དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་53འཁོར་བར་དྲན་གསོ་ཞུ་བའི་གསུང་བཤད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་53འཁོར་བར་དྲན་གསོ་ཞུ་བའི་གསུང་བཤད།

        (2012ལོའི་ཟླ་3ཚེས་28ཉིན )

        པད་མ་འཕྲིན་ལས་ཀྱིས།

        ཟླ་3ཚེས་28ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་པད་མ་འཕྲིན་ལས་ཀྱིས་བཪྙན་འཕྲིན་གསུང་བཤད་གནང་བའི་གནས་ཚུལ་ཡིན་པ།

        བློ་མཐུན་རྣམ་པ་དང་གྲོགས་པོ་རྣམ་པ་ཚོ།

        1959ལོའི་ཟླ་3ཚེས་28ཉིན་ནི་བོད་གསར་ཪྙིང་གི་དབྱེ་མཚམས་ཡིན་པ་དང་། ལོ་རྒྱུས་ཀྱིས་འོད་སྟོང་འཕྲོ་བའི་ཉིན་མོ་དེ་དུས་ནམ་ཡང་བརྗེད་མི་སྲིད།

        ལོ་53གོང་གི་ཟླ་3ཚེས་28ཉིན་ཀྲུང་གོ་གུང་ཁྲན་ཏང་གིས་ལོ་རྒྱུས་ཀྱི་རླབས་རྒྱུན་དང་བསྟུན་ཏེ་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་སྣེ་ཁྲིད་ནས་དུས་རབས་ཉི་ཤུ་པའི་ནང་གི་ཟིལ་རླབས་དགུང་དུ་འཕྱུར་ཤོས་ཀྱི་མང་ཚོགས་རང་བཞིན་གྱི “བྲན་གཡོག་མེད་པ་བཟོ་བའི ”འཐབ་རྩོད་ཅིག་བྱས་པ་དང་། འཛམ་གླིང་ཐོག་གི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་མཁར་རྫོང་མཐའ་མ་དེ་རྩ་མེད་དུ་བཏང་བ། ཡར་ལངས་བཅིངས་འགྲོལ་ཐོབ་པའི་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱ་ཡིས་མགོ་བོ་བཏེགས་ཏེ་གོམ་ཞེང་ཆེན་པོས་སྤྱི་ཚོགས་རིང་ལུགས་ཀྱི་འོད་སྟོང་འཕྲོ་བའི་ལམ་ཆེན་ཐོག་སྐྱོད་པ་དང་ཆབས་ཅིག་རྒྱལ་ཁབ་ཀྱི་བདག་པོར་གྱུར། དེ་ནི་ཀྲུང་གོ་མི་དམངས་ཀྱིས་འཛམ་གླིང་གི་འགྲོ་བ་མིའི་བྱ་གཞག་ལ་ལེགས་སྐྱེས་ཆེན་པོ་ཕུལ་བ་ཞིག་དང་རྒྱལ་སྤྱིའི་བྲན་གཡོག་མེད་པ་བཟོ་བའི་ལས་འགུལ་གྱི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་ཡིན་པ་དང་དེས་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་ལ་སྐུལ་འདེད་བཏང་ཡོད།

        ལོ་53རིང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་ཁུར་འོག་དང་རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག་བོད་ཀྱི་སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་ལ་བཅིངས་འགྲོལ་ཧ་ཅང་ཆེན་པོ་ཐོབ་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་བྱུང་བ། མི་རིགས་ཁག་གི་མི་དམངས་ལ་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སུ་སྤྱོད་རྒྱུ་བྱུང་བ། བཅའ་ཁྲིམས་ཀྱིས་སྤྲད་པའི་གཞི་རྩའི་དབང་ཆ་འདྲ་མཉམ་ངང་སྤྱད་ནས་འོད་སྟོང་འཕྲོ་བའི་ལེའུ་མང་དག་ཅིག་བརྩམས་ཡོད་པ་སྟེ།

        གཅིག་ནས་དཔལ་འབྱོར་འཕེལ་རྒྱས་ལ་གྲུབ་འབྲས་ཤིན་ཏུ་ཆེན་པོ་ཐོབ་ཅིང་། 2011ལོར་ལྗོངས་ཡོངས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར་605.83ཟིན་པ་དང་ནོར་སྲིད་ཀྱི་སྤྱིར་བཏང་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་54.7ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་རྩིས་ན་1959ལོ་ལས་ལྡབ་93.9དང་ལྡབ་48.5སོ་སོར་འཕར་བ་དང་། གཉིས་ནས་དམངས་འཚོའི་བྱ་གཞག་ཕྱོགས་ཡོངས་ནས་ཡར་རྒྱས་བྱུང་ཞིང་། 2011ལོར་སྐྱེ་ཁུངས་བོད་ནས་ཡིན་པའི་ལོ་འདིར་སློབ་གྲྭ་ཐོན་པའི་སློབ་གྲྭ་ཆེ་མོ་བ་ལས་ཞུགས་ཐུབ་ཚད་99%ཟིན་ཏེ་ཚང་མ་རྩ་བའི་ཆ་ནས་ལས་ཞུགས་ཐུབ་པ་དང་། སྤྱི་ཚོགས་འགན་ལེན་ལམ་ལུགས་ཡོངས་སུ་ཁྱབ་སྟེ་འགན་བཅོལ་ནང་ཞུགས་མཁན་མི་གྲངས་ཁྲི་184.8ཟིན་པ། དེང་རབས་སློབ་གསོའི་མ་ལག་ཁྱོན་ཡོངས་ནས་བཙུགས་ཤིང་། སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད་99.4%ཟིན་པ་དང་སློབ་ཡོན་མི་དགོས་པའི་སློབ་གསོའི “འགན་ལེན་གསུམ ”གྱི་ཁ་གསབ་ཚད་གཞི་ལོ་རེར་སློབ་མ་རེར་ཆ་སྙོམས་སྒོར་2300ཟིན་པ། བོད་ཀྱི་མི་གྲངས་དེ་1959ལོའི་ཁྲི་122.8ནས་2011ལོར་མི་ཁྲི་303བར་མང་དུ་སོང་བའི་ནང་བོད་རིགས་ཀྱིས་90.48%བཟུང་བ་དང་མིའི་ཆ་སྙོམས་ཚེ་ཚད་1959ལོའི་ལོ་35.5ནས་ད་ལྟའི་ལོ་67བར་མཐོ་རུ་སོང་བ། གསུམ་ནས་ཆབ་སྲིད་དབང་ཆར་འགན་ལེན་ནུས་ལྡན་བྱུང་ཞིང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་རྒྱལ་ཁབ་ཀྱི་ལས་དོན་ལ་དོ་དམ་དང་། ས་ཁུལ་དེ་ག་དང་མི་རིགས་དེ་གའི་ལས་དོན་ལ་རང་ཚུགས་ངང་དོ་དམ་བྱེད་པའི་ནང་འདྲ་མཉམ་ངང་ཞུགས་པའི་ཆབ་སྲིད་དབང་ཆ་ལོངས་སུ་སྤྱད་པ་དང་། ཐད་ཀར་འདེམས་ཐོན་བྱུང་བ་དང་གཞན་བརྒྱུད་འདེམས་ཐོན་བྱུང་བའི་རིམ་བཞིའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་34000ལྷག་ཙམ་ནང་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གི་འཐུས་མིས་94%བཟུང་བ་དང་། བོད་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གི་ལས་བྱེད་པ་འབོར་ཆེན་ཞིག་འཚར་ལོངས་མགྱོགས་པོ་བྱུང་ནས་བོད་ལྗོངས་འཛུགས་སྐྲུན་དང་བོད་འཕེལ་རྒྱས་གཏོང་མཁན་གྱི་རྐང་འཛིན་སྟོབས་ཤུགས་སུ་གྱུར་པ། རང་སྐྱོང་ལྗོངས་དང་། ས་ཁུལ་དང་གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱི་རྒྱལ་ཁབ་ལས་ཁུངས་གྲུབ་ཆའི་ཁོངས་མིའི་ནང་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གིས་77.9%བཟུང་བ། བཞི་ནས་ཆོས་དད་རང་མོས་ལ་བརྩི་འཇོག་ཐོབ་ཅིང་། བོད་བརྒྱུད་ནང་བསྟན་ལ་མ་གཏོགས་མེད་པའི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་དང་ལོ་རྒྱུས་ཀྱི་ངེས་སྲོལ་ལ་བརྩི་འཇོག་གང་ལེགས་ཐོབ་ཡོད། མིག་སྔར་བོད་དུ་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་ཁྱོན་1700ལྷག་ཙམ་དང་གྲྭ་བཙུན་ཧ་ལམ་ཁྲི་4.6ཡོད་པ་དང་ཆོས་ལུགས་བྱེད་སྒོ་སྣ་ཚོགས་རྒྱུན་ལྡན་བཞིན་སྤེལ་བ། ལྔ་ནས་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་། རྒྱུན་འཛིན། འཕེལ་རྒྱས་བཅས་བྱུང་ཞིང་། རྒྱལ་ཁབ་ཀྱིས་མ་དངུལ་ཕོན་ཆེན་སྔ་རྗེས་སུ་བཏང་སྟེ་ཕོ་བྲང་པོ་ཏ་ལ་དང་། ནོར་བུ་གླིང་ཁ། ས་སྐྱ་དགོན་སོགས་རིག་དངོས་གནའ་ཤུལ་ཉམས་གསོ་སྲུང་སྐྱོང་བྱས་པ་དང་། 《གླིང་སྒྲུང 》སོགས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་མིང་ཐོའི་ནང་བཅུག་པ། བོད་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་ལ་ཚད་མཐོའི་མཐོང་ཆེན་ཐོབ་པ། བོད་ཡིག་ཨང་སྒྲིག་དེ་རང་རྒྱལ་གྱི་གྲངས་ཉུང་མི་རིགས་ཡིག་རིགས་ནང་གི་རྒྱལ་སྤྱིའི་ཚད་གཞི་ལྡན་པའི་ཡིག་རིགས་ཤིག་ཏུ་གྱུར་པ། དྲུག་ནས་སྣོད་བཅུད་ཁོར་ཡུག་མུ་མཐུད་ཡག་པོ་བྱུང་ཞིང་། རྒྱལ་ཁབ་ཀྱིས་བོད་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་མཐོང་ཧ་ཅང་ཆེན་པོ་གནང་ནས་མ་དངུལ་འབོར་ཆེན་བཏང་སྟེ་རང་བྱུང་སྲུང་སྐྱོང་ཁུལ་47དང་སྣོད་བཅུད་ནུས་པའི་སྲུང་སྐྱོང་ཁུལ་21བཙུགས་པས་སྲུང་སྐྱོང་ཁུལ་གྱི་རྒྱ་ཁྱོན་གྱིས་ལྗོངས་ཡོངས་ཀྱི་རྒྱ་ཁྱོན་གྱི་34.5%བཟུང་ནས་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ་དང་སྔར་བཞིན་གོ་ལ་ཧྲིལ་པོའི་སྣོད་བཅུད་ཁོར་ཡུག་ཡག་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཡིན།

        བོད་ཀྱི་འཕེལ་རྒྱས་དང་ཡར་ཐོན་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དམིགས་བསལ་ཐུགས་ཁུར་དང་རྒྱབ་སྐྱོར་ཤུགས་ཆེན་གནང་བའི་འབྲས་བུ་ཞིག་དང་། རྒྱལ་ཡོངས་མི་དམངས་དང་ལྷག་པར་དུ་ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་། ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་དང་ཀྲུང་དབྱང་རྐང་འཛིན་ཁེ་ལས་ཀྱིས་སྒེར་སེམས་མེད་པའི་རོགས་སྐྱོར་བྱས་པའི་འབྲས་བུ་ཞིག ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་དཀའ་སྤྱད་འབད་འཐབ་དང་སྒེར་སེམས་མེད་པའི་ལེགས་སྐྱེས་ཕུལ་བའི་འབྲས་བུ་ཞིག་བཅས་ཡིན་པས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་དུས་ནམ་ཡང་སེམས་ནང་བརྟན་པོར་ངེས་ཡོད། འདིར་རང་ཉིད་ཀྱིས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་དུས་ཡུན་རིང་པོའི་ནང་བོད་ཀྱི་འཕེལ་རྒྱས་དང་ཡར་ཐོན་གྱི་བྱ་གཞག་ཆེད་ལེགས་སྐྱེས་འབུལ་མཁན་རྒྱལ་ཡོངས་མི་དམངས་དང་ལྷག་པར་དུ་ཁ་གཏད་རོགས་སྐྱོར་གྱི་འགན་འཁུར་མཁན་ཞིང་ཆེན་དང་གྲོང་ཁྱེར་དང་། ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་དང་ཀྲུང་དབྱང་རྐང་འཛིན་ཁེ་ལས། བོད་སྡོད་མི་དམངས་བཅིངས་འགྲོལ་དམག དྲག་ཆས་ཉེན་རྟོག་དཔོན་དམག སྲིད་ཁྲིམས་ལས་བྱེད་པ་བཅས་དང་བོད་ཀྱི་སྒྱུར་བཅོས་སྒོ་དབྱེ་དང་དེང་རབས་ཅན་འཛུགས་སྐྲུན་གྱི་བྱ་གཞག་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་ཕྱི་རྒྱལ་དུ་ཡོད་པའི་བོད་རིགས་སྤུན་ཟླ་དང་། ཕྱིར་སྡོད་སྤུན་ཟླ། མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣ་བཅས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་ཡིན།

        གྲོགས་པོ་རྣམ་པ་དང་བློ་མཐུན་རྣམ་པ་ཚོ།

        ལོ་53རིང་ཀྲུང་གོ་གུང་ཁྲན་ཏང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་འགོ་ཁྲིད་གནང་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་ཐོབ་པའི་རླབས་ཆེན་གྱི་གྲུབ་འབྲས་ཀྱི་གསོན་ཉམས་དོད་པའི་ལག་ལེན་ཐོག་ནས་ང་ཚོའི་བློ་སྒོ་གཏིང་ཟབ་ཕྱེ་བ་སྟེ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བསྐྱོད་ཚེ་བོད་ལ་གཞི་ནས་འོད་སྟོང་འབར་བའི་མདུན་ལམ་ཡོང་ཐུབ་པ་དང་། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་ཁ་ཕྲལ་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ཚེ་བོད་ལ་གཞི་ནས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཡོང་ཐུབ་པ་དེ་རེད།

        འོན་ཀྱང་ཏཱ་ལས་བྱེད་གཏེ་བྱས་པའི་བོད་ཪྙིང་པའི་རྗེས་ལུས་ཕྱོགས་གཏོགས་དང་དེ་བཞིན་ཁོ་པའི “ཡུལ་གྱར་སྲིད་གཞུང ”ཟེར་བ་དེས་རང་ཉིད་ཀྱི “ལྷ་ཡུལ ”དེ་ལོ་རྒྱུས་ཡར་ཐོན་གྱི་རླབས་རྒྱུན་གྱིས་བསྣུབས་པ་སྡུག་ནད་མ་ཐེག་པར་དེ་སྔ་བཟུང་བའི་དམིགས་བསལ་དབང་ཆར་སྔར་བཞིན་ཞེན་ཆགས་བྱེད་པ་དང་དཀར་ནག་ཕྱིན་ཅི་བསློགས་ནས་སྔར་བཞིན་ཕྱོགས་གང་སར་འཁྱམ་བཤད་བྱས་ཏེ་གནས་ཚུལ་ངོ་མ་མི་ཤེས་མཁན་གྱི་གདུང་སེམས་མཉམ་སྐྱེ་དང་རྒྱབ་སྐྱོར་ཐོབ་ཐབས་བྱེད་པ་དང་། ཁ་ཕྲལ་གྱི་འདོད་ཚུལ་ལ་ནུས་ཤུགས་ཡོད་རྒུ་རྩལ་སྤྲུགས་ཀྱིས་མཛེས་རྒྱན་སྤྲས་ཏེ “བོད་རང་བཙན ”ཡོང་རེ་བྱེད་པ། ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་རོ་ལངས་རྒྱག་རྒྱུའི་རེ་ངན་འཆང་བ། གཏུམ་སྤྱོད་ཀྱི་བྱེད་སྤྱོད་སྣ་ཚོགས་ངན་སློང་དང་འུད་སྒྲོག་བྱས་ཏེ་བོད་མི་དམངས་ཀྱི་བརྟན་ལྷིང་འཆམ་མཐུན་གྱི་བདེ་སྐྱིད་འཚོ་བར་གཏོར་བཤིག་གཏོང་རྒྱུའི་རེ་ངན་འཆང་གི་ཡོད། འཛེམ་བག་མེད་པའི་ཁ་ཕྲལ་གྱི་ལྐོག་གཡོ་དེ་རིགས་ལོ་རྒྱུས་ཀྱིས་ཁས་ལེན་མི་སྲིད་ལ་མི་དམངས་ཀྱིས་ཀྱང་ཁས་ལེན་མི་སྲིད་པར་མཐར་ཕམ་ངེས་རེད། ཏཱ་ལ་དང་ཏཱ་ལའི་རུ་ཚོགས་ཀྱིས་གཡོ་ཐབས་གང་ཞིག་སྤྱད་ཀྱང་ཁ་ཕྲལ་ལ་ངོ་རྒོལ་དང་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་བྱེད་མཁན་བོད་མི་དམངས་ཀྱི་བློ་སྟོབས་ཆེན་པོར་འགྱུར་ལྡོག་ཡོང་མི་སྲིད།

        ད་ཆའི་བོད་འདི་ཉིད་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་གནས་ཡོད་ཅིང་། ང་ཚོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་ཐོག་མཐའ་བར་གསུམ་དུ་མཐོན་པོར་སྒྲེང་བ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན་མཛུབ་ཁྲིད་དུ་བྱེད་པ། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བཅས་བྱས་ཐོག་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས། ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པའི་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བཅས་བྱས་ཏེ་མཐུན་སྒྲིལ་དང་། དམངས་གཙོ། འབྱོར་ཕྱུག ཤེས་དཔལ། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་བྱ་ཆེད་འབད་འཐབ་ཧུར་ཐག་བྱ་རྒྱུ་ཡིན།

        རླབས་ཆེན་མེས་རྒྱལ་དར་རྒྱས་གོང་འཕེལ་ཡོང་བའི་སྨོན་འདུན་ཞུ།

        བོད་ཀྱི་མི་རིགས་ཁག་གི་མི་དམངས་བདེ་སྐྱིད་ཁམས་བདེ་ཡོང་བའི་སྨོན་འདུན་ཞུ།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།