ཐེངས་དྲུག་པའི་མཉམ་འབྲེལ་ལྟ་ཞིབ་ལྐོག་བཤེར་ཚོགས་ཆུང་གི་བློ་མཐུན་ཡོངས་ལ།
སྟོན་གྱི་བསིལ་རླུང་དལ་བུར་ལྡང་། ཟླ་བའི་འོག་ཏུ་བརྩེ་ཉམས་སྟོན། བརྒྱད་པའི་བཅོ་ལྔའི་དུས་ཆེན་དང་རྒྱལ་སྟོན་དུས་ཆེན་འཆར་ཉེར་ཡོད་པའི་དུས་དང་ནང་མི་མཉམ་འཛོམས་ཀྱིས་རྒྱལ་སྟོན་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་དུས་སུ་ཁྱེད་ཚོས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་ལྟར་རྩ་འཛུགས་ཀྱིས་དཀྲིས་པའི་གཟི་བརྗིད་འགན་འཁྲི་ཕྲག་སྟེང་དུ་འཁུར་བ་དང་ཆབས་ཅིག་ནང་མི་དང་མཉམ་འཛོམས་བྱེད་པའི་གོ་སྐབས་དོར་ཏེ་གཞི་རིམ་དང་འཐབ་ཕྱོགས་དང་པོར་ལྟ་སྐུལ་ཞིབ་བཤེར་གྱི་ལས་དོན་སྤེལ་བར་བསྐྱོད་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་མཐར་ཕྱིན་བྱ་རྒྱུར་སྐུལ་འདེད་གཏོང་ཕྱིར་དང་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་ཕྱིར་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད། སྐབས་འདིར་བློ་མཐུན་ཚོར་དུས་ཆེན་གྱི་འཚམས་འདྲི་དང་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་ཡིན།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་སྐོང་ཚོགས་བྱེད་ཉེར་ཡོད་ཅིང་། དུས་དེར་ལྗོངས་ཡོངས་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་དང་ལྷག་པར་དུ་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པའི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱས་ཏེ་གནས་ཚུལ་ཆེན་པོ་མི་ཐོན་པ་བྱེད་དགོས་ལ་གནས་ཚུལ་འབྲིང་བ་ཡང་མི་ཐོན་པ་བྱེད་དགོས་པ་དང་། གནས་ཚུལ་ཆུང་ངུ་ཡང་མི་ཐོན་པའི་འགན་ལེན་བྱས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་སྐོང་ཚོགས་བྱ་རྒྱུར་ཁོར་ཡུག་ཡག་པོ་ཞིག་གཏོད་རྒྱུ་ནི་མིག་སྔའི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོ་དེ་རེད། ལྟ་ཞིབ་ལས་དོན་ནི་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུའི་ལྷུ་ཚིགས་གལ་ཆེན་ཞིག་དང་། ཚན་རིག་དང་མཐུན་པའི་ཐབས་ཇུས་ལ་སྐུལ་འདེད་གཏོང་རྒྱུའི་ཐབས་ལམ་གལ་ཆེན་ཞིག སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་བྱེད་ཐབས་གལ་ཆེན་ཞིག ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་རུས་ལྟ་བུའི་འབྲེལ་བ་ཟབ་ཏུ་གཏོང་རྒྱུའི་འབྲེལ་ལམ་གལ་ཆེན་ཞིག་བཅས་རེད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དེར་མཐོང་ཆེན་པོ་གནང་བ་དང་ཐུགས་ཁུར་ཆེན་པོ་གནང་བ་མ་ཟད། ད་དུང་རེ་བ་ཆེན་པོའང་བཅོལ་ཡོད། བློ་མཐུན་ཚོས་ལྗོངས་ཡོངས་ཀྱི་དཔལ་འབྱོར་དུས་བབ་བརྡ་ཁྱབ་བཪྙན་འཕྲིན་ཁ་པར་ཚོགས་འདུའི་ཐོག་གནང་བའི “བརྟན་ལྷིང་སྲུང་སྐྱོང་གི་འདུ་ཤེས་སྔར་བས་ཆེ་རུ་གཏོང་དགོས་པ་དང་། བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་སྤྱོད་ཤུགས་སྔར་བས་ཆེ་རུ་གཏོང་དགོས་པ། བརྟན་ལྷིང་སྲུང་སྐྱོང་གི་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་དགོས་པ། བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲི་སྔར་བས་དོན་འཁྱོལ་བྱེད་དགོས་པ ”བཅས་སྐོར་གྱི་ཧྲུའུ་ཅི་ཁྲེན་ཆོན་གོའི་མཛུབ་སྟོན་བླང་བྱ་ནན་ཏན་ངང་སློབ་སྦྱོང་བྱེད་པ་དང་གོ་བ་ལེན་པའི་ཁར་ལས་འགན་སེམས་སུ་བརྟན་པོར་ངེས་པ་དང་མངགས་བཅོལ་གལ་ཆེན་ཆུད་ཟོས་སུ་མི་གཏོང་བ་དང་། ཡུན་རིང་དམག་འཐབ་དང་དམག་འཐབ་དྲག་པོ་བྱ་རྒྱུའི་བསམ་བློ་བརྟན་པོར་འཛུགས་པ། ཏང་དང་མི་དམངས་ཀྱི་བྱ་གཞག་ལ་ཚད་མཐོའི་འགན་འཁུར་བ། སྒྲིག་ཁྲིམས་ནན་དུ་གཏོང་བ་དང་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱེད་པ། ལྟེ་བར་དམིགས་རྒྱུ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་ཐུབ་པའི་འབད་འབུངས་ལྷོད་མེད་བྱེད་པ། དངོས་སྒྲུབ་གསར་གཏོད་དང་དངོས་སྐུལ་དངོས་ཞིབ་བྱེད་ཐུབ་པའི་འབད་འབུངས་ལྷོད་མེད་བྱེད་པ། གནས་ཚུལ་ཤེས་རྟོགས་བྱ་རྒྱུ་དང་དོན་འཁྱོལ་ལ་སྐུལ་འདེད་གཏོང་ཐུབ་པའི་འབད་འབུངས་ལྷོད་མེད་བྱེད་པ་བཅས་བྱས་ཏེ་གྲུབ་འབྲས་གཟེངས་སུ་ཐོན་པའི་སྒོ་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་སྐོང་ཚོགས་བྱ་རྒྱུར་བསུ་བ་ཞུ་རྒྱུའི་རེ་བ་ཡོད།
ཐེངས་དྲུག་པའི་མཉམ་འབྲེལ་ལྟ་ཞིབ་ལས་དོན་ཕུན་སུམ་ཚོགས་པོའི་སྒོ་ནས་ལེགས་འགྲུབ་ཡོང་བའི་སྨོན་འདུན་ཞུ་རྒྱུ་དང་འབྲེལ་ཐེངས་དྲུག་པའི་མཉམ་འབྲེལ་ལྟ་ཞིབ་ལྐོག་བཤེར་ཚོགས་ཆུང་གི་བློ་མཐུན་ཡོངས་ལས་དོན་ལེགས་གྲུབ་དང་། སྐུ་གཟུགས་གསལ་ཐང་། ཁྱིམ་ཚང་བདེ་སྐྱིད། བཀྲ་ཤིས་འཆམ་མཐུན་བཅས་ཡོང་བའི་སྨོན་འདུན་ཡང་ཞུ་རྒྱུ་ཡིན།
ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གཞུང་དོན་ཐིང་དང་།
བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གཞུང་དོན་ཐིང་གིས།
2012ལོའི་ཟླ་9ཚེས་29ཉིན།