོད་བཟོས་ནས་ཚན་རིག་ལག་རྩལ་ཡར་ཐོན་དེ་དཔལ་འབྱོར་འཛུགས་སྐྲུན་དང་སྤྱི་ཚོགས་གོང་འཕེལ་དང་མཐུན་སྦྱོར་ཡོང་བའི་འགན་སྲུང་བྱེད་རྒྱུ།
དོན་ཚན་བཅུ་པ། གྲོང་ཁྱེར (ས་གནས )དང་། རྫོང་(གྲོང་ཁྱེར་དང་ཆུད )མི་དམངས་སྲིད་གཞུང་གིས་སྲིད་འཛིན་ས་ཁོངས་དེ་གའི་ནང་གི་ཚན་རིག་ལག་རྩལ་ཡར་ཐོན་གྱི་ལས་དོན་ལ་འགོ་ཁྲིད་བྱེད་རྒྱུ་དང་། ཚན་རིག་ལག་རྩལ་ཡར་ཐོན་གྱི་བྱ་གཞག་དེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་འཆར་འགོད་ནང་འཇུག་རྒྱུ།
དོན་ཚན་བཅུ་གཅིག་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚན་རིག་ལག་རྩལ་སྲིད་འཛིན་སྡེ་ཚན་གྱིས་ལྗོངས་ཡོངས་ཀྱི་ཚན་རིག་ལག་རྩལ་ཡར་ཐོན་གྱི་ལས་དོན་ལ་གཞི་ཆེའི་དོ་དམ་དང་གཅིག་གྱུར་མཐུན་སྦྱོར་བྱེད་འགན་འཁུར་རྒྱུ། གྲོང་ཁྱེར (ས་གནས )དང་རྫོང་(གྲོང་ཁྱེར་དང་ཆུད )མི་དམངས་སྲིད་གཞུང་གི་ཚན་རིག་ལག་རྩལ་སྲིད་འཛིན་སྡེ་ཚན་གྱིས་སྲིད་འཛིན་ས་ཁོངས་དེ་གའི་ནང་གི་ཚན་རིག་ལག་རྩལ་ཡར་ཐོན་གྱི་ལས་ཀ་བྱེད་འགན་འཁུར་རྒྱུ།
དོན་ཚན་བཅུ་གཉིས་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་སློབ་གསོ་དང་། ཞིང་འབྲོག ཁོར་ཡུག་སྲུང་སྐྱོབ། འཕྲོད་བསྟེན་སོགས་འབྲེལ་ཡོད་སྡེ་ཚན་གྱིས་རང་སོ་སོའི་འགན་འཁྲིའི་ཁྱབ་ཁོངས་ནང་ཚན་རིག་ལག་རྩལ་ཡར་ཐོན་གྱི་ལས་ཀ་བྱེད་འགན་འཁུར་རྒྱུ།
དོན་ཚན་བཅུ་གསུམ་པ། རང་སྐྱོང་ལྗོངས་ཀྱིས་ཚན་རིག་ལག་རྩལ་གྱི་གསང་སྲུང་ལམ་ལུགས་ལག་བསྟར་བྱས་ཏེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་ཁེ་ཕན་དང་འབྲེལ་བ་ཡོད་པའི་ཚན་རིག་ལག་རྩལ་གྱི་གསང་བ་སྲུང་རྒྱུ།
དོན་ཚན་བཅུ་བཞི་པ། རང་སྐྱོང་ལྗོངས་ཀྱིས་ཚན་རིག་ལག་རྩལ་གྱི་བྱ་དགའི་ལམ་ལུགས་ལག་བསྟར་བྱས་ཏེ་ཚན་རིག་ལག་རྩལ་ཡར་ཐོན་གྱི་བྱེད་སྒོའི་ནང་གལ་ཆེའི་ལེགས་སྐྱེས་འབུལ་མཁན་རྩ་འཛུགས་དང་མི་སྒེར་ལ་བྱ་དགའ་སྤྲོད་རྒྱུ། རང་སྐྱོང་ལྗོངས་ཀྱིས་སྤྱི་ཚོགས་རྩ་འཛུགས་སམ་ཡང་ན་མི་སྒེར་ནས་ཚན་རིག་ལག་རྩལ་བྱ་དགའི་རྣམ་གྲངས་བཙུགས་ཏེ་ཚན་རིག་ལག་རྩལ་ཡར་ཐོན་རིགས་ལ་བྱ་དགའ་སྤྲོད་རྒྱུར་སྐུལ་ལྕག་དང་ཁྲིད་སྟོན་བྱེད་རྒྱུ།
ལེའུ་གཉིས་པ། ཚན་རིག་ཞིབ་འཇུག་དང་། ལག་རྩལ་གསར་སྤེལ། ཚན་རིག་ལག་རྩལ་བེད་སྤྱོད།
དོན་ཚན་བཅོ་ལྔ་པ། རང་སྐྱོང་ལྗོངས་ཀྱི་ཚན་རིག་ལག་རྩལ་ལས་དོན་དེ་ཁྱད་ལྡན་ཞིང་འབྲོག་ལས་དང་། བོད་སྨན་ལས་རིགས། མི་རིགས་ལག་ཤེས་བཟོ་ལས། ཁྱད་ལྡན་ཡུལ་སྐོར་ལས་རིགས། དགེ་སྟོབས་ཆེ་བའི་གཏེར་ལས། ས་མཐོའི་ཁྱད་ལྡན་སྐྱེ་དངོས་ཐོན་ལས། དེ་བཞིན་ནུས་ཁུངས་གསར་པ་སོགས་རང་སྐྱོང་ལྗོངས་ཀྱི་འཐབ་ཇུས་རང་བཞིན་གྱི་འདེགས་སྐྱོར་ཐོན་ལས་དང་གསར་དར་ཐོན་ལས་ལ་དམིགས་ཏེ་ཚན་རིག་ཞིབ་འཇུག་དང་། ལག་རྩལ་གསར་སྤེལ། ཚན་རིག་ལག་རྩལ་བེད་སྤྱོད་དང་ཁྱབ་གདལ་བཅས་བྱེད་དགོས།
དོན་ཚན་བཅུ་དྲུག་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་ཐོན་ལས་སྲིད་ཇུས་དང་ཁུལ་ཁོངས་ཐོན་ལས་གོང་འཕེལ་གཏོང་རྒྱུའི་དགོས་མཁོ་ལྟར་སྤྱི་པའི་ལག་རྩལ་ཞབས་ཞུའི་ལས་སྟེགས་བཟོས་ནས་ས་མཐོའི་ཁྱད་ལྡན་ཐོན་ལས་དང་དགེ་སྟོབས་ཆེ་བའི་ཐོན་ལས་ཀྱི་སྤྱི་པའི་ལག་རྩལ་ཞབས་ཞུའི་ལས་སྟེགས་བཟོ་རྒྱུར་གཙོ་གནད་དུ་རྒྱབ་སྐྱོར་བྱེད་དགོས། རང་སྐྱོང་ལྗོངས་ཀྱིས་མཐོ་རིམ་སློབ་ཆེན་དང་། ཚན་རིག་ལག་རྩལ་ཞིབ་འཇུག་གསར་སྤེལ་ཚན་པ། ཁེ་ལས་དང་བྱ་གཞག་རྩ་འཛུགས་བཅས་ནས་སྤྱི་པའི་ལག་རྩལ་ཞབས་ཞུའི་ལས་སྟེགས་བཟོ་བའི་ནང་ཞུགས་རྒྱུར་སྐུལ་ལྕག་བྱེད་དགོས།
དོན་ཚན་བཅུ་བདུན་པ། ཁེ་ལས་དང་བྱ་གཞག་རྩ་འཛུགས་དང་། སྤྱི་ཚོགས་ཚོགས་པ། སྤྱི་དམངས་བཅས་ཀྱིས་ཚན་རིག་ལག་རྩལ་གསར་སྤེལ་དང་། ལག་རྩལ་ནང་བཤུག ལག་རྩལ་བློ་འདྲི། ལག་རྩལ་ཞབས་ཞུ། དེ་མིན་ཚན་རིག་ཞིབ་འཇུག་དང་། ལག་རྩལ་གསར་སྤེལ་དང་ཚན་རིག་ལག་རྩལ་བེད་སྤྱོད་བཅས་ཀྱི་བྱེད་སྒོ་སྤེལ་བར་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་གཟིགས་སྐྱོང་སྲིད་ཇུས་ལོངས་སྤྱོད་བྱེད་རྒྱུ། རང་སྐྱོང་ལྗོངས་ཀྱིས་ཞིབ་འཇུག་གསར་སྤེལ་ཚན་པ་དང་ཁེ་ལས་ནས་མཐོ་གསར་ལག་རྩལ་གྱི་ཐོན་རྫས་གསར་སྤེལ་བྱེད་རྒྱུ་དང་། སྔོན་ཐོན་གྱི་དངོས་སྤྱོད་ལག་རྩལ་འབྲས་བུ་ནང་འདྲེན་དང་། ཉམས་ལེན། བསྡུ་རུབ། ཁྱབ་སྤེལ་བཅས་བྱེད་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་དགོས།
དོན་ཚན་བཅོ་བརྒྱད་པ། རང་སྐྱོང་ལྗོངས་ཀྱིས་རང་བྱུང་ཚན་རིག་ཐེབས་རྩ་བཙུགས་ཏེ་རྨང་གཞིའི་ཞིབ་འཇུག་དང་ཉེར་སྤྱོད་རྨང་གཞིའི་ཞིབ་འཇུག་བྱེད་རྒྱུར་མ་དངུལ་ཐོག་ནས་རོགས་སྐྱོར་བྱེད་དགོས། རང་སྐྱོང་ལྗོངས་ཀྱིས་ཚན་རྩལ་རྣམ་པའི་ཁེ་ལས་འབྲིང་ཆུང་གི་གསར་གཏོད་ཐེབས་རྩ་བཙུགས་ཏེ་ཁེ་ལས་འབྲིང་ཆུང་གི་ཚན་རྩལ་གསར་གཏོད་བྱེད་རྒྱུར་རོགས་སྐྱོར་བྱེད་དགོས།
དོན་ཚན་བཅུ་དགུ་པ། རང་སྐྱོང་ལྗོངས་ཀྱིས་དངུལ་རྩའི་ཚན་པ་དང་ཚན་རིག་ལག་རྩལ་སྲིད་འཛིན་སྡེ་ཚན་དབར་ཚན་རྩལ་གྱི་དངུལ་རྩའི་མཉམ་ལས་ལས་སྟེགས་འཛུགས་རྒྱུར་སྐུལ་ལྕག་བྱས་ཏེ་ཚན་རྩལ་རྣམ་པའི་ཁེ་ལས་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་པའི་ནུས་པ་རྒྱུན་ཐོན་གྱི་ལམ་སྲོལ་འཛུགས་དགོས། རང་སྐྱོང་ལྗོངས་ཀྱིས་ཆ་རྐྱེན་འཛོམས་པའི་ཚན་རྩལ་རྣམ་པའི་ཁེ་ལས་ནས་མ་རྩའི་ཁྲོམ་ར་སྤྱད་དེ་མ་དངུལ་བསྡུ་གཏོང་བྱེད་རྒྱུར་སྐུལ་ལྕག་གཏོང་རྒྱུ།
དོན་ཚན་ཉི་ཤུ་པ། དངུལ་རྩའི་ཚན་པས་ཤེས་བྱའི་བདག་ཐོབ་གཏའ་འཇོག་དང་རྐང་དངུལ་གཏའ་འཇོག་གི་ལས་སྒོ་སྤེལ་རྒྱུར་སྐུལ་ལྕག་གཏོང་རྒྱུ་དང་། དངུལ་རྩའི་ཚན་པ་དང་འགན་བཅོལ་ཚན་པས་ཡིད་རྟོན་དངུལ་བུན་དང་འགན་བཅོལ་སོགས་ཀྱི་ཐད་ནས་ཚན་རིག་ལག་རྩལ་བེད་སྤྱོད་དང་མཐོ་གསར་ལག་རྩལ་ཐོན་ལས་གོང་འཕེལ་གཏོང་བར་རྒྱབ་སྐྱོར་བྱེད་རྒྱུའི་ཁྲིད་སྟོན་བྱེད་རྒྱུ།
དོན་ཚན་ཉེར་གཅིག་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་ཚན་རྩལ་ལྡུམ་གླིང་དང་རྒྱུན་མཐུད་གོང་འཕེལ་གྱི་ཚོད་ལྟའི་ཁུལ། ཚན་རྩལ་ཁེ་ལས་གསོ་སྐྱོང་ཁུལ། འབྱུང་ཁམས་བཟོ་ལས་ལྡུམ་གླིང་སོགས་འཛུགས་སྐྲུན་དང་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ།
དོན་ཚན་ཉེར་གཉིས་པ། སྔོན་ཐོན་ལག་རྩལ་དང་སྒྲིག་ཆས་ནང་འདྲེན་བྱེད་རྒྱུ་དེ་ངེས་པར་དུ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་ཐོན་ལས་དང་ལག་རྩལ་གྱི་སྲིད་ཇུས་དང་མཐུན་པ་དགོས། ནོར་སྲིད་རང་བཞིན་གྱི་མ་དངུལ་དང་གཞུང་ཁོངས་མ་རྩ་སྤྱད་དེ་གཙོ་ཆེའི་ལག་རྩལ་དང་སྒྲིག་ཆས་ནང་འདྲེན་བྱེད་དགོས་ཚེ་ངེས་པར་དུ་ནང་འདྲེན་མ་བྱས་གོང་ཉམས་ལེན་དང་། བསྡུ་རུབ། ཡང་བསྐྱར་གསར་གཏོད་བཅས་བྱེད་རྒྱུའི་ཇུས་གཞི་བཟོ་དགོས། རང་སྐྱོང་ལྗོངས་ནོར་སྲིད་ནས་བཀོད་སྒྲིག་བྱས་པའི་ལག་རྩལ་བསྒྱུར་བཀོད་ཀྱི་རྣམ་གྲངས་ཐད་གཏོང་རྒྱུའི་མ་དངུལ་ནས་ངེས་པར་དུ་ནང་འདྲེན་བྱས་པའི་ལག་རྩལ་ཉམས་ལེན་དང་། བསྡུ་རུབ་། ཡང་བསྐྱར་གསར་གཏོད་བཅས་བྱེད་རྒྱུར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས།
དོན་ཚན་ཉེར་གསུམ་པ། རང་སྐྱོང་ལྗོངས་ཀྱིས་ལག་རྩལ་རྒྱུ་གཙོ་དེ་ལེགས་སྐྱེས་ཆེ་ཆུང་ལ་གཞིགས་ཏེ་བགོ་འགྲེམས་ནང་ཞུགས་པའི་ལམ་ལུགས་འཛུགས་རྒྱུ། མཐོ་རིམ་སློབ་ཆེན་དང་། ཚན་རིག་ལག་རྩལ་ཞིབ་འཇུག་གསར་སྤེལ་ཚན་པ། དེ་བཞིན་ལག་རྩལ་ཁྱབ་གདལ་སྡེ་ཚན་བཅས་ཀྱིས་ནོར་སྲིད་རང་བཞིན་གྱི་མ་དངུལ་སྤྱད་དེ་ཚན་རིག་ལག་རྩལ་གྱི་རྣམ་གྲངས་ལ་རོགས་སྐྱོར་བྱས་ནས་བྱུང་བའི་ལས་ཐོག་ཚན་རིག་ལག་རྩལ་གྱི་འབྲས་བུ་དེ་ངེས་པར་དུ་དུས་ཐོག་དངོས་སྒྱུར་བྱེད་དགོས་པ་དང་། འབྲས་བུ་དངོས་སྒྱུར་བྱས་རྗེས་ངེས་པར་དུ་བསྡུར་ཚད་ངེས་ཅན་གྱི་མ་དངུལ་འཐེན་ཉར་བྱས་ནས་འབྲས་བུ་ལེགས་སྒྲུབ་བྱེད་མཁན་དང་འབྲས་བུ་དངོས་སྒྱུར་བྱེད་པའི་ཐད་ལེགས་སྐྱེས་ཆེན་པོ་འབུལ་མཁན་ལ་བྱ་དགའ་སྤྲོད་དགོས།
ལེའུ་གསུམ་པ། ཞིང་འབྲོག་ལས་ཐད་ཀྱི་ཚན་རིག་ལག་རྩལ་ཡར་ཐོན།
དོན་ཚན་ཉེར་བཞི་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཞིང་འབྲོག་ལས་ཐད་ཀྱི་ཚན་རིག་ལག་རྩལ་གྱི་རྨང་གཞིའི་ཞིབ་འཇུག་དང་སྤྱོད་ཕྱོགས་ཞིབ་འཇུག་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ཐོག ཞིང་འབྲོག་ལས་ཀྱི་ཚན་རྩལ་གསར་གཏོད་མ་ལག་བཙུགས་ནས་དེང་རབས་ཀྱི་ཞིང་འབྲོག་ལས་གོང་འཕེལ་གཏོང་དགོས།
དོན་ཚན་ཉེར་ལྔ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཞིང་འབྲོག་ལས་ཀྱི་ལག་རྩལ་ཁྱབ་གདལ་མ་ལག་བཙུགས་ཏེ་འཆར་གཞི་ཡོད་པའི་སྒོ་ནས་ཞིང་འབྲོག་ལས་ཀྱི་ཚན་རིག་ལག་རྩལ་དཔེ་མཚོན་ཁྱབ་གདལ་གཏོང་བའི་རྟེན་གཞི་དང་། ཞིང་འབྲོག་ལས་ཀྱི་ཐོན་ཁུངས་ཕྱོགས་བསྡུས་གསར་སྤེལ་རྟེན་གཞི། སོན་བཟང་རྒྱུད་བཟང་གསོ་སྤེལ་རྟེན་གཞི་བཅས་བཙུགས་ནས་ཞིང་འབྲོག་ལས་ཀྱི་ཚན་རིག་ལག་རྩལ་འབྲས་བུ་དངོས་སྒྱུར་བྱེད་མགྱོགས་སུ་གཏོང་དགོས།
དོན་ཚན་ཉེར་དྲུག་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཞིང་འབྲོག་ལས་ཀྱི་ཚན་རིག་ལག་རྩལ་ཞིབ་འཇུག་དང་། ལག་རྩལ་གསར་སྤེལ། འབྲས་བུ་དངོས་སྒྱུར་བཅས་བྱེད་པར་དགོས་ངེས་ཀྱི་ཚོད་ལྟའི་ཞིང་ཁ་དང་། ཚོད་ལྟ་ཁང་། དཔེ་སྟོན་རྟེན་གཞི། ཚན་ཞིབ་ཡོ་ཆས་སོགས་སྒྲིག་བཀོད་འགན་ལེན་བྱེད་དགོས་པ་དང་། ཚན་ཞིབ་ཚན་པས་རང་ཚུགས་དོ་དམ་དང་བེད་སྤྱོད་རྒྱུར་འགན་ལེན་ཐུབ་པ་བྱེད་དགོས།
དོན་ཚན་ཉེར་བདུན་པ། རང་སྐྱོང་ལྗོངས་ནས་ཞིང་འབྲོག་ལས་ཀྱི་གོ་ཆོད་ལག་རྩལ་གཅིག་སྡུད་གསར་གཏོད་བྱེད་རྒྱུ་ཇེ་མགྱོགས་སུ་གཏོང་རྒྱུ་དང་། ཞིང་འབྲོག་ལས་ཀྱི་ཐོན་རྫས་སྣ་རིགས་གསར་པ་དང་། ལག་རྩལ་གསར་པ། འཕྲུལ་ཆས་ཡོ་བྱད་གསར་པ་བཅས་ནང་འདྲེན་དང་། ཚོད་ལྟ། དཔེ་སྟོན། ཁྱབ་གདལ་བཅས་བྱེད་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ།
དོན་ཚན་ཉེར་བརྒྱད་པ། རང་སྐྱོང་ལྗོངས་ནས་ཞིང་འབྲོག་ལས་ཀྱི་ཐོན་སྐྱེད་ལག་རྩལ་གྱི་སྒྲིག་སྲོལ་གོ་རིམ་དང་ཐོན་རྫས་ཀྱི་ཚད་གཞི་བཟོ་རྒྱུ་ཇེ་མགྱོགས་སུ་གཏོང་དགོས་པ་དང་། ཞིང་འབྲོག་ལས་ཚད་ལྡན་ཐོན་སྐྱེད་བྱེད་རྒྱུར་སྐུལ་སྤེལ་བཏང་སྟེ་ཞིང་ཕྱུགས་ཐོན་རྫས་ཀྱི་སྤུས་ཚད་སྐྱོན་མེད་འགན་ལེན་བྱེད་རྒྱུ།
དོན་ཚན་ཉེར་དགུ་པ། རང་སྐྱོང་ལྗོངས་ཀྱིས་ཞིང་འབྲོག་ལས་ཀྱི་ཚབས་ཆེའི་ནད་སྐྱོན་དང་འབུ་གནོད། བྱི་གནོད་བཅས་ཕྱོགས་བསྡུས་འགོག་བཅོས་བྱེད་རྒྱུའི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་དང་། གནོད་ལྡན་སྐྱེ་དངོས་ཀྱི་ཉེན་ཟོན་སྔོན་བརྡ་གཏོང་རྒྱུ་དང་བཀག་སྡོམ་བྱེད་རྒྱུ། སྲོག་ཆགས་དང་སྐྱེ་དངོས་ཀྱི་ནད་ཡམས་བརྟག་ཞིབ། ཞིང་སྨན་དང་ཕྱུགས་སྨན་ཞིབ་དཔྱད་ཚད་ལེན་སོགས་བྱེད་པའི་མ་ལག་འཛུགས་དགོས།
དོན་ཚན་སུམ་ཅུ་པ། རང་སྐྱོང་ལྗོངས་ཀྱིས་ཞིང་འབྲོག་ལས་ཀྱི་ཚན་རྩལ་ལག་རྩལ་གྱི་སློབ་གསོ་དང་སྦྱོང་བརྡར་སྤྲོས་རྒྱུའི་ལས་དོན་སྤེལ་ཏེ་ཞིང་འབྲོག་ལས་ཀྱི་ཚན་རིག་ལག་རྩལ་ཤེས་བྱ་ཁྱབ་གདལ་གཏོང་རྒྱུར་ཤུགས་སྣོན་རྒྱག་རྒྱུ།
དོན་ཚན་སོ་གཅིག་པ། རང་སྐྱོང་ལྗོངས་ཀྱིས་ཞིང་ལས་དང་། ཚན་རྩལ། སློབ་གསོ་སོགས་སྡེ་ཚན་དང་། དེ་བཞིན་གྲོང་གསེབ་ཀྱི་མང་ཚོགས་རང་བཞིན་གྱི་ཚན་རིག་ལག་རྩལ་རྩ་འཛུགས་བཅས་ནས་འདེབས་ལས་དང་། ཕྱུགས་ལས། ནགས་ལས། ཉ་ལས་སོགས་གོང་འཕེལ་གཏོང་རྒྱུར་ཚན་རིག་ལག་རྩལ་གྱི་ཞབས་ཞུ་མཁོ་འདོན་བྱེད་དགོས་པའི་སྐུལ་ལྕག་དང་ཁྲིད་སྟོན་བྱེད་རྒྱུ།
དོན་ཚན་སོ་གཉིས་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྲིད་འཛིན་སྡེ་ཚན་གྱིས་ངེས་པར་དུ་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་དང་། གྲོང་གསེབ་ཀྱི་ཆེད་ལས་ལག་རྩལ་མཐུན་ཚོགས། ཞིང་འབྲོག་མང་ཚོགས་ཀྱི་ཆེད་ལས་མཉམ་ལས་ཁང་བཅས་ཀྱི་ཚན་རིག་ལག་རྩལ་ཡར་ཐོན་ཡོང་བའི་ཐད་རྒྱབ་སྐྱོར་བྱས་ཏེ་ཞིང་འབྲོག་ལས་རྩ་འཛུགས་ཅན་དང་ཐོན་ལས་ཅན་གྱི་གཉེར་སྐྱོང་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་དགོས།
ལེའུ་བཞི་པ། ཁེ་ལས་ཀྱི་ལག་རྩལ་ཡར་ཐོན།
དོན་ཚན་སོ་གསུམ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་བྱ་ཐབས་སྤྱད་དེ་གསར་གཏོད་ཀྱི་རྒྱུ་གཙོ་ཁེ་ལས་ཐོག་རུབ་བསྡུས་བྱེད་རྒྱུར་སྐུལ་ལྕག་དང་ཁྲིད་སྟོན་བྱས་ནས་ཁེ་ལས་ཀྱིས་གཙོ་རྐང་བྱེད་པ་དང་། ཁྲོམ་རས་ཁྲིད་སྟོན་བྱེད་པ། ཐོན་སློབ་ཞིབ་གསུམ་ཕན་ཚུན་ཟུང་འབྲེལ་བྱེད་པ་བཅས་ཀྱི་ལག་རྩལ་གསར་གཏོད་ཀྱི་མ་ལག་ཅིག་རིམ་པས་བཙུགས་ནས་ཁེ་ལས་ཀྱི་ལག་རྩལ་ཡར་ཐོན་ཡོང་རྒྱུར་སྐུལ་སྤེལ་གཏོང་དགོས།
དོན་ཚན་སོ་བཞི་པ། ཁེ་ལས་ཀྱིས་གསར་སྤེལ་བྱས་པའི་ལག་རྩལ་གསར་པ་དང་། ཐོན་རྫས་གསར་པ། བཟོ་རྩལ་གསར་པ་བཅས་ཀྱི་ཞིབ་འཇུག་གསར་སྤེལ་འགྲོ་གྲོན་དེ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་དཔྱ་ཁྲལ་མ་འཇལ་གོང་གཏོང་སྤྲོད་བྱེད་རྒྱུ་མ་ཟད། སྣོན་བརྩི་འཕྲི་འཇལ་བྱེད་རྒྱུ་དང་། ཁེ་ལས་ཀྱི་ཚན་རིག་ལག་རྩལ་ཞིབ་འཇུག་གསར་སྤེལ་ལ་སྤྱད་པའི་ཡོ་ཆས་དང་སྒྲིག་ཆས་མགྱོགས་མྱུར་ཪྙིང་སོང་རིན་བཅག་བཏང་ན་འགྲིག
དོན་ཚན་སོ་ལྔ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཁེ་ལས་ནས་ཚན་རིག་ལག་རྩལ་སྤྱད་དེ་ནུས་རྒྱུ་བསྲི་ཚགས་དང་བཙོག་སྐྱོན་ཉུང་གཏོང་དང་། བཙོག་སྐྱོན་མེད་པའི་ཐོན་སྐྱེད་བྱེད་རྒྱུར་རྒྱབ་སྐྱོར་བྱས་ནས་རྒྱུན་འཁོར་དཔལ་འབྱོར་གོང་འཕེལ་དང་ས་མཐོའི་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་དགོས།
དོན་ཚན་སོ་དྲུག་པ། ཚན་རྩལ་རྣམ་པའི་ཁེ་ལས་དེ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚན་རིག་ལག་རྩལ་སྲིད་འཛིན་སྡེ་ཚན་གྱིས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ངོས་འཛིན་གཏན་འཁེལ་བྱས་རྗེས། དེར་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་གཏན་འབེབས་བྱས་པའི་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱོད་རྒྱུ་ཡོད།
དོན་ཚན་སོ་བདུན་པ། རང་སྐྱོང་ལྗོངས་ཀྱིས་ཁེ་ལས་ཀྱི་ལག་རྩལ་གསར་གཏོད་ལ་རྒྱབ་སྐྱོར་བྱེད་རྒྱུའི་རྒྱལ་ཁབ་ཀྱི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་བྱེད་དགོས་ཤིང་། ཁེ་ལས་ཀྱིས་རེ་ཞུ་བྱས་པའི་ཞིབ་འཇུག་གསར་སྤེལ་རྣམ་གྲངས་ལ་བསམ་འཆར་མི་མཐུན་པ་བྱུང་ཚེ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚན་རིག་ལག་རྩལ་སྲིད་འཛིན་སྡེ་ཚན་གྱིས་ཆོད་སྡོམ་བསམ་འཆར་འདོན་རྒྱུ།
དོན་ཚན་སོ་བརྒྱད་པ། རང་སྐྱོང་ལྗོངས་ཀྱིས་ཁེ་ལས་དང་། མཐོ་རིམ་སློབ་ཆེན། ཚན་རིག་ལག་རྩལ་ཞིབ་འཇུག་གསར་སྤེལ་ཚན་པ་བཅས་ནས་མཉམ་ལས་ལམ་སྲོལ་བཙུགས་ཏེ་ཐོན་སློབ་ཞིབ་གསུམ་ཟུང་འབྲེལ་བྱེད་པའི་རྩ་འཛུགས་ཅན་གྱི་ཚད་གཞི་མཐོ་རུ་བཏང་ཐོག ཚན་རིག་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་ཐོན་སྐྱེད་འབྲེལ་མཐུད་ཐུབ་པ་བྱེད་རྒྱུར་སྐུལ་ལྕག་བྱེད་རྒྱུ། ནོར་སྲིད་རང་བཞིན་གྱི་མ་དངུལ་ལ་བརྟེན་ནས་རོགས་སྐྱོར་བྱེད་པའི་ཐོན་ལས་གོང་འཕེལ་གཏོང་རྒྱུ་དང་འབྲེལ་བ་ཡོད་པའི་ཚན་རིག་ལག་རྩལ་རྣམ་གྲངས་རིགས་སྔོན་ལ་ཁེ་ལས་ནས་སྒྲིག་འཛུགས་ལག་བསྟར་བྱེད་རྒྱུའམ་ཡང་ན་ཁེ་ལས་ཀྱིས་སྣེ་ཁྲིད་དེ་མཉམ་འབྲེལ་ཐོག་ལག་བསྟར་བྱེད་རྒྱུ།
དོན་ཚན་སོ་དགུ་པ། རང་སྐྱོང་ལྗོངས་ཀྱིས་ཁེ་ལས་དང་ཚན་རིག་ལག་རྩལ་ཞིབ་འཇུག་གསར་སྤེལ་ཚན་པ་དང་། མཐོ་རིམ་སློབ་ཆེན། ལས་རིགས་སློབ་ཆེན་བཅས་སམ་ཡང་ན་སྦྱོང་བརྡར་ཚན་པ་ནས་མཉམ་འབྲེལ་ཐོག་ཆེད་ལས་ལག་རྩལ་ཤེས་ལྡན་པ་དང་རྩལ་ནུས་མཐོ་བའི་ཤེས་ལྡན་པ་གསོ་སྐྱོང་བྱེད་རྒྱུ་དང་། བྱ་ཐབས་སྤྱད་དེ་མཐོ་རིམ་སློབ་ཆེན་གྱི་སློབ་ཐོན་སློབ་མ་ཁེ་ལས་ནང་ལས་ཀ་བྱེད་པར་བསྡུ་འགུགས་བྱེད་རྒྱུར་སྐུལ་ལྕག་གཏོང་རྒྱུ།
དོན་ཚན་བཞི་བཅུ་པ། རང་སྐྱོང་ལྗོངས་ཀྱིས་ཁེ་ལས་ནས་ཤེས་བྱའི་བདག་ཐོབ་ཀྱི་འཐབ་ཇུས་ལག་བསྟར་བྱས་ཏེ་ཚན་རིག་ལག་རྩལ་གྱི་འབྲས་བུ་ཁེ་བེད་བདག་ཐོབ་ཡོད་པ་དང་ཚད་ལྡན་དུ་སྒྱུར་རྒྱུ་དང་། ཚན་རིག་ལག་རྩལ་གྱི་ཐོན་རྫས་རྟགས་ལེགས་ཅན་དུ་སྒྱུར་རྒྱུར་སྐུལ་སྤེལ་བཏང་སྟེ་ཁེ་ལས་ཀྱི་སྲོག་ཤིང་འགྲན་རྩོད་བྱེད་ནུས་ཆེ་རུ་འགྲོ་རྒྱུར་སྐུལ་ལྕག་གཏོང་རྒྱུ།
ལེའུ་ལྔ་པ། ཚན་རིག་ལག་རྩལ་ཞིབ་འཇུག་གསར་སྤེལ་ཚན་པ།
དོན་ཚན་ཞེ་གཅིག་པ། རང་སྐྱོང་ལྗོངས་ཀྱིས་ངེས་པར་དུ་ཚན་རིག་ལག་རྩལ་ཞིབ་འཇུག་གསར་སྤེལ་ཚན་པ་གཅིག་གྱུར་འཆར་འགོད་བྱེད་རྒྱུ་དང་བཙུགས་ཏེ་ཚན་རིག་ལག་རྩལ་ཐོན་ཁུངས་ནུས་ལྡན་བགོ་སྒྲིག་ཡོང་རྒྱུར་སྐུལ་འདེད་གཏོང་དགོས།
དོན་ཚན་ཞེ་གཉིས་པ། མཐོ་རིམ་སློབ་ཆེན་གྱིས་རང་ངོས་ཀྱི་ཆེད་ལས་ཁྱད་ཡོན་དང་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་དང་། སྤྱི་ཚོགས། ཚན་རྩལ་བཅས་གོང་འཕེལ་གཏོང་རྒྱུའི་དགོས་མཁོ་བཞིན་ཆེད་ལས་ཚན་རིག་ལག་རྩལ་ཞིབ་འཇུག་གསར་སྤེལ་ཚན་པ་བཙུགས་ན་འགྲིག ལྗོངས་ནང་ཁུལ་གྱི་ཚན་ཞིབ་ཁང་དང་མཐོ་རིམ་སློབ་ཆེན་ནས་རྒྱལ་ཁབ་ཕྱི་ནང་གི་ཞིབ་འཇུག་གསར་སྤེལ་ཚན་པ་དང་ཐུན་མོང་ཐོག་མཉམ་འབྲེལ་ཚོད་ལྟ་ཁང་ངམ་ཡང་ན་ཞིབ་འཇུག་གསར་སྤེལ་ལྟེ་གནས་འཛུགས་རྒྱུར་སྐུལ་ལྕག་གཏོང་རྒྱུ།
དོན་ཚན་ཞེ་གསུམ་པ། ཁེ་ལས་ལ་ལག་རྩལ་གསར་སྤེལ་ཚན་པ་བཙུགས་ཏེ་ཁེ་ལས་ཀྱི་རང་ཚུགས་གསར་གཏོད་བྱེད་ནུས་ཆེ་རུ་འགྲོ་རྒྱུར་སྐུལ་ལྕག་གཏོང་རྒྱུ།
དོན་ཚན་ཞེ་བཞི་པ། རང་སྐྱོང་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་ཞིབ་འཇུག་གསར་སྤེལ་ཚན་པ་དང་ཁེ་ལས་རིགས་རང་སྐྱོང་ལྗོངས་ཀྱི་ཚན་རིག་ལག་རྩལ་ཞིབ་འཇུག་གསར་སྤེལ་ལས་དོན་ནང་ཞུགས་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ། རང་སྐྱོང་ལྗོངས་ཀྱིས་སྤྱི་ཚོགས་ཀྱི་སྟོབས་ཤུགས་ནས་ཁྲིམས་བཞིན་རང་སོ་སོས་ཚན་རིག་ལག་རྩལ་ཞིབ་འཇུག་གསར་སྤེལ་ཚན་པ་འཛུཌ་གཉེར་བྱེད་རྒྱུར་སྐུལ་ལྕག་གཏོང་རྒྱུ།
དོན་ཚན་ཞེ་ལྔ་པ། ནོར་སྲིད་རང་བཞིན་གྱི་མ་དངུལ་སྤྱད་དེ་བཙུགས་པའི་ཚན་རིག་ལག་རྩལ་ཞིབ་འཇུག་གསར་སྤེལ་ཚན་པར་ངེས་པར་དུ་ལག་རྩལ་གསར་གཏོད་དང་ཞབས་ཞུའི་ལས་རྗེས་དཔྱད་ཞིབ་བྱེད་པའི་ལམ་སྲོལ་འཛུགས་དགོས།
དོན་ཚན་ཞེ་དྲུག་པ། རང་སྐྱོང་ལྗོངས་ཀྱིས་རྨང་གཞིའི་ཞིབ་འཇུག་དང་། ཉེར་སྤྱོད་རྨང་གཞིའི་ཞིབ་འཇུག གལ་ཆེའི་ཚན་རིག་ལག་རྩལ་རྣམ་གྲངས་ཞིབ་འཇུག སྤྱི་ཚོགས་ཀྱི་གལ་ཆེའི་སྤྱི་ཕན་རང་བཞིན་གྱི་ཚན་རིག་ལག་རྩལ་ཞིབ་འཇུག མཐོ་གསར་ལག་རྩལ་ཞིབ་འཇུག་བཅས་བྱེད་མཁན་ཞིབ་འཇུག་གསར་སྤེལ་ཚན་པ་དང་མཐོ་རིམ་སློབ་ཆེན་ལ་གཙོ་གནད་དུ་རོགས་སྐྱོར་བྱེད་རྒྱུ།
དོན་ཚན་ཞེ་བདུན་པ། རང་སྐྱོང་ལྗོངས་ཀྱི་ཚན་རིག་ལག་རྩལ་སྲིད་འཛིན་སྡེ་ཚན་གྱིས་ཞིབ་འཇུག་གསར་སྤེལ་ཚན་པའི་ཚོད་སྐོར་ལམ་ལུགས་བཟོ་རྒྱུ་དང་། ཞིབ་འཇུག་གསར་སྤེལ་ཚན་པའི་ཚན་རིག་ལག་རྩལ་གྱི་ཆུ་ཚད་དང་དེས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་ཐད་བཞག་པའི་དངོས་ཡོད་ཀྱི་ལེགས་སྐྱེས་ལ་གཞིགས་ཏེ་ལེགས་འདེམས་རོགས་སྐྱོར་བྱེད་རྒྱུ།
དོན་ཚན་ཞེ་བརྒྱད་པ། རང་སྐྱོང་ལྗོངས་ཀྱིས་ཚན་རིག་ལག་རྩལ་ཞིབ་འཇུག་གསར་སྤེལ་ཚན་པ་ནས་སྤྱི་ཚོགས་ལ་སྤྱི་ཕན་རང་བཞིན་དང་ཁེ་སྤོགས་མེད་པའི་ཞབས་ཞུ་མཁོ་འདོན་བྱེད་རྒྱུར་སྐུལ་ལྕག་གཏོང་རྒྱུ། ཚན་རྩལ་ཁྱབ་གདལ་རྟེན་གཞི་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཚན་རིག་ལག་རྩལ་ཁྱབ་གདལ་གཏོང་བའི་བྱེད་སྒོ་སྤེལ་རྒྱུ།
དོན་ཚན་ཞེ་དགུ་པ། ཚན་རིག་ལག་རྩལ་ཞིབ་འཇུག་གསར་སྤེལ་ཚན་པས་ངེས་པར་དུ་ཁྲིམས་ལུགས་གཞིར་བཟུང་ཚན་རིག་ལག་རྩལ་ཞིབ་འཇུག་གི་བྱེད་སྒོ་སྤེལ་རྒྱུ་དང་། ཚན་རིག་ལག་རྩལ་བྱེད་སྒོའི་ནང་མི་བདེན་རྫུན་སྒྲིག་བྱེད་མི་ཆོག་པ་དང་། རྨོངས་དད་ཀྱི་བྱེད་སྒོའི་ནང་ཞུགས་མི་ཆོག་ལ་དེར་རྒྱབ་སྐྱོར་ཡང་བྱེད་མི་ཆོག
ལེའུ་དྲུག་པ། ཚན་རིག་ལག་རྩལ་པ།
དོན་ཚན་ལྔ་བཅུ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་དང་། ཁེ་ལས་དང་བྱ་གཞག་རྩ་འཛུགས་ཀྱིས་ངེས་པར་དུ་ཚན་རིག་ལག་རྩལ་གྱི་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་འཐབ་ཇུས་རང་བཞིན་གྱི་འདེགས་སྐྱོར་ཐོན་ལས་དང་འགྲན་རྩོད་ཀྱི་ཁྱད་ཡོན་ལྡན་པའི་ཁྱབ་ཁོངས་ལ་དམིགས་ཏེ་རིམ་པ་མཐོ་བའི་གསར་གཏོད་ལས་ལམ་གཏོད་མཁན་ཤེས་ལྡན་པ་དང་ཕུལ་བྱུང་གི་གསར་གཏོད་ཚོགས་པ་གསོ་སྐྱོང་འདྲེན་འགུགས་བྱེད་དགོས། རང་སྐྱོང་ལྗོངས་ཀྱིས་བྱ་ཐབས་སྤྱད་དེ་ཚན་རིག་ལག་རྩལ་པའི་ལས་ཀ་དང་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱེད་རྒྱུ་དང་། ཁོང་ཚོའི་ཁྲིམས་མཐུན་ཁེ་དབང་དང་རྒྱུན་མཐུད་སློབ་གསོ་ཐོབ་རྒྱུའི་ཁེ་དབང་འགན་སྲུང་བྱེད་རྒྱུ། གཞོན་དར་ཚན་རིག་ལག་རྩལ་ཤེས་ལྡན་པ་དང་གྲངས་ཉུང་མི་རིགས་ཀྱི་ཚན་རིག་ལག་རྩལ་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་བྱེད་རྒྱུར་རྒྱབ་སྐྱོར་དང་། རིག་གཞུང་དང་ལག་རྩལ་སྣེ་ཁྲིད་པ་གཞོན་དར་རིགས་གསོ་སྐྱོང་བྱེད་རྒྱུ།
དོན་ཚན་ང་གཅིག་པ། རང་སྐྱོང་ལྗོངས་ཀྱིས་ཚན་རིག་ལག་རྩལ་གྱི་ཤེས་ལྡན་པར་དཔྱད་ཞིབ་དཔྱད་གདེང་བྱེད་པའི་ལམ་སྲོལ་འཛུགས་རྒྱུ་དང་། གྲུབ་འབྲས་དང་ནུས་པར་དཔྱད་གདེང་བྱེད་རྒྱུ་ཚད་གཞི་གཙོ་བོར་བྱེད་པའི་སྣ་མང་ཅན་གྱི་བབ་བསྟུན་དཔྱད་ཞིབ་དཔྱད་གདེང་གི་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ་ཚན་རིག་ལག་རྩལ་གྱི་ཤེས་ལྡན་པར་རིགས་དབྱེ་དོ་དམ་བྱེད་རྒྱུ།
དོན་ཚན་ང་གཉིས་པ། རང་སྐྱོང་ལྗོངས་ཀྱིས་མཐོ་རིམ་སློབ་ཆེན་དང་ཚན་རིག་ལག་རྩལ་ཞིབ་འཇུག་གསར་སྤེལ་ཚན་པ་ནས་ཚན་རིག་ལག་རྩལ་པ་གཞི་རིམ་དང་ཁེ་ལས་སུ་ཚན་རིག་ཞིབ་འཇུག་དང་ལག་རྩལ་གསར་གཏོད། འབྲས་བུ་དངོས་སྒྱུར་བཅས་ཀྱི་བྱེད་སྒོ་སྤེལ་བར་བདམས་གཏོང་བྱེད་རྒྱུར་སྐུལ་ལྕག་གཏོང་རྒྱུ། ཚན་རིག་ལག་རྩལ་པ་གཞི་རིམ་དང་ཁེ་ལས་སུ་ཞབས་ཞུ་བྱེད་པར་བདམས་གཏོང་བྱེད་རིང་། སྔར་གྱི་ཆེད་ལས་ལག་རྩལ་གྱི་གོ་གནས་དང་ལས་གནས་ལ་འགྱུར་བ་མི་གཏོང་རྒྱུ་དང་། གླ་ཕོགས་དང་ཕན་བདེའི་ཐོབ་ཐང་ལ་འགྱུར་བ་མི་གཏོང་རྒྱུ། དམིགས་བསལ་གྱི་ལེགས་སྐྱེས་ཡོད་མཁན་ལ་ཆེད་ལས་ལག་རྩལ་གྱི་གོ་མིང་སྔོན་ལ་སྤོར་རྒྱུ། དཀའ་ངལ་ཆེ་བ་དང་མཐའ་མཚམས་ཐག་རིང་ས་ཁུལ་ལམ་ཡང་ན་ཁོར་ཡུག་ཞན་པ་དང་ཉེན་ཆེའི་ཁོར་ཡུག་ནང་དུས་ཡུན་རིང་པོ་ལས་ཀ་བྱེད་མཁན་ཚན་རིག་ལག་རྩལ་པའི་རིགས་ལ་ཆེད་ལས་ལག་རྩལ་གྱི་གོ་གནས་སམ་ཡང་ན་གོ་མིང་གདན་བསྐོས་བྱེད་སྐབས་ཆ་རྐྱེན་འོས་འཚམ་ལྷུག་ཏུ་བཏང་ན་འགྲིག་པ་དང་། ལག་རྩལ་པ་དེ་གནས་སའི་ཚན་པས་ངེས་པར་དུ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཁ་གསབ་སྤྲོད་དགོས་པ་མ་ཟད། དེར་བབ་མཚུངས་ཀྱི་ལས་རིགས་ཀྱི་བདེ་ཐང་འཕྲོད་བསྟེན་འགན་སྲུང་ཡང་བྱེད་དགོས།
དོན་ཚན་ང་གསུམ་པ། རང་སྐྱོང་ལྗོངས་ཀྱིས་ཚན་ཞིབ་ཁང་དང་། མཐོ་རིམ་སློབ་ཆེན། ཁེ་ལས་དང་བྱ་གཞག་རྩ་འཛུགས། སྤྱི་ཚོགས་ཚོགས་པ། དེ་བཞིན་ཚན་རིག་ལག་རྩལ་པ་བཅས་ཀྱིས་བྱ་ཐབས་སྣ་ཚོགས་ཀྱི་ཐོག་ནས་སྤྱི་ཚོགས་ལ་ལག་རྩལ་གྱི་ཞབས་ཞུ་སྒྲུབ་རྒྱུར་སྐུལ་ལྕག་དང་ཁྲིད་སྟོན་བྱེད་རྒྱུ། བདམས་གཏོང་བྱས་པའི་ཚན་རིག་ལག་རྩལ་པས་ཁེ་ལས་དང་མཉམ་འབྲེལ་ཐོག་བཏོན་པའི་ཚན་རིག་ཞིབ་འཇུག་རྣམ་གྲངས་དེ་ཚན་རིག་ལག་རྩལ་སྲིད་འཛིན་སྡེ་ཚན་གྱིས་ཆ་རྐྱེན་གཅིག་མཚུངས་འོག་སྔོན་ལ་བཀོད་སྒྲིག་བྱེད་དགོས།
དོན་ཚན་ང་བཞི་པ། རང་སྐྱོང་ལྗོངས་ཀྱིས་ཚན་རིག་ལག་རྩལ་པས་ཚན་རྩལ་རང་བཞིན་གྱི་ཁེ་ལས་གཉེར་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་དགོས། དེང་རབས་ཀྱི་ཚན་རྩལ་ལྡུམ་གླིང་དང་། ཚན་རྩལ་ཁེ་ལས་གསོ་སྐྱོང་ཁུལ། ཁྱད་ལྡན་ཐོན་ལས་གསར་སྤེལ་ཁུལ་སོགས་ཀྱིས་ངེས་པར་དུ་ཚན་རྩལ་ལག་རྩལ་པར་བྱ་གཞག་གསར་གཏོད་བྱེད་རྒྱུར་དགོས་ངེས་ཀྱི་ལས་ཀ་བྱ་ཡུལ་དང་། སྒྲིག་ཆས། འོས་སྦྱོར་སོགས་ཀྱི་ཆ་རྐྱེན་དང་ཞབས་ཞུ་མཁོ་འདོན་བྱེད་དགོས།
དོན་ཚན་ང་ལྔ་པ། ཚན་རིག་ལག་རྩལ་པས་ངེས་པར་དུ་ཚན་རིག་གི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། བཅའ་ཁྲིམས་དང་ཁྲིམས་སྲོལ། དེ་བཞིན་རིག་གཞུང་གི་ཚད་གཞི་བཅས་ལ་སྲུང་བརྩི་ཞུ་བ། ལས་རིགས་ཀུན་སྤྱོད་ནན་པོ་བསྐྱངས་ཏེ་དྲང་གཞག་ཡིད་རྟོན་རུང་བ་ཞིག་བྱེད་དགོས།
དོན་ཚན་ང་དྲུག་པ། ནོར་སྲིད་རང་བཞིན་གྱི་མ་དངུལ་བེད་སྤྱད་དེ་བཙུགས་པའི་ཚན་རིག་ལག་རྩལ་གྱི་ཐེབས་རྩའི་རྣམ་གྲངས་དང་ཚན་རིག་ལག་རྩལ་གྱི་འཆར་འགོད་རྣམ་གྲངས་དོ་དམ་བྱེད་མཁན་ཚན་པས་ངེས་པར་དུ་རྣམ་གྲངས་ནང་ཐེ་ཞུགས་བྱེད་མཁན་ཚན་རིག་ལག་རྩལ་པའི་རིག་གཞུང་གི་ཡིད་རྟོན་རུང་བའི་ཡིག་ཚགས་བཟོ་དགོས་པ་དང་། དེ་ཚན་རིག་ལག་རྩལ་པའི་ཆེད་ལས་ལག་རྩལ་གྱི་གོ་གནས་སམ་ཡང་ན་གོ་མིང་གདན་ཞུ་བསྐོ་གཞག་བྱེད་རྒྱུ་དང་། ཚན་རིག་ལག་རྩལ་པས་རེ་འདུན་ཞུས་པའི་ཚན་རིག་ལག་རྩལ་གྱི་ཞིབ་འཇུག་གསར་སྤེལ་རྣམ་གྲངས་ལ་ཞིབ་མཆན་སྤྲོད་རྒྱུ་སོགས་ཀྱི་གཞི་འཛིན་སར་བརྩི་དགོས།
དོན་ཚན་ང་བདུན་པ། རང་སྐྱོང་ལྗོངས་ཀྱིས་ཚན་རིག་ལག་རྩལ་པར་རང་མོས་ཐོག་འཚོལ་ཞིབ་བྱེད་རྒྱུ་དང་ཉེན་ཟོན་ཐེག་ཁུར་བྱེད་རྒྱུར་སྐུལ་ལྕག་གཏོང་དགོས། ཐོག་མའི་ཟིན་ཐོའི་ཐོག་ནས་འཚོལ་ཞིབ་རང་བཞིན་ཆེ་བ་དང་ཉེན་ཆེའི་ཚན་རིག་ལག་རྩལ་ཞིབ་འཇུག་གསར་སྤེལ་གྱི་རྣམ་གྲངས་འགན་འཁུར་ཡོད་པ་ར་སྤྲོད་ཐུབ་པའི་ཚན་རིག་ལག་རྩལ་པས་འབད་འབུངས་གང་ཐུབ་ཀྱིས་འགན་བབ་བསྒྲུབས་ཀྱང་རྣམ་གྲངས་དེ་སྔར་བཞིན་ལེགས་སྒྲུབ་མ་ཐུབ་ཚེ་རིགས་གཅིག་མཁས་དབང་གིས་ཞིབ་བསྡུར་བྱས་པ་དང་ཚན་རིག་ལག་རྩལ་སྲིད་འཛིན་སྡེ་ཚན་གྱིས་མོས་མཐུན་ཐོབ་པ་བརྒྱུད་རྒྱུན་གཏན་གྱི་གོ་རིམ་ལྟར་རྣམ་གྲངས་སྤེལ་མཚམས་བཞག་ནས་མཇུག་སྒྲིལ་བྱས་ན་འགྲིག་པ་མ་ཟད། དེས་མུ་མཐུད་ཚན་རིག་ལག་རྩལ་རྣམ་གྲངས་སྤེལ་རེ་ཞུ་བར་སྐྱོན་རྒྱག་གི་མེད།
ལེའུ་བདུན་པ། འགན་སྲུང་བྱ་ཐབས།
དོན་ཚན་ང་བརྒྱད་པ། རང་སྐྱོང་ལྗོངས་ཀྱིས་ནོར་སྲིད་ནས་མ་དངུལ་གཏོང་བ་དང་། ཁེ་ལས་ཀྱིས་མ་དངུལ་རང་གྲབས་བྱེད་པ། སྤྱི་ཚོགས་ཀྱིས་མ་དངུལ་གྲབས་གསོག་བྱེད་པ། དངུལ་རྩའི་དངུལ་བུན་གཏོང་བ་སོགས་ཐབས་ལམ་འདྲ་མིན་དང་དང་སྣ་མང་ཅན་གྱི་ཚན་རིག་ལག་རྩལ་གྱི་གྲོན་དངུལ་གཏོང་ལམ་རིམ་བཞིན་བཟོ་རྒྱུ།
དོན་ཚན་ང་དགུ་པ། རང་སྐྱོང་ལྗོངས་ཀྱིས་ནོར་སྲིད་རང་བཞིན་གྱི་ཚན་རིག་ལག་རྩལ་ཞིབ་འཇུག་དང་། གསར་སྤེལ། དཔེ་སྟོན། ཁྱབ་གདལ་བཅས་ཀྱི་འགྲོ་གྲོན་མང་དུ་གཏོང་རྒྱུ་དེ་ངེས་པར་དུ་རང་སྐྱོང་ལྗོངས་ནོར་སྲིད་ཀྱི་རྒྱུན་འཇགས་ཡོང་འབབ་ཀྱི་འཕར་ཤུགས་ལས་མངོན་གསལ་དོད་པོས་མཐོ་བ་བྱེད་དགོས་པ་དང་སྲིད་གཞུང་གིས་ཚན་རྩལ་ཐད་ཀྱི་གཏོང་སྒོ་བརྟན་པོའི་ངང་འཕར་སྣོན་ཡོང་བའི་ལམ་སྲོལ་བཟོ་དགོས། རང་སྐྱོང་ལྗོངས་ཀྱི་གཙོ་གནད་རྣམ་གྲངས་རིགས་ལ་ཚན་རིག་ལག་རྩལ་ཞིབ་འཇུག་དང་གསར་སྤེལ་གྱི་སྔོན་གྲབས་ལས་དོན་སྤེལ་དགོས་ཚེ། ངེས་པར་དུ་རྣམ་གྲངས་ཀྱི་དངོས་ཡོད་གནས་ཚུལ་ལ་གཞིགས་ཏེ་དགོས་ངེས་ཀྱི་མ་དངུལ་བཀོད་སྒྲིག་བྱེད་དགོས། ཚན་རིག་ལག་རྩལ་ཁྱབ་གདལ་གཏོང་རྒྱུའི་འགྲོ་གྲོན་དེ་ངེས་པར་དུ་རིམ་པ་སོ་སོའི་ནོར་སྲིད་ཀྱི་སྔོན་རྩིས་ནང་འཇུག་དགོས་པ་མ་ཟད། ལོ་རེ་བཞིན་འཕར་སྣོན་བྱེད་དགོས།
དོན་ཚན་དྲུག་ཅུ་པ། རང་སྐྱོང་ལྗོངས་ཀྱི་ནོར་སྲིད་རང་བཞིན་གྱི་ཚན་རིག་ལག་རྩལ་ཞིབ་འཇུག་དང་གསར་སྤེལ་གྱི་གྲོན་དངུལ་དེ་ངེས་པར་དུ་གཙོ་བོ་གཤམ་གསལ་གྱི་བྱ་བའི་ཐོག་གཏོང་དགོས་པ་སྟེ། (གཅིག )དཔལ་འབྱོར་འཛུགས་སྐྲུན་དང་། སྤྱི་ཚོགས་གོང་འཕེལ་གཏོང་རྒྱུར་འཐབ་ཇུས་རང་བཞིན་དང་། རྨང་གཞིའི་རང་བཞིན། སྔོན་ལྟའི་རང་བཞིན་བཅས་ཀྱི་ནུས་པ་ལྡན་པའི་གལ་ཆེའི་ཐུན་མོང་གི་འགག་རྩའི་ལག་རྩལ་ཞིབ་འཇུག་དང་། སྤྱི་ཚོགས་ཀྱི་སྤྱི་ཕན་རང་བཞིན་གྱི་ལག་རྩལ་ཞིབ་འཇུག ཚན་རིག་ལག་རྩལ་གྱི་རྨང་གཞིའི་ཆ་རྐྱེན་དང་སྒྲིག་བཀོད་འཛུགས་སྐྲུན་བཅས་བྱེད་རྒྱུར་གཏོང་དགོས་པ་དང་། (གཉིས )ཐོན་ལས་ཀྱི་འགག་རྩའི་ལག་རྩལ་དང་། ལྟེ་བའི་ལག་རྩལ། གལ་ཆེའི་ཐོན་རྫས་གསར་པ་དང་བཟོ་རྩལ་གསར་པ་བཅས་ཞིབ་འཇུག་གསར་སྤེལ་བྱེད་རྒྱུར་གཏོང་དགོས་པ། (གསུམ )ཚན་རིག་ལག་རྩལ་གྱི་རྨང་གཞིའི་ཆ་རྐྱེན་གྱི་ལས་སྟེགས་དང་སྤྱི་པའི་ཚན་རྩལ་ཞབས་ཞུའི་ལས་སྟེགས་འཛུགས་སྐྱོང་བྱེད་རྒྱུར་གཏོང་དགོས་པ། (བཞི )གལ་ཆེའི་ཚན་རིག་ལག་རྩལ་གྱི་འབྲས་བུ་ནང་འདྲེན་དང་དངོས་སྒྱུར་བྱེད་རྒྱུ་མ་ཟད། དེའི་ཁྲོད་ཀྱི་ཚོད་ལྟ་དང་། དཔེ་སྟོན། དངོས་སྤྱོད། ཁྱབ་གདལ་བཅས་བྱེད་རྒྱུར་གཏོང་དགོས་པ། (ལྔ )ཐོན་རྫས་སྣ་རིགས་གསར་པ་དང་ལག་རྩལ་གསར་པ་ཞིབ་འཇུག་གསར་སྤེལ་དང་། ནང་འདྲེན། དཔེ་སྟོན། དངོས་སྤྱོད། ཁྱབ་གདལ་བཅས་གཏོང་རྒྱུར་སྤྱོད་དགོས་པ། (དྲུག )ཁེ་ལས་ཀྱི་རང་བརྟེན་གསར་གཏོད་ནུས་པ་འཛུགས་སྐྱོང་བྱེད་རྒྱུ་དང་དེང་རབས་ཀྱི་ཚན་རྩལ་དཔེ་སྟོན་ལྡུམ་གླིང་། མཐོ་གསར་ལག་རྩལ་ཐོན་ལས་ཀྱི་དཔེ་སྟོན་བཅས་འཛུགས་རྒྱུར་གཏོང་དགོས་པ། (བདུན ) ཚན་རིག་ལག་རྩལ་གྱི་གོང་འཕེལ་འཆར་འགོད་དང་སྲིད་ཇུས་ཞིབ་འཇུག་བྱེད་རྒྱུར་གཏོང་དགོས་པ། (བརྒྱད )ཚན་རིག་ལག་རྩལ་ཁྱབ་གདལ་དང་། སྤེལ་རེས། མཉམ་ལས་བཅས་བྱེད་རྒྱུར་གཏོང་དགོས་པ། (དགུ )ཚན་རིག་ལག་རྩལ་གྱི་བྱ་དགར་གཏོང་དགོས་པ། (བཅུ )ཚན་རིག་ལག་རྩལ་མཉམ་ལས་ཀྱི་ལེ་ལག་མ་དངུལ་ལ་གཏོང་དགོས་པ་བཅས་སོ།
དོན་ཚན་རེ་གཅིག་པ། རང་སྐྱོང་ལྗོངས་ཀྱིས་ཚན་རིག་ལག་རྩལ་གྱི་འཆར་འགོད་རྣམ་གྲངས་སྙན་ཞུ་འབུལ་བ་དང་། དཔྱད་བསྡུར་ཞིབ་མཆན་འགོད་པ། རྣམ་གྲངས་སུ་གཏན་འཁེལ་བྱེད་པ། ལག་བསྟར་བྱེད་པ། ཞིབ་བཤེར་རྩིས་ལེན་བྱེད་པ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་དོ་དམ་བྱས་ཏེ་ནོར་སྲིད་རང་བཞིན་གྱི་ཚན་རིག་ལག་རྩལ་ཞིབ་འཇུག་དང་གསར་སྤེལ་གྱི་འགྲོ་གྲོན་གྱི་ཕན་འབྲས་ཇི་ཐོན་ཞིབ་དཔྱད་གདེང་འཇོག་བྱེད་པའི་ལམ་ལུགས་བཟོ་དགོས།
དོན་ཚན་རེ་གཉིས་པ། ཚན་རིག་ལག་རྩལ་ཞིབ་འཇུག་དང་། གསར་སྤེལ། ནང་འདྲེན། དངོས་སྒྱུར། ཁྱབ་གདལ་སོགས་བྱེད་རྒྱུའི་མ་དངུལ་དེ་ངེས་པར་དུ་ཆེད་དངུལ་ཆེད་སྤྱོད་བྱེད་དགོས། རྩིས་བཤེར་ལས་ཁུངས་དང་ནོར་སྲིད་སྡེ་ཚན་གྱིས་ངེས་པར་དུ་ཁྲིམས་བཞིན་ནོར་སྲིད་རང་བཞིན་གྱི་ཚན་རིག་ལག་རྩལ་གྱི་མ་དངུལ་དོ་དམ་དང་བེད་སྤྱོད་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་དགོས། རང་སྐྱོང་ལྗོངས་བསྡོམས་རྩིས་སྲིད་འཛིན་སྡེ་ཚན་གྱིས་ཚན་རིག་ལག་རྩལ་སྲིད་འཛིན་སྡེ་ཚན་དང་མཉམ་དུ་ཚན་རིག་ལག་རྩལ་ལས་དོན་གྱི་བསྡོམས་རྩིས་ལམ་ལུགས་བཟོས་ནས་ལྗོངས་ཡོངས་ཀྱི་ཚན་རིག་ལག་རྩལ་ཡར་ཐོན་གྱི་གནས་ཚུལ་སྐོར་ལ་བསྡོམས་རྩིས་ལྟ་དཔྱད་དང་དབྱེ་ཞིབ་དཔྱད་གདེང་བྱེད་དགོས།
དོན་ཚན་རེ་གསུམ་པ། རང་སྐྱོང་ལྗོངས་ཀྱིས་ནོར་སྲིད་རང་བཞིན་གྱི་མ་དངུལ་བཏང་བའི་ཚན་རིག་ལག་རྩལ་གྱི་རྨང་གཞིའི་སྒྲིག་བཀོད་དང་ཚན་རིག་ལག་རྩལ་གྱི་ཆ་རྐྱེན་ལས་སྟེགས་མཉམ་སྤྱོད་ལམ་སྲོལ་བཟོས་ཏེ་ཞིབ་འཇུག་ཚོད་ལྟའི་རྟེན་གཞི་དང་། ཚན་རིག་གི་ཡོ་བྱད་དང་སྒྲིག་ཆས་ཆེ་གྲས། ཚན་རིག་ལག་རྩལ་གྱི་གྲངས་གཞི་དང་གལ་ཆེའི་དཔྱད་ཡིག རང་བྱུང་ཚན་རིག་ཐོན་ཁུངས། འབྱུང་ཁམས་ཁོར་ཡུག་ལྟ་དཔྱད། ཆ་འཕྲིན་དྲ་རྒྱའི་མ་ལག་སོགས་ཐོན་ཁུངས་སྒྲིལ་སྤྱོད་བྱེད་རྒྱུར་སྐུལ་འདེད་གཏོང་དགོས། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚན་རིག་ལག་རྩལ་སྲིད་འཛིན་སྡེ་ཚན་གྱིས་ངེས་པར་དུ་འབྲེལ་ཡོད་སྡེ་ཚན་གཞན་དག་དང་མཉམ་དུ་ཚན་རིག་ལག་རྩལ་ཐོན་ཁུངས་ཀྱི་ཆ་འཕྲིན་མ་ལག་བཟོས་ནས་ཚན་རིག་ལག་རྩལ་གྱི་ཆ་འཕྲིན་ཡོངས་བསྒྲགས་དང་། ཐོན་ཁུངས་རྩད་བཤེར་དང་དཔྱད་གདེང་བྱེད་པའི་ལམ་ལུགས་འཛུགས་དགོས།
དོན་ཚན་རེ་བཞི་པ། རང་སྐྱོང་ལྗོངས་ཀྱིས་ཚན་རིག་ལག་རྩལ་སྐོར་གྱི་ཇུས་ཐག་གཅོད་པར་བློ་འདྲི་བྱེད་པའི་ལམ་ལུགས་བཟོས་ཏེ་ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་ཐག་གཅོད་རྒྱུར་གཞི་འཛིན་ས་མཁོ་འདོན་བྱེད་དགོས། རང་སྐྱོང་ལྗོངས་ཀྱིས་བཟོས་པའི་ཚན་རིག་ལག་རྩལ་གོང་འཕེལ་གཏོང་རྒྱུའི་འཆར་འགོད་དང་གལ་ཆེའི་སྲིད་ཇུས་གཏན་འཁེལ་བྱེད་པ་དང་། ཚན་རིག་ལག་རྩལ་གྱི་རྣམ་གྲངས་གལ་ཆེའི་རིགས་དང་ཚན་རིག་ལག་རྩལ་དང་འབྲེལ་བ་དམ་ཟབ་ཡོད་པའི་གལ་ཆེའི་རྣམ་གྲངས་གཏན་འཁེལ་བྱེད་སྐབས་ངེས་པར་དུ་བློ་འདྲི་དང་རིགས་པས་ཁུངས་སྐྱེལ་བྱེད་དགོས།
ལེའུ་བརྒྱད་པ། བཅའ་ཁྲིམས་ཀྱི་འགན་འཁྲི།
དོན་ཚན་རེ་ལྔ་པ། བྱ་ཐབས་འདིའི་གཏན་འབེབས་ལས་འགལ་བའི་བྱེད་སྤྱོད་རིགས་ལ་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་ཡོད་ཚེ་དེ་བཞིན་ལག་བསྟར་བྱེད་རྒྱུ་དང་། རྒྱུ་ནོར་གྱི་གྱོང་གུན་ནམ་ཡང་ན་གྱོང་གུན་གཞན་དག་རིགས་བཟོས་པར་ཁྲིམས་བཞིན་དམངས་དོན་གྱི་འགན་འཁྲི་འཁུར་དུ་འཇུག་རྒྱུ། ཉེས་གསོག་གི་ཚད་ལ་སླེབས་པར་ཁྲིམས་བཞིན་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་རྒྱུ།
དོན་ཚན་རེ་དྲུག་པ། ཚན་རིག་ལག་རྩལ་སྲིད་འཛིན་སོགས་འབྲེལ་ཡོད་སྡེ་ཚན་དང་དེའི་ལས་བྱས་ཚན་རིག་ལག་རྩལ་ཡར་ཐོན་ལས་དོན་ཁྲོད། འགན་དབང་གང་བྱུང་སྤྱོད་པ་དང་། རང་འཁྲིའི་ལས་འགན་སྣང་མེད་རྒྱབ་སྐྱུར་བྱེད་པ། ཉེར་ཕྱོགས་གཡོ་ཟོལ་བྱེད་པ་བཅས་བྱས་ཚེ། ཐད་ཀའི་འགན་འཁྲི་འཁུར་མཁན་གཙོ་འགན་མི་སྣ་དང་དེ་བཞིན་ཐད་ཀའི་འགན་འཁྲི་ཡོད་པའི་མི་སྣར་ཁྲིམས་བཞིན་ཆད་པ་གཅོད་རྒྱུ་དང་། ཉེས་གསོག་གི་ཚད་ལ་སླེབས་པར་ཁྲིམས་བཞིན་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་རྒྱུ།
ལེའུ་དགུ་པ། ཞར་བྱུང་།
དོན་ཚན་རེ་བདུན་པ། བྱ་ཐབས་འདི་2011ལོའི་ཟླ་12ཚེས་1ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ།
(ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་དྲུང་ཡིག་ཁྲུའུ་ཡིས་མཁོ་འདོན་བྱས་པ་གཞིར་བཟུང )
འགན་འཁུར་རྩོམ་སྒྲིག་པ། admin
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣