《རིག་གནས་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་ཆེན་པོ་དང་དར་རྒྱས་ཆེན་པོ་ཡོང་རྒྱུར་སྐུལ་མ་གཏོང་རྒྱུའི་གནད་དོན་གལ་ཆེན་འགའ་ཞིག་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས》ལག་བསྟར་དོན་འཁྱོལ་བྱ་རྒྱུའི་ལག་བསྟར་བསམ་འཆར།
ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་ཆེད་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པའི་བཀོད་སྒྲིག་ལྟར 《རིག་གནས་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་ཆེན་པོ་དང་དར་རྒྱས་ཆེན་པོ་ཡོང་རྒྱུར་སྐུལ་མ་གཏོང་རྒྱུའི་གནད་དོན་གལ་ཆེན་འགའ་ཞིག་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས 》ལ་གཞིགས་ཏེ་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་གཤམ་གསལ་ལག་བསྟར་བསམ་འཆར་འདི་གཏན་ལ་ཕབ་པ་ཡིན།
གཅིག ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ཀྱི་རིག་གནས་འཕེལ་རྒྱས་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ནས་རང་ལྗོངས་འདི་ཉིད་རིག་གནས་ཀྱི་ཐོན་ཁུངས་ལྗོངས་ཆེན་ནས་རིག་གནས་འཕེལ་རྒྱས་ཀྱི་སྟོབས་ཆེའི་ལྗོངས་སུ་འགྱུར་རྒྱུར་སྐུལ་མ་གཏོང་དགོས།
( གཅིག ) མཛུབ་ཁྲིད་བསམ་བློ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན་བཅས་མཛུབ་ཁྲིད་དུ་བྱེད་པ། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། ཏང་གི་ཚོགས་ཆེན་བཅུ་བདུན་པ་དང་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སྒོ་ཀུན་ནས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི “བདུན་གཅིག ”གི་གསུང་བཤད་གལ་ཆེན་དང་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པའི་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་དང་ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་བོད་ཞི་བས་བཅིངས་འགྲོལ་ཐོབ་ནས་ལོ་60འཁོར་བའི་རྟེན་འབྲེལ་མཛད་སྒོར་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་བཅས་བྱས་ཏེ་ཏང་ཀྲུང་དབྱང་གིས་གསལ་པོར་བཏོན་གནང་བའི “ལྟེ་བ་གཅིག ”དང “དོན་ཆེན་གཉིས ”“འགན་ལེན་བཞི ”བཅས་ལ་དམ་པོར་དམིགས་ཏེ་སྤྱི་ཚོགས་རིང་ལུགས་སྔོན་ཐོན་རིག་གནས་ཀྱི་མདུན་སྐྱོད་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་རིག་གནས་དང་བོད་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་ཤུགས་ཆེན་བཏང་ཐོག་ཚན་རིག་དང་མཐུན་པའི་གོང་འཕེལ་བརྗོད་བྱ་གཙོ་བོ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་འཛུགས་སྐྲུན་བྱ་རྒྱུའི་རྩ་བའི་ལས་འགན། འདུ་ཤེས་འཛིན་སྟངས་དང་རིག་གནས་ཁྱབ་ཁོངས་ཀྱི་བདེ་འཇགས་སྲུང་སྐྱོང་བྱ་རྒྱུའི་འགན་འཁྲི་གལ་ཆེ། མི་རིགས་ཁག་གི་མི་དམངས་ཀྱི་བསམ་པ་དང་རིག་གནས་ཀྱི་དགོས་མཁོ་སྐོང་རྒྱུ་འགོ་འཛུགས་ས་དང་དོན་ལ་བབས་ས། སྒྱུར་བཅོས་དང་གསར་གཏོད་སྒུལ་ཤུགས་བཅས་སུ་བརྩིས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་གི་ཁྲིད་སྟོན་ནུས་པ་དང་། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་དམག་འཐབ་ནུས་པ། བསམ་བློ་དང་གླེང་ཕྱོགས་གཙོ་རྒྱུན་གྱི་བརྒྱུད་སྤེལ་ནུས་པ། སྤྱི་པའི་རིག་གནས་ཀྱི་ཞབས་ཞུའི་ནུས་པ། ཁྱད་ལྡན་རིག་གནས་ཐོན་ལས་ཀྱི་འགྲན་རྩོད་ནུས་པ། སྤྱི་ཚོགས་རིང་ལུགས་ཀྱི་བསམ་པ་དང་རིག་གནས་ཐོན་རྫས་ཀྱི་མཁོ་སྤྲོད་ནུས་པ་བཅས་ཆེ་རུ་ཧུར་ཐག་བཏང་ནས་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཀྱི་ཆེད་དུ་བསམ་བློའི་འགན་ལེན་དང་། བསམ་པའི་སྒུལ་ཤུགས། གླེང་ཕྱོགས་ཀྱི་རྒྱབ་སྐྱོར། རིག་གནས་ཀྱི་ཆ་རྐྱེན་བཅས་མཁོ་འདོན་བྱེད་དགོས།
(གཉིས ) སྤྱི་ཡོངས་ཀྱི་དམིགས་ཚད། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་འཛུགས་སྐྲུན་ལ་སྐུལ་མ་གཏིང་ཟབ་བཏང་སྟེ་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭ་རིག་གནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་བཅས་ལ་མི་རིགས་ཁག་གི་མི་དམངས་ཚོས་འཛིན་པའི་མོས་སེམས་ཆེ་རུ་བཏང་ནས་བསམ་བློ་ཀུན་སྤྱོད་ཀྱི་ཆུ་ཚད་དང་སྤྱི་ཚོགས་ཤེས་དཔལ་དར་ཚད་མངོན་གསལ་དོད་པོས་མཐོ་རུ་གཏོང་དགོས་པ་དང་། ཁ་ཕྲལ་ལ་ངོ་རྒོལ་དང་བརྟན་ལྷིང་སྲུང་སྐྱོང་གི་བསམ་བློའི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་བཏང་སྟེ་འདུ་ཤེས་འཛིན་སྟངས་དང་རིག་གནས་ཁྱབ་ཁོངས་བདེ་འཇགས་ཡོང་རྒྱུར་སྲུང་སྐྱོང་ནུས་ལྡན་བྱེད་དགོས་པ། དེང་རབས་བརྒྱུད་སྤེལ་མ་ལག་ཉིན་བཞིན་འཐུས་ཚང་དུ་དང་གཙོ་རྒྱུན་སྨྱན་སྦྱོར་འཛུགས་སྐྲུན་ལ་ཤུགས་སྣོན་ཏན་ཏིག་རྒྱག་དགོས་པ། གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པའི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཐུས་ཚང་དུ་བཏང་ནས་སྤྱི་པའི་རིག་གནས་ཞབས་ཞུ་ཆ་སྙོམས་ཅན་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དང་སྙོམས་པ་བྱེད་དགོས་པ། དངོས་པོ་དང་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ནུས་ལྡན་བྱས་ནས་མི་རིགས་ཀྱི་ཕུལ་བྱུང་དང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས་པ། རིག་གནས་སྒྲིག་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་ཧུར་ཐག་དང་བརྟན་པོ་བཏང་ནས་ཕྱི་ཕྱོགས་ལ་རིག་གནས་སྤེལ་རེས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ། ཁྱད་ལྡན་རིག་གནས་ཐོན་ལས་འཕེལ་རྒྱས་དང་སྟོབས་ཆེར་བཏང་ནས་རིག་གནས་འཕེལ་རྒྱས་ཀྱི་གསོན་ཤུགས་ཆེ་རུ་ཏན་ཏིག་གཏོང་དགོས་པ། རིག་གནས་ཀྱི་གསར་རྩོམ་དེ་བས་གྲ་རྒྱས་ཡོང་བ་བྱས་ཏེ་མི་དམངས་ལ་མཁོ་བའི་རིག་གནས་ཀྱི་བརྩམས་ཆོས་དེ་བས་ཕུན་སུམ་ཚོགས་པོ་ཡོང་བ་བྱེད་དགོས་པ། རིག་གནས་ཀྱི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་སྟེ་རིག་གནས་དར་རྒྱས་དང་འཕེལ་རྒྱས་འགྲོ་བའི་ཤེས་ལྡན་མི་སྣའི་འགན་ལེན་དེ་བས་ནུས་ལྡན་ཞིག་ཡོང་བ་བྱེད་དགོས། “ལོ་ལྔ་ཚན་བཅུ་གཉིས་པའི ”ལོ་མཇུག་ཏུ་རིག་གནས་ཐོན་ལས་ཀྱི་གནས་ཐང་འཕར་བའི་རིན་ཐང་གིས་ཐོན་སྐྱེད་སྤྱིའི་ཐོན་རྫས་རིན་ཐང་ནང་བཟུང་བའི་བསྡུར་ཚད་བརྒྱ་ཆ་གསུམ་ཡན་ལོན་པ་དང་རིམ་བཞིན་ཀ་རྟེན་ཐོན་ལས་སུ་འགྱུར་བ་བྱས་ནས་རང་ལྗོངས་འདི་ཉིད་རིག་གནས་ཐོན་ཁུངས་ཀྱི་ལྗོངས་ཆེན་ནས་རིག་གནས་འཕེལ་རྒྱས་ཀྱི་སྟོབས་ཆེའི་ལྗོངས་སུ་འགྱུར་བའི་འཐབ་ཇུས་ཀྱི་འགྱུར་ལྡོག་ལ་སྐུལ་མ་གཏོང་དགོས།
གཉིས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་འཛུགས་སྐྲུན་ལ་སྐུལ་མ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་མི་རིགས་ཁག་གི་མི་དམངས་ཚོའི་མཐུན་སྒྲིལ་འབད་འཐབ་ཀྱི་ཐུན་མོང་གི་བསམ་བློ་དང་ཀུན་སྤྱོད་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས།
(གསུམ ) ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲོས་རྒྱུར་ཤུགས་སྣོན་རྒྱག་དགོས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་མ་ལག་གིས་རྒྱ་ཆེའི་ཏང་ཡོན་ལ་དྲག་ཆས་སྤྲོས་པ་དང་། ལས་བྱེད་པ་དང་མང་ཚོགས་ལ་སློབ་གསོ་བཏང་སྟེ་སློབ་སྦྱོང་རྣམ་པའི་ཏང་རྩ་འཛུགས་དང་སློབ་སྦྱོང་རྣམ་པའི་འགོ་ཁྲིད་ཚན་ཁག་འཛུགས་རྒྱུར་དམིགས་ཏེ་རིམ་ཁག་ཏང་ཨུད (ཏང་ཚོགས་ཆུང )ཀྱི་ལྟེ་བའི་ཚོགས་ཆུང་དང་། ཏང་ཡོན་དང་ལས་བྱེད་པའི་སློབ་སྦྱོང་དང་དཔྱད་ཞིབ་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རིགས་པའི་གཞུང་ལུགས་ཁྱབ་སྤེལ་གཏོང་བའི་འཆར་གཞི་ལག་ལེན་བསྟར་བ་དང་རང་སྐྱོང་ལྗོངས་དང་། ས་ཁུལ (གྲོང་ཁྱེར ) རྫོང (གྲོང་ཁྱེར་དང་ཆུས )བཅས་རིམ་གསུམ་སྒྲོག་འགྲེལ་དྲ་བ་བཙུགས་ནས་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བའི “ཁྱབ་པ་གསུམ ”(སློབ་དེབ་ནང་ཁྱབ་པ་དང་། སློབ་ཁང་དུ་ཁྱབ་པ། བསམ་བློར་ཁྱབ་པ )བཅས་ཀྱི་ལས་དོན་ལ་སྐུལ་མ་ཤུགས་ཆེན་གཏོང་དགོས། མར་ཁེ་སི་རིང་ལུགས་ཀྱི “ལྟ་བ་བཞི ”དང “སྨྲ་བ་གཉིས ”ཀྱི་སློབ་གསོ་གཏིང་ཟབ་བཏང་ནས་ཏང་ཡོན་དང་ལས་བྱེད་པའི་ཕུགས་བསམ་དད་སེམས་སྔར་བས་བརྟན་དུ་གཏོང་དགོས། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གསར་གཏོད་འཕེལ་རྒྱས་ཡོང་རྒྱུར་སྐུལ་མ་བཏང་སྟེ་མར་ཁེ་སི་རིང་ལུགས་ཀྱི་མི་རིགས་རིགས་པའི་གཞུང་ལུགས་དང་། ཆོས་ལུགས་ཀྱི་རིགས་པའི་གཞུང་ལུགས། བོད་རིག་པའི་རིགས་པའི་གཞུང་ལུགས་བཅས་ལ་ཞིབ་འཇུག་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།
(བཞི ) བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོ་གཏིང་ཟབ་ཏུ་གཏོང་དགོས། རྒྱལ་གཅེས་རིང་ལུགས་སྲོག་ཤིང་དུ་གྱུར་པའི་ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་དང་། སྒྱུར་བཅོས་གསར་གཏོད་སྲོག་ཤིང་དུ་གྱུར་པའི་དུས་རབས་ཀྱི་སྙིང་སྟོབས། དཀའ་སྤྱད་འབད་འཐབ་སྲོག་ཤིང་དུ་གྱུར་པའི “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས ”དར་སྤེལ་ཤུགས་ཆེན་བཏང་སྟེ་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་རྒྱུ་མཐའ་འཁྱོངས་དང་རྒྱལ་གཅེས་དང་། མཐུན་སྒྲིལ། ཞི་མཐུན། འཕེལ་རྒྱས། ཤེས་དཔལ་བཅས་བརྗོད་བྱ་གཙོ་བོར་བྱེད་པའི་ལྟེ་བའི་རིན་ཐང་མ་ལག་གི་སློབ་གསོ་གཏིང་ཟབ་ཏུ་གཏོང་དགོས། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་ནས་སྤྱི་ཚོགས་གསར་ཪྙིང་བསྡུར་ཏེ་ཏང་གི་བཀའ་དྲིན་ཚོར་བ་དང་ཏང་གི་རྗེས་སུ་འབྲངས་དགོས་པའི་སློབ་གསོ་གཏིང་ཟབ་ཏུ་གཏོང་དགོས། ཀྲུང་དབྱང་སྲིད་གཞུང་རིམ་བྱོན་གྱིས་བོད་ལྗོངས་ནུས་ལྡན་སྐྱོང་བའི་ལོ་རྒྱུས་རྗེས་ཤུལ་དང་། ཉེ་རབས་དང་དེང་རབས་ཀྱི་ལོ་རྒྱུས་རྗེས་ཤུལ་གལ་ཆེན་དང་གསར་བརྗེའི་རྗེས་ཤུལ་སྔོག་འདོན་བྱས་ནས་ཀྲུང་གོ་གུང་ཁྲན་ཏང་གི་བོད་ཀྱི་ལོ་རྒྱུས་ཀྱི་དྲན་གསོ་ཁང་དང་བོད་སྡོད་ཀྲུང་དབྱང་གི་སྐུ་ཚབ་ཁྲུའུ་སོགས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིའི་འཛུགས་སྐྲུན་རྣམ་གྲངས་དམ་འཛིན་ཡག་པོ་བྱེད་པ་དང་། ལྗོངས་ཡོངས་སུ་ཁྱབ་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིའི་དྲ་བ་བཙུགས་ནས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་མེས་རྒྱལ་ལ་དགའ་ཞེན་བྱས་ན་གཟི་བརྗིད་དང་མེས་རྒྱལ་གཏོར་བཤིག་བཏང་ན་ཞེ་ཁྲེལ་དགོས་པའི་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ་རྒྱལ་གཅེས་རིང་ལུགས་དང་། མཉམ་སྡེབ་རིང་ལུགས། སྤྱི་ཚོགས་རིང་ལུགས་བཅས་ཀྱི་བསམ་བློ་བརྟན་པོ་འཛུགས་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་དང་གསར་གཏོད་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་རང་སྐྱོང་ལྗོངས་ཀྱིས་ལོ་ལྟར་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་ཐེངས་རེ་འཚོག་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ་དང་དཔེ་བཟང་མི་སྒེར་ལ་གཟེངས་བསྟོད་ཤུགས་ཆེན་བྱས་ཏེ་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོར “ཁ་འབྲལ་ཐབས་མེད་པ་གསུམ ”གྱི་བསམ་བློ་བརྟན་པོ་འཛུགས་རྒྱུའི་སློབ་གསོ་གཏོང་བ་དང་ཁྲིད་སྟོན་བྱས་ཏེ་མི་རིགས་གུ་དོག་གི་འདུ་ཤེས་སྣ་ཚོགས་རང་རྟོགས་ངང་བཀག་འགོག་དང་མི་རིགས་ཁ་ཕྲལ་གྱི་འདུ་ཤེས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ཏེ་མི་རིགས་ཁག་དབུགས་ལམ་གཅིག་གྱུར་དང་། སྐྱིད་སྡུག་མཉམ་མྱོང་། གཅིག་སེམས་གཅིག་སྦྲེལ་བཅས་ལ་སྐུལ་མ་བཏང་སྟེ་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བ་བྱེད་དགོས་པ། “བོད་སྐྱོད་པ་རྒན་གྲས ”ཀྱི་སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་ནས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོར་སྡུག་བསྲན་ཁྱད་པར་ཐེག་པ་དང་དམག་འཐབ་ཁྱད་པར་འཇོན་པ། བཟོད་བསྲན་ཁྱད་པར་ཐུབ་པ། མཐུན་སྒྲིལ་ཁྱད་པར་ཐུབ་པ། ལེགས་སྐྱེས་ཁྱད་པར་འབུལ་བ་བཅས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་རྒྱུའི་སློབ་གསོ་གཏོང་བ་དང་ཁྲིད་སྟོན་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་བྱེད་པའི་བསམ་པའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས།
(ལྔ ) སྤྱི་དམངས་ཀྱི་ཀུན་སྤྱོད་འཛུགས་སྐྱོང་འདུ་འགོད་ལག་ལེན་བསྟར་དགོས། སྤྱི་ཚོགས་རིང་ལུགས་ཀྱི་གཟི་ཁྲེལ་ལྟ་བ་ལག་ལེན་བྱེད་པ་དང་ཀྲུང་ཧྭ་ཡི་སྲོལ་རྒྱུན་སྤྱོད་བཟང་དར་སྤེལ་བཏང་སྟེ་སྤྱི་ཚོགས་ཀྱི་སྤྱི་པའི་ཀུན་སྤྱོད་དང་། ལས་རིགས་ཀྱི་ཀུན་སྤྱོད། ཁྱིམ་ཚང་གི་སྲོལ་བཟང་། སྒེར་གྱི་ཀུན་སྤྱོད་བཅས་ཀྱི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་སྤྱི་པའི་ཀུན་སྤྱོད་འཛུགས་སྐྱོང་འདུ་འགོད་ལ་སྐུལ་མ་ཏན་ཏིག་བཏང་སྟེ་ཀུན་སྤྱོད་ཀྱི་དཔེ་བཟང་དང་ལུའེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་སྔོན་ཐོན་མི་སྣ་དཔྱད་འདེམས་དང་གཟེངས་བསྟོད་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་ནས་ལོ་གཉིས་རེར་རྒྱལ་ཁབ་རིམ་པ་དང་རང་སྐྱོང་ལྗོངས་རིམ་པའི་ཀུན་སྤྱོད་དཔེ་བཟང་བ་ཁག་གཅིག་ཐོན་ཐབས་བྱེད་དགོས། ནར་མ་སོན་པའི་མིའི་བསམ་བློ་ཀུན་སྤྱོད་ཀྱི་འཛུགས་སྐྱོང་དང་སློབ་ཆེན་སློབ་མའི་བསམ་བློ་ཆབ་སྲིད་ཀྱི་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ནར་མ་སོན་པའི་མིའི་ཀུན་སྤྱོད་ལག་ལེན་གྱི་རྟེན་གཞི་ཁག་གཅིག་འཛུགས་པ་དང་སློབ་གྲྭ་དང་། ཁྱིམ་ཚང་། སྤྱི་ཚོགས་བཅས་ཀྱི་དྲ་བ་འཐུས་ཚང་དུ་བཏང་སྟེ་སྤྱི་ཚོགས་ཧྲིལ་པོས་གཟི་ཁྲེལ་ཤེས་པ་དང་། གཞུང་དྲང་ལ་སྣང་ཆེན་བྱེད་པ། ལེགས་སྐྱེས་འབུལ་བ། ཞི་མཐུན་ལ་སྐུལ་མ་གཏོང་བ་བཅས་ཀྱི་དར་སྲོལ་བཟང་པོ་ཞིག་ཆགས་པ་བྱེད་དགོས།
(དྲུག ) གྲོང་ཁྱེར་དང་གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ཀྱི་བྱེད་སྒོར་སྐུལ་མ་གཏོང་དགོས། ཤེས་དཔལ་གྲོང་ཁྱེར་དང་གྲོང་རྡལ་དང་ཤེས་དཔལ་ལས་རིགས། ཤེས་དཔལ་ཤང་གྲོང་བཅས་དཔྱད་འདེམས་དང “ཤེས་དཔལ་མཚོ་བོད་ལམ་ཐིག ”འཛུགས་སྐྲུན་བྱ་རྒྱུ་གཙོ་གནད་དུ་བྱས་ཏེ་མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ཀྱི་ལས་དོན་ལ་སྐུལ་མ་ཏན་ཏིག་གཏོང་དགོས། “སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་གྱི་བྱེད་སྒོ ”དང “བརྒྱད་འཛོམས་ཞིང་དུད ”འདུ་འགོད་དང་ཟུང་འབྲེལ་བྱས་ཏེ “སྲོལ་ངན་སྒྱུར་བ་དང་ཤེས་དཔལ་ལ་སྣང་ཆེན་བྱེད་པ། སྲོལ་གསར་འཛུགས་པ ”བཅས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་སྐར་རིམ་ཤེས་དཔལ་དུད་ཚང་གསར་གཏོད་ཀྱི་བྱེད་སྒོ་གཏིང་ཟབ་ཏུ་བཏང་སྟེ་མང་ཚོགས་ཀྱི་ཁེ་ཕན་དངོས་དང་འབྲེལ་མཐུད་བྱེད་པའི་ལྕག་སྐུལ་ལམ་སྲོལ་འཛུགས་དགོས། ཡིད་རྟོན་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ “ཡིད་རྟོན་ལས་རིགས ”དང་། “ཡིད་རྟོན་སྐར་ཅན ”“གཟི་བརྗེད་སྤྱི་དམངས ”བཅས་དཔྱད་འདེམས་དང་གཟེངས་བསྟོད་ཀྱི་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་དགོས། ཁྲིམས་ལུགས་ཁྱབ་གདལ་གཏོང་བའི་འཆར་འགོད་ལག་ལེན་བསྟར་ཏེ་དམངས་ཡོངས་ཀྱི་བཅའ་ཁྲིམས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་དགོས། ཚན་རིག་ཤེས་བྱ་ཁྱབ་གདལ་ཧུར་ཐག་བཏང་ནས་དམངས་ཀྱི་ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་དགོས།
གསུམ། བོད་འབྲེལ་གླེང་ཕྱོགས་འཐབ་རྩོད་ཀྱི་སྐད་ཆ་ཤོད་དབང་དང་གཙོ་ཁྲིད་དབང་ཆ་མཐའ་འཁྱོངས་བྱས་ནས་འདུ་ཤེས་འཛིན་སྟངས་དང་རིག་གནས་ཁྱབ་ཁོངས་ཀྱི་བལྟོས་མེད་བདེ་འཇགས་འགན་ལེན་བྱེད་དགོས།
﹙བདུན ﹚ ཡང་དག་པའི་གླེང་ཕྱོགས་ཀྱི་ཁྲིད་སྟོན་ཁོང་དུ་ཆུད་པ་བྱེད་དགོས། མཐུན་སྒྲིལ་བརྟན་ལྷིང་ཤུགས་སྒྲིམ་བཅས་ཀྱིས་གཙོ་བོ་བྱེད་པ་དང་དྲང་ཕྱོགས་དྲིལ་བསྒྲགས་ཀྱིས་གཙོ་བོ་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས་སྤྱི་ཚོགས་ཧྲིལ་པོར་གུང་ཁྲན་ཏང་ཡག སྤྱི་ཚོགས་རིང་ལུགས་ཡག སྒྱུར་བཅོས་སྒོ་དབྱེ་ཡག རླབས་ཆེན་མེས་རྒྱལ་ཡག མི་དམངས་དམག་དཔུང་ཡག མི་རིགས་ཁག་གི་མི་དམངས་ཡག་བཅས་ཀྱི་བརྗོད་བྱ་གཙོ་བོ་མཆོག་ཏུ་འཛིན་དགོས། ཏང་ཀྲུང་དབྱང་གིས་ཁ་གསལ་བཟོས་པའི “ལྟེ་བ་གཅིག ”དང་། “དོན་ཆེན་གཉིས ” “འགན་ལེན་བཞི ”བཅས་ལ་དམ་པོར་དམིགས་པ་དང་། ལྗོངས་ཡོངས་ཀྱི་འཕེལ་རྒྱས་བརྟན་ལྷིང་གི་སྤྱི་ཡོངས་ལ་དམ་པོར་དམིགས་པ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལྟེ་བའི་ལས་དོན་ལ་དམ་པོར་དམིགས་པ་བཅས་བྱས་ནས་དྲང་ཕྱོགས་ཀྱི་དྲིལ་བསྒྲགས་དང་། བརྗོད་བྱ་གཙོ་བོའི་དྲིལ་བསྒྲགས། དཔེ་མཚོན་གྱི་དྲིལ་བསྒྲགས་བཅས་བྱེད་རྒྱུར་ཤུགས་སྣོན་གྱིས་གླེང་མང་བ་དང་དཀའ་གནད་ཀྱི་གནད་དོན་ཁྲིད་སྟོན་ཡག་པོ་བྱས་ནས་ཐོལ་བྱུང་དོན་རྐྱེན་ཆེན་པོའི་གསར་འགྱུར་སྤེལ་གཏོང་ཡག་པོ་བྱེད་དགོས། གསར་འགྱུར་ཡོངས་བསྒྲགས་དང་ཆ་འཕྲིན་ཡོངས་བསྒྲགས་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་འཕྲལ་སྡོམ་གནས་ཚུལ་སྤེལ་གཏོང་དང་གླེང་ཕྱོགས་ཀྱི་ཁྲིད་སྟོན་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས།
﹙བརྒྱད ﹚བསམ་བློའི་གཡུལ་ས་ཏན་ཏིག་འཛིན་དགོས། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དྲིལ་བསྒྲགས་བསམ་བློའི་རིག་གནས་ཀྱི་གཡུལ་ས་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་རིགས་པའི་གཞུང་ལུགས་ལ་བརྟེན་ནས་ཐེར་འདོན་དང་། གླེང་ཕྱོགས་ལ་བརྟེན་ནས་དགག་རྒྱག སྲིད་ཇུས་སྒྲོག་འགྲེལ། མྱོང་ཁྲིད་བྱེད་པ་སོགས་ཀྱི་བྱེད་སྟངས་སྤྱད་དེ “དབུ་མའི་ལམ ”དང་། “བོད་ཆེན་པོ ” “ཚད་མཐོའི་རང་སྐྱོང ”ཞེས་ཟེར་བའི་ཏཱ་ལའི་རུ་ཚོགས་ཀྱི་ལོག་སྤྱོད་ཀྱི་ངོ་བོར་ཐེར་འདོན་དགག་རྒྱག་གཏིང་ཟབ་བྱེད་པ་དང་། ཏཱ་ལའི་རུ་ཚོགས་ཀྱི “རང་བཞིན་གསུམ ”﹙ཆབ་སྲིད་ཐོག་གི་ལོག་སྤྱོད་རང་བཞིན་དང་། ཆོས་ལུགས་ཐོག་གི་གཡོ་རྫུས་རང་བཞིན། བྱེད་ཐབས་ཐོག་གི་མགོ་སྐོར་རང་བཞིན ﹚ཁ་བྲལ་གྱི་ངོ་བོར་ཐེར་འདོན་དགག་རྒྱག་གཏིང་ཟབ་བྱས་ནས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་ཏཱ་ལའི་རུ་ཚོགས་ཀྱི་གདོང་རིས་ངོ་མ་དང་མ་རུངས་ཁོག་བཅངས་གསལ་པོ་ཤེས་པ་བྱེད་རྒྱུར་ཁྲིད་སྟོན་བྱས་ནས་རང་རྟོགས་ངང་ཏཱ་ལའི་རུ་ཚོགས་དང་དབྱེ་མཚམས་གསལ་པོ་འབྱེད་ཐོག་ཁ་ཕྲལ་ལ་ངོ་རྒོལ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་བསམ་བློའི་རྨང་གཞི་བརྟན་པོ་འདིང་དགོས།
﹙དགུ ﹚ས་ཁོངས་ཕྱི་རོལ་ནས་སིམ་འཛུལ་བྱེད་རྒྱུ་འགོག་སྲུང་ནུས་ལྡན་བྱེད་དགོས། “བོད་ཤིན་འདུ་འགོད ”ལག་བསྟར་གཏིང་ཟབ་དང་རླུང་འཕྲིན་ཚོད་ལྟའི་ནུས་པ་འཛུགས་སྐྲུན་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ལྟ་ཞིབ་ཚད་ལེན་ཡང་དག་པ་དང་། ཐིག་པོ། ཧྲིལ་པོར་ཁྱབ་པ་བཅས་ཀྱི་བརྒྱུད་བསྒྲགས་དྲ་བ་ཆགས་པ་བྱེད་པ་དང་། རླུང་འཕྲིན་བཪྙན་འཕྲིན “དུད་ཚང་ཀུན་ཁྱབ ”དང “དགོན་སྡེ་ཀུན་ཁྱབ ”ཀྱི་འདུ་འགོད་སྤེལ་ནས “ལོ་ལྔ་ཚན་བཅུ་གཉིས་པའི ”མཇུག་ཏུ་ལྗོངས་ཡོངས་ཀྱི་རླུང་འཕྲིན་བཪྙན་འཕྲིན་མི་གྲངས་ཀྱི་ཕྱོགས་བསྡུས་ཁྱབ་ཚད་99%ཡན་ཟིན་པ་བྱས་ནས་ཏང་དང་སྲིད་གཞུང་གི་གསུང་སྒྲ་དང་གཟུགས་བཪྙན་དེ་སྤྱི་ལེ་གྲུ་བཞི་མ་ཁྲི་120ཡོད་པའི་ལྗོངས་ཡོངས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་མངའ་ཁོངས་སུ་ཐོས་ཐུབ་པ་དང་མཐོང་ཐུབ་པ་བྱེད་ལ་དགྲར་འཛིན་སྟོབས་ཤུགས་དང་ཏཱ་ལའི་རུ་ཚོགས་ཀྱི་སྐད་སྒྲ་མི་ཐོས་ཤིང་གཟུགས་བཪྙན་མི་མཐོང་བ་བྱེད་པ་དང་། དྲ་སྦྲེལ་ཆ་འཕྲིན་དོ་དམ་སྒྲིག་གཞི་དང་དྲ་སྦྲེལ་འཕྲལ་སྡོམ་བཀོད་འདོམས་ལྟེ་གནས་འཛུགས་པ་དང་འཐུས་ཚང་དུ་གཏོང་བའི་ཁར་སྨྱན་སྦྱོར་གསར་པའི་འདུས་གྲུབ་སྤེལ་གཏོང་ཚོད་འཛིན་སྟེགས་བུ་དང་ནང་དོན་ལྟ་སྐུལ་དོ་དམ་སྟེགས་བུའང་བཙུགས་ནས་དྲ་སྦྲེལ་དང་། ཁ་པར། ལག་འཁྱེར་ཁ་པར་བཅས་བེད་སྤྱོད་གཏོང་མཁན་གྱིས་ཐོབ་ཐང་ངོ་མ་སྤྱད་དེ་ཐོ་འགོད་བྱེད་རྒྱུ་ལག་བསྟར་གྱིས་དྲ་སྦྲེལ་ཆ་འཕྲིན་ལྟ་སྐུལ་དོ་དམ་དང་། གནོད་ཅན་ཆ་འཕྲིན་འགོག་པ་དང་མེད་པ་བཟོ་བ། དྲ་ཐོག་དཔྱད་གླེང་ལ་ཁྲིད་སྟོན་དང་མང་ཚོགས་ཀྱི་གླེང་ཕྱོགས་ཐད་ཀྱི་སྔོན་བརྡའི་ལམ་སྲོལ་བཅས་འཐུས་སྒོ་ཚང་དུ་གཏོང་བ། རང་སྐྱོང་ལྗོངས་དང་། ས་ཁུལ ﹙གྲོང་ཁྱེར ﹚ རྫོང ﹙གྲོང་ཁྱེར་དང་ཆུས ﹚བཅས་རིམ་གསུམ་རིག་གནས་ཁྲོམ་རའི་ཕྱོགས་བསྡུས་ཁྲིམས་འཛིན་ལམ་སྲོལ་སྒྲིག་གཞི་འཐུས་ཚང་དུ་གཏོང་བ་དང་། བོད་འབྲེལ་པར་སྐྲུན་དངོས་རིགས་ཞིབ་བཤེར་ལྟ་ཀློག་གསལ་འབྱེད་ལམ་སྲོལ་བཙུགས་ནས “འཆལ་རྡུང་ལོག་སེལ་ཇོ་རིའི་འདུ་འགོད ”ལག་བསྟར་ཤུགས་ཆེན་དང་ཁ་ཕྲལ་བ་བོད་དུ་ཡོང་ནས་ལོག་སྤྱོད་ཀྱི་དྲིལ་བསྒྲགས་བྱེད་པར་རྡུང་རྡེག་ནན་པོ་གཏོང་བ། “བོད་རང་བཙན ”སྐོར་གྱི་ལོག་སྤྱོད་ཀྱི་པར་སྐྲུན་དངོས་རིགས་དང་དེ་བཞིན་དྲིལ་བསྒྲགས་ཐོན་རྫས་མཐའ་གཅིག་ཏུ་གཞུང་བཞེས་གཙང་མ་གཏོང་བ་བཅས་བྱས་ནས་ས་ཐོག་དང་། བར་སྣང་། དྲ་བ་བཅས་གཞི་གཅིག་ཏུ་སྦྲེལ་བའི་སིམ་འཛུལ་ལ་ངོ་རྒོལ་བྱེད་པའི་འགོག་སྲུང་དང་ཚོད་འཛིན་མ་ལག་གཏོད་དགོས།
﹙བཅུ ﹚ ཕྱི་ཕྱོགས་དྲིལ་བསྒྲགས་ལས་དོན་གྱི་རང་འགུལ་དབང་ཆ་ཁོང་དུ་ཆུད་པ་བྱེད་དགོས། “ནང་དུ་གདན་འདྲེན་ཞུ་བ་དང་། ཕྱི་ཕྱོགས་སུ་སྐྱོད་རྒྱུ ”མཐའ་འཁྱོངས་དང་ཕྱི་ཕྱོགས་རིག་གནས་སྤེལ་རེས་རྒྱ་ཁྱབ་སྤེལ་ནས་བོད་འབྲེལ་གླེང་ཕྱོགས་ཀྱི་འཐབ་རྩོད་གཏིང་ཟབ་སྤེལ་དགོས། “ཀྲུང་གོའི་བོད་ལྗོངས་ཀྱི་རིག་གནས་གཟའ་འཁོར ﹙དུས་ཆེན ﹚”དང་། “ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་ཀྱི་གླེང་སྟེགས ” “བོད་ལྗོངས་ཤེས་ཚོར — ཀྲུང་གོའི་བོད་ལྗོངས་རིག་གནས་འགྲུལ་བཞུད ”སོགས་རིག་གནས་ཕྱི་ཕྱོགས་ཀྱི་དྲིལ་བསྒྲགས་བྱེད་སྒོ་ཧུར་ཐག་སྤེལ་དགོས་པ་མ་ཟད་ནང་དུ་ཞུགས་དགོས། ས་ཁུལ ﹙གྲོང་ཁྱེར ﹚དང་མཐའ་མཚམས་ཀྱི་ཕྱི་ཕྱོགས་དྲིལ་བསྒྲགས་ས་ཚིགས་འཛུགས་སྐྲུན་བྱེད་པའི་ཐད་ཤུགས་སྣོན་དང་མཐའ་འཁོར་རྒྱལ་ཁབ་དང་མཐའ་མཚམས་ཀྱི་ཕྱི་ཕྱོགས་དྲིལ་བསྒྲགས་ལས་དོན་ཤུགས་ཆེར་བཏང་ནས་བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་ཕྱི་ཕྱོགས་རླུང་འཕྲིན་དང་། དྲ་ཐོག་རླུང་འཕྲིན། བོད་ལྗོངས་བོད་སྐད་སྲུང་སྐར་བཪྙན་འཕྲིན་བཅས་མཐའ་འཁོར་རྒྱལ་ཁབ་ཏུ་གཉེར་བ་དང་། ཀྲུང་གོའི་བོད་ལྗོངས་ཕྱི་ཕྱོགས་རླུང་འཕྲིན་ལས་ཁུངས་གཉེར་བ། བོད་ལྗོངས་ཕྱི་ཕྱོགས་བརྒྱུད་བསྒྲགས་ལྟེ་གནས་འཛུགས་པ། ནེ་པ་ལའི “ཀྲུང་གོའི་བོད་ལྗོངས་དཔེ་དེབ་ཁང ”དེ “ཀྲུང་གོའི་བོད་ལྗོངས་རིག་གནས་ལྟེ་གནས ”སུ་རྒྱས་སྐྲུན་བཅས་བྱེད་དགོས། 《ཧི་མ་ལ་ཡའི་གཏམ་རྒྱུད 》ཅེས་པའི་ཕྱི་ཕྱོགས་དྲིལ་བསྒྲགས་དུས་དེབ་ཡག་པོ་གཉེར་རྒྱུ་དང་། 《བོད་ཀྱི་གཏམ་རྒྱུད 》ཅེས་པ་སོགས་ཕྱི་ཕྱོགས་དྲིལ་བསྒྲགས་ཀྱི་རིམ་སྤེལ་བཪྙན་འཕྲིན་པར་གཞི་པར་རྒྱག་རྒྱུ། ཕྱི་རྒྱལ་དུ་ཡོད་པའི་རྒྱ་ཡིག་གི་སྨྱན་སྦྱོར་དང་མཉམ་ལས་བྱེད་རྒྱུ་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་རྒྱུ། ནུབ་ཕྱོགས་ཀྱི་སྨྱན་སྦྱོར་གཙོ་བོར་བོད་དྲིལ་བསྒྲགས་དང་འོས་སྦྱོར་ངོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་དོན་དངོས་དང་མཐུན་པ་དང་། འགྱུར་ལྡོག་ཧ་ཅང་ཆེ་བ། དཔྱིད་དཔལ་བཞད་པ་ལྟ་བུ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་ཞིག་འཛམ་གླིང་ལ་ངོ་སྤྲོད་བྱེད་དགོས།
བཞི། རིག་གནས་བྱ་གཞག་དར་རྒྱས་གོང་འཕེལ་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་ཉིན་བཞིན་ཆེ་རུ་འགྲོ་བའི་མི་དམངས་མང་ཚོགས་ཀྱི་བསམ་པའི་རིག་གནས་དགོས་མཁོ་སྐོང་དགོས།
(བཅུ་གཅིག )གཙོ་རྒྱུན་སྨྱན་སྦྱོར་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། ལྗོངས་ཡོངས་ཀྱི་གཙོ་རྒྱུན་སྨྱན་སྦྱོར་གྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་བཏང་ནས་གསར་འགྱུར་པར་སྐྲུན་གྱི “ཤར་རླུང་འདུ་འགོད ”ལག་བསྟར་བྱེད་པ་དང་། གསར་འགྱུར་པར་སྐྲུན་ཆ་འཕྲིན་ཅན་དང་ཏང་གི་ཚགས་པར་དང་ཏང་གི་དུས་དེབ་ཀྱི་བཅར་འདྲི་རྩོམ་སྒྲིག་ཆ་འཕྲིན་ཅན། ཏང་གི་ཚགས་པར་དང་ཏང་གི་དུས་དེབ་པར་སྐྲུན་བྱེད་ནུས་འཛུགས་སྐྱོང་བཅས་བྱས་ནས་ཏང་གི་ཚགས་པར་དང་ཏང་གི་དུས་དེབ “གྲོང་ཚོ་ཡོངས་ལ་ཁྱབ་པ ”དང “དགོན་སྡེ་ཚང་མར་ཁྱབ་པ ”བྱེད་དགོས། བོད་ལྗོངས་ཉིན་རེའི་ཚགས་པར་དང་། བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས། བོད་ལྗོངས་བཪྙན་འཕྲིན་ལས་ཁུངས་སོགས་སྨྱན་སྦྱོར་ལ་རྒྱབ་སྐྱོར་གྱིས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པ་དང་། ཤུགས་རྐྱེན་ཐེབས་ནུས་ལྡན་པ། མི་སེམས་ལ་ཟུག་པ་བཅས་ཀྱི་སྤུས་རྟགས་ལེ་ཚན་ཁག་གཅིག་གཏོད་དགོས། དྲ་སྦྲེལ་སོགས་གསར་དར་སྨྱན་སྦྱོར་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་གློག་འཕྲིན་དྲ་བ་དང་། རླུང་འཕྲིན་དྲ་བ། དྲ་སྦྲེལ་བཅས་གསུམ་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་དང་། རྫོང་རིམ་པའི་གྲོང་ཁྱེར་གྱི་བཪྙན་འཕྲིན་གྲངས་གཞི་ཅན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། བོད་ཀྱི་རླུང་འཕྲིན་གྱི་འཕྲལ་སྒྲུབ་གྲ་སྒྲིག་མ་ལག་འཛུགས་པ། ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བ་དང་ཀྲུང་གོའི་བོད་ལྗོངས་རླུང་འཕྲིན་སོགས་གཙོ་གནད་གསར་འགྱུར་དྲ་ཚིགས་ཆེ་རུ་དང་སྟོབས་ཆེར་གཏོང་བ། དྲ་སྦྲེལ་བཪྙན་འཕྲིན་ལས་ཁུངས་གཉེར་བ། བོད་ཀྱི་བོད་རྒྱ་སྐད་ཡིག་གཉིས་ཀྱི་ལག་འཁྱེར་ཁ་པར་ཚགས་པར་གཉེར་བ། ཤུགས་རྐྱེན་ཐེབས་ཤུགས་ལྡན་པའི་ཚོང་ལས་དྲ་ཚིགས་1-2བར་ལ་རོགས་སྐྱོར་བྱེད་པ་བཅས་བྱས་ནས་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་དྲ་སྦྲེལ་རིག་གནས་སྤུས་རྟགས་གཏོད་དགོས།
(བཅུ་གཉིས ) སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་དགོས། རིག་གནས་དམངས་ཕན་འདུ་འགོད་ལག་བསྟར་གཏིང་ཟབ་དང་། ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ། འགན་ལེན་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ་2015ལོར་སླེབས་སྐབས་རང་སྐྱོང་ལྗོངས་དང་། ས་ཁུལ (གྲོང་ཁྱེར ) རྫོང (གྲོང་ཁྱེར་དང་ཆུས )ཤང་གྲོང་། གྲོང་ཚོ་བཅས་རིམ་པ་ལྔའི་རིག་གནས་ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་དྲ་སྦྲེལ་འཛུགས་དགོས་པ་དང་། སྤྱི་པའི་རིག་གནས་སྒྲིག་བཀོད་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ལོ་2-3བར་འབད་བརྩོན་བྱས་པ་བརྒྱུད་ས་ཁུལ་དང་གྲོང་ཁྱེར་བདུན་ཚང་མར་དཔེ་དེབ་ཁང་དང་། མང་ཚོགས་སྒྱུ་རྩལ་ཁང་། གྲངས་གཞིའི་གློག་བཪྙན་ཁང་བཅས་དང་། རྫོང (མཐའ་མཚམས་འགག་སྒོ )ཚང་མར་ཕྱོགས་བསྡུས་རིག་གནས་བྱེད་སྒོའི་ལྟེ་གནས་དང་། གློག་བཪྙན་ཁང་། ཤིན་ཧྭ་དཔེ་དེབ་ཁང་བཅས། ཤང་གྲོང (ཞིང་ར་དང་ནགས་ར )ཚང་མར་ཕྱོགས་བསྡུས་རིག་གནས་ས་ཚིགས། སྲིད་འཛིན་གྲོང་ཚོ་ཚང་མར་རིག་གནས་ཁང་དང་། ཞིང་པའི་དཔེ་དེབ་ཁང་། གློག་བཪྙན་སྟོན་རྒྱུ་བཅས། དགོན་སྡེ་ཚང་མར་རིག་གནས་དཔེ་དེབ་ཁང་བཅས་ཡོད་པ་དང་། གཙོ་གནད་རིག་གནས་འཛུགས་སྐྲུན་རྣམ་གྲངས་ལ་སྐུལ་འདེད་བཏང་ནས་གློག་བཪྙན་བཪྙན་འཕྲིན་རིག་གནས་སྒྱུ་རྩལ་བརྒྱུད་གཏོང་ལྟེ་གནས་འཛུགས་པ་དང་། བོད་ལྗོངས་སྲུང་སྐར་བཪྙན་འཕྲིན་རིག་རྩལ་འཕྲིན་ལམ་གཉེར་བ། བོད་ལྗོངས་ཕྱོགས་བསྡུས་སྒྱུ་རྩལ་ལྟེ་གནས་དང་། བོད་ལྗོངས་རང་བྱུང་ཚན་རིག་རྟེན་རྫས་བཤམས་མཛོད་ཁང་། ཐང་གའི་སྒྱུ་རྩལ་རྟེན་རྫས་བཤམས་མཛོད་ཁང་། བོད་ལྗོངས་མཛེས་རྩལ་གྲོང་སོགས་འཆར་འགོད་དང་འཛུགས་སྐྲུན་བྱས་ཏེ་ས་ཁུལ་དང་གྲོང་ཁྱེར་རྟེན་རྫས་བཤམས་མཛོད་ཁང་དང་གཙོ་གནད་རྫོང་གི་རིག་དངོས་བཤམས་སྟོན་ཁང་འཛུགས་སྐྲུན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ། རིག་གནས་གཤམ་སྤེལ་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་ནས་རིག་གནས་དང་། ཚན་རྩལ། འཕྲོད་བསྟེན་བཅས “གཤམ་སྤེལ་གསུམ ”དང་ཚན་སློབ་དང་། རིག་གནས་དང་ལུས་རྩལ། བཅའ་ཁྲིམས། འཕྲོད་བསྟེན་བཅས “སྡེ་ཁུལ་དུ་བཞི་འཁྱོལ་བ ”བྱ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ཐོག་གྲོང་ཚོ་ཆིག་སྟོང་ལ་རིག་གནས་སྒྲིག་ཆས་སྒྲིག་སྦྱོར་དང་། གྲོང་ཚོ་ཆིག་སྟོང་ལ་ལྷ་མོ་སྐོར་འཁྲབ་བྱེད་པ། རིག་གནས་ཤེས་ལྡན་པ་ཆིག་སྟོང་གསོ་སྐྱོང་བྱེད་པ། གྲོང་ཚོ་ཆིག་སྟོང་དང་ཤང་བརྒྱའི་ཏང་གི་དྲིན་ཚོར་བ་དང་ཏང་གི་རྗེས་སུ་འབྲངས་པའི་བོད་ཀྱི་གནའ་དེང་འགྲེམས་སྟོན་བཅས “ཆིག་སྟོང་བཞིའི་འདུ་འགོད ”ལག་བསྟར་བཅས་བྱེད་དགོས།
(བཅུ་གསུམ )སྲོལ་རྒྱུན་གྱི་རིག་གནས་སྲུང་སྐྱོང་དང་གསར་སྤེལ་བྱེད་ཤུགས་ཆེ་རུ་གཏོང་དགོས། རིག་དངོས་སྲུང་སྐྱོབ་དང་ཉམས་གསོ་དང་། མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ། གནའ་གཞུང་སྲུང་སྐྱོབ་འདུ་འགོད་བཅས་ལག་བསྟར་བྱེད་པ་དང་། རིག་དངོས་ཡོངས་ཁྱབ་ཞིབ་བཤེར་དང་། ཆོད་སྡོམ། ཐོ་འགོད། བསྡུ་རུབ། ཡིག་ཚགས་བཟོ་བ། མྱུར་སྐྱོབ་བཅས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ། རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་རྒྱུན་འཛིན་ལམ་སྲོལ་བཟོ་བ་དང་འཐུས་ཚང་དུ་གཏོང་བ་བཅས་བྱས་ཐོག་2015ལོར་སླེབས་སྐབས་རྒྱལ་ཁབ་རིམ་པའི་རིག་དངོས་སྲུང་སྐྱོབ་ཚན་པ་70ཡན་དང་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་དཀར་ཆག་རྣམ་གྲངས་120ཡན་ཟིན་པ་བྱེད་དགོས། ཁྱད་ལྡན་རིག་གནས་སྲུང་སྐྱོང་དང་གསར་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རིག་གནས་གྲགས་ཅན་གྲོང་ཁྱེར་དང་། གྲོང་རྡལ། གྲོང་ཚོ་བཅས་སྲུང་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ཀྲུང་གོའི་ཐང་གའི་སྒྱུ་རྩལ་རྟེན་རྫས་བཤམས་མཛོད་ཁང་འཆར་འགོད་དང་འཛུགས་སྐྲུན་བྱེད་པ། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བ་དང་། བོད་ཀྱི་ཤེས་དཔལ་འཕེལ་རྒྱས་ལོ་རྒྱུས། བོད་ཀྱི་གྲགས་ཅན་མཛེས་ལྗོངས་བཅས་གསུམ་གྱི “ཐང་ག་བརྒྱ ”བཟོ་བའི་འདུ་འགོད་ལག་བསྟར་བྱེད་པ་བཅས་བྱས་ནས་བོད་འདི་ཉིད་རྒྱལ་ཡོངས་ཀྱི་ཐང་གའི་སྒྱུ་རྩལ་ལྟེ་གནས་དང་། བོད་ལུགས་གསོ་རིག་དང་བོད་སྨན་གྱི་རིག་གནས་ལྟེ་གནས། བོད་མི་རིགས་ཀྱི་གླུ་གར་རིག་གནས་ལྟེ་གནས། བོད་མི་རིགས་ཀྱི་དམངས་སྲོལ་ལག་ཤེས་བཟོ་རྩལ་ལྟེ་གནས། རྒྱལ་སྤྱིའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་བཅས་སུ་ཧུར་ཐག་བསྐྲུན་ཐོག “ཀྲུང་གོའི་བོད་ལྗོངས་རིག་གནས་གཟའ་འཁོར ”དང་། “བོད་ལྗོངས་རིག་གནས་ཤུལ་བཞག་འགྲེམས་སྟོན ”“བོད་ལྗོངས་ཇོ་མོ་གླང་མའི་པར་རྒྱག་འགྲན་བསྡུར་ཆེན་པོ ”སོགས་ཁྱད་ལྡན་རིག་གནས་བྱེད་སྒོའི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་དགོས། རྒྱལ་ཁབ་ཀྱི་ཐུན་མོང་ཐོག་སྤྱོད་པའི་སྐད་ཡིག་ཁྱབ་གདལ་དང་བཀོལ་སྤྱོད་ཤུགས་ཆེན་བྱས་ཏེ་བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་བྱེད་དགོས།
(བཅུ་བཞི )རིག་གནས་ཐོན་ཟོག་གསར་རྩོམ་བྱེད་ཤུགས་ཆེ་རུ་གཏོང་དགོས། “མི་དམངས་ལ་ཞབས་འདེགས་ཞུ་བ་དང་སྤྱི་ཚོགས་རིང་ལུགས་ལ་ཞབས་འདེགས་ཞུ་བའི ”ཁ་ཕྱོགས་དང “མེ་ཏོག་མཉམ་བཞད་དང་མཁས་བརྒྱ་འགྲན་གླེང ”གི་བྱེད་ཕྱོགས་ལག་བསྟར་ནན་ཏན་བྱས་ཏེ “གཅིག་རེ་ལྔའི ”འདུ་འགོད་ལག་བསྟར་བྱ་རྒྱུ་སྣེ་འདྲེན་དུ་བྱེད་པ་དང་ཏང་ལ་དགའ་ཞེན་དང་། མེས་རྒྱལ་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན། མི་རིགས་མཐུན་སྒྲིལ་ལ་སྐུལ་གཏོང་། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་། སྤྱི་ཚོགས་ཀྱི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བཅས་བྱ་རྒྱུ་བརྗོད་བྱ་གཙོ་བོར་བྱས་ནས་རྒྱལ་ཁབ་རིམ་པའི་རིག་གནས་སྒྱུ་རྩལ་གྱི་བྱ་དགའི་རྣམ་གྲངས་དང་། “ཇོ་མོ་གླང་མའི་རིག་གནས་སྒྱུ་རྩལ་བྱ་དགའ ” “ཚེ་བརྟན་སྒྲོལ་མའི་སྒྱུ་རྩལ་ཐེབས་རྩའི་བྱ་དགའ ”སོགས་བྱ་དགའི་ཁྲིད་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱས་ཐོག་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་བརྩམས་ཆོས་རྩེ་གྲའི་སྐུལ་གཏོང་ལམ་སྲོལ་བཙུགས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་རིག་གནས་ཀྱི་བརྗོད་བྱ་དང་། བོད་ཀྱི་གསར་བརྗེའི་ལོ་རྒྱུས་འགངས་ཆེན་གྱི་བརྗོད་བྱ། སྐྱོན་བྲལ་དང་ཡར་ཐོན་གྱི་འཚོ་བ་དངོས་ཀྱི་བརྗོད་བྱ་བཅས་ཀྱི་བརྩམས་ཆོས་གསར་གཏོད་དང་ཐོན་སྐྱེད་བྱ་རྒྱུར་སྐུལ་མ་གཏོང་དགོས། བོད་ཞི་བས་བཅིངས་འགྲོལ་གཏོང་བ་དང་འཛུགས་སྐྲུན་དང་འཕེལ་རྒྱས་གཏོང་བའི་བརྗིད་ཆེའི་ལོ་རྒྱུས་ཀྱི་འཕེལ་རིམ་མཚོན་པའི་རོལ་དབྱངས་གླུ་གར་གི་ལོ་རྒྱུས་སྙན་ཚིག་ཆེ་གྲས་དང་གློག་བཪྙན་པར་གཞི་ཆེ་གྲས་གསར་རྩོམ་བྱེད་པ་དང་བརྗོད་བྱ་འགངས་ཆེན་གྱི་རིག་རྩལ་འདུ་འགོད་དང་། མཛེས་རྩལ་འདུ་འགོད། བོད་ཀྱི་གླུ་གཞས་རྩེ་གྲའི་འདུ་འགོད་བཅས་ལག་བསྟར་བྱེད་འགོ་འཛུགས་དགོས། རླུང་འཕྲིན་གློག་བཪྙན་བཪྙན་འཕྲིན་ལེ་ཚན་བོད་སྐད་དུ་སྒྱུར་བཟོ་བྱེད་ནུས་ཆེ་རུ་བཏང་ནས་རྒྱལ་ཁབ་ཀྱི་བོད་ཡིག་པར་སྐྲུན་རྟེན་གཞི་མགྱོགས་མྱུར་འཛུགས་སྐྲུན་བྱས་ཐོག་བོད་ཡིག་རིགས་ཀྱི་གཙོ་གནད་དང་བརྗོད་བྱ་གཙོ་བོའི་པར་སྐྲུན་འདུ་འགོད་ལག་བསྟར་བྱེད་དགོས།
ལྔ། རིག་གནས་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོང་ཁུལ་གལ་ཆེན་འཛུགས་སྐྲུན་བྱེད་དགོས།
(བཅོ་ལྔ ) ཐོན་ལས་ཀྱི་ས་ཁོངས་ཁྱབ་ཚུལ་གཏོད་དགོས། རྒྱལ་ཁབ་རིམ་པའི་བོད་ཀྱི་རིག་གནས་དཔལ་འབྱོར་གྱི་ཚོད་ལྟའི་ཁུལ་འཛུགས་རྒྱུའི་ཡིག་ཐོག་སྙན་ཞུ་ཕུལ་ཏེ་ས་མཐོའི་ས་ཁམས་དང་། ལོ་རྒྱུས། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་བཅས་གཞི་གཅིག་ཏུ་འདུས་པའི་ཀྲུང་གོའི་བོད་མི་རིགས་ཀྱི་ཁྱད་ལྡན་རིག་གནས་ཐོན་ལས་འཕེལ་རྒྱས་རྟེན་གཞི་དང་འཛམ་གླིང་སྣེ་ཁུལ་གྱི་རིག་གནས་ཡུལ་སྐོར་གྱི་གནས་མཆོག་གཙོ་གནད་ཐོག་གཏོད་དགོས། ལུགས་མཐུན་གྱི་རིག་གནས་ཐོན་ལས་ས་ཁོངས་གཏོད་པ་དང་ལྷ་སའི་ནུས་པ་མང་བའི་རིག་གནས་ཐོན་ལས་ལྟེ་བའི་ཁུལ་དང་། གཞིས་རྩེའི་ཇོ་རིའི་རིག་གནས་ཐོན་ལས་འདུ་འཛོམས་ཁུལ། ལྷོ་ཁའི་ཡར་ཀླུང་རིག་གནས་ཐོན་ལས་འདུ་འཛོམས་ཁུལ། ཉིང་ཁྲིའི་ཀོང་པོའི་རིག་གནས་ཐོན་ལས་འདུ་འཛོམས་ཁུལ། ཆབ་མདོའི་ཁམས་པའི་རིག་གནས་ཐོན་ལས་འདུ་འཛོམས་ཁུལ། ནག་ཆུའི་བྱང་ཐང་རིག་གནས་ཐོན་ལས་འདུ་འཛོམས་ཁུལ། མངའ་རིས་ཞང་ཞུང་གུ་གེའི་རིག་གནས་ཐོན་ལས་འདུ་འཛོམས་ཁུལ་བཅས་འཆར་འགོད་དང་འཛུགས་སྐྲུན་བྱས་ཏེ་ས་ཁུལ་རེར་སྤུས་རྟགས་རེ་ཡོད་པའི་རིག་གནས་ཐོན་ལས་ཀྱི་འདུ་ཚོགས་ཤིག་ཆགས་པ་བྱེད་དགོས།
(བཅུ་དྲུག ) རྣམ་གྲངས་ཀྱིས་སྣེ་ཁྲིད་བྱེད་པའི་འཐབ་ཇུས་ལག་བསྟར་བྱེད་དགོས། རིག་གནས་གསར་གཏོད་དང་། རིག་གནས་ཡུལ་སྐོར། གློག་བཪྙན་དང་བཪྙན་འཕྲིན་གསར་རྩོམ། ཐང་གའི་སྒྱུ་རྩལ། བོད་ལུགས་གསོ་རིག་དང་བོད་སྨན་རིག་གནས། འཁྲབ་རྩལ་རོལ་རྩེད། བོད་ཡིག་དཔེ་སྐྲུན། མི་རིགས་ལག་ཤེས་བཟོ་རྩལ། ཚོགས་འགྲེམས་དང་དུས་སྟོན། ས་མཐོའི་མཐར་སོན་ལུས་རྩལ་སོགས་རིག་གནས་རྣམ་གྲངས་གཙོ་གནད་ཐོག་འཕེལ་རྒྱས་བཏང་སྟེ་ལེགས་ཆ་འབུར་དུ་ཐོན་པ་དང་ཁྱད་ཆོས་མངོན་གསལ་དོད་པའི་རིག་གནས་ཐོན་ལས་མ་ལག་གཅིག་གཏོད་དགོས། རང་སྐྱོང་ལྗོངས་ཀྱི་རིག་གནས་ཐོན་ལས་རྣམ་གྲངས་མཛོད་བཙུགས་ནས་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་རིག་གནས་དང་མི་རིགས་ཀྱི་ཉམས་འགྱུར་ལྡན་པའི་གནས་ཚུལ་དངོས་མཚོན་པའི་འཁྲབ་སྟོན་ཆེ་གྲས 《རྒྱ་བཟའ་ཀོང་ཇོ 》གཙོ་གནད་ཐོག་གཏོད་པ་དང་མངོན་པ་བྱས་ཐོག་ལྷ་སའི་རིག་གནས་ཡུལ་སྐོར་ཐོན་ལས་གླིང་དང་རང་སྐྱོང་ལྗོངས་དཔེ་སྐྲུན་རིག་གནས་ཐོན་ལས་གླིང་བསྐྲུན་རྒྱུར་རོགས་སྐྱོར་བྱེད་པ་དང་དམངས་སྲོལ་རིག་གནས་ཐོན་ལས་གླིང་དང་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་ས་ཚིགས་སོགས་རིག་གནས་ཐོན་ལས་རྟེན་གཞི་དང་ཀྲུང་ཧྭ་ཡི་ཤེས་དཔལ་འབྱུང་ཁུངས་དང་བོད་རིགས་ཀྱི་ཤེས་དཔལ་འབྱུང་ཁུངས་སོགས་བརྗོད་བྱ་གཙོ་བོའི་སྤྱི་གླིང་འཆར་འགོད་དང་འཛུགས་སྐྲུན་བྱེད་དགོས། “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་རྒྱལ་ཁབ་རིམ་པའི་རིག་གནས་ཐོན་ལས་ཀྱི་དཔེ་སྟོན་རྟེན་གཞི་6དང་རང་སྐྱོང་ལྗོངས་རིམ་པའི་རིག་གནས་ཐོན་ལས་ཀྱི་དཔེ་སྟོན་རྟེན་གཞི་20འཛུགས་སྐྲུན་བྱ་རྒྱུ་ཡིན་པ་རེད།
(བཅུ་བདུན )རིག་གནས་ཁྲོམ་ར་གཙོ་གནད་ཐོག་སྐྱེད་སྲིང་བྱེད་དགོས། བོད་ལྗོངས་རིག་གནས་ཐོན་ལས་མ་འཇོག་འཕེལ་རྒྱས་ཀུང་སི་འཛུགས་པ་དང་བོད་ལྗོངས་འཁྲབ་སྟོན་ཀུང་སི་དང་། བོད་ལྗོངས་འགྲེམས་སྟོན་ཀུང་སི། བོད་ལྗོངས་རིག་གནས་ཡུལ་སྐོར་ཀུང་སི་བཅས་བཙུགས་ཏེ་འགྲན་རྩོད་ནུས་པ་ཆེ་ཙམ་ལྡན་པའི་གཞུང་ཁོངས་སམ་ཡང་ན་གཞུང་ཁོངས་མ་རྐང་ཚོད་འཛིན་གྱི་རྐང་འཛིན་རིག་གནས་ཁེ་ལས་ཁག་གཅིག་ལ་རོགས་སྐྱོར་དང་། སྤྱི་དབང་མིན་པའི་མ་རྩར་བརྟེན་ནས་རིག་གནས་ཁེ་ལས་གཉེར་རྒྱུར་རྒྱབ་སྐྱོར་དང་ཡིད་དབང་འགུགས་པ། སྤྱི་ཚོགས་ཀྱི་མ་རྩ་བཏང་ནས་སྤྱི་པའི་རིག་གནས་སྒྲིག་བཀོད་འཛུགས་རྒྱུར་ཁྲིད་སྟོན་བཅས་བྱས་ཏེ་སྤྱི་ལ་དབང་བའི་ལམ་ལུགས་ཀྱིས་གཙོ་བོ་བྱེད་པ་དང་དབང་བའི་ལམ་ལུགས་སྣ་ཚོགས་མཉམ་དུ་གནས་པའི་རིག་གནས་ཐོན་ལས་འཕེལ་རྒྱས་གཏོང་བའི་རྣམ་པ་ཞིག་ཆགས་པ་བྱེད་དགོས། དཔེ་སྐྲུན་དངོས་པོ་དང་། སྒྱུ་རྩལ་ཐོན་ཟོག གྲངས་གཞིའི་གློག་བཪྙན་ཁང་། འཁྲབ་སྟོན་གྱི་འཁྲབ་ཚན་སོགས་ཀྱི་ཚོང་གཉེར་དྲ་བ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་རིག་གནས་རོལ་རྩེད་ཁྲོམ་ར་དང་། འཁྲབ་སྟོན་ཁྲོམ་ར། སྒྱུ་རྩལ་ཐོན་ཟོག་ཁྲོམ་ར། དཔེ་སྐྲུན་འགྲེམས་སྤེལ་ཁྲོམ་ར། དཔར་དབང་ཉོ་ཚོང་ཁྲོམ་ར་བཅས་གཙོ་གནད་ཐོག་སྐྱེད་སྲིང་བྱེད་དགོས། བོད་ཀྱི་རིག་གནས་ཐོན་ལས་འཕེལ་རྒྱས་མཐུན་ཚོགས་འཛུགས་པ་དང་དབང་གྲགས་ཆེ་བའི་བོད་མི་རིགས་ཀྱི་རིག་གནས་སྒྱུ་རྩལ་ཐོན་ཟོག་གི་ཚད་ལྡན་མ་ལག་རིམ་བཞིན་འཛུགས་དགོས།
(བཅོ་བརྒྱད )རིག་གནས་སྒྲིག་གཞིའི་ལམ་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་གཏོང་དགོས། སྲིད་གཞུང་གི་འགན་ནུས་བརྗེ་བསྒྱུར་བྱེད་མགྱོགས་སུ་གཏོང་བ་དང་སྲིད་གཞུང་དང་རིག་གནས་ཀྱི་ཁེ་ལས་དང་བྱ་གཞག་ཚན་པའི་དབར་གྱི་འབྲེལ་བ་མཐུན་སྦྱོར་བྱས་ནས་མི་དང་། བྱ་བ། མ་རྩ། ཁྲིད་སྟོན་བཅས་ལ་དོ་དམ་བྱ་རྒྱུ་ཟུང་འབྲེལ་བྱེད་པའི་གཞུང་ཁོངས་རིག་གནས་མ་རྩ་དོ་དམ་གྱི་སྒྲིག་གཞི་འཛུགས་དགོས། སྤྱི་ཕན་རང་བཞིན་གྱི་རིག་གནས་བྱ་གཞག་ཚན་པ་ནང་ཁུལ་གྱི་སྒྱུར་བཅོས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། གཉེར་སྐྱོང་རང་བཞིན་གྱི་རིག་གནས་ཚན་པ་ཁེ་ལས་སུ་བསྒྱུར་པའི་སྒྲིག་གཞི་སྒྱུར་བཅོས་ལ་སྐུལ་འདེད་བརྟན་པོ་གཏོང་བ། རང་སྐྱོང་ལྗོངས་ཤིན་ཧྭ་དཔེ་ཚོང་ཁང་དང་། ཞིང་ཆེན་རིམ་པའི་རླུང་འཕྲིན་དང་བཪྙན་འཕྲིན་དྲ་བའི་ཚོང་གཉེར་གྱི་གྲུབ་ཆ་གཙོ་བོ། གྲོང་ཁྱེར་གྱི་གློག་བཪྙན་སྟོན་ཁང་། སྐབས་དོན་ཆབ་སྲིད་རིགས་མིན་པའི་ཚགས་པར་དང་དུས་དེབ་ཁང་གི་སྒྲིག་གཞི་སྒྱུར་བཅོས་ཀྱི་ལས་དོན་བཅས་ལ་ཁག་བགོས་སྐུལ་འདེད་བཏང་སྟེ་བོད་ཀྱི་སྨྱན་སྦྱོར་ཚོགས་པ་དང་། བོད་ལྗོངས་དཔེ་སྐྲུན་སྤྱི་ཁྱབ་ཁང་། བོད་ལྗོངས་གློག་བཪྙན་དང་བཪྙན་འཕྲིན་བཟོ་སྐྲུན་ལྟེ་གནས་སོགས་འཛུགས་དགོས། སྤྱི་པའི་རིག་གནས་ཞབས་ཞུའི་འགན་ལེན་དང་། རིག་གནས་ཤུལ་བཞག་སྲུང་སྐྱོང་། རིག་གནས་ཐོན་ལས་འཕེལ་རྒྱས། རིག་གནས་ཁྲོམ་ར་དོ་དམ་སོགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་བཟོས་ཐོག་འཐུས་ཚང་དུ་གཏོང་དགོས། ཕྱི་ཕྱོགས་སུ་བོད་ཀྱིས་སྤེལ་རེས་བྱ་ཤུགས་ཆེ་རུ་གཏོང་བ་དང་བོད་དང་ནང་སའི་དབར་རིག་གནས་སྤེལ་རེས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་བོད་ཀྱི་རིག་གནས་ཕྱི་ཕྱོགས་སུ་སྤེལ་བའི་གོམ་སྟབས་མགྱོགས་སུ་གཏོང་དགོས།
དྲུག སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་རིག་གནས་འཕེལ་རྒྱས་ཆེན་པོ་དང་དར་རྒྱས་ཆེན་པོ་ཡོང་བའི་འགན་ལེན་ནུས་ལྡན་བྱེད་དགོས།
(བཅུ་དགུ )ནོར་སྲིད་དཔྱ་ཁྲལ་ལ་བརྟེན་ནས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། ནོར་སྲིད་ཀྱི་རྒྱབ་སྐྱོར་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ་དང་དོན་འཁྱོལ་བྱས་ནས་རིག་གནས་ཀྱི་གཏོང་ཆ་བརྟན་པོའི་ངང་འཕར་བའི་ལམ་སྲོལ་བཙུགས་ཏེ་སྤྱི་པའི་ནོར་སྲིད་ཀྱིས་རིག་གནས་འཛུགས་སྐྱོང་ལ་གཏོང་ཆ་མང་དུ་གཏོང་ཚད་དེ་ནོར་སྲིད་ཀྱི་རྒྱུན་གཏན་རང་བཞིན་གྱི་ཡོང་འབབ་འཕར་ཚད་ལས་མཐོ་བ་དགོས་པ་དང་རིག་གནས་ཀྱི་གཏོང་སྒོ་དེ་ལོར་ཆ་སྙོམས་འཕར་ཚད་20%ལས་མི་དམའ་བའི་འགན་ལེན་བྱེད་དགོས། 2012ལོ་ནས་2015ལོ་བར་རང་སྐྱོང་ལྗོངས་ཀྱི་ནོར་སྲིད་ཀྱིས་ལོ་ལྟར་གྲོང་གསེབ་ཀྱི་རིག་གནས་འཛུགས་སྐྱོང་ལ་མ་དངུལ་སྒོར་ཁྲི་3000ཡན་དང་རིག་གནས་ཐོན་ལས་འཕེལ་རྒྱས་ཀྱི་ཆེད་དོན་མ་དངུལ་སྒོར་ཁྲི་5000ཡན་བཀོད་སྒྲིག་བྱེད་པ་དང་ས་ཁུལ (གྲོང་ཁྱེར )དུ་གྲོང་གསེབ་ཀྱི་རིག་གནས་འཛུགས་སྐྱོང་མ་དངུལ་དང་རིག་གནས་ཐོན་ལས་འཕེལ་རྒྱས་ཀྱི་ཆེད་དོན་མ་དངུལ་བཀོད་སྒྲིག་བྱེད་དགོས། ས་ཁུལ་དང་། རྫོང་། ཤང་བཅས་ཀྱི་སྤྱི་པའི་རིག་གནས་ཁང་གི་ཁ་གསབ་མ་དངུལ་དོན་འཁྱོལ་དང་གྲོང་ཚོའི་རིག་གནས་ཁང (ཞིང་པའི་དཔེ་དེབ་ཁང )རེར་ལོ་ལྟར་ཁ་གསབ་སྒོར་5000བར་མཐོ་རུ་གཏོང་དགོས། རྒྱན་ཤོག་གི་སྤྱི་ཕན་མ་དངུལ་དེ་རིག་གནས་བྱ་གཞག་ཐད་སྤྱོད་པའི་བསྡུར་ཚད་མཐོ་རུ་གཏོང་དགོས། སྤྱི་པའི་རིག་གནས་སྒྲིག་བཀོད་འཛུགས་སྐྱོང་དང་རིག་གནས་ཐོན་ལས་རྣམ་གྲངས་དེ་ཁ་གཏད་བོད་སྐྱོར་གྱི་སྤྱིའི་འཆར་འགོད་ཁྲོད་བཅུག་སྟེ་ཁ་གཏད་བོད་སྐྱོར་གྱི་མ་དངུལ་རིག་གནས་འཛུགས་སྐྱོང་ལ་སྤྱོད་པའི་བསྡུར་ཚད་དེ་20%ལས་མི་དམའ་བ་བྱེད་དགོས། ཁེ་ལས་སུ་བསྒྱུར་བ་དང་ལམ་སྲོལ་སྒྱུར་བཅོས་ཀྱི་གཞུང་ཁོངས་རིག་གནས་ཚན་པའི་སྔར་ཡོད་ཀྱི་རྒྱུན་གཏན་བྱ་གཞག་གི་འགྲོ་གྲོན་མུ་མཐུད་ལོ་ལྔར་སྤྲོད་དགོས། སྲིད་གཞུང་གི་ཉོ་སྒྲུབ་ཞབས་ཞུ་དང་། རྣམ་གྲངས་ཁ་གསབ། ཁ་ཕྱོགས་གཏན་འཁེལ་གྱི་རོགས་དངུལ། བུན་གཏོང་སྐྱེད་གསབ། བྱ་དགས་ཁ་གསབ་ཀྱི་ཚབ་བྱེད་པ་སོགས་ཀྱི་མ་དངུལ་གཏོང་ཐབས་མང་པོ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་ནོར་སྲིད་མ་དངུལ་གྱི་ཁྲིད་སྟོན་དང་འདེགས་ཤིང་ནུས་པ་འདོན་སྤེལ་བྱེད་དགོས། ཁྲལ་འབབ་ཀྱི་གཟིགས་སྐྱོང་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ་དང་དོན་འཁྱོལ་བྱས་ནས་སྲིད་གཞུང་གིས་གཉེར་རྒྱུར་ལྕག་་སྐུལ་བྱེད་པའི་རིག་གནས་ཁེ་ལས་ནས་ལོ་གསུམ་ཁེ་ལས་ཀྱི་ཐོབ་ཁྲལ་མི་བསྡུ་རྒྱུ་དང་། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་ཁས་ལེན་བྱས་པའི་མཐོ་གསར་ལག་རྩལ་གྱི་རིག་གནས་ཁེ་ལས་ནས་ལོ་བཅུ་དང་ལོ་བརྒྱད་རིང་ཁེ་ལས་ཀྱི་ཐོབ་ཁྲལ་ཁག་སོ་སོར་མི་བསྡུ་རྒྱུ་དང་། སློབ་གྲྭ་དང་རིག་གནས་གསོ་སྦྱོང་འཛིན་གྲྭ་སྣ་ཚོགས་གཉེར་བ་དང་དེ་བཞིན་རིག་རྩལ་ཚོགས་པའི་འཁྲབ་སྟོན་དང་ལུས་རྩལ་འགྲན་བསྡུར་གྱི་སྒོ་འཛིན་བཙོངས་བའི་ཡོང་འབབ་དང་། སྨྱན་སྦྱོར་བརྡ་ཁྱབ་ཀྱི་ཡོང་འབབ། གློག་བཪྙན་སྟོན་པའི་ཡོང་འབབ་སོགས་ནས་ཁེ་ལས་ཀྱི་ཐོབ་ཁྲལ་གནས་སྐབས་མི་བསྡུ་རྒྱུ་བཅས་རེད།
(ཉི་ཤུ )སྲིད་འཛིན་གྱི་ཞིབ་མཆན་འགོད་པའི་སྲིད་ཇུས་ལྷུག་ཏུ་གཏོང་དགོས། ཁེ་ལས་སུ་བསྒྱུར་བ་དང་ལམ་སྲོལ་སྒྱུར་བཅོས་དང་ཁ་གྱེས་ནས་བཙུགས་པའི་རིག་གནས་ཁེ་ལས་ཀྱི་སྔར་ཡོད་མིང་མུ་མཐུད་སྤྱོད་ཆོག་པ་དང་། རྒྱུ་ནོར་དངོས་ལ་བརྟེན་ནས་ཐོ་འགོད་བྱེད་ཆོག་པ། སྔར་ཡོད་ཀྱི་ཆོག་འཐུས་གཉེར་སྐྱོང་གི་ཁྱབ་ཁོངས་རྒྱུན་འཛིན་བྱེད་ཆོག་པ་བཅས་དང་། ཀུང་སི་ཨ་མའི་ཐོ་འགོད་མ་དངུལ་སྒོར་ཁྲི་500ཟིན་པ་དང་དེར་མ་རྐང་ཚོད་འཛིན་ནམ་ཡང་མ་དངུལ་ཚང་བའི་ཡན་ལག་ཀུང་སི་གསུམ་ཡན་ཡོད་པ་མ་ཟད་ཀུང་སི་ཨ་མ་དང་ཡན་ལག་ཀུང་སིའི་ཐོ་འགོད་མ་དངུལ་གྱི་བསྡོམས་འབོར་སྒོར་ཁྲི་1000ཟིན་པའི་རིག་གནས་ཁེ་ལས་ཀྱིས་ཚོགས་པ་ཀུང་སི་འཛུགས་རྒྱུའི་ཐོ་འགོད་རེ་ཞུ་བྱེད་ཆོག་པ། ས་ཁུལ་ལས་སྒྲོལ་ནས་ཡན་ལག་དང་ཉིང་ལག་སྒྲིག་གཞི་འམ་ཡང་ན་མུ་སྦྲེལ་ཚོང་ཁང་བཙུགས་ནས་ཚོགས་པ་ཅན་གྱི་གཉེར་སྐྱོང་བྱེད་པའི་རིག་གནས་ཁེ་ལས་ཀྱིས་ཚོགས་པ་ཅན་གྱི་ཐོ་འགོད་བྱེད་ཆོག་པ་བཅས་རེད། རིག་གནས་ཐོན་ལས་རྣམ་གྲངས་ཀྱི་སྲིད་འཛིན་ཞིབ་མཆན་འགོད་པའི་གཙོ་བོ་དང་གོ་རིམ་ཁ་གསལ་བཟོས་ནས་སྤྱི་དབང་མིན་པའི་རིག་གནས་ཁེ་ལས་ལ “བཀག་རྒྱ་མེད་ན་དེར་ཞུགས་ཆོག་པའི ”རྩ་དོན་གཞིར་བཟུང་ཆ་རྐྱེན་དམའ་པོ་དང་མ་གནས་མི་དགོས་པར་ཐོ་འགོད་བྱེད་ཆོག་པའི་སྲིད་ཇུས་དོན་འཁྱོལ་བྱས་ནས་མ་འཇོག་མཁན་གྱིས་ཤེས་བྱའི་ཐོན་དབང་དང་། རྐང་དབང་། བུན་དབང་། ཚོང་རྟགས་བདག་དབང་། ཆེད་ཁེའི་བདག་དབང་སོགས་མངོན་མེད་རྒྱུ་ནོར་གྱི་དཔྱད་དཔོག་ལ་བརྟེན་ནས་གོང་ཐག་གཅོད་པ་དང་མ་འཇོག་གིས་རིག་གནས་ཁེ་ལས་འཛུགས་ཆོག་གི་ཡོད་པ་དང་དངུལ་ལོར་མིན་པའི་རྒྱུ་ནོར་གྱིས་ཐོ་འགོད་མ་རྩའི་ནང་བཟུང་བའི་བསྡུར་ཚད་དེ་80%ལས་མི་བརྒལ་བ་བྱེད་དགོས།
(ཉེར་གཅིག )རིག་གནས་ཐད་མ་འཇོག་དང་མ་དངུལ་མཉམ་འདུ་བྱེད་པའི་ཐབས་ལམ་རྒྱ་ཆེར་གཏོང་དགོས། རིག་གནས་ཁེ་ལས་ཀྱི་ཡིད་རྟོན་དཔྱད་རིམ་ཚད་གཞི་འོས་འཚམ་ངང་ལྷུག་ཏུ་གཏོང་བ་དང་། དངུལ་བུན་གཏོང་བའི་དུས་བཅད་ལུགས་མཐུན་ངང་གཏན་འཁེལ་བྱེད་པ། གཟིགས་སྐྱོང་གི་དངུལ་བུན་གཏོང་བའི་སྐྱེད་ཚད་སྲིད་ཇུས་ལག་བསྟར་ནན་པོ་བྱེད་པ། ཡིད་རྟོན་དངུལ་བུན་གྱི་ཡིད་རྟོན་རིམ་པ་སྤྲོད་ཚད་དང་ཞིབ་མཆན་འགོད་པའི་དབང་ཚད་ཆེ་རུ་གཏོང་བ། རང་ལྗོངས་ཀྱི་རིག་གནས་ཐོན་ལས་འཕེལ་རྒྱས་ཀྱི་ཁྱད་ཆོས་དང་མཐུན་པའི་ཡིད་རྟོན་དངུལ་བུན་གྱི་ཐོན་རྫས་ནང་འདྲེན་དང་གསར་གཏོད་བྱེད་པ་བཅས་ཀྱི་ཐོག་ནས་རིག་གནས་ཁེ་ལས་ལ་ཡིད་རྟོན་དངུལ་བུན་གྱི་གཏོང་ཆ་ནུས་ལྡན་ངང་ཆེ་རུ་གཏོང་དགོས། དངུལ་ཁང་གི་དངུལ་བུན་བརྒྱུད་གཙོ་གནད་རིག་གནས་འཕེལ་རྒྱས་ཀྱི་རྣམ་གྲངས་ལག་བསྟར་བྱས་པར་བུན་གཏོང་སྐྱེད་གསབ་སྤྲོད་དགོས། མངོན་མེད་རྒྱུ་ནོར་གཏའ་མར་འཇོག་པ་དང་། རྒྱུད་འབྲེལ་གྱིས་མཉམ་དུ་དངུལ་བུན་ལེན་པ་དང་མཉམ་དུ་འགན་འཁྲི་འཁུར་བ། ཕྱོགས་གསུམ་པས་ཁག་ཐེག་བྱེད་པ་སོགས་ཀྱི་ལས་ཀའི་ལམ་སྲོལ་འཛུགས་རྒྱུར་སྐུལ་མ་གཏོང་བ་དང་། རིག་གནས་ཁེ་ལས་དང་སྤྱི་ཚོགས་ཀྱི་མ་རྩ་འབྲེལ་མཐུད་ཡོང་བར་སྐུལ་མ་གཏོང་བ། སྤྱི་དབང་མིན་པའི་རྒྱུ་ནོར་དེ་སྲིད་ཇུས་ཀྱི་ཆོག་འཐུས་རིག་གནས་ཁྱབ་ཁོངས་སུ་འཇུག་རྒྱུར་རྒྱབ་སྐྱོར་བྱེད་པ། སྤྱི་ཚོགས་ཀྱི་རྩ་འཛུགས་དང་། སྒྲིག་གཞི། མི་སྒེར་བཅས་ཀྱིས་ཞལ་འདེབས་ཕུལ་ནས་སྤྱི་ཕན་རང་བཞིན་གྱི་རིག་གནས་བྱ་གཞག་གསར་དུ་གཉེར་བར་རྒྱབ་སྐྱོར་བཅས་བྱས་ཏེ་སྲིད་གཞུང་གི་གཏོང་ཆ་དང་སྤྱི་ཚོགས་ཀྱི་གཏོང་ཆ་ཕན་ཚུན་ཟུང་དུ་འབྲེལ་བའི་ཐབས་ལམ་མང་པོ་དང་སྣ་མང་ཅན་གྱི་རིག་གནས་ཀྱི་མ་འཇོག་དང་མ་དངུལ་མཉམ་འདུའི་ལམ་སྲོལ་ཞིག་ཆགས་པ་བྱེད་དགོས།
(ཉེར་གཉིས )རིག་གནས་རྣམ་གྲངས་གླིང་འཛུགས་སྐྱོང་ལ་རྒྱབ་སྐྱོར་བྱེད་དགོས། 《བོད་རང་སྐྱོང་ལྗོངས་ཀྱི “ལོ་ལྔ་ཚན་བཅུ་གཉིས་པའི ”རིག་གནས་སྒྱུར་བཅོས་འཕེལ་རྒྱས་ཀྱི་འཆར་འགོད་རྩ་གནད 》ནང་གི་རིག་གནས་འཛུགས་སྐྱོང་གི་རྣམ་གྲངས་ཁག་སྒོ་ཀུན་ནས་ལག་བསྟར་བྱེད་དགོས། རིག་གནས་ཐོན་ལས་ཀྱི་རྣམ་གྲངས་དེ་ཚོང་འགུག་མ་འདྲེན་གྱི་ཁྱབ་ཁོངས་ནང་བཅུག་སྟེ་དེ་མཚུངས་ཀྱི་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱོད་དགོས། དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་འཛུགས་སྐྲུན་གྱི་འབྲེལ་ཡོད་སྲིད་ཇུས་ལ་གཞིགས་ཏེ་རིག་གནས་ཐོན་ལས་གླིང་དང་རྟེན་གཞི་འཛུགས་སྐྱོང་གི་ཚོང་འགུག་མ་འདྲེན་དང་། ས་ཆ་བེད་སྤྱོད། ཤེས་ལྡན་མི་སྣ་ནང་འདྲེན་སོགས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་གཟིགས་སྐྱོང་ཆེ་བའི་སྲིད་ཇུས་ཆ་ཚང་པོ་སྔར་བས་བཟོ་དགོས། རིག་གནས་ཐོན་ལས་གླིང་དང་རྟེན་གཞི་དེ་སྲིད་གཞུང་གིས་གཅིག་གྱུར་འཆར་འགོད་བྱེད་པ་དང་། རྨང་གཞིའི་སྒྲིག་བཀོད་དེ་སྲིད་གཞུང་གིས་མ་འཇོག་འཛུགས་སྐྱོང་བྱེད་པ། གླིང་ཁུལ་ནང་ཞུགས་མཁན་རིག་གནས་ཁེ་ལས་དང་། སྒྲིག་གཞི། རྣམ་གྲངས་བཅས་ལ་རྒྱལ་ཁབ་དང་། རང་སྐྱོང་ལྗོངས། མཐོ་གསར་ལག་རྩལ་ཁེ་ལས་འཕེལ་རྒྱས་བཅས་ཀྱི་གཟིགས་སྐྱོང་སྲིད་ཇུས་ཁག་ལོངས་སུ་སྤྱོད་རྒྱུ་ཡོད་པ་བཅས་རེད། རིག་གནས་ཐོན་ལས་ཀྱི་གཙོ་གནད་རྣམ་གྲངས་ལ་སྤྱོད་པའི་ས་ཆ་དེ་ས་གནས་དེ་གའི་ས་ཆ་སྤྱོད་པའི་སྤྱིའི་འཆར་འགོད་དང་ལོ་འཁོར་གྱི་ས་ཆ་སྤྱོད་པའི་འཆར་གཞིའི་ནང་བཞག་སྟེ་སྤྱི་ཕན་རང་བཞིན་གྱི་རིག་གནས་སྒྲིག་གཞི་འཛུགས་སྐྱོང་ལ་སྤྱོད་པའི་ས་ཆ་དེ་སྲིད་གཞུང་གིས་གཏོང་སྤྲོད་དང་ཁེ་ལས་སུ་བསྒྱུར་བ་དང་ལམ་སྲོལ་སྒྱུར་བཅོས་ཀྱི་རིག་གནས་ཚན་པར་སྤྱོད་པའི་སྔར་གཏོང་སྤྲོད་ཀྱི་ས་ཆ་དེ་སྔར་བཞིན་གཏོང་སྤྲོད་རྣམ་པའི་ཐོག་ནས་སྤྱོད་པའམ་ཡང་ན་གཟིགས་སྐྱོང་རིན་གོང་སོགས་ཀྱི་ཐོག་ནས་ཐག་གཅོད་ཆོག་པ་དང་རང་སྐྱོང་ལྗོངས་ཀྱིས་སྐུལ་མ་བཏང་བའི་རིག་གནས་ཐོན་ལས་ཀྱི་ས་སྤྱོད་དེ་སྲིད་གཞུང་གིས་གོང་སྒྲིག་ནས་ནང་བཤུག་གཏོང་ཆོག
བདུན། ཏང་གིས་རིག་གནས་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་རིག་གནས་སྒྱུར་བཅོས་དང་འཕེལ་རྒྱས་ཐད་ཀྱི་ཚན་རིག་དང་མཐུན་པའི་ཆུ་ཚད་མཐོ་རུ་གཏོང་རྒྱུར་སྐུལ་མ་གཏོང་དགོས།
(ཉེར་གསུམ )རིག་གནས་འཛུགས་སྐྱོང་གི་ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་བྱེད་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་རིག་གནས་འཛུགས་སྐྱོང་བྱ་རྒྱུ་དེ་སྤྱི་ཡོངས་ཀྱི་ལས་ཀའི་གལ་ཆེའི་གནས་བབ་ཐོག་འཇོག་པ་དང་ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཀྱི་འཆར་འགོད་ནང་བཅུག་ཏེ་འདུ་ཤེས་འཛིན་སྟངས་དང་དྲིལ་བསྒྲགས་རིག་གནས་ལས་ཀའི་གནས་ཚུལ་གསར་པ་དང་ཁྱད་ཆོས་གསར་པར་ཞིབ་འཇུག་གཏིང་ཟབ་བྱས་ཏེ་སྒྱུར་བཅོས་འཕེལ་རྒྱས་ཁྲོད་ཀྱི་གལ་ཆེའི་གནད་དོན་དུས་ཐོག་ཏུ་ཞིབ་འཇུག་དང་ཐག་གཅོད་བྱེད་དགོས། རིག་གནས་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་དཔྱད་ཞིབ་གདེང་འཇོག་མ་ལག་ནང་བཅུག་ཏེ་ས་ཁུལ་འཕེལ་རྒྱས་ཀྱི་ཆུ་ཚད་ལ་གདེང་འཇོག་དང་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པའི་ལས་ཀའི་གྲུབ་འབྲས་ལ་བསྡུར་ཞིབ་བྱེད་པའི་གལ་ཆེའི་གཞི་འཛིན་སར་བརྩིས་ནས་རིག་གནས་འཛུགས་སྐྱོང་ལ་སྣང་ཆེན་བྱེད་པའི་ལས་ཀའི་ཕྱོགས་སྟོན་ཆགས་པ་བྱ་རྒྱུར་སྐུལ་མ་གཏོང་དགོས། དྲིལ་བསྒྲགས་རིག་གནས་ཁོངས་གཏོགས་ཀྱི་འགོ་ཁྲིད་ཚན་ཁག་དང་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་དྲིལ་བསྒྲགས་བསམ་བློ་དང་རིག་གནས་ཁོངས་གཏོགས་ཀྱི་འགོ་ཁྲིད་ཚན་ཁག་ཡག་པོ་འདེམས་པ་དང་སྟོབས་ཆེན་བཀོད་སྒྲིག་བྱས་ཏེ་རིག་གནས་བྱ་གཞག་ཚན་པ་དང་གཞུང་ཁོངས་དང་དེ་བཞིན་གཞུང་ཁོངས་མ་རྐང་ཚོད་འཛིན་རིག་གནས་ཁེ་ལས་ཀྱི་ཏང་རྩ་འཛུགས་འཛུགས་སྐྱོང་བྱ་རྒྱུར་སྐུལ་མ་གཏོང་བ་དང་རིག་གནས་ཁྱབ་ཁོངས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་ཁེ་ལས་དང་སྤྱི་ཚོགས་ཀྱི་རྩ་འཛུགས་གསར་པའི་ཏང་འཛུགས་སྐྱོང་ལས་དོན་ལ་སྐུལ་མ་གཏོང་དགོས།
(ཉེར་བཞི )རིག་གནས་ཤེས་ལྡན་མི་སྣའི་དཔུང་ཁག་སྟོབས་ཆེར་གཏོང་དགོས། རང་སྐྱོང་ལྗོངས་རིམ་པའི་རིག་གནས་གཟི་བརྗིད་མཚན་སྙན་གཏོད་དགོས། ཆེད་ལས་རིག་གནས་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་རིག་གནས་ཤེས་ལྡན་མི་སྣ་ནང་འདྲེན་བྱེད་པའི་གཟིགས་སྐྱོང་སྲིད་ཇུས་བཟོ་བ་དང་། རང་སྐྱོང་ལྗོངས་ཀྱི་རིག་གནས་ཤེས་ལྡན་མི་སྣའི་གསོ་སྐྱོང་གི་ནང་འདྲེན་མ་དངུལ་འཛུགས་པ། “ཁག་གཅིག་ལྔའི ”ཤེས་ལྡན་མི་སྣ་གསོ་སྐྱོང་གི་འདུ་འགོད་ལག་བསྟར་བྱེད་པ་བཅས་བྱས་ཏེ་རྒྱལ་ཡོངས་སུ་ཁ་ཕྱོགས་ནས་རིག་གནས་ཐད་ཤིན་ཏུ་དགོས་མཁོ་ཆེ་བའི་ཤེས་ལྡན་མི་སྣ་དང་མཐོ་རིམ་ཤེས་ལྡན་མི་སྣ་ནང་འདྲེན་བྱས་ཏེ་ཁ་ཕྱོགས་གཏན་འཁེལ་དང་། མངགས་བཅོལ་གསོ་སྦྱོང་། གདན་ཞུ་སོགས་དམིགས་བསལ་གྱི་བྱ་ཐབས་བརྒྱུད་ཆེད་ལས་སྒྱུ་རྩལ་ཤེས་ལྡན་མི་སྣ་གསོ་སྦྱོང་བྱས་ཏེ་2015ལོར་སླེབས་སྐབས་ལྗོངས་ཡོངས་སུ “ཁག་གཅིག་ལྔའི ”ཤེས་ལྡན་མི་སྣ་100ཟིན་པ་བྱེད་ཐོག་ལྗོངས་ཡོངས་ཀྱི་ཆེད་ལས་སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་པའི་དཔུང་ཁག་ཟམ་མི་ཆད་པར་སྟོབས་ཆེར་གཏོང་དགོས། གཞི་རིམ་གྱི་རིག་གནས་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ས་གནས་ཀྱི་རྫོང་རིམ་པ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་དྲིལ་བསྒྲགས་རིག་གནས་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཀྲུང་དབྱང་དྲིལ་བསྒྲགས་པུའུ་སོགས་པུའུ་ཨུད་དྲུག་གི་བསམ་འཆར་འགའ་ཞིག་དོན་འཁྱོལ་ནན་ཏན་བྱས་ནས་སློབ་གསོའི་གསོ་སྦྱོང་བྱ་ཤུགས་ཆེ་རུ་གཏོང་བ་དང་ཤང་གྲོང་དང་ཁྲོམ་གཞུང་ཏང་ཨུད་ཀྱི་དྲིལ་བསྒྲགས་ཨུ་ཡོན་དང་དྲིལ་བསྒྲགས་རིག་གནས་ལས་བྱེད་པ (ཕྱོགས་བསྡུས་རིག་གནས་ས་ཚིགས་ཀྱི་ཆེད་གཉེར་ལས་དོན་མི་སྣ )ཡག་པོ་འདེམས་པ་དང་ཆ་ཚང་བ་བཀོད་སྒྲིག་བྱེད་དགོས། དམངས་ཁྲོད་རིག་གནས་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས “དམངས་ཁྲོད་ཀྱི་རིག་གནས་ཤེས་ལྡན་པའི་བང་མཛོད ”བཙུགས་ཏེ་ལོ་གཉིས་རེར་དམངས་ཁྲོད་རིག་གནས་མི་སྣ་ཕུལ་བྱུང་ཁག་གཅིག་འདེམས་པ་དང་གཟེངས་བསྟོད་བྱེད་པ་དང་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་འཕེལ་རྒྱས་བཏང་ནས་2015ལོར་སླེབས་སྐབས་རྫོང་ཚང་མར་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་རེ་ཡོད་པ་བྱེད་དགོས།
(ཉེར་ལྔ )རིག་གནས་སྒྱུར་བཅོས་འཕེལ་རྒྱས་ཀྱི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པ་བྱ་རྒྱུར་སྐུལ་མ་གཏོང་དགོས། རང་སྐྱོང་ལྗོངས་རིག་གནས་སྒྲིག་གཞི་སྒྱུར་བཅོས་དང་རིག་གནས་ཐོན་ལས་འཕེལ་རྒྱས་ལས་དོན་འགོ་ཁྲོད་ཚོགས་ཆུང་དེ་རང་སྐྱོང་ལྗོངས་རིག་གནས་སྒྱུར་བཅོས་འཕེལ་རྒྱས་ལས་དོན་འགོ་ཁྲོད་ཚོགས་ཆུང་དུ་ལེགས་སྒྲིག་བྱས་ཏེ་གཞུང་དོན་སྒྲུབ་པའི་སྒྲིག་གཞིའི་ལས་ཀའི་སྟོབས་ཤུགས་འོས་འཚམ་གྱིས་མང་དུ་གཏོང་བ་དང་ལྗོངས་ཡོངས་ཀྱི་རིག་གནས་སྒྱུར་བཅོས་འཕེལ་རྒྱས་ལས་ཀའི་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་བྱ་ཤུགས་ཆེ་རུ་གཏོང་དགོས། དྲིལ་བསྒྲགས་བསམ་བློའི་རིག་གནས་སྡེ་ཚན་གྱིས་དྲིལ་བསྒྲགས་བསམ་བློ་དང་རིག་གནས་ཁྱབ་ཁོངས་ཀྱི་སྣེ་འཁྲིད་དེ་སྤྱི་ཡོངས་ལ་དམ་འཛིན་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་རིམ་པ་གཅིག་མཚུངས་ཀྱི་ཏང་ཨུད་དང་སྲིད་གཞུང་ལ་གཞོགས་འདེགས་ཧུར་ཐག་གིས་དྲིལ་བསྒྲགས་བསམ་བློའི་རིག་གནས་ཁྱབ་ཁོངས་ཀྱི་བསམ་བློ་ཆབ་སྲིད་འཛུགས་སྐྱོང་དང་ལས་སྒོ་འཛུགས་སྐྱོང་ལ་དམ་འཛིན་བྱས་ནས་རིག་གནས་སྒྱུར་བཅོས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་དོན་འཁྱོལ་ནན་ཏན་བྱེད་དགོས། རྩ་འཛུགས་དང་། སྒྲིག་ཁུངས། འཕེལ་སྒྱུར། ནོར་སྲིད། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་། རྒྱལ་ཁབ་ཀྱི་ས་ཆ། གྲོང་ཁྱེར་འཛུགས་སྐྲུན། བཟོ་ཚོང་། ཁྲལ་དོན། དངུལ་རྩ་སོགས་སྡེ་ཚན་གྱིས་འབྲེལ་ཡོད་ལེ་ལག་ཚང་བའི་བྱེད་ཐབས་ཞིབ་འཇུག་བྱས་ནས་བཟོས་ཏེ་རིག་གནས་སྒྱུར་བཅོས་འཕེལ་རྒྱས་ཐད་རྒྱབ་སྐྱོར་དང་འགན་ལེན་བྱེད་དགོས། མི་དམངས་འཐུས་ཚོགས་དང་སྲིད་གྲོས་ཀྱིས་འགན་ནུས་འཁུར་རྒྱུར་རྒྱབ་སྐྱོར་བྱེད་པ་དང་མི་དམངས་ཚོགས་སྤྱི་དང་ཆོས་ལུགས་ལས་རིགས་ཀྱི་མི་སྣའི་ནུས་པ་འདོན་སྤེལ་བྱ་རྒྱུར་རྒྱབ་སྐྱོར་བྱས་ཏེ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་། རྩོམ་པ་པོའི་མཐུན་ཚོགས། གསར་འགོད་པའི་མཐུན་ཚོགས་སོགས་རིག་གནས་ཁྱབ་ཁོངས་ཀྱི་མི་དམངས་ཚོགས་པས་འབྲེལ་གཏུག་དང་། མཐུན་སྦྱོར། ཞབས་ཞུ་བཅས་བྱེད་པའི་འགན་ནུས་ལག་བསྟར་བྱ་རྒྱུར་སྐུལ་མ་གཏོང་བ་དང་རིག་གནས་འཛུགས་སྐྱོང་ཁྲོད་ཀྱི་མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱི་ནུས་པ་གཙོ་བོ་འདོན་སྤེལ་བྱ་རྒྱུར་དོ་སྣང་བྱས་ཐོག་སྤྱི་ཚོགས་ཧྲིལ་པོས་རིག་གནས་སྒྱུར་བཅོས་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་མ་གཏོང་བ་དང་མཐུན་སྒྲིལ་དང་། དམངས་གཙོ། འབྱོར་ཕྱུག ཤེས་དཔལ། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་བསྐྲུན་རྒྱུའི་མཉམ་ཤུགས་ཆེན་པོ་ཞིག་ཧུར་ཐག་ཆགས་པ་བྱེད་དགོས།
འགན་འཁུར་རྩོམ་སྒྲིག་པ། admin
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣