དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • “བཟང་པོ་བཞི་ལྡན་གྱི་ལོ་ཆུང”ཞིག་བྱ་རྒྱུའི་བརྩོན་ལེན་བྱས་ནས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཆེད་སྒོ་ཀུན་ནས་གྲ་སྒྲིག་ཡག་པོ་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

      མཛའ་བརྩེ་དང་ལྡན་པའི་ལོ་ཆུང་གདོང་ལེན་རུ་མི་དང་གྲོགས་པོ་ཆུང་ཆུང་ཚོ།

        ཉི་འོད་རབ་ཏུ་འཚེར་བ་དང་སྐྱེ་སྟོབས་ཀྱི་དཔལ་འབར་བའི་ཉིན་མོ་འདིར་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལོ་ཆུང་གདོང་ལེན་རུ་མི་ཚོའི་སྨོན་འདུན་བཟང་པོ་དང་མངགས་བཅོལ་ཟབ་མོ་ཞུ་ལུགས་མཚོན་པར་བྱས་ནས་ང་ཚོ་ཀྲུང་གོ་ལོ་ཆུང་གདོང་ལེན་རུ་ཁག་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་ལྔ་པར་གཟི་བརྗིད་ལྡན་པའི་ངང་ཞུགས་པ་ཡིན། འཐུས་མི་ཞིག་གི་ངོས་ནས་ང་ཚོའི་སེམས་ཀྱི་རྦ་རླབས་ལང་ལོང་དུ་འཕྱུར་ཞིང་སྤོབས་པ་ཆེན་པོ་སྐྱེ་ཡི་འདུག་ལ་གཟི་བརྗིད་བླ་ན་མེད་པ་ཞིག་ཡོང་གི་འདུག ད་ཐེངས་ཀྱི་ཚོགས་འདུ་གཟབ་རྒྱས་དེ་མཚོ་ཐོག་རྒྱང་སྐྱོད་ཀྱི་གྲུ་གཡོར་འགེལ་བའི་ང་ཚོའི་ལམ་ཚད་རྡོ་རིང་ལྟ་བུ་ཞིག་ཏུ་འགྱུར་རྒྱུ་རེད། མིག་སྔར་ལྗོངས་ཡོངས་སུ་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་མ་གཏོང་བའི་དུང་བརྡ་གྲགས་ཟིན་པ་དང་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་པའི་གོམ་སྟབས་བློ་བརྟན་འགྱུར་མེད་ཡིན། སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་བྱེད་པའི་སྔོན་གྲབས་རུ་ཁག་དང་རྒྱུན་འཛིན་པ་ཞིག་ཡིན་པའི་ང་ཚོས་ཏང་གི་བླང་བྱ་གཞིར་བཟུང་སྐར་མ་དང་དཔལ་འབར་གྱི་དར་ཆའི་འོག་མཉམ་བསྡུས་བྱས་ནས “བཟང་པོ་བཞི་ལྡན་གྱི་བྱིས་པ ”ཞིག་བྱ་རྒྱུར་བརྩོན་ལེན་བྱས་ཏེ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཆེད་སྒོ་ཀུན་ནས་གྲ་སྒྲིག་ཡག་པོ་བྱེད་དགོས།

        དེས་ན་ང་ཚོའི་ལོ་ཆུང་གདོང་ལེན་རུ་ཁག་གི་འཐུས་མི་ཡོངས་ཀྱིས་ལྗོངས་ཡོངས་ཀྱི་ལོ་ཆུང་གདོང་ལེན་རུ་མི་དང་གྲོགས་པོ་ཆུང་ཆུང་ཚོར་གྲོས་འགོ་འདོན་རྒྱུ་ཡིན།

        ཆུང་དུས་ནས་ཕུགས་བསམ་གྱི་རྨང་གཞི་འདིང་དགོས། ང་ཚོས་མི་སྒེར་གྱི་ཕུགས་བསམ་དོན་གཉེར་བྱ་རྒྱུ་དེ་མེས་རྒྱལ་གྱི་མདུན་ལམ་དང་ལས་དབང་དང་དམ་པོར་སྦྲེལ་བ་དང་མི་སྒེར་གྱི་འཚར་ལོངས་དང་ཡར་རྒྱས་དེ་བོད་ཀྱི་དར་རྒྱས་གོང་འཕེལ་དང་དམ་པོར་སྦྲེལ་ནས་ཀྲུང་ཧྭ་དར་རྒྱས་དང་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་བརྗིད་ཆེའི་བློ་སྟོབས་བརྟན་པོ་ཆགས་པ་བྱེད་པ་དང་ཏང་གི་སློབ་སྟོན་དུས་ནམ་ཡང་བློ་ལ་བརྟན་པོར་འཆང་ནས་མེས་རྒྱལ་ལ་བློ་དཀར་སེམས་དཀར་དང་། མི་དམངས་ལ་དགའ་ཞེན། ཕ་ཡུལ་ལ་ལེགས་སྐྱེས་འབུལ་བ་བཅས་བྱེད་དགོས།

        ཆུང་དུས་ནས་དཀའ་སྤྱད་འབད་འབུངས་བྱས་ནས་སློབ་སྦྱོང་བྱེད་དགོས། ང་ཚོས་གོ་སྐབས་བཟང་པོར་གཅེས་སྤྲས་བྱས་ནས་སློབ་ཚན་ཁག་ཚང་མ་སློབ་སྦྱོང་ཡག་པོ་བྱེད་པ་དང་། སྦྱོང་ཚན་ཁག་ལེགས་གྲུབ་ཡག་པོ་བྱེད་པ། བྱེད་སྒོ་ཁག་ནང་ཡག་པོ་ཞུགས་པ་བཅས་བྱས་ཏེ་མེས་རྒྱལ་གྱི་དྲིན་གསོ་བ་དང་ཕ་ཡུལ་འཛུགས་སྐྲུན་བྱ་ཕྱིར་འཇོན་ཐང་བྱང་ཆུབ་པ་ཞིག་ལྡན་པར་བྱེད་པ་དང་རྨང་གཞི་བརྟན་པོ་འདིང་དགོས།

        ཆུང་དུས་ནས་གཤིས་ཀ་ཡག་པོ་ཞིག་འཇགས་པ་བྱེད་དགོས། ང་ཚོས་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་སྤྱོད་བཟང་རྒྱུན་འཛིན་བྱེད་པ་དང “ལེའུ་ཧྥུང་གི་སྙིང་སྟོབས ”དང “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས ”དར་སྤེལ་བཏང་སྟེ་བྱ་བ་ཆུང་ཙག་དང་གཏམ་སྤྱོད་རེ་རེའི་ཐོག་ནས་ཡ་རབས་གུས་ཞབས་ལྡན་པ་དང་། མཐུན་སྒྲིལ་རོགས་རེས། ཁ་དན་ཚིག་གནས། སྒྲིག་བཀུར་ཁྲིམས་སྲུང་། དཀའ་སྤྱད་འབད་བརྩོན་བཅས་ཀྱི་གཤིས་ཀ་ཡག་པོ་ཞིག་རིམ་པས་འཇགས་པ་བྱེད་དགོས།

        ཆུང་དུས་ནས་གཟུགས་པོར་སྦྱོང་བརྡར་ཡག་པོ་བྱེད་དགོས། ང་ཚོས་ཉིན་ལྟར་ལུས་སྦྱོང་མཐའ་འཁྱོངས་བྱས་ནས་རང་ཉིད་ཀྱི་གཟུགས་པོའི་བྱང་ཚད་ཟམ་མི་ཆད་པར་ལེགས་སུ་གཏོང་བ་དང་དཔའ་ངར་ཆེ་ཞིང་ཞུམ་པ་མེད་པའི་སྙིང་སྟོབས་སྦྱོང་བརྡར་བྱས་ནས་དཀའ་ངལ་འཕྲད་སྐབས་མགོ་མི་སྒུར་བ་དང་བར་ཆད་ཀྱིས་གཉའ་མི་ཆག་པར་ཡར་རྒྱས་བརྩོན་ལེན་དང་སྤྲོ་སྣང་ལྡན་པའི་ངང་གོང་འཕེལ་ཡོང་བ་བྱས་ཏེ་དཔའ་ངར་ཆེར་བསྐྱེད་ཀྱི་ཉམས་འགྱུར་ཐོག་ནས་འབྱུང་འགྱུར་གྱི་འགྲན་སློང་བསུ་དགོས།

        མཛའ་བརྩེ་དང་ལྡན་པའི་ལོ་ཆུང་གདོང་ལེན་རུ་མི་དང་གྲོགས་པོ་ཆུང་ཆུང་ཚོ། ཏང་གི་ཉི་འོད་དང་སྦྲང་ཆར་ཟིལ་མའི་འོག་ད་ཆ་ཐེའུ་རབ་ཏུ་བཏགས་ནས་འབྱུང་འགྱུར་རྣམ་པར་བཀྲ་བའི་མེ་ཏོག་ཏུ་འགྱུར་ངེས་ཡིན་པ་དང་། ད་ཆ་ཁྲ་ཕྲུག་གིས་གཤོག་རྩལ་སྦྱངས་ནས་འབྱུང་འགྱུར་ནམ་འཕངས་གཅོད་ངེས་ཡིན། ང་ཚོས་སྐར་མ་དང་དཔལ་འབར་གྱི་དར་ཆའི་འོག་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་ད་ཆ་ནས་འགོ་འཛུགས་པ་དང་ཉེ་འགྲམ་གྱི་བྱ་བ་ཆུང་ཙག་ནས་འགོ་བཙུགས་ཏེ་བྱ་སྤྱོད་ཧུར་ཐག་སྤེལ་ནས “བཟང་པོ་བཞི་ལྡན་གྱི་བྱིས་པ ”ཞིག་བྱ་རྒྱུར་བརྩོན་ལེན་བྱས་ནས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཆེད་སྒོ་ཀུན་ནས་གྲ་སྒྲིག་ཡག་པོ་བྱས་ཐོག་ང་ཚོར་བརྟེན་ནས་མེས་རྒྱལ་ལ་སྤོབས་སེམས་ལྡབ་འགྱུར་ཡོང་བ་དང་། ང་ཚོར་བརྟེན་ནས་བོད་ལ་བླ་ན་མེད་པའི་གཟི་བརྗིད་ཡོང་བ། ང་ཚོར་བརྟེན་ནས་སྐར་མ་དང་དཔལ་འབར་ལ་དེ་བས་འོད་ཟེར་འཕྲོ་བ་བཅས་བྱེད་དགོས།

        ཀྲུང་གོ་ལོ་ཆུང་གདོང་ལེན་རུ་ཁག་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་ལྔ་པའི་གདོང་ལེན་རུ་མིའི་འཐུས་མི་ཡོངས་ཀྱིས།

        2012ལོའི་ཟླ་6ཚེས་2ཉིན།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།