“རྒྱལ་གཅེས་དང་། མཐུན་སྒྲིལ། ཞི་མཐུན། གོང་འཕེལ། ཤེས་དཔལ”བཅས་བརྗོད་དོན་གཙོ་བོར་བྱེད་པའི་ལྟེ་བའི་རིན་ཐང་ལྟ་བའི་གཞི་རྩའི་ནང་དོན་ཁོང་དུ་གནད་འཁེལ་ཆུད་པ་བྱེད་དགོས།
རང་སྐྱོང་ལྗོངས་ཏང་ཨུད་སྐབས་བརྒྱད་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་ལྗོངས་ཡོངས་སུ “རྒྱལ་གཅེས་དང་། མཐུན་སྒྲིལ། ཞི་མཐུན། གོང་འཕེལ། ཤེས་དཔལ ”བཅས་བརྗོད་དོན་གཙོ་བོར་བྱེད་པའི་ལྟེ་བའི་རིན་ཐང་ལྟ་བའི་སློབ་གསོའི་ཐབས་ཇུས་གལ་ཆེན་བཏོན་ཡོད། དེ་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་། ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་འཛུགས་སྐྱོང་གི་དངོས་ཡོད་གོམ་སྟབས་དང་ཞིབ་ཕྲའི་བྱེད་སྤྱོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་ཡིན་པས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་མཐུན་སྒྲིལ་དང་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་ཀྱི་བསམ་བློ་ཀུན་སྤྱོད་ཀྱི་རྨང་གཞི་བརྟན་པོ་འཛུགས་རྒྱུ་དང་མཐུན་སྒྲིལ་དང་། དམངས་གཙོ། འབྱོར་ཕྱུག ཤེས་དཔལ། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་སྐྲུན་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད།
“རྒྱལ་གཅེས་དང་། མཐུན་སྒྲིལ། ཞི་མཐུན། གོང་འཕེལ། ཤེས་དཔལ ”བཅས་བརྗོད་དོན་གཙོ་བོར་བྱེད་པའི་ལྟེ་བའི་རིན་ཐང་ལྟ་བས་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ཏེ་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་མཛུབ་ཁྲིད་བྱེད་ཕྱོགས་ལག་བསྟར་ནན་ཏན་བྱས་པ་དང་འབྲེལ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེའི་འཛུགས་སྐྲུན་དང་སྒྱུར་བཅོས་སྒོ་དབྱེའི་རླབས་ཆེའི་ལག་ལེན་དང་རྩ་ཆེའི་ཉམས་མྱོང་ལ་ཕྱོགས་སྡོམ་ནན་ཏན་བྱས་པའི་ཁར་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བར་བོད་ཀྱི་ཁྱད་ཆོས་ལྡན་པ་དང་ཚན་རིག་དང་མཐུན་པའི་སྒོ་ནས་འགྲེལ་བཤད་བྱས་པ་དེས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་བསམ་གཅིག་སྡུད་ཐོག་མངོན་ཡོད་པ་མ་ཟད། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོའི་ཐུན་མོང་གི་རིན་ཐང་དོན་གཉེར་ཡང་གང་ལེགས་མངོན་ཡོད་ལ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་གི་ངོ་བོའི་བླང་བྱ་མངོན་ཁར་བོད་ཀྱི་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་དང་དམིགས་བསལ་གྱི་གནས་ཚུལ་ཡང་མངོན་པའི་ཐོག་བོད་ཀྱི་འདུ་ཤེས་འཛིན་སྟངས་དང་སྔོན་ཐོན་རིག་གནས་འཛུགས་སྐྱོང་གི་འགག་རྩ་དམ་པོར་བཟུང་བ་དེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཚོའི་བསམ་བློའི་རྟེན་སར་འགྱུར་ངེས་ཡིན།
“རྒྱལ་གཅེས་དང་། མཐུན་སྒྲིལ། ཞི་མཐུན། གོང་འཕེལ། ཤེས་དཔལ ”བཅས་ཀྱི་ཚིག་ལྔ་དང་ཡིག་འབྲུ་བཅུ་ཡི་ནང་དོན་ཕུན་སུམ་ཚོགས་པ་དང་གོ་དོན་གཏིང་ཟབ་པའི་ཁར་གཅིག་ལ་གཅིག་འབྲེལ་ཞིག་ཡིན།
“རྒྱལ་གཅེས ”ནི་ལྟེ་བ་ཡིན་ཞིང་། རྒྱལ་གཅེས་ནི་སྤྱི་དམངས་ཚང་མའི་འོས་འགན་དང་གཞི་རྩའི་བྱ་སྤྱོད་ཀྱི་ཚད་གཞི་ཞིག་ཡིན། བོད་དུ་རྒྱལ་གཅེས་ཀྱི་གཞི་རྩའི་བླང་བྱ་ནི་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་རྒྱལ་གཅེས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཏེ་ཀྲུང་གོ་གུང་ཁྲན་ཏང་ལ་དགའ་ཞེན་དང་སྤྱི་ཚོགས་རིང་ལུགས་ཀྱི་མེས་རྒྱལ་ལ་དགའ་ཞེན་བྱེད་པའི་ཐོག་རྒྱལ་ཁབ་ཀྱི་ཁེ་ཕན་དེ་ཐམས་ཅད་ལས་ལྷག་པར་བརྩིས་ནས་མེས་རྒྱལ་གཅིག་གྱུར་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་དགོས་པ་དང་། “མོས་སེམས་བཞི ”རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་ཀྲུང་ཧྭ་མི་རིགས་ཀྱི་རྒྱུ་མང་གཞི་གཅིག་ཅན་གྱི་རྒྱལ་ཁབ་ཀྱི་ལྟ་བ་མཐའ་འཁྱོངས་བྱེད་པ་དང་བོད་ནི་གནའ་སྔ་མོ་ནས་བཟུང་མེས་རྒྱལ་དང་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པའི་བསམ་བློ་བརྟན་པོ་འཛུགས་པའི་ཐོག་རླབས་ཆེའི་མེས་རྒྱལ་ལ་མོས་སེམས་དང་། ཀྲུང་ཧྭ་མི་རིགས་ལ་མོས་སེམས། ཀྲུང་ཧྭའི་རིག་གནས་ལ་མོས་སེམས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་མོས་སེམས་བཅས་བྱེད་ཤུགས་ཆེ་རུ་ཏན་ཏིག་གཏོང་བ། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཁ་ཕྲལ་ལ་ངོ་རྒོལ་བྱས་ཏེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་རྩ་དོན་གལ་ཆེན་གྱི་གནད་དོན་ཐོག་སྔ་ཕྱི་བར་གསུམ་དུ་ལངས་ཕྱོགས་བརྟན་པོ་དང་། ངོས་འཛིན་གཅིག་གྱུར། ཁ་ཞེ་གཉིས་མེད། རྣམ་འགྱུར་བརྟན་པོ། གོམ་སྟབས་གཅིག་མཐུན་བཅས་བྱེད་པ་དང་ཏཱ་ལའི་རུ་ཚོགས་ཀྱི་ཁ་ཕྲལ་སིམ་འཛུལ་དང་གཏོར་བཤིག་གི་བྱེད་སྤྱོད་དང་འཐབ་རྩོད་མཐའ་གཅིག་ཏུ་བྱས་ནས་སྟོང་བསམ་སྤུ་ཙམ་ཡང་མི་འཆང་བ་དང་། ལྷོད་གཡེང་སྤུ་ཙམ་ཡང་མི་བྱེད་པ། གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ། ཟ་རི་ཟི་རི་སྤུ་ཙམ་ཡང་མི་བྱེད་པ། ཐོབ་རེ་ཤོར་རེ་སྤུ་ཙམ་ཡང་མི་བྱེད་པ་བཅས་བྱ་རྒྱུ་དེ་ཡིན།
“མཐུན་སྒྲིལ ”ནི་རྨང་གཞི་ཡིན་ཞིང་། མཐུན་སྒྲིལ་བྱས་ན་གོང་བུ་འགྲིལ་ཤུགས་དང་དམག་འཐབ་ཀྱི་ནུས་པ་ཐོན་གྱི་ཡོད་པས་མཐུན་སྒྲིལ་ནི་སྟོབས་ཤུགས་ཤིག་རེད། བོད་དུ་མཐུན་སྒྲིལ་གྱི་གཞི་རྩའི་བླང་བྱ་ནི་ཆབ་སྲིད་དང་བསམ་བློའི་ཐོག་ནས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འགྲོ་ལམ་གྱི་ཕུགས་བསམ་དང་དད་སེམས་བཅས་བརྟན་དུ་བཏང་ནས་ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་བཅས་དང་ཐབས་ཇུས་བཀོད་སྒྲིག་ཁག་ལག་ལེན་ནན་ཏན་བསྟར་བ་དང་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ནས་ཆབ་སྲིད་དང་། བསམ་བློ། བྱ་སྤྱོད་བཅས་ཀྱི་ཐོག་ནས་ཐོག་མཐའ་བར་གསུམ་དུ་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རང་རྟོགས་ངང་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་པ་བཅས་བྱེད་དགོས། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་བྱེད་པ་དང་། ཏང་གི་མི་རིགས་སྲིད་ཇུས་ལག་ལེན་ནན་ཏན་བསྟར་བ། ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བ་བྱེད་པའི་བརྗོད་བྱ་གཙོ་བོ་དེ་ཁོང་དུ་བརྟན་པོ་ཆུད་པ་བྱེད་པ། “ཁ་འབྲལ་ཐབས་མེད་པ་གསུམ ”གྱི་བསམ་བློ་བརྟན་པོ་འཛུགས་པ། མི་རིགས་མཐུན་སྒྲིལ་དང་ ཡར་ཐོན་གསར་གཏོད་བྱེད་པའི་བྱེད་སྒོ་ཡུན་རིང་དང་གཏིང་ཟབ་སྤེལ་བ་བཅས་བྱས་ནས་མི་རིགས་ཁག་བློ་གཅིག་སེམས་གཅིག་དང་། སེམས་པ་གཅིག་ཕྱོགས། སེམས་པ་དང་བྱ་སྤྱོད་གཅིག་གྱུར་བཅས་ཡོང་བ་དང་དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིག་གཏད་བཅས་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ཏང་དང་མང་ཚོགས་དབར་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མི་རྩ་བར་འཛིན་པ་དང་དམངས་ཆེད་སྲིད་སྐྱོང་བྱ་རྒྱུ་མཐའ་འཁྱོངས་ཀྱིས་བློ་གཅིག་སེམས་གཅིག་ངང་མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་ཐོག་མཐའ་བར་གསུམ་དུ་ལག་ལེན་བསྟར་བ་དང་ཐབས་བརྒྱ་ཇུས་སྟོང་ངང་མི་རིགས་ཁག་གི་མང་ཚོགས་ལ་དོན་དངོས་དང་དོན་བཟང་སྒྲུབ་པ་དང་དཀའ་གནད་བསལ་ནས་ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས་བྱེད་དགོས། དམག་སྲིད་དང་དམག་དམངས་དབར་གྱི་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་གཉིས་བཀུར་མཉམ་གཏོད་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་། དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས་ཀྱི་གཟི་བརྗིད་སྲོལ་རྒྱུན་དར་སྤེལ་ཤུགས་ཆེན་གཏོང་བ། དམག་དམངས་དབར་གྱི་ཉ་ཆུ་ལྟ་བུའི་བརྩེ་སེམས་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་བ་བཅས་བྱས་ནས་དམག་གིས་དམངས་ལ་གཅེས་པ་དང་དམངས་ཀྱིས་དམག་ལ་བཀུར་ནས་ དམག་དམངས་མཐུན་སྒྲིལ་མི་གཅིག་ལྟར་ཡོང་བ་བྱེད་དགོས། སྤྱི་ཚོགས་ཡོངས་ཀྱི་མཐུན་སྒྲིལ་ཆེ་མོར་ཤུགས་སྣོན་བརྒྱབ་ནས་དུས་སྐབས་གསར་པའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་རྒྱུན་ཆད་མེད་པར་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དང་མི་རིགས་ཁག་དང་། རིམ་པ་ཁག ཕྱོགས་ཁག་བཅས་ཀྱི་མཉམ་འབྲེལ་ཆེ་མོ་དང་མཐུན་སྒྲིལ་ཆེ་མོར་ཤུགས་སྣོན་བརྒྱབ་སྟེ་ཐུན་མོང་ཐོག་བོད་ཀྱི་བརྟན་ལྷིང་དང་མཐུན་སྒྲིལ་གྱི་ཆབ་སྲིད་རྣམ་པ་དེ་སྲུང་སྐྱོང་བྱེད་དགོས་པ་བཅས་རེད།
“ཞི་མཐུན ”ནི་གཞི་རྩ་ཡིན་ཞིང་། ཞི་མཐུན་ནི་ཀྲུང་ཧྭ་རིག་གནས་ཀྱི་གཞི་རྩའི་སྙིང་སྟོབས་དང་སྤྱི་ཚོགས་ཤེས་དཔལ་དང་ཡར་ཐོན་ཡོང་བའི་རྨང་གཞི་གལ་ཆེན་ཞིག་རེད། བོད་དུ་ཞི་མཐུན་གྱི་གཞི་རྩའི་བླང་བྱ་ནི་རྒྱལ་ཁབ་ཀྱི་བདེ་འཇགས་འགན་ལེན་བྱས་ཏེ་དར་ཆ་གསལ་སྟོན་ངང་རྒྱལ་ཁབ་ཀྱི་བདག་དབང་དང་། མེས་རྒྱལ་གཅིག་གྱུར། མངའ་ཁོངས་ཆ་ཚང་བཅས་སྲུང་སྐྱོང་བྱེད་པ་དང་ནུས་ཤུགས་ཡོད་རྒུས་མཐའ་མཚམས་ཀྱི་བདེ་འཇགས་དང་མཐའ་མཚམས་ཀྱི་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས། ཁྱོན་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་བྱས་ནས་བརྟན་ལྷིང་ནི་མཐའ་དག་ལས་ལྷག་པའི་བསམ་བློ་བརྟན་པོར་བཙུགས་ནས་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་ལྡོག་མེད་ཀྱི་ལས་འགན་དང་འགན་འཁྲི་ཨང་དང་པོར་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་ངོས་འཛིན་དམིགས་སར་འབྱོར་བ་དང་། འགན་འཁྲི་དམིགས་སར་འབྱོར་བ། ལས་དོན་དམིགས་སར་འབྱོར་བ། བྱ་ཐབས་དམིགས་སར་འབྱོར་བ་བཅས་བྱས་ཏེ་སྤྱི་ཚོགས་ཁྱོན་ཡོངས་ཞི་མཐུན་དང་བརྟན་ལྷིང་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས།
ཆོས་ལུགས་འཚམ་མཐུན་ཡོང་བར་སྐུལ་འདེད་བཏང་ནས་ཏང་གི་ཆོས་ལུགས་སྲིད་ཇུས་དང་རྒྱལ་ཁབ་ཀྱིས་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་ནན་ཏན་བྱས་ཏེ་དགོན་སྡེ་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་དེ་ལེགས་སུ་གཏོང་བ་དང་། དགོན་སྡེའི་སྤྱི་པའི་ཞབས་ཞུ་ལེགས་སུ་གཏོང་བ། བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་དང་། སྒྲིག་བཀུར་ཁྲིམས་སྲུང་། སྡིག་སྤོང་དགེ་སྒྲུབ། ཞི་མཐུན་གོང་བཀུར། ཞི་བདེར་རེ་སྨོན་བཅས་ཀྱི་ཕུལ་བྱུང་སྲོལ་རྒྱུན་དར་སྤེལ་ཤུགས་ཆེན་བཏང་ཐོག་བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་དགོས། སྤྱི་ཚོགས་ཞི་མཐུན་ལ་སྐུལ་འདེད་བཏང་ནས་དམངས་གཙོའི་ཁྲིམས་སྐྱོང་དང་། དྲང་གཞག་དྲང་བདེན། ཁ་དན་ཚིག་གནས་དང་མཛའ་མཐུན། གསོན་ཤུགས་ཀྱིས་ཁེངས་པ། བརྟན་ལྷིང་དང་གོ་རིམ་ལྡན་པ་བཅས་ཀྱི་བླང་བྱ་གཞིར་བཟུང་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་ཞི་མཐུན་བོད་ལྗོངས་མཉམ་སྐྲུན་བྱ་རྒྱུར་ཁྲིད་སྟོན་བྱས་ཐོག་མི་དང་མིའི་དབར་དང་། མི་དང་སྤྱི་ཚོགས་དབར། མི་དང་རང་བྱུང་ཁམས་དབར་བཅས་ཞི་མཐུན་ཡོང་ཐབས་ཧུར་ཐག་བྱེད་དགོས་པ་བཅས་རེད།
“གོང་འཕེལ ”གཏོང་རྒྱུ་དེ་འགག་རྩ་ཡིན་ཞིང་། འཕེལ་རྒྱས་ནི་ལྡོག་མེད་གནས་ལུགས་དང་ལས་འགན་གལ་ཆེན་ཨང་དང་པོ་དེ་རེད། བོད་དུ་འཕེལ་རྒྱས་གཏོང་བའི་གཞི་རྩའི་བླང་བྱ་ནི། ཚན་རིག་དང་མཐུན་པའི་ངང་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་ཚན་རིག་དང་མཐུན་ པའི་གོང་འཕེལ་ལྟ་བས་གཅིག་འདོམས་བྱས་ཏེ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་གཏོད་དང་། འཕེལ་རྒྱས་ཀྱི་ཁ་ཕྱོགས་འགྱུར་ལྡོག་གཏོང་བ། ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ལམ་བུར་བསྐྱོད་རྒྱུ་མཐའ་འཁྱོངས་བྱེད་པ་བཅས་བྱེད་ཐོག་ཁྱོན་ཡོངས་དང་། མཐུན་སྦྱོར། རྒྱུན་བསྲིང་་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་དང་། མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་མཐའ་འཁྱོངས་ཀྱིས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་དཔལ་འབྱོར་དེ་བས་ལེགས་པ་དང་། དེ་བས་མྱུར་བ། དེ་བས་ཆེ་བ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཡོང་ཐབས་ཧུར་ཐག་བྱེད་ཐོག་2020ལོར་སླེབས་སྐབས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་བརྗིད་ཆེའི་དམིགས་ཚད་མངོན་འགྱུར་ཐུབ་པའི་འགན་ལེན་བྱེད་དགོས་པ། དུས་བདེའི་ངང་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་འཕེལ་རྒྱས་དང་བརྟན་ལྷིང་གི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ་འཕེལ་རྒྱས་དང་བརྟན་ལྷིང་གཅིག་གྱུར་བྱས་ནས་བརྟན་ལྷིང་གཙོ་ཆེར་འཛིན་པ་དང་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་སྔོན་ལ་བསྒྲུབས་ཐོག་སྤྱི་ཚོགས་ཀྱི་ཁྱོན་ཡོངས་བརྟན་པོ་ཡོང་བ་བྱེད་པའི་ཁྲོད་འཕེལ་རྒྱས་དོན་གཉེར་དང་། འཕེལ་རྒྱས་ལ་དམ་འཛིན། འཕེལ་རྒྱས་ལ་སྐུལ་གཏོང་བཅས་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ། ཞི་མཐུན་ངང་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་ས་ཁོངས་དང་། གྲོང་ཁྱེར་གྲོང་གསེབ། དཔལ་འབྱོར་དང་སྤྱི་ཚོགས་བཅས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བར་གཅིག་གྱུར་འཆར་འགོད་བྱས་ཏེ་མགྱོགས་མྱུར་འཕེལ་རྒྱས་དང་དམངས་འཚོ་ལེགས་སུ་གཏོང་བའི་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་ཐོག་འཕེལ་རྒྱས་ཁྲོད་མི་དམངས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་མི་རིགས་ཁག་གི་མི་དམངས་ཀྱིས་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་དུ་ལོངས་སྤྱོད་ཐུབ་པ་བྱེད་དགོས་པ་བཅས་རེད།
“ཤེས་དཔལ ”ནི་མཚོན་རྟགས་ཤིག་ཡིན་ཞིང་། ཤེས་དཔལ་ཡར་ཐོན་ནི་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོ་ཞིག་དང་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་འདོད་འདུན་དང་བླང་བྱ་ཞིག་རེད། བོད་དུ་ཤེས་དཔལ་གྱི་གཞི་རྩའི་བླང་བྱ་ནི། དངོས་པོའི་དཔལ་ཡོན་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་དཔལ་འབྱོར་འཛུགས་སྐྲུན་བྱ་རྒྱུ་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་སྤྱི་ཚོགས་ཁྱོན་ཡོངས་ནས་ཡར་ཐོན་ཡོང་བར་སྲ་ཞིང་བརྟན་པའི་དངོས་པོའི་རྨང་གཞི་འདིང་དགོས་པ་དང་། ཆབ་སྲིད་ཀྱི་དཔལ་ཡོན་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་གཏོང་བའི་འགྲོ་ལམ་མཐའ་འཁྱོངས་དང་། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་གཞི་རྩའི་རྒྱལ་སྐྱོང་ཐབས་ཇུས་མཐའ་འཁྱོངས། ཚན་རིག་དང་མཐུན་པའི་སྲིད་སྐྱོང་དང་། དམངས་གཙོའི་སྲིད་སྐྱོང་། ཁྲིམས་ལྟར་སྲིད་སྐྱོང་བཅས་མཐའ་འཁྱོངས་བྱས་ཐོག་དམངས་གཙོའི་ཁྲིམས་སྐྱོང་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་སྟེ་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ། བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་ཀྱིས་ཏང་ཡོན་དང་ལས་བྱེད་པ་དང་མི་རིགས་ཁག་གི་མང་ཚོགས་ཀྱི་བསམ་བློར་དྲག་ཆས་སྤྲས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་འཛུགས་པ་དང་། མར་ཁེ་སི་རིང་ལུགས་ཀྱི “ལྟ་བ་བཞི ”དང “སྨྲ་བ་གཉིས ”ཀྱི་སློབ་གསོ་གཏིང་ཟབ་སྤེལ་བ། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས ”དར་སྤེལ་ཤུགས་ཆེན་གཏོང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་གཟི་ཁྲེལ་ལྟ་བ་དར་སྤེལ་བཏང་ནས་དམངས་ཡོངས་ཀྱི་ཚན་རིག་དང་རིག་གནས་བྱང་ཚད་དང་བསམ་བློ་ཀུན་སྤྱོད་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་དང་སྤྱི་ཚོགས་ཡོངས་ཀྱི་ཤེས་དཔལ་ཚད་གཞི་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་པ། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་སྣོད་བཅུད་འདུ་ཤེས་ཟབ་ཏུ་ཏན་ཏིག་གཏོང་བ་དང་། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད་པ། སྣོད་བཅུད་བདེ་འཇགས་སྲུང་ཡོལ་དང་འཛུགས་སྐྲུན་འཆར་འགོད་ལག་བསྟར་ནན་ཏན་བྱེད་པ། སྣོད་བཅུད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། འཁོར་རྒྱུག་དཔལ་འབྱོར་འཕེལ་རྒྱས་གཏོང་བ་བཅས་བྱས་ཐོག་གངས་ལྗོངས་ས་མཐོའི་རྩྭ་དང་རྩི་ཤིང་རེ་རེ་བཞིན་དང་རི་ཀླུང་ཀུན་སྲུང་སྐྱོང་ཡག་པོ་བྱེད་དགོས་པ་བཅས་རེད།
རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཚད་མཐོའི་མཐོང་ཆེན་བྱས་ནས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་གྱིས “རྒྱལ་གཅེས་དང་། མཐུན་སྒྲིལ། ཞི་མཐུན། གོང་འཕེལ་། ཤེས་དཔལ ”བཅས་བརྗོད་དོན་གཙོ་བོར་བྱེད་པའི་ལྟེ་བའི་རིན་ཐང་ལྟ་བའི་སློབ་གསོ་གཏོང་རྒྱུ་དེ་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་དམ་འཛིན་ཏན་ཏིག་བྱེད་པ་དང་བྱ་ཐབས་སྣ་ཚོགས་སྤྱད་དེ་སློབ་གསོར་ཤུགས་སྣོན་རྒྱག་པ་དང་། དྲིལ་བསྒྲགས་ཤུགས་ཆེན་བྱེད་པ། ཁྲིད་སྟོན་ཡང་དག་བྱེད་པ་བཅས་བྱས་ཐོག་དེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་རིན་ཐང་གི་ཁྲིད་སྟོན་དང་། ཐུན་མོང་གི་དོན་གཉེར། བྱ་སྤྱོད་ཀྱི་རྩ་དོན། རང་རྟོགས་ཀྱི་བྱ་སྤྱོད་བཅས་སུ་འགྱུར་བ་བྱས་ཐོག་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བ་དང་འབྱོར་འབྲིང་བོད་ལྗོངས་དང་། དུས་བདེའི་བོད་ལྗོངས། ཞི་མཐུན་བོད་ལྗོངས། སྣོད་བཅུད་བཟང་བའི་བོད་ལྗོངས་བཅས་བསྐྲུན་པའི་བསམ་པའི་སྟོབས་ཤུགས་ཆེན་པོ་གཅིག་སྡུད་བྱེད་དགོས།
འགན་འཁུར་རྩོམ་སྒྲིག་པ། admin
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣