དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • སྔོན་ཐོན་དགོན་སྡེ་དོ་དམ་ཨུ་ཡོན་ལྷན་ཁང་དང་དགོན་སྡེར་བཅའ་སྡོད་ཕུལ་བྱུང་ལས་བྱེད་པར་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་གཏན་འབེབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        2011ལོའི་ཟླ་བ་དགུ་པ་ཚུན་དུ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྤྱི་ཚོགས་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱ་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་བོད་བརྒྱུད་ནང་བསྟན་ཁྱབ་ཁོངས་ཀྱི་ཞི་མཐུན་བརྟན་ལྷིང་དང་བོད་ཀྱི་ཡུན་རིང་བདེ་འཁོད་ལ་དམིགས་པ་དང་། ཆོས་ལུགས་ལས་དོན་གྱི་ཆོས་ཉིད་ལ་ཞིབ་འཇུག་གཏིང་ཟབ་བྱེད་པ། ཆོས་ལུགས་ལས་དོན་སྐོར་གྱི་ཏང་གི་མཛད་ཕྱོགས་སྲིད་ཇུས་ཡང་དག་པའི་ངང་སྟངས་འཛིན་བྱེད་པ། ཕུགས་འཕེར་གྱི་ཇུས་གཞི་འདིང་བ་དང་རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་སྤྱོད་པ་བཅས་བྱས་ཏེ 《དགོན་སྡེའི་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་གཏན་འབེབས 》(བོད་ཏང་སྤེལ [2011]ཨང་16པ )གཏན་འབེབས་བྱས་ནས་བཏོན་པ་དང་ལྗོངས་ཡོངས་ཀྱི་དགོན་སྡེར “དོ་དམ་སྒྲིག་གཞི་འཛུགས་པ་དང་། ཏང་རྩ་འཛུགས་འཛུགས་པ། ཚན་ཁག་འཛུགས་པ། དཔུང་ཁག་འཛུགས་པ། འགན་ནུས་འཛུགས་པ། ལམ་སྲོལ་འཛུགས་པ ”བཅས “དྲུག་འཛུགས ”ལས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱ་རྒྱུའི་གཏན་འབེབས་བྱས་ཡོད།

        ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་ཚད་མཐོའི་མཐོང་ཆེན་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ་ཏང་སྲིད་འགན་ཁུར་བློ་མཐུན་གཙོ་བོས་སྣེ་ཁྲིད་གནང་བའི་དགོན་སྡེའི་དོ་དམ་ལས་དོན་ལ་ཤུགས་སྣོན་དང་གསར་གཏོད་བྱེད་པའི་འགོ་ཁྲིད་སྒྲིག་གཞི་དང་དེ་བཞིན་དེའི་ལས་དོན་སྒྲུབ་པའི་སྒྲིག་གཞི་འཕྲལ་དུ་བཙུགས་ནས་བརྟག་ཞིབ་གཏིང་ཟབ་དང་། ཇུས་གཞི་ཞིབ་ཚགས་སུ་གཏོང་བ། དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཆེས་ཕུལ་བྱུང་གི་ལས་བྱེད་པ་དང་མི་དམངས་ཉེན་རྟོག་པ་དགོན་སྡེར་བཅའ་སྡོད་ཀྱི་ལས་དོན་སྤེལ་བར་འདེམས་གཏོང་བྱས་ཡོད། རིམ་ཁག་དགོན་སྡེ་དོ་དམ་སྒྲིག་གཞི་དང་དགོན་སྡེར་བཅའ་སྡོད་རྒྱ་ཆེའི་ལས་བྱེད་པ་ཚོས་འགན་འཁྲི་སེམས་ལ་བརྟན་པོར་འཆང་བ་དང་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མ་བཏང་བར་དོ་དམ་དང་། ཞབས་ཞུ། སློབ་གསོ་བཅས་འགན་ནུས་ཆེན་པོ་གསུམ་ཡག་པོ་བསྒྲུབ་རྒྱུར་དམ་པོར་དམིགས་ཏེ་རང་འགུལ་ངང་ཆོས་ལུགས་ལས་རིགས་ཀྱི་མཚོན་བྱེད་མི་སྣ་དང་དགོན་སྡེའི་གྲྭ་བཙུན་དང་མཐུན་སྦྱོར་སྤེལ་རེས་བྱེད་པ་དང་། དགོན་སྡེའི་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱེད་པའི་དོན་སྙིང་གལ་ཆེན་རྒྱས་བཤད་བྱེད་པ། དགོན་སྡེར་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོ་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་གཏིང་ཟབ་སྤེལ་བ། ཏང་གི་ཆོས་ལུགས་སྲིད་ཇུས་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་སྒྲོག་འགྲེལ་བཅས་བྱས་ཏེ་ཏཱ་ལའི་རུ་ཚོགས་ཀྱི་ཆབ་སྲིད་ཐོག་གི་ལོག་སྤྱོད་རང་བཞིན་དང་། ཆོས་ལུགས་ཐོག་གི་གཡོ་རྫུས་རང་བཞིན། བྱེད་ཐབས་ཐོག་གི་མགོ་སྐོར་རང་བཞིན་བཅས་ལ་ཐེར་འདོན་དགག་རྒྱག་གཏིང་ཟབ་བྱས་ཁར་རྒྱ་ཆེའི་གྲྭ་བཙུན་ཚོར་རྒྱལ་གཅེས་ཆོས་གཅེས་དང་སྒྲིག་བཀུར་ཁྲིམས་སྲུང་བྱ་རྒྱུའི་མཐུན་སྒྲིལ་སློབ་གསོ་དང་ཁྲིད་སྟོན་བྱས་པ་དང་། དགོན་སྡེའི་གཞི་རྩའི་སྤྱི་པའི་ཞབས་ཞུར་ཤུགས་སྣོན་ཆེན་པོ་རྒྱག་པ་དང་། “གཅིག་དྲུག ”གི་བྱེད་སྒོ་ཧུར་ཐག་སྤེལ་བ། དགོན་སྡེར “ཡོད་པ་དགུའི ”འདུ་འགོད་ལག་བསྟར་བྱ་རྒྱུར་སྐུལ་འདེད་གཏོང་བ། “འགན་བཅོལ་གཉིས་དང་མ་མཐའི་འཚོ་བའི་འགན་ལེན ”ཁྱོན་ཡོངས་ལ་ཁྱབ་རྒྱུར་སྒོ་ཀུན་ནས་སྐུལ་འདེད་གཏོང་བ། ཞི་མཐུན་དཔེ་བཟང་གི་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་གཏོད་པ་དང་དཔྱད་འདེམས་ཀྱི་བྱེད་སྒོ་སྤེལ་བ། དགོན་སྡེའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པ་བཅས་བྱས་ཏེ་གྲྭ་བཙུན་དང་དེ་བཞིན་ཁོང་ཚོའི་ཁྱིམ་ཚང་ཆེད་དཀའ་ངལ་སེལ་བ་དང་དྲོ་སྐྱིད་མཚོན་པར་བྱས་པ། རང་ངོས་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། ཚན་རིག་དང་མཐུན་པའི་ངང་སྒྲིག་སྲོལ་ལམ་ལུགས་བཟོ་བ། ནམ་རྒྱུན་དང་མི་འདྲ་བའི་དཀའ་ངལ་དང་དམིགས་བསལ་ཪྙོག་འཛིང་ཆེ་བའི་ལས་ཀ་དང་། སློབ་སྦྱོང་། འཚོ་བ་བཅས་ཀྱི་ཁོར་ཡུག་ནང་ལས་གནས་བརྟན་སྲུང་དང་། སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ། ཆབ་སྲིད་ལ་སྣང་ཆེན། སྤྱི་ཡོངས་ལ་ལྟ་རྟོག་བཅས་བྱས་ཏེ་གུང་ཁྲན་ཏང་ཡོན་གྱི་བསམ་ཚུལ་དང་མི་དམངས་ཀྱི་སྤྱི་ཞབས་པའི་རང་གཤིས་ལ་རྒྱ་ཆེའི་རྒྱལ་གཅེས་གྲྭ་བཙུན་གྱི་བརྩི་བཀུར་དང་། བསམ་ཤེས། གོང་བཀུར་བཅས་ཐོབ་ཡོད།

        2012ལོའི “དུས་ཆེན་གསུམ ”དང་ཚོར་རྐྱེན་ཆེ་བའི་དུས་སྐབས་ཡིན་པའི་ཟླ་བ་གསུམ་པའི་ནང་དགོན་སྡེའི་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ལས་དོན་ཁྲོད་ཏཱ་ལའི་རུ་ཚོགས་ཀྱིས་ཇུས་ངན་སྣ་ཚོགས་བཤམས་ནས་ངན་སློང་དང་དཀྲུག་ཤིང་རྒྱག་པ་དང་མཐའ་འཁོར་བོད་རིགས་ས་ཁུལ་དུ་བརྟན་ལྷིང་མེད་པའི་དོན་རྐྱེན་བསྟུད་མར་ཐོན་པའི་གནས་ཚུལ་གྱི་མདུན་དུ་དགོན་སྡེར་བཅའ་སྡོད་རྒྱ་ཆེའི་ལས་བྱེད་པ་ཚོས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་ལས་དོན་བཀོད་འདོམས་པུའི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་རིམ་ཁག་ཆོས་ལུགས་ལས་དོན་འགོ་ཁྲིད་ཚོགས་ཆུང་དང་། འཐབ་ཕྱོགས་གཅིག་གྱུར། མི་རིགས་ཆོས་ལུགས་ལས་དོན་སྡེ་ཚན་བཅས་ཀྱི་ནུས་ལྡན་གྱི་མཛུབ་ཁྲིད་འོག “བོད་སྐྱོད་པ་རྒན་གྲས ”ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། དཀའ་ངལ་ཁྱད་བསད་བྱེད་པ། རང་འགན་གཙང་སྒྲུབ་བཅས་བྱས་ཏེ་རྒྱ་ཆེའི་རྒྱལ་གཅེས་གྲྭ་བཙུན་ཚོར་མཐུན་སྒྲིལ་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ་ཏཱ་ལའི་རུ་ཚོགས་ཀྱི་སིམ་འཛུལ་དང་གཏོར་བཤིག་གི་བྱེད་སྤྱོད་སྣ་ཚོགས་ལ་དོགས་ཟོན་དང་བཀག་འགོག་མཐའ་གཅིག་ཏུ་བྱེད་པ་དང་དགོན་སྡེའི་ཞི་མཐུན་བརྟན་ལྷིང་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས་པས་ལྗོངས་ཡོངས་ཀྱི་ཆོས་ལུགས་ཁྱབ་ཁོངས་སུ་གནད་དོན་ཆེ་འབྲིང་ཆུང་གསུམ་མ་ཐོན་པར་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་བཀྲ་ཤིས་འཆམ་མཐུན་གྱི “དུས་ཆེན་གསུམ ”གཏོང་རྒྱུ་འགན་ལེན་དང་རྒྱལ་ཡོངས་ཀྱི “ཚོགས་འདུ་གཉིས ”རྒྱལ་ཁའི་ངང་འཚོག་རྒྱུ་འགན་ལེན་བྱུང་ནས་རྒྱལ་ཡོངས་ཀྱི་སྤྱི་ཡོངས་བརྟན་ལྷིང་ཡོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་བར་ཧུའུ་ཅིན་ཐའོ་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཁས་ལེན་གང་ལེགས་ཐོབ་པ་དང་རྒྱ་ཆེའི་སེར་སྐྱ་མང་ཚོགས་ཚོའི་གདེང་འཇོག་གང་ལེགས་ཐོབ་ཡོད།

        ཉམས་མྱོང་ཕྱོགས་སྡོམ་དང་། གྲུབ་འབྲས་དར་སྤེལ། སྔོན་ཐོན་ལ་གཟེངས་བསྟོད། མིག་དཔེ་གཏོད་པ་བཅས་དང་ལྗོངས་ཡོངས་ཀྱི་རིམ་ཁག་དགོན་སྡེའི་དོ་དམ་སྒྲིག་གཞི་དང་དགོན་སྡེར་བཅའ་སྡོད་རྒྱ་ཆེའི་ལས་བྱེད་པའི་ལས་ཀའི་སྤྲོ་སེམས་འཕེལ་ཆེད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བཀྲས་ལྷུན་དགོན་སོགས་དགོན་སྡེ་དོ་དམ་ཨུ་ཡོན་ལྷན་ཁང་58ལ “རང་སྐྱོང་ལྗོངས་ཀྱི་སྔོན་ཐོན་དགོན་སྡེ་དོ་དམ་ཨུ་ཡོན་ལྷན་ཁང ”གི་གཟི་བརྗིད་མཚན་སྙན་གནང་བ་དང་སྐལ་བཟང་བཀྲ་ཤིས་སོགས་དགོན་སྡེ་དོ་དམ་སྒྲིག་གཞིའི་ལས་བྱེད་པ་200ལ “རང་སྐྱོང་ལྗོངས་ཀྱི་དགོན་སྡེར་བཅའ་སྡོད་ཕུལ་བྱུང་ལས་བྱེད་པའི ”གཟི་བརྗིད་མཚན་སྙན་གནང་བ་དང་ཆབས་ཅིག་བློ་མཐུན་ཚེ་རིང་ལ “ཕུལ་བྱུང་གུང་ཁྲན་ཏང་ཡོན ”དང “རང་སྐྱོང་ལྗོངས་ཀྱི་དགོན་སྡེར་བཅའ་སྡོད་ཕུལ་བྱུང་ལས་བྱེད་པའི ”གཟི་བརྗིད་མཚན་སྙན་རྗེས་སྤྲོད་གནང་རྒྱུའི་གཏན་འབེབས་བྱས་ཡོད།

        གཟེངས་བསྟོད་ཐོབ་པའི་མཉམ་སྡེབ་དང་མི་སྒེར་གྱིས་ལངས་ཕྱོགས་བརྟན་པོ་དང་ཏང་ལ་ལྷག་བསམ་རྣམ་དག་བྱེད་པ་དང་། གཟི་བརྗིད་མཚན་སྙན་ལ་གཅེས་སྦྲས་དང་ཁེངས་སྐྱུང་ངང་ཡར་རྒྱས་ཡོང་བ་བྱེད་པ། རྒྱལ་གཅེས་ལེགས་སྐྱེས་འབུལ་བ་དང་སླར་ཡང་བྱས་རྗེས་གསར་པ་གཏོད་པ་བཅས་བྱས་ནས་སླད་ཕྱིན་གྱི་ལས་དོན་ཁྲོད་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་མུ་མཐུད་འདོན་སྤེལ་ཡག་པོ་བྱ་རྒྱུའི་རེ་བ་ཡོད།

        རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་རིམ་ཁག་དགོན་སྡེ་དོ་དམ་སྒྲིག་གཞི་དང་དགོན་སྡེར་བཅའ་སྡོད་རྒྱ་ཆེའི་ལས་བྱེད་པར་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཆབ་སྲིད་དང་། བསམ་བློ། བྱ་སྤྱོད་བཅས་ཀྱི་ཐད་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། བློ་མཐུན་ཧུའུ་ཅིན་ཐའོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པའི་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་དང་ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་རྟེན་འབྲེལ་མཛད་སྒོར་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པའི་བཀོད་སྒྲིག་ལ་གཞིགས་པ་བཅས་བྱས་ཏེ་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་དང་ཕུལ་བྱུང་མི་སྒེར་མིག་དཔེར་འཛིན་ནས་དགོན་སྡེ་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱེད་པའི་ཧ་ཅང་གལ་ཆེའི་རང་བཞིན་དང་ཁ་ཚ་དགོས་གཏུགས་ཀྱི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། འགན་འཁྲི་ཁུར་སེམས་དང་ལས་འགན་སྒྲུབ་སེམས་སྔར་བས་ཆེ་རུ་གཏོང་བ། དགོན་སྡེའི “དྲུག་འཛུགས ”དང་། “གཅིག་དྲུག ”དགོན་སྡེར “ཡོད་པ་དགུ ”སོགས་ཀྱི་ལས་དོན་ཁག་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་རྒྱ་ཆེའི་རྒྱལ་གཅེས་གྲྭ་བཙུན་རྣམས་ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་མཐུན་སྒྲིལ་བྱས་ནས་ཞི་མཐུན་དཔེ་བཟང་གི་དགོན་སྡེ་གཏོད་ཅིང་སྲ་བརྟན་དུ་གཏོང་བ་དང་། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པ། བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་འབད་འཐབ་ཧུར་ཐག་བྱེད་དགོས་པའི་འབོད་སྐུལ་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།