ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལ།
བོད་རང་སྐྱོང་ལྗོངས་ཏང་ཨུད་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་ཞི་མཐུན་དཔེ་བཟང་གི་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་སྐབས་དང་པོ་གཟབ་རྒྱས་ངང་འཚོགས་པ་དགའ་སྤྲོའི་ངང་ཐོས་བྱུང་བས་སྤྲོ་སེམས་འཁོལ་བའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་འབྲེལ་གཟེངས་བསྟོད་ཐོབ་པའི་ཞི་མཐུན་དཔེ་བཟང་གི་དགོན་སྡེ་དང་སྔོན་ཐོན་གྲྭ་བཙུན་ལ་སྤྲོ་སེམས་འཁོལ་བའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན་ལ་ཆོས་ལུགས་ལས་རིགས་ལ་སྔ་ཕྱི་བར་གསུམ་དུ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་ལས་རིགས་ཁག་གི་མི་སྣ་དང་དུས་ཡུན་རིང་པོའི་རིང་ཆོས་ལུགས་ལས་དོན་ནང་ཞུགས་མཁན་རྒྱ་ཆེའི་ལས་བྱེད་ལས་བཟོ་ཚོར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཡང་ཞུ་རྒྱུ་ཡིན།
ད་ཕན་ལོ་ཤས་རིང་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་མཐའ་གཅིག་ཏུ་ལག་བསྟར་བྱས་ཏེ 《ཆོས་ལུགས་ལས་དོན་སྲོལ་ཡིག 》སོགས་བཅའ་ཁྲིམས་ཁྲིམས་སྲོལ་ལག་བསྟར་དོན་འཁྱོལ་ནན་ཏན་དང་། ཁྲིམས་ལྟར་དགོན་སྡེར་དོ་དམ་བྱེད་པའི་ཕུགས་ཕན་ལམ་སྲོལ་ཧུར་ཐག་བཙུགས་པ། དགོན་སྡེའི་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱེད་པའི་ལས་དོན་སྒོ་ཀུན་ནས་སྤེལ་བ།
བོད་བརྒྱུད་ནང་བསྟན་གྱི་རྒྱུན་གཏན་སྒྲིག་ལམ་སྲུང་སྐྱོང་བཅས་བྱས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་བོད་ཀྱི་བརྟན་ལྷིང་སྲུང་སྐྱོང་བྱ་ཆེད་འབད་བརྩོན་ཧུར་ཐག་བྱས་ཡོད། ཞི་མཐུན་དཔེ་བཟང་གི་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་གཏོད་པ་དང་འདེམས་པའི་བྱེད་སྒོ་སྤེལ་ཚུན་བོད་ཀྱི་ཆོས་ལུགས་ལས་རིགས་མི་སྣས་ཐོག་མཐའ་བར་གསུམ་དུ་རྒྱལ་གཅེས་ཆོས་གཅེས་དང་མཐུན་སྒྲིལ་ཡར་ཐོན་གྱི་དར་ཆ་མཐོན་པོར་བསྒྲེངས་ཏེ་ཏཱ་ལའི་རུ་ཚོགས་ཀྱི་བོད་འཕུང་ཆོས་གནོད་དང་མེས་རྒྱལ་ཁ་ཕྲལ་གཏོང་བའི་སྡིག་ཉེས་བྱེད་སྤྱོད་ལ་ཐེར་འདོན་དགག་རྒྱག་གཏིང་ཟབ་བྱེད་པ་དང་། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་། ཆོས་ལུགས་ཁྱབ་ཁོངས་ཀྱི་ཞི་མཐུན་བརྟན་ལྷིང་དང་རྒྱུན་གཏན་སྒྲིག་ལམ་སྲུང་སྐྱོང་། སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་པའི་འགྲོ་ལམ་ཐོག་སྐྱོད་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་མངོན་འགྱུར་བྱ་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།
ཆོས་ལུགས་ཀྱི་ཞི་མཐུན་ལ་སྐུལ་འདེད་གཏོང་རྒྱུ་དེ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཞི་མཐུན་སྤྱི་ཚོགས་སྐྲུན་རྒྱུའི་ནང་དོན་གལ་ཆེན་ཞིག་དང་། དུས་སྐབས་གསར་པའི་ཆོས་ལུགས་ལས་དོན་གྱི་དམིགས་ཚད་གལ་ཆེན་ཞིག ཆོས་ལུགས་ལས་དོན་ལ་བཏོན་པའི་བླང་བྱ་གསར་པ་ཞིག ཆོས་ལུགས་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་པའི་ཐབས་ལམ་གསར་པ་ཞིག་བཅས་ཡིན། ཞི་མཐུན་དཔེ་བཟང་གི་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་གཏོད་པ་དང་འདེམས་པའི་བྱེད་སྒོ་སྤེལ་བ་དེ་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་དང་ཆོས་ལུགས་དང་དེ་བཞིན་བཅའ་ཁྲིམས་ཁྲིམས་སྲོལ་སྒོ་ཀུན་ནས་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དང་། དགོན་སྡེའི་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་གསར་གཏོད་བྱེད་པ་དང་རྒྱ་ཆེའི་གྲྭ་བཙུན་གྱི་རྒྱལ་གཅེས་ཁྲིམས་སྲུང་གི་ཧུར་བརྩོན་རང་བཞིན་སྔར་བས་སྐོང་འཐེན་བྱ་རྒྱུ། དགོན་སྡེའི་དོ་དམ་གྱི་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་རྒྱུ་དང་རྒྱུན་གཏན་ཆོས་ལུགས་ཀྱི་སྒྲིག་ལམ་དང་དགོན་སྡེའི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་བཅས་ལ་ཕན་པ་ཡོད།
གཟེངས་བསྟོད་ཐོབ་པའི་ཞི་མཐུན་དཔེ་བཟང་གི་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་གི་གྲྭ་བཙུན་ཚོས་གྲུབ་འབྲས་དར་སྤེལ་གཏོང་བ་དང་ཡང་འབད་བསྐྱར་འབད་བྱས་ཏེ་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་བཅས་ཀྱི་ཁྲོད་དེ་བས་ཆེ་བའི་ལེགས་སྐྱེས་གསར་པ་འབུལ་རྒྱུའི་རེ་བ་ཡོད།
ཚོགས་ཆེན་ཐུགས་གྲ་ལེགས་འགྲིག་ཡོང་བའི་སྨོན་འདུན་ཞུ།
རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་ནས།
2012ལོའི་ཟླ་4ཚེས་18ཉིན།