དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • བོད་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་སྤྲིངས་པའི་འཚམས་འདྲིའི་ཡི་གེ

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        འབྲས་ལྡན་རླུང་བུས་བསྐལ་པ་བཟང་པོར་བསྟོད། སྟོན་གྱི་འབྲས་བུའི་མཚར་སྡུག་ལེའུ་གསར་རྩོམ། 2012ལོའི་བརྒྱད་པའི་བཅོ་ལྔའི་དུས་ཆེན་དང་རྒྱལ་སྟོན་དུས་ཆེན་གཉིས་འཆར་ལ་ཉེ་བའི་མཚམས་སུ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་དང་། བོད་སྡོད་དཔུང་སྡེའི་བཀོད་འཐབ་པ་དང་དྲག་ཆས་ཉེན་རྟོག་དཔོན་དམག དུས་ཆེན་རིང་ལས་གནས་བརྟན་སྲུང་བྱེད་མཁན་སྤྱི་བདེའི་རྒྱ་ཆེའི་ལས་བྱེད་པ་དང་ཉེན་རྟོག་པ། གྲོང་ཚོ་དང་དགོན་སྡེར་བཅའ་སྡོད་ལས་བྱེད་པ། དེ་བཞིན་འཐབ་ཕྱོགས་ཁག་གི་བློ་མཐུན་ཚོ། རྒྱ་ཆེའི་ལས་བྲལ་དང་ལས་འཁྱུར་ལས་བྱེད་པ་རྒན་གྲས། རྒྱལ་གཅེས་ཆོས་གཅེས་ཀྱི་གྲྭ་བཙུན་ཡོངས་བཅས་ལ་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་དང་། ཟོལ་མེད་ཀྱི་འཚམས་འདྲི། སྨོན་འདུན་བཟང་པོ་བཅས་ཞུ་རྒྱུ་ཡིན།

        ད་ལོ་ཤར་ཚུན་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་མཐུན་སྒྲིལ་སྣེ་ཁྲིད་འོག་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན་གྱིས་མཛུབ་ཁྲིད་བྱེད་པ་དང་། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི “བདུན་གཅིག ”གི་གསུང་བཤད་གལ་ཆེན་དང་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པའི་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོའི་ཆེད་དོན་ཞིབ་བསྡུར་འཛིན་གྲྭའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་དང་ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་རྟེན་འབྲེལ་མཛད་སྒོར་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། ཀྲུང་དབྱང་བོད་ལྗོངས་ལས་དོན་མཐུན་སྦྱོར་ཚོགས་ཆུང་དང་ཀྲུང་དབྱང་བརྟན་ལྷིང་སྲུང་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། ཏང་ཀྲུང་དབྱང་གིས་གསལ་སྟོན་གནང་བའི “ལྟེ་བ་གཅིག ”དང་། “དོན་ཆེན་གཉིས ”“འགན་ལེན་བཞི ”བཅས་ལ་དམ་པོར་བསྟུན་པ། བློ་རྩེ་གཅིག་སྒྲིམ་ངང་འཛུགས་སྐྲུན་བྱེད་པ་དང་བློ་གཅིག་སེམས་གཅིག་གིས་འཕེལ་རྒྱས་དོན་གཉེར་བྱེད་པ། ཐབས་བརྒྱ་ཇུས་སྟོང་ངང་ཞི་མཐུན་སྐུལ་འདེད་དང་ནུས་ཤུགས་ཡོད་རྒུས་བརྟན་ལྷིང་སྲུང་སྐྱོང་བཅས་བྱས་པས་བྱ་གཞག་ཁག་ལ་གྲུབ་འབྲས་གསར་པ་ཐོབ་པ་དང་ཚན་རིག་དང་མཐུན་པའི་གོང་འཕེལ་དང་། ཞི་མཐུན་བརྟན་ལྷིང་། དམངས་འཚོ་ལེགས་གཏོང་། མི་རིགས་མཐུན་སྒྲིལ་བཅས་ཀྱི་དུས་བབ་བཟང་པོ་མངོན་ཡོད། གྲུབ་འབྲས་དེ་དག་ཐོབ་པ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཁས་མཛངས་ལྡན་པའི་འགོ་ཁྲིད་གནང་བའི་འབྲས་བུ་དང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་ཐུན་མོང་ཐོག་འབད་འཐབ་བྱས་པའི་འབྲས་བུ། བོད་སྡོད་མི་དམངས་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག་གིས་རྒྱབ་སྐྱོར་ཤུགས་ཆེན་བྱས་པའི་འབྲས་བུ་བཅས་ཡིན། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་དང་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ཆེད་དུ་ལེགས་སྐྱེས་གལ་ཆེན་འབུལ་མཁན་ལས་རིགས་ཁག་གི་གྲོགས་པོ་དང་ཆོས་ལུགས་ལས་རིགས་ཀྱི་རྒྱལ་གཅེས་མི་སྣར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་དང་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་ཡིན།

        མིག་སྔར་བོད་ལྗོངས་འདི་ཉིད “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་སྒོ་ཀུན་ནས་ལག་བསྟར་བྱེད་པ་དང་འབྱོར་འབྲིང་སྤྱི་ཚོགས་སྐྲུན་མགྱོགས་སུ་གཏོང་བའི་འགག་རྩའི་དུས་སུ་གནས་ཡོད། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་ངེས་པར་དུ་དུས་བསྟུན་འཕེལ་རྒྱས་དང་ཡང་འབད་བསྐྱར་འབད་དང་། བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱེད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་བ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན་གྱིས་མཛུབ་ཁྲིད་བྱེད་པ། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི “མུ་མཐུད་ཤུགས་སྣོན་རྒྱག་དགོས་པ་ལྔ ”ཡི་མངགས་བཅོལ་གལ་ཆེན་སེམས་ལ་བརྟན་པོར་ངེས་ནས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་མུ་མཐུད་ཤུགས་སྣོན་རྒྱག་དགོས་པ་དང་། དམངས་འཚོ་འགན་སྲུང་དང་ལེགས་སུ་གཏོང་རྒྱུར་མུ་མཐུད་ཤུགས་སྣོན་རྒྱག་དགོས་པ། སྣོད་བཅུད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུར་མུ་མཐུད་ཤུགས་སྣོན་རྒྱག་དགོས་པ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་བྱ་རྒྱུར་མུ་མཐུད་ཤུགས་སྣོན་རྒྱག་དགོས་པ། “བོད་སྐྱོད་པ་རྒན་གྲས ”ཀྱི་སྙིང་སྟོབས་དར་སྤེལ་གཏོང་རྒྱུར་མུ་མཐུད་ཤུགས་སྣོན་རྒྱག་དགོས་པ། དམ་པ་དོན་གཉེར་དང་གསར་འབྱེད་ཡར་བརྩོན། སྙིང་སྟོབས་རབ་འཕེལ་དང་ལས་དོན་ཏན་ཏིག་སྒྲུབ་པ་བཅས་བྱས་ཏེ་སྤྲོ་སེམས་དེ་བས་ཆེ་བ་དང་། ཡིད་ཆེས་དེ་བས་བརྟན་པ། བྱེད་ཐབས་དེ་བས་ནུས་ལྡན། སྤྱོད་ཚུལ་དེ་བས་ཏན་ཏིག་བཅས་ཀྱི་སྒོ་ནས་ལྗོངས་ཡོངས་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་ལས་དོན་ཁག་སྔར་བས་ཏན་ཏིག་དང་ཡག་པོ་སྒྲུབ་པ་དང་། མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་ཕུལ་དུ་བྱུང་བའི་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།

        ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་སེམས་མཐུན་སྟོབས་སྒྲིལ་བཅས་ཡོད་པར་བརྟེན་མཐུན་སྒྲིལ་དང་། དམངས་གཙོ། འབྱོར་ཕྱུག ཤེས་དཔལ། ཞི་མཐུན་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་བྱེད་པའི་བརྗིད་ཆེའི་དམིགས་ཚད་མངོན་འགྱུར་བྱེད་ཐུབ་ངེས་ཡིན་ལ་བོད་ཀྱི་འབྱུང་འགྱུར་དེ་བས་མཛེས་སྡུག་ལྡན་པ་དང་། དེ་བས་མཚར་སྡུག་རྣམ་པར་བཀྲ་བ། དེ་བས་འོད་སྟོང་ལྡན་པ་བཅས་ཡོང་ངེས་ཡིན་པ་ང་ཚོས་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད།

        ང་ཚོའི་རླབས་ཆེན་མེས་རྒྱལ་དར་རྒྱས་འབྱོར་ཕྱུག་ལྡན་པའི་སྨོན་འདུན་ཞུ།

        ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་བདེ་སྐྱིད་ཁམས་བཟང་དང་བཀྲ་ཤིས་བདེ་ལེགས་ཡོང་བའི་སྨོན་འདུན་ཞུ།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།