དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • སྲིད་གཞུང་གི་ལས་དོན་སྙན་སྒྲོན།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-05-09

          ཟླ་3ཚེས་5ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་དབུན་ཅ་པའོ་ཡིས་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པའི་ཐོག་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གནང་བའི་གནས་ཚུལ་ཡིན་པ།

        སྲིད་གཞུང་གི་ལས་དོན་སྙན་སྒྲོན།

        2012ལོའི་ཟླ་3ཚེས་5ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་ལྔ་པའི་ཐོག

        རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། དབུན་ཅ་པའོ།

        འཐུས་མི་རྣམ་པ།

        ད་ལྟ་ངས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ཏེ་ཚོགས་ཆེན་ལ་སྲིད་གཞུང་གི་ལས་དོན་སྙན་སེང་ཞུ་རྒྱུ་ཡིན་པས། འཐུས་མི་རྣམ་པས་གྲོས་ཞིབ་གནང་རོགས་ཞུ་རྒྱུ་མ་ཟད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རྣམ་པས་ཀྱང་དགོངས་འཆར་གནང་རོགས་ཞུ་རྒྱུ་ཡིན།

        གཅིག     2011ལོའི་ལས་ཀ་ཕྱིར་དྲན།

        འདས་པའི་ལོ་གཅིག་གི་རིང་ཪྙོག་འཛིང་ཆེ་ཞིང་འགྱུར་བ་མང་བའི་རྒྱལ་སྤྱིའི་ཆབ་སྲིད་དང་དཔལ་འབྱོར་ཁོར་ཡུག་དང་དཀའ་ཚེགས་དང་ལྗིད་རྫོབ་ཆེ་བའི་རྒྱལ་ནང་གི་བསྒྱུར་བཅོས་སྒོ་འབྱེད་ཀྱི་ལས་འགན་མདུན་དུ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཀྲུང་གོའི་གུང་ཁྲན་ཏང་གི་དབུ་ཁྲིད་འོག བློ་གཅིག་སེམས་གཅིག་དང་། མཐུན་སྒྲིལ་འབད་འཐབ་བྱས་པས། བསྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་གྲུབ་འབྲས་གསར་པ་གལ་ཆེན་ཐོབ་པ་རེད། རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་47.2ཟིན་ཏེ་སྔ་ལོ་ལས་བརྒྱ་ཆ་9.2འཕར་བ་དང་། སྤྱི་པའི་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར་ཁྲི་10.37ཟིན་ཏེ་བརྒྱ་ཆ་24.8འཕར་བ། འབྲུ་རིགས་ཐོན་འབབ་ཏུན་ཁྲི་57121ཟིན་ཏེ་ལོ་རྒྱུས་ཀྱི་ཐོན་འབབ་མཐོ་ཤོས་སླར་ཡང་གཏོད་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་གྲངས་ཁྲི་1221བསྐྱར་འཕར་བྱུང་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་སྤྱོད་འཐུས་ཡོང་འབབ་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་སྤྱོད་འཐུས་ཡོང་འབབ་ཆ་སྙོམས་སུ་བརྒྱ་ཆ་8.4དང་བརྒྱ་ཆ་11.4འཕར་བ་རེད། ང་ཚོས་རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་གྱི་ཕོག་ཐུག་ལ་ཁ་གཏད་འཇལ་བའི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་དེ་“ལོ་ལྔ་ཚན་བཅུ་གཉིས་”པའི་རིང་འགོ་ཡག་པོ་ཞིག་ཚུགས་ཡོད།

        ལོ་གཅིག་གི་རིང་ལ་ང་ཚོས་ལས་དོན་བསྒྲུབས་པ་གཙོ་བོ་གཤམ་གསལ།

        (གཅིག ) སྤྱི་ཁོག་སྙོམས་སྒྲིག་སྟངས་འཛིན་བྱེད་ཤུགས་ཆེ་རུ་བཏང་བ་དང་འཐུས་སྒོ་ཚང་དུ་བཏང་ཞིང་། ཟོག་གོང་འཕར་ཐལ་ཆེ་ཚུལ་བཀག་འགོག་བྱས་པས། དཔལ་འབྱོར་བརྟན་པོའི་ངང་ནས་འཕེལ་རྒྱས་མགྱོགས་ཙམ་བྱུང་བ་རེད།

        ང་ཚོས་དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་དང་དངུལ་ལོར་སྲིད་ཇུས་བརྟན་པོ་ལག་བསྟར་བྱས་པ་དང་། དཔལ་འབྱོར་བརྟན་པོའི་ངང་ནས་འཕེལ་རྒྱས་མགྱོགས་ཙམ་ཡོང་བ་རྒྱུན་འཁྱོངས་དང་དཔལ་འབྱོར་གྲུབ་ཚུལ་ལེགས་སྒྲིག་བྱ་རྒྱུ་དག་དང་དངུལ་ལོར་འགྲེམ་ཐལ་ཤོར་ཚུལ་སྔོན་དཔག་བྱ་རྒྱུའི་བར་གྱི་འབྲེལ་བ་ཐག་གཅོད་ཡང་དག་རྒྱུན་འཁྱོངས་བྱས་པ། སྲིད་ཇུས་དོན་འཁྱོལ་བྱ་རྒྱུའི་གཙོ་གནད་དང་། ཤུགས་ཚད། དམ་ལྷོད་བཅས་ཁོང་དུ་ཆུད་པ་བྱ་རྒྱུར་ཡིད་གཟབ་སྔར་ལྷག་བྱས་པ། སྙོམས་སྒྲིག་སྟངས་འཛིན་གཟབ་ནན་བབ་བསྟུན་དང་དུས་ཐོག་འོས་འཚམ་བྱས་ཏེ་སྲིད་ཇུས་དམིགས་ས་ཡོད་པ་དང་། བབ་དང་མཐུན་པ། རྒྱང་མཐོང་བཅས་རྒྱུན་མི་ཆད་པར་ཆེ་རུ་བཏང་ཡོད། གོ་ལ་ཧྲིལ་པོར་དངུལ་ལོར་འགྲེམས་ཐལ་ཤོར་ཚུལ་སྔོན་དཔག་རྒྱུན་མི་འཆད་པར་ཆེ་རུ་བཏང་བ་དང་། རྒྱལ་སྤྱིའི་ཚོང་རའི་ཟོག་གོང་འཕར་ཐལ་ཆེ་བ། རྒྱལ་ནང་གི་གནད་ཆེའི་རྒྱུ་རྐྱེན་གྱི་མ་གནས་འཕར་ཐལ་ཆེ་བ། ཞིང་ལས་ཐོན་རྫས་ཁག་གཅིག་མཁོ་སྤྲོད་དཀོན་པའི་སྣང་ཚུལ་ཚབས་ཆེན་བཅས་ཀྱི་གནས་ཚུལ་འོག་ང་ཚོས་ཟོག་གོང་སྤྱི་ཡོངས་ཀྱི་ཚད་གཞི་བརྟན་པོ་ཡོང་བར་བྱ་རྒྱུ་འདི་སྤྱི་ཁོག་སྙོམས་སྒྲིག་སྟངས་འཛིན་གྱི་ལས་འགན་ཨང་དང་པོར་བརྩིས་ནས་ཕྱོགས་བསྡུས་ཀྱིས་སྲིད་ཇུས་དོན་འཁྱོལ་རྒྱུན་འཁྱོངས་བྱས་པ་དང་། དངུལ་ལོར་གྱི་སྲིད་ཇུས་ཚུལ་མཐུན་གྱིས་སྤྱད་པ། དངུལ་ལོར་གྱི་ཡིད་རྟོན་དངུལ་བུན་གཏོང་ཚད་མྱུར་ཚུལ་སྙོམས་སྒྲིག ཐོན་སྐྱེད་འཕེལ་རྒྱས་ཤུགས་ཆེན། མཁོ་སྤྲོད་འགན་ལེན། འཁོར་རྒྱུགས་ཇེ་འཁྲུག ལྟ་སྐུལ་དོ་དམ་བྱེད་ཤུགས་ཇེ་ཆེར་གཏོང་བ་བཅས་བྱས་པ་དང་། གྲོང་མིའི་འཛད་སྤྱོད་ཀྱི་རིན་གོང་སྟོན་གྲངས་དང་། བཟོ་ལས་ཐོན་རྫས་མཁན་གྱི་བཟོ་གྲྭ་ལས་ཐོན་པའི་རིན་གོང་སྟོན་གྲངས་འཕར་ཚད་དེ་ཟླ་8པ་ནས་བཟུང་སྟེ་རིམ་བཞིན་ཆག་པར་བྱས་པས་སྐབས་ཤིག་རིང་འཕར་ཐལ་ཆེ་ཚུལ་སྒྱུར་ཐབས་བྱས་ཡོད། ལོ་སྨད་ལ་འཛམ་གླིང་གི་དཔལ་འབྱོར་བརྟན་པོ་མེད་པ་དང་ངེས་གཏན་མི་འཁེལ་བའི་སྣང་ཚུལ་ཆེ་རུ་སོང་བ་དང་། རྒྱལ་ནང་གི་དཔལ་འབྱོར་འཁོར་སྐྱོད་ལ་གནས་ཚུལ་དང་གནད་དོན་གསར་པ་ཁ་ཤས་ཐོན་པས། ང་ཚོས་ཕྱོགས་གཅིག་ནས་སྤྱི་ཁོག་སྙོམས་སྒྲིག་སྟངས་འཛིན་གྱི་གཞི་རྩའི་ཕྱོགས་ཆར་འགྱུར་བ་མི་གཏོང་བར་སྤྱི་ཁོག་གི་དཔལ་འབྱོར་སྲིད་ཇུས་གཞི་རྩའི་ཆ་ནས་བརྟན་པོ་རྒྱུན་འཁྱོངས་དང་། དངུལ་ལོར་འགྲེམས་ཐལ་ཤོར་ཚུལ་མུ་མཐུད་ཚོད་འཛིན་བྱས་པ། ཕྱོགས་གཞན་ཞིག་ནས་དུས་ཐོག་འོས་འཚམ་གྱིས་སྔོན་སྙོམས་ཅུང་སྙོམས་དང་། ཡིད་རྟོན་དངུལ་བུན་གྱི་སྲིད་ཇུས་དང་ཐོན་ལས་ཀྱི་སྲིད་ཇུས་མཐུན་སྦྱོར་གཞོགས་འདེགས་བྱེད་ཤུགས་ཆེ་རུ་བཏང་བ། གྲུབ་ཚུལ་གྱི་ངང་ཚུལ་ལྡན་པའི་དཔྱ་ཁྲལ་གཅོག་ཚད་ཆེ་རུ་བཏང་བ། དངོས་གཞིའི་དཔལ་འབྱོར་སྤྱི་དང་ལྷག་པར་དུ་ཁེ་ལས་ཆུང་གྲས་དང་ཆེས་ཆུང་རིགས་ལ་གཙོ་གནད་དུ་རོགས་སྐྱོར། དམངས་གཙོའི་ལས་གཞི་དང་ལྷག་པར་དུ་འགན་ལེན་གྱི་རང་བཞིན་ལྡན་པའི་བདེ་སྡོད་ལས་གྲྭར་གཙོ་གནད་དུ་རོགས་སྐྱོར། རྒྱལ་ཁབ་ཀྱི་སྐྲུན་བཞིན་པ་དང་མཐུད་སྐྲུན་རྣམ་གྲངས་གལ་ཆེན་གྱི་མ་རྩའི་དགོས་མཁོ་གཙོ་གནད་དུ་འགན་ལེན་བཅས་བྱས་ཏེ་དཔལ་འབྱོར་འཁོར་སྐྱོད་ཀྱི་འགལ་བ་མངོན་གསལ་དོད་རིགས་དམིགས་བྱ་ཡོད་པའི་སྒོ་ནས་སེལ་ཡོད། ང་ཚོས་ས་ཁང་བདག་ཁོངས་ཚོང་ར་བློ་བརྟན་འགྱུར་མེད་ངང་ནས་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་སྟེ་སྙོམས་སྒྲིག་གི་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བ་དང་དངོས་ཕན་ཡོང་བའི་འགན་ལེན་ཏན་ཏིག་བྱས་པས། སྐབས་འཚོལ་དང་། མ་རྩ་འཇོག་པའི་དགོས་མཁོར་ཚོད་འཛིན་ཐུབ་པ་དང་། གྲོང་ཁྱེར་ཕལ་ཆེ་བའི་ཁང་གོང་ཡོངས་བསྡུར་གྱི་ཆ་ནས་ཆག་སྟེ་སྙོམས་སྒྲིག་སྟངས་འཛིན་གྱི་ཕན་འབྲས་མངོན་གསལ་ཐོན་བཞིན་ཡོད། ང་ཚོས་ནོར་སྲིད་དངུལ་རྩའི་ཁྱབ་ཁོངས་ཀྱི་མངོན་མེད་ཉེན་ཁ་འབྱུང་གཞི་བཀག་འགོག་དང་སེལ་ཐབས་བྱ་རྒྱུར་མཐོང་ཧ་ཅང་ཆེན་པོ་བྱས་ནས་ས་གནས་སྲིད་གཞུང་གི་ངོ་བོ་ལྡན་པའི་བུ་ལོན་ཁྱོན་ཡོངས་ནས་དུས་ཐོག་ཏུ་རྩིས་བཤེར་བྱས་པས། ལོ་མང་རིང་ཆགས་པའི་ས་གནས་སྲིད་གཞུང་གི་ངོ་བོ་ལྡན་པའི་བུ་ལོན་གཏོང་ཁྱོན་བསྡོམས་འབོར་དང་། བུ་ལོན་ཆགས་རྐྱེན། གཙང་འཇལ་བྱེད་པའི་དུས་མཚམས། ས་ཁོངས་ཁེབས་ཚུལ་བཅས་གསལ་པོར་རྟོགས་པས། བུ་ལོན་དེ་དག་གིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ཁྲོད་དགེ་མཚན་ཆེ་བའི་ནུས་པ་ཐོན་ཏེ་ཕུལ་དུ་བྱུང་བའི་རྒྱུ་ནོར་ཕོན་ཆེར་གྱུར་ཡོད་མོད། འོན་ཀྱང་ཉེན་ཁ་འབྱུང་གཞི་ཁ་ཤས་ཀྱང་གནས་པ་སྤྱི་དང་། ལྷག་པར་དུ་བུ་ལོན་འཇལ་ནུས་ཞན་ཁུལ་ཁ་ཤས་སུ་ཉེན་ཁ་ཆ་ཤས་གནས་ཡོད། ང་ཚོས་བུ་ལོན་གཙང་བཤེར་དག་ཐེར་དང་ཚད་ལྡན་གྱི་ལས་ཀ་ནན་ཏན་བྱས་ཏེ་འཕར་གྲངས་ཚོད་འཛིན་ནན་པོར་བྱས་པ་དང་། བུ་ལོན་གཙང་འཇལ་དང་རྣམ་གྲངས་སྐྲུན་བཞིན་པའི་འཇུག་སྐྱོང་གི་མ་དངུལ་བསྡུ་བའི་གནད་དོན་ཧུར་བརྩོན་དང་བརྟན་བརླིང་ངང་ཐག་གཅོད་བྱས་ཡོད། ད་ལྟ་རང་རྒྱལ་སྲིད་གཞུང་གི་ངོ་བོ་ལྡན་པའི་བུ་ལོན་གཏོང་ཚད་ནི་ཚོད་འཛིན་ཐུབ་ཅིང་ཉེན་མེད་ཡིན། སྤྱི་ཡོངས་ནས་བལྟས་ན། རང་རྒྱལ་གྱི་རྒྱལ་དམངས་དཔལ་འབྱོར་མུ་མཐུད་དེ་སྤྱི་ཁོག་སྙོམས་སྒྲིག་སྟངས་འཛིན་གྱི་སྔོན་དཔག་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་ཡོད་པ་དང་། ཉེན་ཁ་འགོག་ནུས་རྒྱུན་མི་འཆད་པར་ཆེ་རུ་ཕྱིན་ཏེ་འཕེལ་ཚུལ་མྱུར་ཙམ་དང་། རིན་གོང་ཇེ་བརྟན། ཕན་འབྲས་ཇེ་བཟང་། དམངས་འཚོ་ལེགས་བཅོས་བཅས་ཀྱི་འཕེལ་ཕྱོགས་བཟང་པོ་ཐོན་བཞིན་ཡོད།

        (གཉིས ) དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་བསྒྱུར་རྒྱུ་མགྱོགས་སུ་བཏང་ནས་འཕེལ་རྒྱས་གཏོང་བའི་མཐུན་སྦྱོར་ངང་ཚུལ་དང་ཐོན་ལས་ཀྱི་འགྲན་ནུས་ཆེ་རུ་བཏང་ཡོད། ང་ཚོས་རོགས་སྐྱོར་དང་ཚོད་འཛིན་གཉིས་ལྡན་རྒྱུན་འཁྱོངས་དང་། གྲུབ་ཚུལ་ལེགས་སྒྲིག་དང་བཟང་འགྱུར་རིམ་འཕར་ཡོང་བར་བྱས་ནས་འཕེལ་རྒྱས་ཀྱི་གཏིང་ཤུགས་ཆེ་རུ་བཏང་ཡོད།

        ཞིང་ལས་ཀྱི་རྨང་གཞི་སྲ་བརྟན་དང་ཇེ་བཟང་དུ་བཏང་ཡོད། ཞིང་རྒྱས་ཞིང་སྐྱོང་ཞིང་ཕྱུག་གསུམ་གྱི་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་དང་། ཞིང་ལས་ཐོན་སྐྱེད་ལ་ཁ་གསབ་བྱེད་ཤུགས་ཆེ་རུ་བཏང་བ། འབྲུ་རིགས་མ་མཐའི་ཉོ་གོང་བརྟན་པོའི་ངང་ནས་མཐོ་རུ་བཏང་བ། ས་ཞིང་ཆུ་བེད་གཙོ་གནད་དུ་གྱུར་པའི་ཞིང་ལས་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་བ། གྲོང་གསེབ་ཀྱི་ས་ཞིང་བཅོས་སྐྱོང་བྱས་པ་དང་། ཞིང་ལས་ཚན་རྩལ་གྱི་ཞབས་ཞུ་དང་གནོད་འགོག་གེགས་སེལ་བྱེད་ཤུགས་ཆེ་རུ་བཏང་བ་བཅས་དང་། ཀྲུང་དབྱང་ནོར་སྲིད་ནས་“ཞིང་གསུམ ”ལ་གཏོང་སྒོ་སྒོར་དུང་ཕྱུར་ཁྲི་1ལས་བརྒལ་བས། སྔ་ལོ་ལས་སྒོར་དུང་ཕྱུར་1839སྤར་བ་དང་། ཞིང་ལས་སྤྱི་ཡོངས་ལ་ལོ་ལེགས་བྱུང་སྟེ་འབྲུ་རིགས་ཐོན་འབོར་བསྡོམས་གྲངས་ལོ་རྒྱུས་ཐོག་མཐོང་དཀོན་པར “བསྟུད་མར་ཐེངས་བརྒྱད་པ་འཕར ”ཏེ་ལོ་5རིང་བསྟུད་མར་རྒྱ་མ་དུང་ཕྱུར་ཁྲི་ལས་བརྒལ་བས། རང་རྒྱལ་གྱི་འབྲུ་རིགས་ཕྱོགས་བསྡུས་ཀྱི་ཐོན་ནུས་བརྟན་པོའི་ངང་ནས་སྐས་རིམ་གསར་པར་སླེབས་པ་མཚོན་པ་རེད། གྲོང་གསེབ་ཀྱི་ཉེན་ཅན་ཁང་པ་མུ་མཐུད་ལེགས་བཅོས་བྱས་ཏེ་གྲོང་གསེབ་ཀྱི་མི་འབོར་ཁྲི་6398ཙམ་གྱི་འཐུང་ཆུའི་དཀའ་ངལ་སེལ་བ་དང་གློག་མེད་ས་ཁུལ་གྱི་མི་གྲངས་ཁྲི་60ལ་གློག་མེད་དཀའ་ངལ་སེལ་ཞིང་། གྲོང་གསེབ་ཀྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལེགས་བཅོས་སྔར་ལས་ལྷག་པར་བྱས་ཡོད།

        ཐོན་ལས་ཀྱི་གྲུབ་ཚུལ་བཟང་འགྱུར་དང་རིམ་པ་སྤོར་ཚད་མགྱོགས་སུ་བཏང་ཡོད། འཐབ་ཇུས་ཀྱི་ངོ་བོ་ལྡན་པའི་གསར་དར་ཐོན་ལས་སྐྱེད་བསྲིང་བྱེད་ཤུགས་ཇེ་ཆེར་བཏང་ནས་ནུས་ཁུངས་གསར་པ་དང་། རྒྱུ་ཆས་གསར་པ། སྐྱེ་དངོས་ཀྱི་སྨན་དང་སྨན་བཅོས། ཚད་མཐོའི་སྒྲིག་ཆས་བཟོ་སྐྲུན། ནུས་ཁུངས་གསར་པའི་རླངས་འཁོར་བཅས་འཕེལ་རྒྱས་མགྱོགས་སུ་བཏང་བ་དང་། དྲ་གསུམ་མཉམ་འདྲེས། སྤྲིན་རྩིས། ཟོག་འབྲེལ་དྲ་རྒྱ་བཅས་ཚོད་ལྟའི་དཔེ་སྟོན་གྱི་ལས་ཀ་བྱེད་རིམ་མགྱོགས་སུ་བཏང་ཡོད། ཁེ་ལས་ཟླ་སྒྲིལ་བསྐྱར་སྒྲིག་བྱས་པར་གྲུབ་འབྲས་གསར་པ་ཐོབ་ཡོད། ཐོན་ལས་གཙོ་གནད་དར་རྒྱས་དང་ལག་རྩལ་བསྒྱུར་བཀོད་ལ་རོགས་སྐྱོར་བྱས་ཤིང་། ཀྲུང་དབྱང་སྔོན་རྩིས་ལས་མ་དངུལ་སྒོར་དུང་ཕྱུར་150བཀོད་སྒྲིག་བྱས་ནས་རྣམ་གྲངས་4000ལྷག་ཙམ་ལ་རོགས་སྐྱོར་བྱས་པ་དང་། མ་དངུལ་ཁྱོན་བསྡོམས་སྒོར་དུང་ཕྱུར་3000སྐུལ་འཁྲིད་བྱས་པ་རེད། བརྡ་འཕྲིན་བློ་འདྲི་དང་། གློག་རྡུལ་ཚོང་དོན་སོགས་དེང་རབས་ཀྱི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་མགྱོགས་སུ་བཏང་བ་དང་། གསར་དར་ཞབས་ཞུའི་ཁྱབ་ཁོངས་རྒྱུན་མི་འཆད་པར་རྒྱ་སྐྱེད་པ་རེད། ལྕགས་ལམ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་ཐོན་ལས་འཕེལ་རྒྱས་མགྱོགས་པོ་བྱུང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བའི་རྨང་གཞི་ཇེ་བརྟན་དུ་བཏང་ཡོད།

        ནུས་བསྲི་སྙིགས་འཕྲི་དང་སྐྱེ་ཁམས་ཁོར་ཡུག་སྲུང་བར་སྐུལ་སྤེལ་བཏང་ཡོད། “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་ནུས་བསྲི་སྙིགས་འཕྲིའི་ཕྱོགས་བསྡུས་ལས་ཀའི་འཆར་གཞི་དང་། དྲོད་ཁང་རླངས་རོ་འབུད་ཚད་བཀག་འགོག་གི་ལས་ཀའི་འཆར་གཞི། ཁོར་ཡུག་སྲུང་ཤུགས་ཆེ་རུ་གཏོང་བའི་ལས་ཀའི་གཙོ་གནད་ཀྱི་བསམ་འཆར་བཅས་ཡོངས་བསྒྲགས་དང་དོན་འཁྱོལ་བྱས་ཡོད། ནུས་ཁུངས་གཙང་མའི་གློག་འདོན་འཕྲུལ་འཁོར་གྱིས་གློག་འདོན་གྲངས་སྟོང་ཝ་དུང་ཕྱུར་2.9ཟིན་ཏེ་སྔ་ལོ་ལས་སྟོང་ཝ་ཁྲི་3356འཕར་བ་རེད། ནུས་རྒྱུ་བསྲི་ཚགས་དང་ཁོར་ཡུག་སྲུང་སྐྱོང་གི་ལས་གཞི་སྐྲུན་ཤུགས་ཆེ་རུ་བཏང་ནས་ཉིན་རེར་གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་གཙང་འགྱུར་བྱེད་ནུས་ཏུན་ཁྲི་1100འཕར་བ་དང་། རྡོ་སོལ་གྱིས་གློག་འདོན་པའི་གློག་འདོན་འཕྲུལ་འཁོར་སྒྲིག་སྦྱོར་མ་ལག་སྟོང་ཝ་ཁྲི་5000ལྷག་ཙམ་ཟིན་པ་ཚང་མར་མུ་ཟི་ཕྱུང་བའི་སྒྲིག་ཆས་བསྒར་ཡོད། ནུས་ཁུངས་ཟད་གྲོན་ཆེ་བ་དང་། སྦགས་བཙོག་འབུད་ཐལ་ཆེ་བ། ཐོན་སྐྱེད་བྱེད་ཐལ་དྲགས་པའི་ལས་རིགས་སྙོམས་སྒྲིག་བྱེད་ནུས་ཆེ་རུ་བཏང་ནས་རྗེས་ལུས་ཅན་གྱི་ཨར་འདམ་ཐོན་ནུས་ཏུན་དུང་ཕྱུར་1.5དང་། ལྕགས་བཞུའི་ཐོན་ནུས་ཏུན་ཁྲི་3122 རྡོ་སོལ་བསྲེགས་མ་ཐོན་ནུས་ཏུན་ཁྲི་1925བཅས་དོར་བ་རེད། རང་འགྲུབ་ནགས་ཚལ་སྲུང་བའི་ལས་དུས་གཉིས་པའི་ལས་གཞི་ལག་བསྟར་བྱས་པ་མ་ཟད་ཁ་གསབ་སྤྲོད་པའི་ཚད་གཞིའང་མཐོ་རུ་བཏང་ཡོད། རྩྭ་ཐང་གི་སྐྱེ་ཁམས་སྲུང་བར་བྱ་དགའ་དང་ཁ་གསབ་སྤྲོད་པའི་སྲིད་ཇུས་ལག་བསྟར་བྱས་པ་དང་། མཚེའུ་ཡི་སྐྱེ་ཁམས་ཁོར་ཡུག་སྲུང་བའི་ཚོད་ལྟ་བྱས་ཤིང་། ཤིང་འཛུགས་ནགས་གསོ་མུའུ་ཁྲི་9200ལྷག་ཙམ་བྱས་པ་རེད།

        ས་ཁོངས་ཀྱི་དཔལ་འབྱོར་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བ་བྱས་ཡོད། ས་ཁོངས་འཕེལ་རྒྱས་གཏོང་བའི་འཐབ་ཇུས་སྤྱི་ཡོངས་དང་རྒྱལ་ཡོངས་ཀྱི་གཙོ་ཤུགས་ནུས་པའི་ཁུལ་གྱི་འཆར་འགོད་དོན་འཁྱོལ་གཏིང་ཟབ་བྱས་ཡོད། བོད་ལྗོངས་དང་། ཤིང་ཅང་སོགས་པའི་ས་ཁུལ་མཆོང་སྐྱོད་རྣམ་པའི་གོང་འཕེལ་ཡོང་བར་བྱེད་པའི་གཟིགས་སྐྱོང་གི་སྲིད་ཇུས་རབ་དང་རིམ་པ་གསར་འདོན་བྱས་ཡོད། ལོ་10རིང་གྲོང་གསེབ་ཏུ་དབུལ་སྐྱོར་གསར་སྤེལ་བྱེད་པའི་རྩ་འཛིན་གསར་པ་དང་མཐའ་དར་དམངས་ཕྱུག་ཡོང་བར་བྱེད་པའི་འཆར་གཞི་གཏན་འབེབས་དང་དོན་འཁྱོལ་བྱས་ཡོད། ས་ཁོངས་གསར་སྤེལ་མཐུན་སྦྱོར་བྱེད་ཚུལ་སྔར་ལས་ཆེ་རུ་ཕྱིན་པ་དང་། དབུས་ནུབ་རྒྱུད་དང་ཤར་བྱང་ས་ཁུལ་གྱི་དཔལ་འབྱོར་གཙོ་བོའི་དམིགས་ཚད་འཕར་ཤུགས་རྒྱལ་ཡོངས་ཀྱི་ཆ་སྙོམས་ཚད་ལས་བརྒལ་བ། ཤར་རྒྱུད་ས་ཁུལ་གྱི་ཐོན་ལས་རིགས་བསྒྱུར་དང་རིམ་པ་སྤོར་བའི་གོམ་སྟབས་མགྱོགས་སུ་བཏང་ཡོད། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་བརྒྱ་ཆ་50ལས་བརྒལ་བ་དེ་ནི་ཀྲུང་གོའི་སྤྱི་ཚོགས་གྲུབ་ཚུལ་ལས་ལོ་རྒྱུས་ཀྱི་ངེས་པ་ལྡན་པའི་འགྱུར་བ་ཞིག་རེད། སི་ཁྲོན་དབུན་ཁྲོན་དུ་དམིགས་བསལ་ས་ཡོམ་ཆེན་པོའི་གནོད་འཚེ་བྱུང་རྗེས་སླར་གསོ་བསྐྱར་སྐྲུན་གྱི་ལས་འགན་རྒྱལ་ཁའི་ངང་འགྲུབ་པ་དང་། མཚོ་སྔོན་ཡུལ་ཤུལ་དང་། ཀན་སུའུ་འབྲུག་ཆུ། ཡུན་ནན་དབྱིན་ཅང་བཅས་ཀྱི་གནོད་འགོག་གེགས་སེལ་དང་སླར་གསོ་བསྐྱར་སྐྲུན་གྱི་ལས་དོན་ཧུར་ཐག་ངང་བསྒྲུབས་པ་རེད།

        (གསུམ )སྤྱི་ཚོགས་ཀྱི་བྱ་གཞག་འཕེལ་རྒྱས་ཤུགས་ཆེན་བཏང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་བྱས་ཡོད། སྲིད་གཞུང་རིམ་པ་ཁག་གིས་ཚན་རྩལ་དང་། སློབ་གསོ། རིག་གནས། འཕྲོད་བསྟེན། ལུས་རྩལ་བཅས་ཀྱི་བྱ་གཞག་ལ་འཇོག་བྱ་མང་དུ་བཏང་ཞིང་། རྒྱལ་ཡོངས་ནོར་སྲིད་ཀྱི་གཏོང་སྒོ་སྒོར་དུང་ཕྱུར་ཁྲི་2.28བཏང་བ་རེད།

        ཚན་རྩལ་གསར་གཏོད་བྱེད་ནུས་བསྟུད་མར་མཐོ་རུ་བཏང་ཡོད། རྨང་གཞིའི་ཞིབ་འཇུག་དང་མདུན་གྲལ་ལག་རྩལ་ཞིབ་འཇུག་བྱེད་ཤུགས་ཆེ་རུ་བཏང་ཡོད། རྒྱལ་ཁབ་ཀྱི་ཚན་རྩལ་ཆེད་དོན་རྣམ་གྲངས་གལ་ཆེན་དོན་འཁྱོལ་བྱས་ཏེ་འགག་རྩའི་སྲོག་ཤིང་ལག་རྩལ་ཁ་ཤས་འགག་གནད་ལས་སྒྲོལ་ཞིང་། ཐོན་རྗས་དང་སྒྲིག་ཆས་གལ་ཆེན་གྱི་སྟོང་ཆ་མང་པོ་གསབ་པ་རེད། དམིགས་ལྡན་འཕུར་ཆས་ལྷ་གནས་དང་པོ་དང་ལྷ་གྲུ་རྟགས་ཅན་འཕུར་གྲུ་སྔ་རྗེས་སུ་འཕེན་གཏོང་ལམ་ལྷོངས་བྱུང་བ་མ་ཟད་བདེ་བླག་ངང་མཐུད་ཐུབ་སྟེ་རང་རྒྱལ་གྱི་མི་ཞུགས་འཕུར་གྲུ་འཕེལ་རྒྱས་གཏོང་བའི་ལོ་རྒྱུས་ཐོག་ལམ་ཚད་རྡོ་རིང་གསར་པར་གྱུར་པ་རེད།

        སློབ་གསོ་དྲང་སྙོམས་ངང་སྐུལ་སྤེལ་ཏན་ཏིག་བྱས་ཡོད། སློབ་གསོ་སྒྱུར་བཅོས་དང་འཕེལ་རྒྱས་གཏོང་བའི་འཆར་འགོད་ཀྱི་རྩ་གནད་དོན་འཁྱོལ་གཏིང་ཟབ་དང་མཐར་ཕྱིན་བྱས་ཡོད། ལོ་ངོ་25ཡི་རིང་རྒྱུན་འཁྱོངས་ལྷོད་མེད་ངང་ནས་འབད་འཐབ་བྱས་པ་བརྒྱུད་དེ་ལོ་དགུའི་ལམ་ལུགས་ཀྱི་འོས་འགན་སློབ་གསོ་ཁྱོན་ཡོངས་ནས་མངོན་འགྱུར་བྱུང་བ་རེད། གྲོང་གསེབ་ཀྱི་ཞག་སྡོད་ལམ་ལུགས་སློབ་མ་ཁྲི་3000ལྷག་ཙམ་ལ་ཉལ་ཁང་གི་གླ་རིན་རྩ་ཆག་བཏང་བ་དེའི་ནང་ནས་ཁྲི་1228ནི་དབུས་ནུབ་རྒྱུད་ཀྱི་ཁྱིམ་ཚང་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་སློབ་མར་འཚོ་བའི་གསབ་དངུལ་ལོངས་སུ་སྤྱོད་དུ་བཅུག་པ་རེད། ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་སློབ་མར་རོགས་དངུལ་སྤྲོད་པའི་མ་ལག་ཆ་ཚང་བཙུགས་ཡོད། ཞིང་པ་ལས་མི་དང་མཉམ་དུ་ཡོང་བའི་བུ་ཕྲུག་ལ་གྲོང་ཁྱེར་དུ་སློབ་གསོ་དང་ལེན་བྱེད་དུ་འཇུག་པའི་དཀའ་གནད་རགས་ཙམ་སེལ་ཡོད། “སློབ་ན་མ་སོན་གོང་གི་ལོ་གསུམ་སློབ་གསོ་སྤེལ་བའི་འཆར་གཞི ”དོན་འཁྱོལ་ཡོང་བར་བྱས་ཏེ་བྱིས་ཆུང་བུ་བཅོལ་ཁང་དུ་བཅོལ་ཚད་མང་དུ་བཏང་ཡོད། ལས་རིགས་ཀྱི་སློབ་གསོ་འཕེལ་རྒྱས་ཤུགས་ཆེན་བཏང་ཡོད། སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གསོ་སྐྱོང་ལས་ཀ་བྱེད་ཤུགས་ཆེ་རུ་བཏང་ཞིང་། སློབ་གྲྭ་ཆུང་འབྲིང་དགེ་རྒན་གྱི་གོ་མིང་ལམ་ལུགས་བསྒྱུར་བཅོས་ཚོད་ལྟ་བྱེད་ས་ཆེ་རུ་བཏང་ནས་སློབ་གྲྭ་ཆུང་འབྲིང་དགེ་རྒན་གྱི་དཔུང་ཁག་སྤྱི་ཡོངས་ཀྱི་བྱང་ཚད་མཐོ་རུ་བཏང་ཡོད། སློབ་ཡོན་མི་དགོས་པའི་སྐབས་དང་པོའི་དགེ་འོས་སློབ་མ་ཡོངས་རྫོགས་སློབ་གྲྭ་ཆུང་འབྲིང་དུ་དགེ་རྒན་བྱེད་པར་བསྐྱོད་ཅིང་བརྒྱ་ཆ་90དབུས་རྒྱུད་དང་ནུབ་རྒྱུད་དུ་ཡོད།

        རིག་གནས་ལེགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ཡོད། ཀྲུང་དབྱང་ནོར་སྲིད་ཀྱིས་རིག་གནས་དམངས་ཕན་ལས་གཞིར་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ་དང་། ས་གནས་ཁག་གིས་སྤྱི་ཕན་གྱི་ངོ་བོ་ལྡན་པའི་རིག་གནས་བྱ་གཞག་ལ་འཇོག་བྱ་མངོན་གསལ་མང་དུ་བཏང་ཡོད། སྤྱི་པའི་རིག་གནས་སྒྲིག་བཀོད་རིན་དོད་མི་དགོས་པར་སྤྱོད་ཁྱོན་ཆེ་རུ་བཏང་ནས་ཞབས་འདེགས་ཞུ་ཁྱོན་རིམ་བཞིན་རྒྱ་བསྐྱེད་ཡོད། རིག་གནས་སྒྲིག་སྲོལ་བསྒྱུར་བཅོས་ལ་མུ་མཐུད་སྐུལ་སྤེལ་བཏང་བས། རིག་གནས་ཐོན་ལས་འཕེལ་རྒྱས་མགྱོགས་པོ་བྱུང་བ་རེད། རིག་གནས་སྲུང་སྐྱོང་དང་། དངོས་པོ་མ་ཡིན་པའི་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་ཤུལ་འཛིན་བྱས་པར་གྲུབ་འབྲས་གལ་ཆེན་ཐོབ་ཡོད། མང་ཚོགས་ཀྱི་ལུས་རྩལ་སྒྲིག་བཀོད་འཛུགས་སྐྱོང་ཤུགས་ཆེན་བྱས་པ་དང་། དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོ་དཔྱིད་དཔལ་བཞད་པ་ལྟར་སྤེལ་བས། ལུས་རྩལ་བྱ་གཞག་ལ་གྲུབ་འབྲས་གསར་པ་ཐོབ་པ་རེད།

        སྨན་བཅོས་འཕྲོད་བསྟེན་བྱ་གཞག་བསྒྱུར་བཅོས་དང་འཕེལ་རྒྱས་དགེ་མཚན་ལྡན་ཞིང་བརྟན་པོར་སྤེལ་ཡོད། མ་མཐའི་སྨན་བཅོས་འགན་བཅོལ་ཁྱབ་ཁྱོན་མུ་མཐུད་ཆེ་རུ་བཏང་སྟེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་དུང་ཕྱུར་13འགན་བཅོལ་ནང་ཞུགས་པས། དམངས་ཡོངས་ཀྱི་སྨན་བཅོས་འགན་བཅོལ་མ་ལག་རགས་ཙམ་ཆགས་ཡོད། སྲིད་ཇུས་ཀྱི་ཁྱབ་ཁོངས་ནང་ནད་པ་སྨན་བཅོས་ཞག་སྡོད་བྱེད་རིན་འགྲོ་སོང་རྩིས་ཞུའི་བསྡུར་ཚད་མང་དུ་བཏང་བ་དང་། ནད་གཞི་གལ་ཆེན་ཁྲོད་ནས་སྨན་བཅོས་འགན་སྲུང་གི་ནད་རིགས་ཁྱབ་ཁོངས་སྔར་ལས་ཆེ་རུ་བཏང་ཡོད། ནོར་སྲིད་རིམ་པ་ཁག་གིས་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་སྨན་བཅོས་འགན་བཅོལ་དང་གྲོང་གསེབ་ཀྱི་སྨན་བཅོས་མཉམ་ལས་ལམ་ལུགས་གསར་པར་ཁ་གསབ་སྤྲོད་པའི་ཚད་གཞི་ལོ་རེའི་ནང་མི་རེར་སྒོར་120ཡིན་པ་ནས་སྒོར་200རུ་མང་དུ་བཏང་ཡོད། རྒྱལ་ཁབ་ཀྱི་མ་མཐའི་སྨན་རིགས་ལམ་ལུགས་དེ་སྲིད་གཞུང་གིས་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་འཛུགས་རྒྱུ་ཡོངས་སུ་ཁེབས་པར་བྱས་པ་དང་། མ་མཐའི་སྨན་རིགས་ཉེན་མེད་ཡོང་ཚད་མཐོ་རུ་བཏང་ཞིང་གོང་ཚད་བཅག་ཡོད། གཞུང་བཙུགས་སྨན་ཁང་བསྒྱུར་བཅོས་ཚོད་ལྟ་གོ་རིམ་ལྡན་པའི་ངང་སྤེལ་བ་དང་། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་རྩ་བའི་ཆ་ནས་ཆགས་ཤིང་། གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་སྙོམས་མཚུངས་ཡོང་བར་གྲུབ་འབྲས་གསར་པ་ཐོབ་པ་རེད།

        (བཞི ) དམངས་འཚོ་འགན་སྲུང་དང་ལེགས་བཅོས་ཏན་ཏིག་བྱས་ནས་མང་ཚོགས་ཀྱི་ཁེ་ཕན་དངོས་དང་འབྲེལ་བ་ཡོད་པའི་གནད་དོན་ཐག་གཅོད་བྱས་ཡོད། ང་ཚོས་དམངས་འཚོ་སྔོན་ལ་འཇོག་པ་རྒྱུན་འཁྱོངས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མི་དམངས་ཡོངས་ཀྱིས་ལོངས་སུ་སྤྱོད་གང་ཐུབ་བྱས་ནས་སྤྱི་ཚོགས་དྲང་སྙོམས་དྲང་གཞག་ཡོང་བར་བྱས་ཡོད།

        ལས་ཞུགས་སྲིད་ཇུས་སྔར་ལས་དགེ་མཚན་ལྡན་པ་ལག་ལེན་བསྟར་ཡོད། ལས་ཞུགས་དང་ལས་གནས་ཀྱི་ཐབས་ལམ་མང་པོ་གསར་འབྱེད་དང་ལས་སྒོ་གསར་སྤེལ་གྱིས་ལས་ཞུགས་ལ་སྐུལ་ཁྲིད་ཅི་ཐུབ་བྱས་ཤིང་། ལས་རིགས་ཀྱི་རྩལ་ནུས་གསོ་སྦྱོང་དང་སྤྱི་པའི་ལས་ཞུགས་ཞབས་ཞུའི་མ་ལག་འཛུགས་སྐྱོང་བྱེད་ཤུཌ་ཆེ་རུ་བཏང་ཡོད། ནོར་སྲིད་དང་། ཁྲལ་བསྡུ། དངུལ་རྩ་སོཌ་པའི་ཐོག་ནས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་མཐོ་རིམ་སློབ་གྲྭའི་སློབ་ཐོན་སློབ་མ་དང་ཞིང་པ་ལས་མི་སོཌ་མི་ཚོགས་ལྟེ་བ་ལས་ཞུཌ་གང་ཐུབ་བྱས་ཡོད། མཐོ་རིམ་སློབ་ཐོན་སློབ་མ་ལས་ཀར་ཞུཌ་ཚད་ཐོག་མ་བརྒྱ་ཆ་77.8ཟིན་ཏེ་སྔ་ལོའི་དུས་མཉམ་ལས་བརྒྱ་ཆའི་གཞི་གྲངས་1.2འཕར་ཡོད། ཞིང་པ་ལས་མི་ཁྱོན་བསྡོམས་དུང་ཕྱུར་2.53ཟིན་ཏེ་སྔ་ལོ་ལས་བརྒྱ་ཆ་4.4འཕར་བ་དེའི་ནང་ཕྱོགས་ཐོན་ཞིང་པ་ལས་མི་དུང་ཕྱུར་1.59ཟིན་ཏེ་སྔ་ལོ་ལས་བརྒྱ་ཆ་3.4འཕར་ཡོད།

        ཡོང་འབབ་བགོ་བཤའི་འབྲེལ་བ་ལེགས་སྒྲིག་གང་ཐུབ་བྱས་ཡོད། ཡོང་འབབ་དམའ་བའི་མང་ཚོགས་ཀྱི་ཡོང་འབབ་ཇེ་མང་དུ་གཏོང་གང་ཐུབ་བྱས་ཡོད། གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་ཡོང་འབབ་ཁེར་གཙང་འཕར་ཚད་དངོས་1985ལོ་ནས་བཟུང་སྟེ་མཐོ་ཤོས་ཟིན་ཏེ་བསྟུད་མར་ལོ་གཉིས་རིང་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་ལས་ཀྱང་འཕར་མགྱོགས་པ་བྱུང་ཡོད། ས་གནས་ཁག་གིས་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་ཡོངས་ཁྱབ་ཏུ་མཐོ་རུ་ཆེ་ཙམ་བཏང་བ་དང་། ཁེ་ལས་ཀྱི་ལས་འཁྱུར་ངལ་གསོ་མི་སྣའི་གཞི་རྩའི་རྒན་གསོའི་དངུལ་བསྟུད་མར་ལོ་7པ་བར་དུ་ཇེ་མཐོར་བཏང་བས། ལོ་ཧྲིལ་པོའི་ནང་མི་རེར་ཆ་སྙོམས་སྒོར་1680འཕར་ཞིང་མི་ཁྲི་5700ལྷག་ཙམ་ལ་ཕན་ཁེ་ཐོབ་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་རྟེན་འགན་སྲུང་ཁ་གསབ་བྱེད་ཚད་དང་དེ་བཞིན་གཟིགས་སྐྱོང་བྱ་ཡུལ་ཁ་ཤས་ཀྱི་གཟིགས་སྐྱོང་དངུལ་དང་འཚོ་བའི་ཁ་གསབ་ཚད་གཞི་སྔར་ལས་མཐོ་རུ་བཏང་བ་དང་། རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་རྟེན་འགན་སྲུང་བྱ་ཡུལ་དང་གྲོང་གསེབ་ཀྱི་ཁག་ཐེག་ལྔ་འཚོ་སྐྱོང་བྱ་ཡུལ་སོགས་དཀའ་ངལ་ཆེ་བའི་མང་ཚོགས་ཁྲི་8600ལྷག་ཙམ་ལ་འཚོ་བའི་ཁ་གསབ་སྤྲོད་ཐེངས་ཤིག་བྱས་པ་དང་། སྤྱི་ཚོགས་ཀྱི་སྐྱོབ་རོགས་དང་འགན་སྲུང་ཚད་གཞི་དག་དང་ཟོག་གོང་འཕར་ཚུལ་སྦྲེལ་བའི་མཉམ་འགུལ་རྐྱེན་སྲོལ་བཙུགས་ཡོད། ཡོང་འབབ་འབྲིང་གྲས་མཁན་གྱིས་བཟུང་བའི་བསྡུར་ཚད་ཆེ་རུ་བཏང་བ་དང་། སྒེར་གྱི་ཐོབ་ཁྲལ་བསྡུ་བའི་ཚད་འཛིན་ས་སྒོར་2000ནས་སྒོར་3500བར་དུ་སྤར་ཡོད། སྒེར་གཉེར་བཟོ་ཚོང་དུད་ཚང་ཁྲི་900ལྷག་ཙམ་གྱི་ཁྲལ་འཁྲི་བཅག་པ་དང་། ཀྲུང་དབྱང་གིས་ཞིང་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེར་གཙང་སྒོར་2300(2010ལོའི་འགྱུར་མེད་རིན་གོང )ཡོང་བར་བྱ་རྒྱུ་དེ་རྒྱལ་ཁབ་ཀྱི་དབུལ་སྐྱོར་ཚད་གཞི་གསར་པར་འཛིན་རྒྱུའི་ཐག་བཅད་པས། དེ་2009ལོ་ལས་བརྒྱ་ཆ་92འཕར་ཡོད། གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་མི་འབོར་སྔར་ལས་མང་པོ་དབུལ་སྐྱོར་གྱི་ཁྱབ་ཁོངས་སུ་བཅུག་པ་དེ་ནི་སྤྱི་ཚོགས་གོང་འཕེལ་ཆེན་པོ་བྱུང་བ་ཞིག་རེད།

        སྤྱི་ཚོགས་ཀྱི་འགན་སྲུང་མ་ལག་འཛུགས་ཤུགས་ཆེ་རུ་བཏང་ཡོད། སྤྱི་ཚོགས་འགན་སྲུང་ཁེབས་ཚད་མུ་མཐུད་ནས་རྒྱ་བསྐྱེད་པ་དང་། རྒྱལ་ཡོངས་སུ་གྲོང་ཁྱེར་དང་གྲོང་རྡལ་གྱི་མ་མཐའི་རྒན་གསོའི་འགན་བཅོལ་དང་། ལས་ཤོར་འགན་བཅོལ། ལས་རྨས་འགན་བཅོལ། བུ་བཙའི་འགན་བཅོལ་བཅས་སུ་ཞུགས་མཁན་མི་གྲངས་འཕར་སྣོན་ཆེན་པོ་བྱུང་། རྫོང (གྲོང་ཁྱེར་དང་ཁུལ )2147གྱིས་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་ཚོད་ལྟ་བྱེད་གནས་ལག་བསྟར་བྱས་ཤིང་། མི་ཁྲི་1334ལྷག་ཙམ་འགན་བཅོལ་ནང་ཞུགས་པ་དང་མི་ཁྲི་641གིས་རྒན་གསོའི་དངུལ་བླངས་ཡོད། རྫོང་(གྲོང་ཁྱེར་དང་ཁུལ )2343གྱིས་གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་ཚོད་ལྟ་བྱེད་གནས་གསར་པ་གཉེར་བ་དང་། མི་གྲངས་དུང་ཕྱུར་3.58འགན་བཅོལ་ནང་ཞུགས་ཤིང་མི་ཁྲི་9880ཡིས་རྒན་གསོའི་དངུལ་བླངས་པས། ཁེབས་ཁྱོན་བརྒྱ་ཆ་60ཡན་རྒྱ་བསྐྱེད་ཡོད། ཐུན་མོང་ཁེ་ལས་ཀྱི་ལས་འཁྱུར་ངལ་གསོའི་མི་སྣ་ཁྲི་500ལྷག་ཙམ་རྒན་གསོ་འགན་སྲུང་གི་ལོ་རྒྱུས་ཤུལ་ལུས་གནད་དོན་ཐག་བཅད་ཡོད། ཁེ་ལས་ཁྲི་312ཀྱི “ལས་རྨས་རྒན་རྒོན ”མི་སྣ་དང་ལས་རྐྱེན་དུ་འདས་པའི་ལས་བཟོ་པའི་གཉེན་ཉེ་འཚོ་སྐྱོང་བྱ་རྒྱུ་ལས་རྨས་འགན་བཅོལ་ནང་བཅུག་ནས་གཅིག་གྱུར་ཐོག་བདག་སྐྱོང་བྱས་ཡོད། རྒན་གསོའི་འགན་བཅོལ་ས་ཁུལ་བརྒལ་ནས་སྤོ་སྒྱུར་མཇུག་མཐུད་བྱེད་པའི་ལས་དོན་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བ་དང་། སྤྱི་ཚོགས་ཀྱི་འགན་སྲུང་མ་ལག་མུ་མཐུད་ནས་འཐུས་ཚང་དུ་བཏང་སྟེ་ལམ་ལུགས་གང་སར་ཁྱབ་པའི་ཕྱོགས་སུ་གོམ་སྟབས་གལ་ཆེན་སྤོས་ཡོད། དེ་ནི་གཞི་རྩའི་སྤྱི་པའི་ཞབས་ཞུ་འདྲ་མཉམ་ཅན་དུ་འགྱུར་བ་བྱེད་པར་གྲུབ་འབྲས་གལ་ཆེན་ཐོབ་པ་ཞིག་རེད།

        འགན་སྲུང་ཅན་གྱི་བདེ་སྡོད་ལས་གྲྭ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་ཤུགས་ཆེན་བཏང་ཡོད། འགན་སྲུང་ཅན་གྱི་བདེ་སྡོད་ལས་གྲྭའི་འཛུགས་སྐྲུན་དང་དོ་དམ་བྱེད་པའི་སྐོར་གྱི་སློབ་སྟོན་བསམ་འཆར་བཏོན་པ་དང་། ནོར་སྲིད་གཏོང་སྒོ་དང་ས་ཞིང་མཁོ་འདོན། ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར། ཁྲལ་གྲོན་ཆག་ཡང་དང་རྩ་ཆག་གཏོང་བ་སོགས་ཀྱི་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་བ་དང་། འཆར་འགོད་ལེགས་སྤེལ་དང་ལས་གྲྭའི་སྤུས་ཚད་ཇེ་མཐོར་གཏོང་གང་ཐུབ། འགན་སྲུང་ཅན་གྱི་སྡོད་ཁང་བགོ་བཤའ་དང་། དོ་དམ། ཕྱིར་འཐེན་སོགས་ཀྱི་ལམ་ལུགས་དང་བྱེད་ཐབས་གཏན་འབེབས་བྱས་ཡོད། ཀྲུང་དབྱང་ནོར་སྲིད་ནས་མ་དངུལ་སྒོར་དུང་ཕྱུར་1713བཀོད་སྒྲིག་བྱས་པ་ནི་2010ལོའི་ལྡབ་2.2ཡིན་པ་དང་། ལོ་ཧྲིལ་པོར་གྲོང་ཁྱེར་གྲོང་རྡལ་གྱི་འགན་སྲུང་ལྡན་པའི་སྡོད་ཁང་ཆ་འགྲིག་ཁྲི་432ཙམ་བསྐྲུན་ཞིང་། སྡོད་ཁང་ཆ་འགྲིག་ཁྲི་1043འཛུགས་སྐྲུན་བྱེད་འགོ་བརྩམས་ཡོད།

        སྤྱི་ཚོགས་ཀྱི་སྤྱི་པའི་བདེ་འཇགས་སྲུང་སྐྱོང་གང་ཐུབ་བྱས་ཡོད། ཉེན་མེད་སྒོ་ནས་ཐོན་སྐྱེད་བྱེད་པར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ། བདེ་འཇགས་ཀྱི་དོན་རྐྱེན་ཆེན་པོ་དང་འགངས་ཆེན་རིགས་ཐག་གཅོད་དང་། བརྟག་དཔྱད། འགན་འཁྲི་རྩད་གཅོད་བཅས་ཀྱི་ལས་དོན་ལེགས་པར་བསྒྲུབས་ཡོད། ཟས་རིགས་བདེ་འཇགས་ལ་ལྟ་སྐུལ་དོ་དམ་བྱེད་པའི་སྒྲིག་སྲོལ་དང་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། ཁྲིམས་འགལ་གྱིས་སྦྱོར་རྟ་དང་ཁྲིམས་འགལ་ཐོག་ཐོན་སྐྱེད་ཞིབ་ལས་བྱེད་རིགས་ལ་གཅིག་བསྡུས་ཀྱིས་རྡུང་རྡེག་བཏང་བ་དང་བཅོས་སྐྱོང་བྱས་ཡོད། མི་གཙོ་བོར་འཛིན་པ་དང་ཞབས་ཞུ་སྔོན་དུ་སྐྱོད་པ་རྒྱུན་འཁྱོངས་བྱས་ཤིང་། སྤྱི་ཚོགས་དོ་དམ་བྱེད་ཤུགས་ཆེ་རུ་བཏང་བ་དང་གསར་དུ་གཏོད་ནས་སྤྱི་ཚོགས་ཀྱི་འགལ་ཟླ་སྣ་ཚོགས་རིམ་རྩད་བཅད་པ་དང་སེལ་ཐབས་བྱས་པ་དང་། ཁྲིམས་འགལ་ཉེས་གསོག་ཀྱི་བྱ་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་བཏང་ནས་སྤྱི་ཚོགས་འཆམ་མཐུན་དང་བརྟན་བརླིང་རྒྱུན་འཁྱོངས་ཡོང་བར་བྱས་ཡོད།

        (ལྔ )སྒྱུར་བཅོས་སྒོ་འབྱེད་ཟབ་སྤེལ་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཡོང་བར་གསོན་ཤུགས་དང་སྒུལ་ཤུགས་གསར་པ་བསྣན་ཡོད། ང་ཚོས “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ནང་བཏོན་པའི་སྒྱུར་བཅོས་ཀྱི་ལས་འགན་ལྟར། འགག་སྒྲོལ་བྱེད་ཤུགས་ཆེ་རུ་བཏང་ཞིང་ཁྱབ་ཁོངས་གཙོ་བོ་དང་འགག་རྩའི་ལྷུ་ཚིགས་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་བཏང་ཡོད།

        སྤྱི་པའི་ནོར་སྲིད་མ་ལག་སྤྱི་དང་ལྷག་པར་དུ་སྔོན་རྩིས་དོ་དམ་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། སྔོན་རྩིས་ནང་མ་ཚུད་པའི་མ་དངུལ་ཡོད་ཚད་སྔོན་རྩིས་དོ་དམ་ནང་བཅུག་པ་དང་། གཞུང་དབང་མ་རྩ་གཉེར་སྐྱོང་གི་སྔོན་རྩིས་ལག་བསྟར་བྱེད་རྒྱ་ཆེ་རུ་བཏང་ཡོད། སྡེ་ཁག་གི་སྔོན་རྩིས་སྒྱུར་བཅོས་ཟབ་སྤེལ་དང་སྲིད་གཞུང་གི་སྔོན་རྩིས་དང་ངེས་རྩིས་ཡོངས་བསྒྲགས་ཁྱབ་སྤེལ་བྱས་པས། ཀྲུང་དབྱང་གི་སྡེ་ཁག་98དང་། པེ་ཅིན། ཧྲང་ཧའེ། ཀོང་ཏུང་། ཧྲའན་ཞི་སོགས་ཞིང་ཆེན་དང་གྲོང་ཁྱེར་གྱིས “གཞུང་གསུམ་འགྲོ་གྲོན ”ཡོངས་བསྒྲགས་བྱས་ཡོད། རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་མ་བཅོས་རྡོ་སྣུམ་དང་རང་བྱུང་སོལ་རླངས་ཐོན་ཁུངས་ཀྱི་དཔྱ་ཁྲལ་རིན་གོང་ལྟར་བསྡུ་བའི་བསྒྱུར་བཅོས་ལག་བསྟར་བྱས་ཤིང་། ཚོང་གཉེར་གྱི་དཔྱ་ཁྲལ་གནས་ཐང་འཕར་ཁྲལ་བསྡུ་བར་བསྒྱུར་བའི་ཚོད་ལྟ་བྱེད་གནས་ཀྱི་འཆར་གཞི་བཏོན་ཡོད། རྒྱལ་ཁོངས་ལས་བརྒལ་བའི་ཉོ་འཚོང་མི་དམངས་ཤོག་སྒོར་གྱིས་དུས་རྩིས་རྒྱག་ཁོངས་རྒྱལ་ཡོངས་སུ་རྒྱ་བསྐྱེད་ཅིང་། ཕྱི་རྒྱལ་དུ་ཐད་ཀར་མི་དམངས་ཤོག་སྒོར་གྱི་མ་དངུལ་བཞག་ནས་དུས་རྩིས་རྒྱག་པའི་ཚོད་ལྟ་བྱེད་འགོ་བརྩམས་ཏེ་ཕྱི་རྒྱལ་གྱི་ཚོང་པས་ཐད་ཀར་མི་དམངས་ཤོག་སྒོར་གྱི་མ་དངུལ་བཞག་པ་དུས་རྩིས་རྒྱག་པའི་ལས་སྒོ་སྤེལ་ཡོད། ཐུན་མོང་གི་ནགས་ཚལ་བདག་དབང་ལམ་ལུགས་སྒྱུར་བཅོས་ཟབ་སྤེལ་དང་གཞུང་ཁོངས་ནགས་ར་སྒྱུར་བཅོས་ཚོད་ལྟ་བྱེད་འགོ་བརྩམས་ཤིང་། རྩྭ་ཐང་བདག་གཉེར་གྱི་འགན་གཙང་ལེན་པའི་ཐོ་འགོད་ཁྲིམས་མཐུན་ལྟར་བྱས་ཡོད། ཆུ་བེད་འཛུགས་སྐྲུན་དོ་དམ་བྱེད་པའི་སྒྲིག་སྲོལ་བསྒྱུར་བཅོས་བྱེད་པར་སྐུལ་འདེད་བཏང་ནས་ཆུ་བེད་ཐོན་ཁུངས་དོ་དམ་སྒྲིག་སྲོལ་གསར་དུ་བཏོད་ཡོད། གཞུང་ཁོངས་ཁེ་ལས་བསྒྱུར་བཅོས་ཟབ་སྤེལ་བྱས་ཤིང་། གློག་དྲ་གཙོ་ཕལ་དབྱེ་འབྱེད་བསྒྱུར་བཅོས་བསྐྱར་སྒྲིག་དང་དེ་བཞིན་དྲ་ཞུགས་གློག་རིན་དང་གྲོང་མི་མ་ཡིན་པའི་དམངས་སྤྱོད་གློག་རིན་ལེགས་སྒྲིག་འཆར་གཞི་ལག་ལེན་བསྟར་འགོ་ཚུགས་ཡོད། ཤང་གྲོང་སྒྲིག་གཞི་བསྒྱུར་བཅོས་གཞི་རྩའི་ཆ་ནས་འགྲུབ་པ་དང་། བྱ་ལས་སྡེ་ཚན་རིགས་དབྱེ་སྒྱུར་བཅོས་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བཞིན་ཡོད།

        ང་ཚོས་ཕྱིར་གཏོང་ནང་འདྲེན་གཉིས་ཀ་གལ་ཆེ་མཉམ་རྒྱུན་འཁྱོངས་བྱས་ཤིང་། ཕྱི་དངུལ་སྤྱོད་པ་དང་ཕྱི་རྒྱལ་དུ་མ་དངུལ་འཇོག་པའི་ཐབས་ཤེས་མཉམ་སྤྱོད་ཀྱིས་གུ་ཡངས་པའི་དཔལ་འབྱོར་སྤེལ་ཚད་ཁྱོན་ཡོངས་ནས་མཐོ་རུ་བཏང་ཡོད། ཚོང་ར་སྣེ་མང་ཅན་གྱི་འཐབ་ཇུས་ཧུར་ཐག་ངང་སྐུལ་སྤེལ་དང་ཉོ་འཚོང་གི་གྲུབ་ཚུལ་ལེགས་འགྱུར་གང་ཐུབ་བྱས་ཡོད། ལོ་ཧྲིལ་པོར་དངོས་ཟོག་ཕྱིར་གཏོང་ནང་འདྲེན་བྱེད་གྲངས་བསྡོམས་འབོར་ཨ་སྒོར་དུང་ཕྱུར་ཁྲི་3.64ཟིན་ཏེ་བརྒྱ་ཆ་22.5འཕར་ཡོད། དེའི་ནང་ཕྱིར་གཏོང་འཕར་ཚད་བརྒྱ་ཆ་20.3ཡིན་པ་དང་། ནང་འདྲེན་འཕར་ཚད་བརྒྱ་ཆ་24.9ཡིན། ཉོ་འཚོང་འགྲིག་ཁྱད་སྔར་ལས་ཆག་ཡོད། ཕྱི་རྒྱལ་ཚོང་པས་ཐད་ཀར་མ་དངུལ་ཨ་སྒོར་དུང་ཕྱུར་1160བཞག་པ་དངོས་སུ་སྤྱད་ཅིང་། དེ་ལས་ཞབས་ཞུའི་ལས་རིགས་དང་དབུས་ནུབ་ས་ཁུལ་དུ་སྤྱོད་པའི་བསྡུར་ཚད་མཐོ་རུ་བཏང་ཡོད། ཁེ་ལས “ཕྱིར་སྐྱོད ”པའི་གོམ་སྟབས་ཇེ་མགྱོགས་སུ་བཏང་ཞིང་། དངུལ་རྩའི་རིགས་མིན་པས་ཕྱི་རྒྱལ་དུ་ཐད་ཀར་མ་དངུལ་འཇོག་ཚད་ཨ་སྒོར་དུང་ཕྱུར་601ཟིན་ཡོད། རྒྱལ་སྤྱི་དང་ས་ཁོངས་ཀྱི་དཔལ་འབྱོར་མཉམ་ལས་ནང་ཧུར་ཐག་ཞུགས་པ་དང་། སྣེ་མང་དང་ཕྱོགས་གཉིས་ཀྱི་ཉོ་འཚོང་འབྲེལ་བ་མུ་མཐུད་ནས་ཇེ་ཟབ་ཏུ་གྱུར་ཡོད།

        ང་ཚོས་དམངས་གཙོ་དང་ཁྲིམས་ལུགས་འཛུགས་སྤེལ་དང་། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་། ཀང་ཨའོ་ཐའེ་གསུམ་གྱི་ལས་དོན་དང་ཕྱི་འབྲེལ་ལས་དོན་སོགས་ཀྱི་ཐད་གྲུབ་འབྲས་གཟེངས་སུ་ཐོན་པ་བླངས་ཡོད།

        འདས་པའི་ལོ་གཅིག་རིང་གི་གྲུབ་འབྲས་ལས་སླ་པོར་ཐོབ་པ་ཞིག་མིན་པར། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྱད་འཕགས་རང་བཞིན་དང་སྐྱེ་སྟོབས་མངོན་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་སྤོབས་བསམ་དང་གོང་བུར་འགྲིལ་ཤུགས་ཆེ་རུ་ཕྱིན་ཡོད། འདི་ནི་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་ཚན་རིག་དང་མཐུན་པའི་ཐབས་ཇུས་བཀོད་པ་དང་འགོ་ཁྲིད་ཡང་དག་གནང་བའི་འབྲས་བུ་དང་། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་སྟོབས་ཤུགས་གཅིག་སྒྲིལ་དང་འབད་འབུངས་བརྩོན་ལེན་བྱས་པའི་འབྲས་བུ་ཡིན། ངས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ནས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་། དམངས་གཙོའི་ཏང་ཤོག་ཁག་དང་མི་དམངས་ཀྱི་ཚོགས་པ་ཁག་དང་ལས་རིགས་ཁག་གི་མི་སྣ་བཅས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྤུན་ཟླ་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དང་། སྤུན་ཟླ་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ། ཐའེ་དབན་བ། ཕྱིར་སྡོད་སྤུན་ཟླ་བཅས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུང་གོའི་དེང་རབས་ཅན་འཛུགས་སྐྲུན་བྱེད་པར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་རྒྱལ་ཁབ་ཁག་གི་སྲིད་གཞུང་དང་། རྒྱལ་སྤྱིའི་རྩ་འཛུགས། རྒྱལ་ཁབ་ཁག་གི་གྲོགས་པོ་རྣམ་པ་བཅས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

        རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་སྔར་བཞིན་དཀའ་ངལ་དང་འགྲན་སློང་མི་ཉུང་བ་ཞིག་ཡོད་པ་ང་ཚོས་གསལ་པོར་ཤེས་དགོས། རྒྱལ་སྤྱིའི་ཐད་ནས་བལྟས་ན། འཛམ་གླིང་དཔལ་འབྱོར་བསྐྱར་གསོ་འབྱུང་རིམ་དཀའ་ཚེགས་ཆེ་ལ་ཀྱག་ཀྱོག་ཡིན། རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་སྔར་ལྟར་རྒྱས་བཞིན་ཡོད་ལ། རྒྱལ་ཁབ་ཁ་ཤས་ཀྱི་བདག་དབང་གི་བུན་དབང་དང་བུན་འགན་ཉེན་ཁ་དུས་ཐུང་ནང་སེལ་དཀའ། དཔལ་འབྱོར་དངོས་ཚན་དར་རྒྱས་ཆེ་རིགས་གཙོ་བོར་ལས་ཀ་ཤོར་ཚད་ཆེ་ཚུལ་ཆག་དཀའ་བ་དང་འཕར་ཤུགས་མི་འདང་བས། གསར་དར་དཔལ་འབྱོར་དངོས་ཚན་དུ་དངུལ་ལོར་འགྲེམས་ཐལ་ཤོར་བ་དང་དཔལ་འབྱོར་འཕར་ཚད་ཆག་པའི་ངལ་བ་ཉིས་བརྩེགས་ཐུག་ཡོད། དངུལ་ལོར་གཙོ་བོའི་དངུལ་བརྗེས་འཛའ་ཐང་དང་ཐོན་རྫས་ཆེ་རིགས་ཀྱི་རིན་གོང་འཕར་ཆག་ཆེན་པོ་བྱུང་བ་དང་། རྒྱལ་སྤྱིའི་ཉོ་འཚོང་གི་མ་དངུལ་འཇོག་རིགས་སྲུང་སྐྱོབ་རིང་ལུགས་དྲག་ཏུ་གྱུར་ཡོད། རྒྱལ་ནང་གི་ཐད་ནས་བལྟས་ན། སྒྲིག་སྲོལ་རང་བཞིན་དང་གྲུབ་ཚུལ་རང་བཞིན་གྱི་འགལ་བ་སེལ་ཞིང་། འཕེལ་རྒྱས་དོ་མི་མཉམ་པ་དང་། མཐུན་སྦྱོར་མིན་པ། རྒྱུན་མཐུད་མིན་པ་བཅས་ཀྱི་གནད་དོན་ཞི་ལྷོད་དུ་གཏོང་རྒྱུ་སྔར་ལས་ཁ་ཚ་དགོས་གཏུག་དང་དཀའ་ཚད་ཆེ་རུ་ཕྱིན་ཡོད་ལ། དཔལ་འབྱོར་འཁོར་སྐྱོད་ཁྲོད་དུའང་གནས་ཚུལ་དང་གནད་དོན་གསར་པ་མི་ཉུང་བ་ཞིག་ལྷག་ཡོད་པ་གཙོ་བོ་ནི། དཔལ་འབྱོར་འཕར་ཚད་ཆག་དོགས་ཡོད་པ་དང་། ཟོག་གོང་གི་ཚད་སྔར་བཞིན་མཐོ་བ། ས་ཁང་ཚོང་ར་སྙོམས་སྒྲིག་བྱ་རྒྱུ་འགག་རྩའི་དུས་རིམ་དུ་གནས་པ། ཞིང་ལས་བརྟན་པོར་འཕེལ་རྒྱས་ཡོང་བ་དང་ཞིང་པའི་ཡོང་འབབ་བསྟུད་མར་འཕར་བར་བྱེད་པའི་དཀའ་ཚད་ཆེ་རུ་ཕྱིན་པ། ལས་ཞུགས་བསྡོམས་གྲངས་ཀྱི་ངལ་བ་དང་གྲུབ་ཚུལ་རང་བཞིན་གྱི་འགལ་བ་མཉམ་དུ་གནས་པ། ཁེ་ལས་ཁ་ཤས་སྤྱི་དང་ལྷག་པར་དུ་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་གཉེར་སྐྱོང་དཀའ་ངལ་ཆེ་རུ་སོང་བ། ལས་རིགས་ཁ་ཤས་ཀྱི་ཐོན་ནུས་ཆེ་དྲགས་ཚུལ་མངོན་གསལ་དོད་པ། ནུས་ཁུངས་འཛད་སྤྱོད་བསྡོམས་འབོར་འཕར་ཚད་མགྱོགས་དྲགས་པ་བཅས་རེད། ཡུན་རིང་གི་འགལ་བ་དང་ཡུན་ཐུང་གི་གནད་དོན་ཕན་ཚུན་འདྲེས་ཡོད་པ་དང་། གྲུབ་ཚུལ་རང་བཞིན་གྱི་རྒྱུ་རྐྱེན་དང་དུས་འཁོར་རང་བཞིན་གྱི་རྒྱུ་རྐྱེན་ཕན་ཚུན་ཤུགས་རྐྱེན་ཐེབས་བཞིན་པ་དང་། རྒྱལ་ནང་གི་གནད་དོན་དང་རྒྱལ་སྤྱིའི་གནད་དོན་འདྲེས་ཡོད་པས། སྤྱི་ཁོག་སྙོམས་སྒྲིག་སྟངས་འཛིན་ལ་སྔར་ལས་ཪྙོག་འཛིང་གི་རྣམ་པ་ལྷག་ཡོད། སྲིད་གཞུང་གི་ལས་དོན་ལ་སྔར་བཞིན་སྐྱོན་ཆ་དང་མི་འདང་ས་འགའ་ཤས་ཡོད་པ་དང་། ནུས་བསྲི་སྙིགས་འཕྲི་དང་ཟོག་གོང་སྙོམས་སྒྲིག་གི་དམིགས་འབེན་ཡོང་འགྲུབ་བྱུང་མེད། ས་བསྡུ་བཤིག་སྤོ་དང་། ཉེན་མེད་ཐོན་སྐྱེད། ཟས་རིགས་དང་སྨན་རིགས་ཉེན་མེད། ཡོང་འབབ་བགོ་བཤའ་སོགས་པའི་གནད་དོན་སྔར་བཞིན་ཧ་ཅང་མངོན་གསལ་ཆེ་བས། མང་ཚོགས་ཀྱིས་བསམ་འཆར་དྲག་པོ་འདོན་བཞིན་ཡོད། སྲིད་གཞུང་གི་དོ་དམ་དང་ཞབས་ཞུའི་ཆུ་ཚད་ཇེ་མཐོར་གཏོང་དགོས་ལ་སྲིད་དོན་གཙང་སྐྱོང་བྱེད་ཤུགས་ངེས་པར་ཆེ་རུ་གཏོང་དགོས།

        ང་ཚོས་ངེས་པར་དུ་རྒྱལ་ཁབ་དང་མི་དམངས་ལ་འགན་ཆེན་པོ་འཁུར་བའི་སྙིང་སྟོབས་ལ་བརྟེན་ནས་བྱེད་ཐབས་སྔར་ལས་ནུས་ལྡན་སྤྱད་དེ་གནད་དོན་ཡོད་རིགས་ཐག་གཅོད་ཏན་ཏིག་བྱས་ཏེ་ལས་དོན་སྣ་ཚོགས་སྔར་ལས་ལེགས་པོར་བསྒྲུབ་པར་འབད་དེ་མི་དམངས་ཀྱི་མངགས་བཅོལ་འགངས་ཆེན་སྟོང་ཟད་དུ་གཏན་ནས་གཏོང་མི་རུང་།

        གཉིས།      2012ལོའི་ལས་དོན་ཡོངས་ཀྱི་བཀོད་སྒྲིག

        ད་ལོ་ནི “ལོ་ལྔ་ཚན་བཅུ་གཉིས་པའི ”དུས་སྐབས་ཀྱི་སྔ་མཐུད་ཕྱི་འདྲེན་གྱི་ལོ་གལ་ཆེན་ཞིག་ཡིན་ལ། སྐབས་འདིའི་སྲིད་གཞུང་གི་འགན་གནས་འཛིན་ཡུན་མཇུག་མཐའི་ལོའང་ཡིན། ང་ཚོས་རང་འགན་ནན་སྒྲུབ་དང་། བློ་བརྟན་བརྩོན་ལེན། འགག་སྒྲོལ་དཀའ་སེལ། རྣམ་གཡེང་དང་སྒྱིད་ལུག་གཏན་ནས་མི་བྱེད་པར་མི་དམངས་བློ་ཡིད་འཚིམས་པའི་རྒྱུགས་སྤྲོད་དགོས།

        རང་རྒྱལ་གྱི་འཕེལ་རྒྱས་དེ་སྔར་བཞིན་འཐབ་ཇུས་ཀྱི་གོ་སྐབས་གལ་ཆེན་ཞིག་ཏུ་གནས་ཡོད་ཅིང་། དུས་ཡུན་ཅུང་རིང་པོའི་ནང་དུ་དཔལ་འབྱོར་བརྟན་ཞིང་ཅུང་མགྱོགས་པོར་འཕེལ་ཚུལ་འདིའི་རྒྱུན་མུ་མཐུད་དུ་སྐྱོང་བར་ཆ་རྐྱེན་བཟང་པོ་མི་ཉུང་བ་ཞིག་འཛོམས་ཡོད། བཟོ་ལས་ཅན་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན། ཞིང་ལས་དེང་རབས་ཅན་བཅས་སུ་འགྱུར་ཚད་མགྱོགས་སུ་འགྲོ་བཞིན་ཡོད་པ་དང་། འཛད་སྤྱོད་ཀྱི་གྲུབ་ཚུལ་དང་ཐོན་ལས་ཀྱི་གྲུབ་ཚུལ་རིམ་པ་སྤོར་བར་གཏིང་གི་དགོས་མཁོ་ཤིན་ཏུ་ཆེན་པོ་ཡོད། ལོ་ངོ་30ལྷག་གི་རིང་ལ་སྒྱུར་བཅོས་སྒོ་འབྱེད་བྱས་པ་བརྒྱུད་རང་རྒྱལ་འཕེལ་རྒྱས་གཏོང་བར་དངོས་པོའི་རྨང་གཞི་དང་སྒྲིག་སྲོལ་གྱི་ཆ་རྐྱེན་བཟང་པོ་བསྐྲུན་པ་དང་། སྤྱི་ཁོག་སྙོམས་སྒྲིག་སྟངས་འཛིན་གྱི་ཉམས་མྱོང་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་པོར་གྱུར་པ། ཁེ་ལས་ཀྱི་འགྲན་རྩོད་ནུས་པ་དང་ཉེན་ཁ་འགོག་ནུས་མངོན་གསལ་ཆེ་རུ་སོང་ཡོད། ཤར་རྒྱུད་ས་ཁུལ་གྱི་གསར་གཏོད་དང་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་ཕྱིན་པ་དང་། དབུས་རྒྱུད་དང་ནུབ་རྒྱུད་བྱང་ཤར་སོགས་བཟོ་ལས་ཀྱི་རྟེན་གཞི་ཪྙིང་པ་འཕེལ་རྒྱས་གཏོང་བའི་གཏིང་ཤུགས་གོ་རིམ་ལྡན་པའི་ངང་ནས་བཏོན་ཡོད། དཔལ་འབྱོར་འཕེལ་རྒྱས་ཡོང་བའི་སྲོལ་རྒྱུན་གྱི་དགེ་མཚན་སྔར་བཞིན་གནས་ཡོད་པ་དང་། ངལ་རྩོལ་ནུས་ཤུགས་ཀྱི་ཐོན་ཁུངས་འབེལ་ཞིང་སྤུས་ཀ་མཐོ་རུ་ཕྱིན་ཡོད། ནོར་སྲིད་གཏོང་ཡོང་གི་གནས་བབ་ལེགས་ཤིང་དངུལ་རྩའི་མ་ལག་འཁོར་སྐྱོད་བྱེད་ཚུལ་བརླིང་པོ་ཡིན་པ་དང་། སྤྱི་ཚོགས་ཀྱི་མ་དངུལ་ཅུང་འདང་ངེས་ཡོད་པ་རེད། འཛམ་གླིང་གི་དཔལ་འབྱོར་དང་ཆབ་སྲིད་ཀྱི་གནས་སྟངས་འགྱུར་ལྡོག་གཏིང་ཟབ་པོ་འབྱུང་བཞིན་ཡོད་པ་དང་། ཞི་བདེ་དང་། འཕེལ་རྒྱས། མཉམ་ལས་བཅས་ནི་སྔར་བཞིན་དུས་རབས་ཀྱི་འཕེལ་ཕྱོགས་ཡིན་པས། སྤྱིའི་ཆ་ནས་རང་རྒྱལ་ཞི་བདེའི་ངང་ནས་གོང་དུ་འཕེལ་བར་ཕན་ཐོགས་ཡོད་པ་རེད། ང་ཚོས་ཡིད་ཆེས་བརྟན་པོ་འཆང་བ་དང་ཕན་ལྡན་ཆ་རྐྱེན་དང་དགེ་མཚན་ལྡན་པའི་རྒྱུ་རྐྱེན་བེད་སྤྱོད་མཁས་པོར་བྱས་ཐོག་འཐབ་ཇུས་ཀྱི་གོ་སྐབས་གལ་ཆེན་མུ་མཐུད་འཛིན་སྤྱོད་ལེགས་པར་བྱེད་པ་དང་། དཔལ་འབྱོར་བརྟན་ཞིང་ཅུང་མགྱོགས་པོའི་ངང་ནས་འཕེལ་བར་བྱས་ནས་རང་རྒྱལ་གྱི་ཕྱོགས་བསྡུས་རྒྱལ་སྟོབས་དང་རྒྱལ་སྤྱིའི་ཐོག་གི་ཤུགས་རྐྱེན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

        ང་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ཐོག་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང “མཚོན་བྱེད་གསུམ ”གྱི་དགོངས་དོན་གལ་ཆེན་སློབ་སྟོན་དུ་འཛིན་པ། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་ལག་ལེན་མཐར་ཕྱིན་དང་དོན་འཁྱོལ་གཏིང་ཟབ། བརྟན་བརླིང་ངང་ཡར་ཐོན་དོན་གཉེར་རྒྱུན་འཁྱོངས། སྤྱི་ཁོག་སྙོམས་སྒྲིག་སྟངས་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལེགས་བཅོས། དཔལ་འབྱོར་བརྟན་པོའི་ངང་འཕེལ་རྒྱས་མགྱོགས་ཙམ་ཡོང་བར་བྱེད་པ་དང་དཔལ་འབྱོར་གྲུབ་ཚུལ་ལེགས་སྒྲིག་བྱ་རྒྱུ་འདི་དངུལ་ལོར་འགྲེམས་ཐལ་ཤོར་བར་སྔོན་དཔག་དོ་དམ་བྱེད་པའི་བར་གྱི་འབྲེལ་བ་མུ་མཐུད་ཐག་གཅོད་ཡག་པོར་བྱེད་པ། དཔལ་འབྱོར་སྤེལ་སྟངས་བསྒྱུར་བར་སྐུལ་སྤེལ་དང་དཔལ་འབྱོར་གྱི་གྲུབ་ཚུལ་ལེགས་སྒྲིག་བྱ་རྒྱུ་མགྱོགས་སུ་གཏོང་བ། རྒྱལ་ནང་གི་དགོས་མཁོ་དང་ལྷག་པར་དུ་འཛད་སྤྱོད་ཀྱི་དགོས་མཁོ་རྒྱ་བསྐྱེད་གང་ཐུབ། རང་བརྟེན་གསར་གཏོད་དང་ནུས་བསྲི་སྙིགས་འཕྲིར་ཤུགས་སྣོན་གང་ཐུབ། སྒྱུར་བཅོས་སྒོ་འབྱེད་ཟབ་སྤེལ་གང་ཐུབ། དམངས་འཚོར་འགན་སྲུང་དང་ལེགས་བཅོས་གང་ཐུབ། སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྐྱོང་། རིག་གནས་དར་སྤེལ། སྤྱི་ཚོགས་ལེགས་སྐྱོང་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་བཅས་ཕྱོགས་ཡོངས་ནས་སྐུལ་སྤེལ། དཔལ་འབྱོར་བརྟན་པོའི་ངང་འཕེལ་རྒྱས་མགྱོགས་ཙམ་དང་དངོས་ཟོག་ཡོངས་ཀྱི་གོང་ཚད་རྩ་བའི་ཆ་ནས་བརྟན་པོ་ཡོང་གང་ཐུབ། སྤྱི་ཚོགས་འཆམ་མཐུན་དང་བརྟན་ལྷིང་རྒྱུན་འཁྱོངས་བཅས་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་རྨད་དུ་བྱུང་བར་བརྟེན་ནས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།

        ད་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་སྔོན་དཔག་དམིགས་ཚད་གཙོ་བོ་ནི། རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་བརྒྱ་ཆ་7.5འཕར་བར་བྱ་རྒྱུ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་པ་ཁྲི་900ཡན་གསར་སྣོན་བྱ་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གྱི་ཐོ་བཀོད་ལས་ཀ་ཤོར་ཚད་བརྒྱ་ཆ་4.6ནང་དུ་ཚོད་འཛིན་བྱ་རྒྱུ། གྲོང་མིའི་འཛད་སྤྱོད་རིན་གོང་འཕར་ཚད་བརྒྱ་ཆ་4ཡས་མས་སུ་ཚོད་འཛིན་བྱ་རྒྱུ། ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་བརྒྱ་ཆ་10ཡས་མས་འཕར་བར་བྱ་རྒྱུ་དང་རྒྱལ་སྤྱིའི་གཏོང་ཡོང་གི་གནས་བབ་མུ་མཐུད་ལེགས་བཅོས་བྱ་རྒྱུ་བཅས་རེད། དུས་མཚུངས་ཐོན་ལས་ཀྱི་གྲུབ་ཚུལ་ལེགས་སྒྲིག་དང་། རང་བརྟེན་གསར་གཏོད། ནུས་བསྲི་སྙིགས་འཕྲི་སོགས་པའི་ཐད་གྲུབ་འབྲས་གསར་པ་ཐོབ་པར་བྱ་རྒྱུ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་འཕར་ཚད་དངོས་དང་དཔལ་འབྱོར་འཕར་སྣོན་གཉིས་གོམ་སྟབས་གཅིག་འདྲ་ཡོང་བར་བྱ་དགོས། འདིར་གཙོ་གནད་དུ་གསལ་བཤད་བྱ་རྒྱུ་ཞིག་ནི། རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་འཕར་སྣོན་གྱི་དམིགས་ཚད་ཅུང་ཙམ་བཅག་པ་དེ་གཙོ་བོ “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ཀྱི་དམིགས་ཚད་དང་རིམ་བཞིན་འབྲེལ་མཐུད་ཡོང་ཆེད་དང་། ཕྱོགས་ཚང་མས་ལས་ཀའི་གཙོ་ཤུགས་དེ་དཔལ་འབྱོར་སྤེལ་སྟངས་བསྒྱུར་རྒྱུ་མགྱོགས་སུ་གཏོང་བ་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཀ་དང་ཕན་འབྲས་ཆེ་རུ་ཏན་ཏིག་གཏོང་བའི་ཐོག་ཏུ་འཇོག་རྒྱུའི་སྣེ་འཁྲིད་དེ། དུས་ཡུན་སྔར་ལས་རིང་བ་དང་། ཆུ་ཚད་སྔར་ལས་མཐོ་བ། སྤུས་ཀ་སྔར་ལས་ལེགས་པ་བཅས་ཀྱི་འཕེལ་རྒྱས་མངོན་འགྱུར་བྱེད་པར་ཕན་པའི་ཆེད་དུ་ཡིན། གྲོང་མིའི་འཛད་སྤྱོད་རིན་གོང་འཕར་ཚད་བརྒྱ་ཆ་4ཡས་མས་སུ་ཚོད་འཛིན་བྱ་དགོས་ཚུལ་བཏོན་པ་ནི། ཕྱི་རྐྱེན་གྱིས་བཟོས་པའི་དངུལ་ལོར་འགྲེམས་ཐལ་ཤོར་བའི་རྒྱུ་རྐྱེན་དང་རྒྱུ་རྐྱེན་གཙོ་བོའི་མ་གནས་མཐོ་རུ་ཕྱིན་པའི་ཤུགས་རྐྱེན་དང་། དེ་བཞིན་གྲོང་མིའི་ཐེག་ནུས་ལ་ཕྱོགས་བསྡུས་ཀྱིས་བསམ་བློ་བཏང་བ་ཞིག་ཡིན་ལ། རིན་གོང་བསྒྱུར་བཅོས་ལ་བར་སྟོང་ངེས་ཅན་བཞག་པ་ཞིག་ཀྱང་ཡིན།

        ཕྱོགས་གང་ཅིའི་གནས་ཚུལ་ལ་ཕྱོགས་བསྡུས་ཀྱིས་བསམ་བློ་བཏང་ནས་དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་དང་བརྟན་ཞིང་བརླིང་བའི་དངུལ་ལོར་སྲིད་ཇུས་མུ་མཐུད་ལག་བསྟར་དང་། དུས་བབ་ཀྱི་འགྱུར་བར་གཞིགས་ནས་དུས་མཐུན་ཚད་མཐུན་ཐོག་ནས་སྔོན་སྙོམས་ཅུང་སྙོམས་འོས་འཚམ། སྲིད་ཇུས་ཀྱི་དམིགས་གཏད་རང་བཞིན་དང་སྟབས་བསྟུན་རང་བཞིན། རྒྱང་ལྟའི་རང་བཞིན་སྔར་བས་ལེགས་སུ་གཏོང་བ་བཅས་བྱ་དགོས།

        དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་མུ་མཐུད་ལག་བསྟར་བྱ་དགོས། ནོར་སྲིད་མཚལ་ཡིག་དང་རྒྱལ་བུན་གྱི་གཏོང་ཁྱོན་འཚམ་པོར་རྒྱུན་སྲུང་བྱ་རྒྱུ་དེའང་། ད་ལོ་ནོར་སྲིད་མཚལ་ཡིག་སྒོར་དུང་ཕྱུར་8000བཀོད་སྒྲིག་བྱེད་རྩིས་ཡོད་པ་དང་། མཚལ་ཡིག་མང་ཉུང་བརྒྱ་ཆ་1.5ཡས་མས་སུ་ཆག་རྒྱུ་རེད། དེའི་ནང་ཀྲུང་དབྱང་ནོར་སྲིད་ཀྱི་མཚལ་ཡིག་སྒོར་དུང་ཕྱུར་5500དང་། ས་གནས་ཀྱི་ཚབ་ཏུ་དངུལ་བུན་སྒོར་དུང་ཕྱུར་2500འགྲེམས་རྩིས་ཡོད། ནོར་སྲིད་གཏོང་སྒོའི་གྲུབ་ཚུལ་ལེགས་སྒྲིག་དང་གཙོ་གནད་འབུར་དུ་འཐོན་པར་བྱ་དགོས། དམངས་འཚོའི་ཁྱབ་ཁོངས་སུ་ཕྱོགས་ཆ་ལྡན་པ་བྱ་རྒྱུར་དེ་བས་མཐོང་ཆེན་བྱེད་པ་དང་། སློབ་གསོ་དང་། རིག་གནས། སྨན་བཅོས་འཕྲོད་བསྟེན། ལས་ཞུགས། སྤྱི་ཚོགས་འགན་སྲུང་། འགན་སྲུང་ཅན་གྱི་བདེ་སྡོད་ལས་གྲྭ་སོགས་པར་མ་དངུལ་འཇོག་ཤུགས་ཆེ་རུ་གཏོང་རྒྱུ། ལྷུ་ཚིགས་ཞན་སར་སྔར་བས་མཐོང་ཆེན་དང་ཤུགས་སྣོན་བརྒྱབ་སྟེ “ཞིང་གསུམ ”དང་། དར་རྒྱས་ཞན་ཁུལ། ཚན་རྩལ་གསར་གཏོད། ནུས་བསྲི་ཁོར་སྲུང་། ཆུ་བེད། ས་གཤིས་གཏེར་འཚོལ་ལ་སོགས་པར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། བརྩོན་བསྲི་གྲོན་ཆུང་ལ་སྔར་བས་མཐོང་ཆེན་དང “གཞུང་གསུམ་འགྲོ་གྲོན ”ཚོད་འཛིན་ནན་པོར་བྱེད་པ། གྲོས་ཚོགས་དང་ཡིག་ཆ་ཧྲག་བསྡུ་གང་ཐུབ། གཞུང་སྤྱོད་རླངས་འཁོར་ལམ་ལུགས་བསྒྱུར་བཅོས་ཟབ་སྤེལ་བཅས་བྱས་ནས་སྲིད་འཛིན་གྱི་མ་གནས་སྔར་བས་ཆུང་དུ་གཏོང་དགོས། ཐོག་ཁང་དང་། ཚོགས་ཁང་། འགྲུལ་ཁང་། སྣེ་ལེན་ཁང་བཅས་འཛུགས་སྐྲུན་བྱེད་ཁྱོན་དང་ཚད་གཞི་མུ་མཐུད་ཚོད་འཛིན་བྱེད་པ་དང་། ལུས་རྩལ་འགྲན་ར་དང་འགྲན་ཁང་ཆེ་གྲས་འཛུགས་སྐྲུན་བྱེད་པའི་མ་དངུལ་ཉུང་དུ་གཏོང་དགོས། གཙོ་གནད་ཁྱབ་ཁོངས་དང་། གཙོ་གནད་སྡེ་ཁག གཙོ་གནད་མ་དངུལ་རྩིས་བཤེར་བྱེད་ཤུགས་ཁྱོན་ཡོངས་ནས་ཆེ་རུ་གཏོང་དགོས། གྲུབ་ཚུལ་རང་བཞིན་གྱི་ཁྲལ་འཕྲི་ལག་བསྟར་བྱ་དགོས། ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་དང་། སྒེར་གཉེར་བཟོ་ཚོང་དུད་ཁྱིམ་འཕེལ་རྒྱས་ཡོང་བར་རྒྱབ་སྐྱོར་བྱེད་པའི་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་སྣ་ཚོགས་དོན་འཁྱོལ་ནན་ཏན་དང་འཐུས་ཚང་བཟོ་བ་དང་། ལས་གཉེར་དཔྱ་ཁྲལ་དེ་རིན་ཐང་འཕར་མའི་དཔྱ་ཁྲལ་བསྡུ་བར་སྒྱུར་བའི་ཚོད་ལྟ་བྱ་རྒྱུ། སྲིད་འཛིན་བྱ་ལས་ཀྱི་ངེས་པ་ལྡན་པའི་རིན་དངུལ་ལེན་རིགས་དང་སྲིད་གཞུང་གི་རང་བཞིན་ལྡན་པའི་ཐེབས་རྩ་མུ་མཐུད་གཙང་བཤེར་དང་། སྡེབ་སྒྲིག ཚད་མཐུན་བཟོ་བ་བཅས་བྱ་དགོས། ས་གནས་སྲིད་གཞུང་གི་རང་བཞིན་ལྡན་པའི་བུན་དངུལ་དོ་དམ་དང་ཉེན་ཁ་འགོག་ཟོན་བྱེད་ཤུགས་ཆེ་རུ་གཏོང་དགོས། རིགས་དབྱེ་དོ་དམ་དང་། བྱེད་སྟངས་མི་འདྲ་བ་སྤྱོད་པ། རིམ་བཞིན་འཇལ་སེལ་བཅས་བྱེད་པའི་རྩ་དོན་ལྟར་བསགས་འབོར་དངུལ་བུན་མུ་མཐུད་ཐག་གཅོད་འོས་འཚམ་བྱ་དགོས། ས་གནས་སྲིད་གཞུང་གི་མ་དངུལ་བསྡུ་རུབ་བྱེད་གནས་ཀུང་སི་སྔར་བས་གཙང་བཤེར་དང་ཚད་མཐུན་བཟོས་ནས་སྲིད་གཞུང་རིམ་པ་ཁག་གིས་རྣམ་པ་འདྲ་མིན་སྣ་ཚོགས་ལ་བརྟེན་ནས་སྒྲིག་ལམ་དང་འགལ་ཏེ་ཁག་ཐེག་བྱེད་པ་དང་ཁས་ལེན་བྱེད་རིགས་གཏན་འགོག་མཐའ་གཅིག་ཏུ་བྱ་དགོས། དུས་མཚུངས་དུས་ཡུན་ཐུང་ངུའི་རིང་གི་བྱེད་ཐབས་དང་ཡུན་རིང་གི་ལམ་ལུགས་འཛུགས་སྐྱོང་ཟུང་འབྲེལ་བྱས་ཏེ། ས་གནས་སྲིད་གཞུང་གི་བུ་ལོན་གསར་པ་ཚོད་འཛིན་ནན་པོར་བྱ་རྒྱུ་དང་། ས་གནས་སྲིད་གཞུང་གི་བུ་ལོན་གཏོང་ཡོང་རིགས་བགོས་ནས་སྔོན་རྩིས་དོ་དམ་ནང་དུ་འཇུག་དགོས།

        བརྟན་བརླིང་ལྡན་པའི་དངུལ་ལོར་སྲིད་ཇུས་མུ་མཐུད་ལག་བསྟར་བྱ་དགོས། བསྡོམས་འབོར་འོས་འཚམ་དང་གཟབ་ནན་སྟབས་བསྟུན་གྱི་བླང་བྱ་ལྟར། དཔལ་འབྱོར་བརྟན་པོའི་ངང་ནས་འཕེལ་རྒྱས་མགྱོགས་ཙམ་ཡོང་བར་བྱེད་པ་དང་དངོས་ཟོག་གི་རིན་གོང་བརྟན་པོ་རྒྱུན་སྲུང་བྱེད་པ་དང་མཉམ་དུ་དངུལ་རྩའི་ཉམས་ཉེན་འགོག་ཟོན་བྱེད་པར་ཡང་ལྟ་རྟོག་བྱ་དགོས། དངུལ་ལོར་གྱི་སྲིད་ཇུས་ཡོ་བྱད་སྣ་ཚོགས་ཕྱོགས་བསྡུས་ཀྱིས་བེད་སྤྱད་དེ་ཡིད་རྟོན་དངུལ་བུན་མཁོ་སྤྲོད་གྱི་འབྲེལ་བ་ལེགས་སྒྲིག་བྱ་དགོས་པ་དང་། སྤྱི་ཚོགས་ཀྱི་མ་དངུལ་བསྡུ་རུབ་ཀྱི་གཞི་ཁྱོན་ལུགས་དང་མཐུན་པའི་སྒོ་ནས་འཕར་སྣོན་རྒྱུན་སྲུང་བྱ་དགོས། ཁྱབ་ཆེའི་དངུལ་ལོར་སྔོན་དཔག་ལྟར་ན་བརྒྱ་ཆ་14འཕར་རྒྱུ་དང་། ཡིད་རྟོན་དངུལ་བུན་གྲུབ་ཚུལ་ལེགས་སྒྱུར་བྱས་ཏེ་རྒྱལ་ཁབ་ཀྱིས་གཙོ་གནད་དུ་འཛུགས་སྐྲུན་བྱེད་བཞིན་པ་དང་མཐུད་སྐྲུན་བཞིན་པའི་ལས་གཞི་དང་། འགན་སྲུང་རང་བཞིན་གྱི་བདེ་སྡོད་ལས་གྲྭ་སྐྲུན་རོགས་དང་། ཐོན་ལས་ཀྱི་སྲིད་ཇུས་དང་མཐུན་ཞིང་། ཚོང་རར་མཁོ་བའི་ཁེ་ལས་དང་ལྷག་པར་དུ་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ལ་ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། དངོས་གཞིའི་དཔལ་འབྱོར་གྱི་མ་དངུལ་བསྡུ་རུབ་ཀྱི་མ་གནས་ཏན་ཏིག་སྒོ་ནས་གཅོག་རྒྱུ། ནུས་ཁུངས་ཟད་གྲོན་ཆེ་བ་དང་། སྦགས་བཙོག་ཆེ་བ། ཐོན་ནུས་ལྷག་ཐལ་ཆེ་རིགས་བཅས་ལ་དངུལ་བུན་གཏོང་བར་མུ་མཐུད་ཚོད་འཛིན་ནན་པོར་བྱ་རྒྱུ། མི་དམངས་ཤོག་སྒོར་གྱི་དངུལ་བརྗེས་འཛའ་ཐང་གྲུབ་པའི་རྐྱེན་སྲོལ་འཐུས་ཚང་བཟོ་བ་དང་། མི་དམངས་ཤོག་སྒོར་གྱི་དངུལ་བརྗེས་འཛའ་ཐང་ཕྱོགས་གཉིས་ནས་འཕར་ཆག་ཡོང་བར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། མི་དམངས་ཤོག་སྒོར་གྱི་དངུལ་བརྗེས་འཛའ་ཐང་དེ་ལུགས་མཐུན་དང་དོ་མཉམ་གྱི་ཚད་དུ་རྩ་བའི་ཆ་ནས་བརྟན་པོ་ཡོང་བར་བྱ་དགོས། ཕྱི་རྒྱལ་གྱི་དངུལ་བརྗེས་འཛའ་ཐང་ཚོང་ར་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། ཕྱི་དངུལ་ཐོན་རྫས་ཕུན་སུམ་ཚོགས་སུ་བཏང་ནས་ཚོང་རའི་དངོས་གཞིར་དངུལ་བརྗེས་འཛའ་ཐང་གི་ཉེན་གཡོལ་ཡོ་བྱད་སྔར་ལས་མང་བ་མཁོ་འདོན་བྱེད་པ་དང་། བསགས་པའི་ཕྱི་དངུལ་དོ་དམ་དང་བེད་སྤྱོད་ཡག་པོར་བྱ་དགོས། དངུལ་རྩའི་ཉམས་ཉེན་འགོག་ཟོན་དང་ལྟ་སྐུལ་དོ་དམ་མཐུན་སྦྱོར་བཅས་ཀྱི་རྐྱེན་སྲོལ་མ་ལག་ཆ་ཚང་འཛུགས་པ་དང་འཐུས་ཚང་བཟོས་ཏེ། ཉེན་ཁ་འགོག་པའི་ནུས་པ་ཆེ་རུ་གཏོང་དགོས། རྒྱལ་མཚམས་བརྒལ་བའི་མ་རྩའི་འགྲོ་རྒྱུག་ལ་ལྟ་སྐུལ་དང་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་དགོས། བུ་ལོན་གཡོར་བའི་བྱ་སྤྱོད་སྣ་ཚོགས་ཚད་ལྡན་བཟོ་དགོས་པ་དང་། དམངས་ཁྲོད་ཀྱི་མ་དངུལ་བསྡུ་རུབ་སྐྱོན་བྲལ་ངང་ནས་འཕེལ་རྒྱས་ཡོང་བའི་སྣེ་འཁྲིད་བྱ་དགོས།

        ད་ལོའི་ལས་དོན་ཕྱོགས་ཡོངས་ནས་ལེགས་པར་བསྒྲུབ་པར་བརྗོད་བྱ་གཙོ་བོ་འབུར་ཐོན་དང་། གཙོ་གནད་བསྟར་བརྒྱུས། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག མཐུན་སྦྱོར་ངང་སྐུལ་སྤེལ་བཅས་ངེས་པར་དུ་རྒྱུན་འཁྱོངས་བྱ་དགོས་ཤིང་། འཕར་སྣོན་བརྟན་བཟོ་དང་། ཟོག་གོང་ཚོད་འཛིན། གྲུབ་ཚུལ་ལེཌ་སྒྲིག དམངས་འཚོར་ཕན་འདོགས། བསྒྱུར་བཅོས་དམ་འཛིན། འཆམ་མཐུན་ཡོང་བ་བཅས་སྔར་ལས་ལེགས་པར་ལྷན་དུ་སྦྲེལ་དགོས། འཕར་སྣོན་བརྟན་བཟོ་ནི། ནང་མཁོ་རྒྱ་བསྐྱེད་དང་ཕྱི་མཁོ་བརྟན་པོ་ཡོང་བར་བྱ་རྒྱུ་རྒྱུན་འཁྱོངས་དང་། དངོས་གཞིའི་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་བ། རྒྱལ་ཁབ་ཕྱི་ནང་གི་བརྟན་བརླིང་མེད་པ་དང་ངེས་མེད་ཀྱི་རྒྱུ་རྐྱེན་སྣ་ཚོགས་ཁྱད་བསད་གང་ཐུབ། གསར་དུ་འགོ་འབུས་པ་དང་ཕྱོགས་ལྷུང་ཅན་གྱི་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱས་ནས་དཔལ་འབྱོར་བརྟན་བརླིང་ངང་འཁོར་སྐྱོད་ཐུབ་པ་རྒྱུན་སྲུང་བྱ་དགོས་པ་དེ་ཡིན། ཟོག་གོང་ཚོད་འཛིན་ནི། མུ་མཐུད་དེ་ཕྱོགས་བསྡུས་ཀྱི་བྱེད་ཐབས་སྤྱད་ནས་དངོས་ཟོག་གི་སྤྱིའི་གོང་ཚད་རྩ་བའི་ཆ་ནས་བརྟན་བརླིང་ཡོང་བ་རྒྱུན་སྲུང་དང་། རིན་གོང་གི་འཕེལ་ཕྱོགས་ལྟག་ལོག་མི་རྒྱག་པར་བྱ་དགོས་པ་དེ་ཡིན། གྲུབ་ཚུལ་ལེགས་སྒྲིག་ནི། རོགས་སྐྱོར་དང་ཚོད་འཛིན་གཉིས་ཀ་ཡོད་པའི་ཐོག་ནས་དཔལ་འབྱོར་འཕར་སྣོན་གྱི་སྤུས་ཀ་དང་ཕན་འབྲས་ལེགས་སུ་གཏོང་བ་དང་། འཕེལ་རྒྱས་ཀྱི་མཐུན་སྦྱོར་རང་བཞིན་དང་རྒྱུན་མཐུད་རང་བཞིན་ཆེ་རུ་གཏོང་བ་དེ་ཡིན། དམངས་འཚོར་ཕན་འདོགས་ནི། དམངས་འཚོར་འགན་སྲུང་དང་ལེགས་བཅོས་བྱ་རྒྱུ་དེ་ལས་ཀའི་རྩ་བའི་འགོ་རྩོམ་ས་དང་རྩ་བ་ཚུགས་སར་འཛིན་རྒྱུ་རྒྱུན་འཁྱོངས་དང་། སྤྱི་ཚོགས་དྲང་སྙོམ་དང་དྲང་བདེན་ཡོང་བར་བྱ་རྒྱུ་དེ་གནས་བབ་སྔར་བས་མངོན་གསལ་དོད་སར་བཞག་སྟེ། མི་དམངས་མང་ཚོགས་ལ་ཕན་ཐོགས་པའི་དོན་བཟང་དང་དོན་དམ་འགའ་ལེགས་པར་བསྒྲུབ་དགོས་པ་དེ་ཡིན། སྒྱུར་བཅོས་དམ་འཛིན་ནི། ཆོད་སེམས་དང་སྟོབས་ཤུགས་སྔར་ལས་ཆེ་བར་བརྟེན་ནས་བསྒྱུར་བཅོས་སྒོ་འབྱེད་ལ་སྐུལ་འདེད་དང་། དཔལ་འབྱོར་དུས་ཡུན་རིང་པོར་སྐྱོན་བྲལ་སྒོ་ནས་འཕེལ་རྒྱས་ཡོང་བར་གནོད་པའི་སྒྲིག་སྲོལ་རང་བཞིན་དང་གྲུབ་ཚུལ་རང་བཞིན་གྱི་འགལ་བ་སེལ་གང་ཐུབ་བྱས་ཏེ་གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ཁ་ཤས་འགག་གནད་ལས་སྒྲོལ་བར་བྱས་ཏེ། སྒོ་འབྱེད་ལ་བརྟེན་ནས་སྒྱུར་བཅོས་དང་། འཕེལ་རྒྱས། གསར་གཏོད་བཅས་ཡོང་བར་བྱ་རྒྱུ་དེ་ཡིན། འཆམ་མཐུན་ཡོང་བར་བྱེད་པ་ནི། སྒྱུར་བཅོས་འཕེལ་རྒྱས་བརྟན་བརླིང་གསུམ་གྱི་འབྲེལ་བ་ཐག་གཅོད་ཡང་དག་དང་། འགལ་བ་དང་ཉམས་ཉེན་འབྱུང་བའི་རྐྱེན་ངན་སྣ་ཚོགས་ཧུར་ཐག་དང་ཕན་ནུས་ལྡན་པའི་སྒོ་ནས་བསལ་ཏེ། ཕྱོགས་ཆའི་གནད་དོན་ཁྱོན་ཡོངས་ཀྱི་གནད་དོན་དུ་མི་འགྱུར་བར་བྱས་ཏེ་སྤྱི་ཚོགས་འཆམ་མཐུན་དང་བརྟན་བརླིང་ཡོང་བར་བྱ་རྒྱུ་དེ་ཡིན།

        གསུམ།       2012ལོའི་ལས་འགན་གཙོ་བོ།

        (གཅིག ) དཔལ་འབྱོར་བརྟན་པོའི་ངང་འཕེལ་རྒྱས་ཅུང་མགྱོགས་ཙམ་ཡོང་བར་བྱ་དགོས།

        ནང་མཁོ་དང་ལྷག་པར་དུ་འཛད་སྤྱོད་དགོས་མཁོ་རྒྱ་བསྐྱེད་རྒྱུ་ནི་རང་རྒྱལ་གྱི་དཔལ་འབྱོར་ཡུན་རིང་བརྟན་པོའི་ངང་འཕེལ་རྒྱས་མགྱོགས་ཙམ་ཡོང་བར་བྱེད་པའི་རྩ་བ་ཚུགས་ས་ཡིན་པ་དང་། ད་ལོའི་ལས་ཀའི་གཙོ་གནད་ཡིན།

        འཛད་སྤྱོད་དགོས་མཁོ་རྒྱ་བསྐྱེད་གང་ཐུབ་བྱ་དགོས། འཛད་སྤྱོད་རྒྱ་བསྐྱེད་པའི་ཡུན་ཕན་རྐྱེན་སྲོལ་འཛུགས་རྒྱུ་ཇེ་མགྱོགས་་སུ་གཏོང་དགོས། ཡོང་འབབ་བགོ་འགྲེམས་ཀྱི་གནས་སྟངས་ལེགས་སྒྱུར་ཤུགས་ཆེན་བྱས་ནས། ཡོང་འབབ་དམའ་འབྲིང་ཡིན་རིགས་ཀྱི་ཡོང་འབབ་འཕར་སྣོན་དང་། གྲོང་མིའི་འཛད་སྤྱོད་བྱེད་ནུས་ཇེ་ཆེར་གཏོང་དགོས། གྲོང་མིར་འཛད་སྤྱོད་བསྔགས་སྐུལ་བྱེད་པའི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་དགོས། སྤྱི་ཚོགས་ཅན་གྱི་རྒན་གསོ་དང་། ཁྱིམ་སྲིད། སྡེ་ལས། སྨན་བཅོས་འཕྲོད་སྦྱོར་སོགས་ཀྱི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས། རིག་གནས་དང་། ཡུལ་སྐོར། ལུས་སྦྱོང་སོགས་པའི་འཛད་སྤྱོད་ལ་བསྔགས་སྐུལ་དང་། ཕོགས་ལྡན་གུང་གསེང་ལམ་ལུགས་དོན་འཁྱོལ་ལེགས་པོ་བཅས་བྱ་དགོས། དྲ་ཐོག་ཟོག་ཉོ་སོགས་འཛད་སྤྱོད་བྱེད་སྟངས་གསར་གྲས་འཕེལ་རྒྱས་ཧུར་ཐག་གཏོང་དགོས། ཁོར་ཡུག་ཉེན་མེད་བཟོ་སྐྲུན་རྒྱུ་ཆ་དང་། ཆུ་བསྲི་གཙང་ཆས། ནུས་བསྲི་རླངས་འཁོར་སོགས་ལྗང་མདོག་འཛད་གྲོན་ལ་རྒྱབ་སྐྱོར་དང་ཁྲིད་སྟོན་བྱ་དགོས། འཛད་སྤྱོད་ཀྱི་ཡིད་རྟོན་དངུལ་བུན་རྒྱ་བསྐྱེད་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཁོར་རྒྱུག་མ་ལག་དང་། གཞུང་ལམ་དང་རླངས་འཁོར་འཇོག་ས་སོགས་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། ཐོན་རྫས་ཀྱི་སྤུས་ཚད་ཉེན་མེད་ཡོང་བར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས། འཛད་སྤྱོད་ཁོར་ཡུག་ལེགས་སྒྱུར་བྱས་ནས་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་དགོས།

        མ་དངུལ་འཇོག་པའི་གྲུབ་ཚུལ་རྒྱུན་མ་ཆད་པར་ལེགས་སྒྱུར་བྱ་དགོས། མ་དངུལ་འཇོག་རིགས་བརྟན་པོའི་ངང་རྒྱུན་འཁྱོངས་འཕར་བར་བྱ་རྒྱུ་དང་། མ་དངུལ་འཇོག་པ་དང་འཛད་སྤྱོད་གཉིས་དགེ་མཚན་ལྡན་པའི་ངང་མཉམ་འགུལ་ཡོང་བར་བྱ་དགོས། 《དམངས་ཁྲོད་ནས་མ་དངུལ་འཇོག་རྒྱུ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་ལྕག་གཏོང་བ་དང་ཁྲིད་སྟོན་བྱེད་པའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར་འགའ་ཞིག 》དོན་འཁྱོལ་ནན་ཏན་བྱེད་པ་དང་། བཀོལ་སྤྱོད་ཐུབ་པའི་ལག་བསྟར་ཞིབ་སྲོལ་དངོས་སུ་འདོན་དགོས། སྲིད་གཞུང་གིས་མ་དངུལ་འཇོག་པའི་གྲུབ་ཚུལ་ལེགས་སྒྲིག་ལ་སྣེ་ཁྲིད་བྱེད་ནུས་ཆེ་རུ་གཏོང་བ་དང་། གསར་སྐྲུན་བྱེད་བཞིན་པ་དང་མཐུད་སྐྲུན་བཞིན་པའི་ལས་གཞི་གཙོ་གནད་ཅན་དམིགས་བཀར་གྱིས་ཁག་ཐེག་བྱེད་པ་དང་། རྒྱལ་ཁབ་ཀྱི་ལས་གཞི་འགངས་ཆེན་འཛུགས་སྐྲུན་གྱི་ལས་འགོ་རྩོམ་པར་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་དགོས། ས་ཞིང་དང་། ཡིད་རྟོན་དངུལ་བུན། ནུས་བསྲི། ཁོར་ཡུག་སྲུང་སྐྱོང་། བདེ་འཇགས། སྤུས་ཚད་སོགས་ཆོག་འཐུས་དང་ཞིབ་བཤེར་གཏན་འབེབས་ཀྱི་འགག་གནད་དམ་འཛིན་བྱེད་པ་དང་། ལས་གཞི་འགངས་ཆེན་དང་ལྷག་པར་དུ་སྲིད་གཞུང་དང་རྒྱལ་ཁབ་ལ་དབང་བའི་མ་དངུལ་འཇོག་པའི་ལས་གཞིར་ལྟ་སྐུལ་དོ་དམ་དང་ལྟ་ཞིབ་བྱེད་པར་ཤུགས་སྣོན་རྒྱག་པ་དང་། མ་དངུལ་འཇོག་པའི་སྤུས་ཚད་དང་ཕན་འབྲས་ཇེ་མཐོར་གཏོང་དགོས།

        (གཉིས ) ཟོག་གོང་གི་སྤྱིའི་ཆུ་ཚད་རྩ་བའི་ཆ་ནས་བརྟན་པོ་ཡོང་བ་རྒྱུན་འཁྱོངས་བྱ་དགོས།

        དེ་ནི་མང་ཚོགས་ཀྱི་ཁེ་ཕན་དང་། དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་འཕེལ་བར་བྱེད་པའི་ཁྱོན་ཡོངས་དང་འབྲེལ་བ་ཡོད་པའི་ལས་ཀའི་ལྟེ་བ་ཡིན། སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་ལག་བསྟར་ནུས་ལྡན་བྱེད་པ་དང་། དངུལ་ལོར་གྱི་ཡིད་རྟོན་དངུལ་བུན་གཏོང་འབོར་དོ་དམ་ལེགས་པར་བྱེད་པ། སྤྱི་ཚོགས་ཀྱི་མཁོ་འདོན་བསྡོམས་འབོར་གཞི་རྩའི་ཐོག་དོ་མཉམ་ཡོང་བར་བྱེད་པ་བཅས་ཀྱི་རྨང་གཞིའི་ཐོག རིན་གོང་སྙོམས་སྒྲིག་ལེགས་པར་བྱས་ཏེ། ཟོག་གོང་སླར་ཡང་མི་འཕར་བར་བྱ་དགོས།

        ཐོན་སྐྱེད་འཕར་སྣོན་བྱས་ཏེ་མཁོ་སྤྲོད་འགན་སྲུང་བྱ་དགོས། ཟས་རིགས་ཀྱི་རིན་གོང་འཕར་ཐལ་མགྱོགས་པར་མུ་མཐུད་ཚོད་འཛིན་བྱ་རྒྱུ་ནི་ཟོག་གོང་བརྟན་པོ་ཡོང་བར་བྱེད་པའི་གཙོ་གནད་དུ་འཛིན་དགོས། “འབྲུ་རིགས ”ཞིང་ཆེན་འགོ་འཛིན་གྱིས་འགན་འཁྲི་འཁུར་བ་དང “ཤ་ཚལ་སྒོང་གསུམ ”གྲོང་ཁྱེར་འགོ་འཛིན་གྱིས་འགན་འཁྲི་འཁུར་བའི་ལམ་ལུགས་དོན་འཁྱོལ་ལེགས་པར་བྱས་ཏེ། ཞིང་ལས་ཐོན་རྫས་གཙོ་བོ་མཁོ་སྤྲོད་འགན་སྲུང་བྱ་དགོས། གྲོང་ཁྱེར་ཆེ་འབྲིང་ལ་ལུགས་མཐུན་གྱི་ཚལ་ཞིང་ངེས་ཅན་ལྡན་དགོས་པ་དང་། རང་ངོས་ས་གནས་ཀྱིས་དུས་ཚིགས་སྔོ་ཚལ་རང་མཁོ་རང་འདང་ཡོང་བར་བྱེད་པའི་ཆུ་ཚད་བརྟན་པོ་དང་ཇེ་མཐོར་བཏང་ནས་ཉེ་འཁོར་ས་ཁུལ་དང་དགེ་མཚན་ལྡན་པའི་ཐོན་ཁུལ་གཉིས་དང་མཉམ་ལས་ཐོག་ནས “ཤ་ཚལ་སྒོང་གསུམ ”གྱི་ཐོན་རྫས་རྟེན་གཞི་བསྐྲུན་དགོས། ཚོང་རྫས་གཙོ་གནད་ཅན་ཐོན་སྐྱེད་དང་སྐྱེལ་འདྲེན་ཕྱིར་འཚོང་གསུམ་མཐུད་སྦྲེལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྲིད་གཞུང་གི་གསོག་འཇོག་དང་ཚོང་ལས་ཀྱི་གསོག་འཇོག་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་ཞིང་ལས་ཐོན་རྫས་གཙོ་གནད་ཅན་གསོག་ཉར་དང་འདོན་སྤྲོད་ལེགས་པར་བྱས་ཏེ། ཚོང་ར་སྙོམ་སྒྲིག་བྱེད་ནུས་ཆེ་རུ་གཏོང་དགོས།

        འཁོར་རྒྱུག་འཁྲུག་ཏུ་བཏང་སྟེ་མ་གནས་གཅོག་དགོས། སྔོ་ཚལ་སོགས་ཞིང་ལས་ཐོན་རྫས་སོས་པ་སྐྱེལ་འདྲེན་བྱེད་པའི་ལྗང་མདོག་བརྒྱུད་ལམ་སྲིད་ཇུས་ལག་བསྟར་ནན་པོར་བྱ་དགོས། ཞིང་ལས་ཐོན་རྫས་སྡེབ་ཚོང་ཁྲོམ་ར་དང་། ཚོང་འདུས་ཁྲོམ་ར། སྡེ་ཁུལ་གྱི་རྒྱུན་གོང་སྔོ་ཚོད་ཚོང་ཁང་སོགས་ལ་རོགས་སྐྱོར་བྱེད་པའི་སྲིད་ཇུས་དོན་འཁྱོལ་ནན་ཏན་དང་། གྲོང་ཁྱེར་གྱི་རྒྱུད་འབྲེལ་སྒོ་རྩིས་ཚོང་ཁང་དང་། མཐོ་རིམ་སློབ་གྲྭ ཁེ་ལས་ཆེ་གྲས། སྡེ་ཁུལ་བཅས་ཞིང་ལས་ཐོན་རྫས་འཁོར་རྒྱུག་ཁེ་ལས་དང་། ཆེད་ལས་མཉམ་ལས་ཁང་། འདེབས་གསོ་དུད་ཆེན་དང་འབྲེལ་མཐུད་བྱེད་པར་བསྔགས་སྐུལ་བྱས་ནས་འཁོར་རྒྱུག་གི་ལྷུ་ཚིགས་ཉུང་དུ་གཏོང་བ། སིལ་འཚོང་བྱེད་ས་ཇེ་མང་དུ་གཏོང་བ་བཅས་བྱས་ཏེ་འཁོར་རྒྱུག་བྱེད་ལམ་གཙོ་བོའི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས། འཁོར་རྒྱུག་གི་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་བྱ་དགོས། དངོས་ཟོག་འགྲེམས་སྐྱེལ་ཁེ་ལས་ཀྱི་ལས་གཉེར་དཔྱ་ཁྲལ་ཆད་གྲངས་འཇལ་བའི་ཚོད་ལྟ་བྱེད་གནས་ཀྱི་ཁྱབ་ཁོངས་རྒྱ་བསྐྱེད་པ་དང་། ཚོང་རྫས་ཆེ་རིགས་གསོག་ཉར་གྱི་སྒྲིག་བཀོད་དུ་སྤྱོད་པའི་ས་ཆར་དཔྱ་ཁྲལ་འཇལ་བའི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་དགོས། ཞིང་ལས་ཐོན་རྫས་ཁག་ཅིག་སྡེབ་འཚོང་དང་སིལ་འཚོང་བྱེད་པའི་རིན་ཐང་འཕར་མའི་དཔྱ་ཁྲལ་གྱི་སྲིད་ཇུས་ལེགས་སྒྲིག་དང་འཐུས་ཚང་དུ་གཏོང་བ་དང་། འཁོར་རྒྱུག་ཚད་ལྡན་ཅན་དང་ཆ་འཕྲིན་ཅན་དུ་འགྱུར་བར་བྱ་དགོས། ཐབས་མང་མཉམ་སྤྱོད་ཐོག་ནས་འཁོར་རྒྱུག་ལས་ཆོད་ཇེ་ཆེར་འགྲོ་བ་དང་། བར་གྱི་མ་གནས་དངོས་སུ་ཆག་པར་བྱས་ཏེ་ཐོན་སྐྱེད་མཁན་དང་འཛད་སྤྱོད་པ་ཚང་མར་མ་ངོ་ཕན་ཁེ་འཐོབ་པར་བྱ་དགོས།

        ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། 〓སྒྲིག་ལམ་ཚད་ལྡན་བཟོ་དགོས། ཟས་རིགས་དང་སྨན་རྫས་ཀྱི་རིན་གོང་དང་། སྨན་བཅོས་དང་། འཕྲིན་གཏོང་། སློབ་གསོ་སོགས་ཀྱི་ཞབས་ཞུའི་རིན་དངུལ་ལེན་པར་གཙོ་གནད་དུ་ལྟ་སྐུལ་དོ་དམ་དང་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་འགྲིམ་འགྲུལ་སྐྱེལ་འདྲེན་ཁྱབ་ཁོངས་སུ་གླ་རིན་གང་བྱུང་ལེན་པ་དང་དངུལ་ཆད་གང་བྱུང་གཅོད་རིགས་བཅོས་སྐྱོང་མཐའ་གཅིག་ཏུ་བྱ་དགོས་པ་དང་། སིལ་འཚོང་ཚོང་ལས་ཁེ་ལས་ཆེ་གྲས་ཀྱིས་གཏན་འབེབས་ལས་འགལ་ཏེ་རིན་དངུལ་གང་བྱུང་བསྡུ་བའི་བྱ་སྤྱོད་ཡོ་བསྲང་བྱ་དགོས། ཆ་འཕྲིན་རྫུན་མ་གཏོང་སྤེལ་དང་། དཀོན་ཟོག་སྡེབ་གསོག རིན་གོང་གི་ཁ་ལོ་སྒྱུར་བ། ངན་སེམས་བཅངས་ནས་འུད་སྒྲོག་བཅས་བྱེད་པའི་ཁྲིམས་འགལ་བྱ་སྤྱོད་ཞིབ་བཤེར་ཐག་གཅོད་ནན་པོར་བྱ་དགོས། གླེང་ཕྱོགས་ཀྱི་ཁྲིད་སྟོན་ལ་ཁ་ལོ་ལེགས་པར་བསྒྱུར་ཏེ། སྤྱི་ཚོགས་ཀྱི་སྔོན་དཔག་ལ་ཁྲིད་སྟོན་ཡང་དག་བྱ་དགོས།

        (གསུམ ) ཞིང་ལས་བརྟན་པོའི་ངང་འཕེལ་བ་དང་ཞིང་པའི་ཡོང་འབབ་རྒྱུན་མཐུད་ངང་འཕར་སྣོན་ཡོང་བར་བྱ་དགོས།

        བཟོ་ལས་ཅན་དང་གྲོང་རྡལ་ཅན་དུ་འཕེལ་རྒྱས་གཏོང་རིམ་ཁྲོད། ཞིང་ལས་དེང་རབས་ཅན་ལ་སྔར་བས་མཐོང་ཆེན་བྱ་དགོས། “ཞིང་གསུམ་”གྱི་གནད་དོན་ཐག་གཅོད་ལེགས་པར་བྱ་རྒྱུ་དེ་ལས་དོན་ཡོངས་ཀྱི་གལ་ཆེའི་ནང་གི་དོན་ཆེན་དུ་བྱ་རྒྱུ་ངེས་པར་དུ་རྒྱུན་འཁྱོངས་བྱས་ཐོག ཞིང་རྒྱས་ཞིང་སྐྱོང་ཞིང་ཕྱུག་གསུམ་གྱི་སྲིད་ཇུས་ལག་བསྟར་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་། ཞིང་ལས་དང་གྲོང་གསེབ་ཀྱི་གནས་བབ་བཟང་པོ་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས།

        ཞིང་ལས་ཐོན་སྐྱེད་བརྟན་པོའི་ངང་གོང་དུ་སྤེལ་བ་དང་། ཐབས་ལམ་མང་པོའི་ཐོག་ནས་ཞིང་པའི་ཡོང་འབབ་འཕར་སྣོན་བྱ་དགོས། འབྲུ་རིགས་ཐོན་འབབ་མུ་མཐུད་བརྟན་པོའི་ངང་འཕར་བར་བྱ་རྒྱུ་དང་། འབྲུ་རིགས་འདེབས་ཁྱོན་བརྟན་པོ་ཡོང་བར་བྱས་ནས་མུའུ་རེའི་ཐོན་ཚད་ཕོན་ཆེན་ཡོང་གང་ཐུབ་བྱ་དགོས། ཞིང་པར་གྲུབ་ཚུལ་ལེགས་སྒྲིག་བྱེད་པའི་ཁྲིད་སྟོན་དང་། ཞིང་ལས་ཐོན་རྫས་དཀོན་རིགས་དང་སྤུས་ལེགས་ཐོན་སྐྱེད་བྱེད་རྒྱ་ཇེ་ཆེར་གཏོང་བ། སྔོ་ཚལ་དང་། ཤ་སྒོང་དཀར་ཟས་གསུམ། ཆུ་ཐོན་དངོས་རྫས་སོགས་ཐོན་སྐྱེད་བྱེད་པར་རྒྱབ་སྐྱོར་བྱ་དགོས། ཞིང་ལས་ཀྱི་གསབ་དངུལ་བསྡོམས་འབོར་མུ་མཐུད་ཇེ་མང་དུ་གཏོང་བ་དང་། ཚད་གཞི་ཇེ་མཐོར་གཏོང་བ། ཁྱབ་ཁོངས་རྒྱ་བསྐྱེད་པ། རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། གསབ་དངུལ་སྤྲོད་རིགས་གཙོ་བོ་འདེབས་གསོའི་དུད་ཆེན་དང་། ཞིང་པའི་ཆེད་ལས་མཉམ་ལས་ཁང་། ཐོན་སྐྱེད་ཞབས་ཞུའི་རྩ་འཛུགས་སྣ་ཚོགས་བཅས་ལ་འཕར་གཟིགས་བྱ་རྒྱུར་གཏོང་དགོས། འབྲུ་རིགས་བསྡུ་ཉོའི་རིན་གོང་དམའ་ཤོས་མུ་མཐུད་ཇེ་མཐོར་བཏང་སྟེ། ད་ལོའི་གྲོ་འབྲས་བསྡུ་ཉོའི་རིན་གོང་དམའ་ཤོས་སྤྱི་རྒྱ་50རེར་སོ་སོར་སྒོར་7.4དང་སྒོར་16རེ་ཇེ་མཐོར་གཏོང་རྒྱུ། གཙོ་ཐོན་ཁུལ་གྱི་ཁེ་ཕན་གསབ་པའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། འབྲུ་སྣུམ་དང་ཕག་པ་སོགས་ཞིང་ལས་ཐོན་རྫས་གཙོ་བོ་ཐོན་སྐྱེད་བྱེད་པའི་རྫོང་ཆེན་ལ་བྱ་དགའི་གསབ་རོགས་མ་དངུལ་འཕར་སྣོན་བྱ་དགོས། ལོ་གསར་པ་10ཡི་རིང་གྲོང་གསེབ་ཀྱི་དབུལ་སྐྱོར་གསར་སྤེལ་རྩ་གནད་ལག་བསྟར་བྱེད་པ་དང་། རྒྱལ་ཁབ་ཀྱི་དབུལ་སྐྱོར་ཚད་གཞི་གསར་པ་ལྟར་དབུལ་སྐྱོར་གསར་སྤེལ་ལས་དོན་ཁྱོན་ཡོངས་ནས་ལེགས་པར་བསྒྲུབ་དགོས་ལ། དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་དུ་གཅིག་བསྡུས་ཕྱོགས་སྦྲེལ་གྱིས་དབུལ་སྐྱོར་གསར་སྤེལ་བྱེད་ཤུགས་ཇེ་ཆེར་བཏང་སྟེ་དབུལ་སྐྱོར་བྱེད་ཡུལ་དུ་བསྒྱུར་བཅོས་དང་གོང་སྤེལ་གྱི་གྲུབ་འབྲས་སྔར་བས་མང་པོ་ལོངས་སྤྱོད་བྱེད་དུ་འཇུག་དགོས།

        ཞིང་ལས་ཚན་རྩལ་ཡར་ཐོན་མགྱོགས་སུ་གཏོང་དགོས། ཞིང་ལས་ཀྱི་རྩ་བའི་ཐར་ལམ་ནི་ཚན་རྩལ་ཡིན། ཞིང་ལས་ཚན་རྩལ་གསར་གཏོད་བྱེད་པར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། རྒྱུད་བཟང་གསོ་སྤེལ་དང་། ནད་ཡམས་སྔོན་འགོག་ཚོད་འཛིན། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་ཉེན་མེད་སོགས་འགག་རྩའི་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་བེད་སྤྱོད་བྱེད་པར་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་དགོས། གཞི་རིམ་གྱི་ཞིང་ལས་ལག་རྩལ་ཁྱབ་སྤེལ་ཞབས་ཞུའི་མ་ལག་བསྒྱུར་བཅོས་དང་ལེགས་སྐྱོང་བྱེད་ཚད་མགྱོགས་སུ་གཏོང་བ་དང་། གྲོང་རྡལ་ལམ་ཡང་ན་ས་ཁོངས་ཀྱི་ངེས་པ་ལྡན་པའི་ཞིང་ལས་ཀྱི་སྤྱི་པའི་ཞབས་ཞུའི་ལས་ཁུངས་འཐུས་ཚང་དུ་གཏོང་དགོས། ཞིང་ལས་ལག་རྩལ་ལ་གསབ་དངུལ་སྤྲོད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། ཞིང་ཁ་དང་དུད་ཁྱིམ་དུ་སྔོན་ཐོན་དང་སྤྱོད་གོ་ཆོད་པའི་ཞིང་ལས་ལག་རྩལ་སྤྱོད་པར་སྐུལ་འདེད་གཏོང་དགོས། དེང་རབས་ཀྱི་ཞིང་ལས་དཔེ་སྟོན་ཁུལ་ལེགས་པར་བཙུགས་ཏེ་ཐོན་འབབ་ཆེ་བ་གསར་འཛུགས་དང་ཚད་ལྡན་ཅན་གསར་འཛུགས་བྱེད་པར་སྐུལ་སྤེལ་གཏོང་དགོས་པ་དང་། ཞིང་ལས་འཕྲུལ་ཆས་ཅན་དུ་འགྱུར་བའི་གོམ་སྟབས་མགྱོགས་སུ་གཏོང་དགོས།

        ཞིང་ལས་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། ད་ལོ་ཀྲུང་དབྱང་ནོར་སྲིད་ཀྱིས་“ཞིང་གསུམ ”ཐད་ལ་གཏོང་བྱ་སྒོར་དུང་ཕྱུར་12287བཀོད་སྒྲིག་བྱེད་རྩིས་ཡོད་པས། ལོ་གོང་མ་ལས་སྒོར་དུང་ཕྱུར་1868འཕར་རྒྱུ་རེད། ཞིང་ཆུ་འདྲེན་ཁུལ་ཆ་འགྲིག་བསྒྱུར་བཀོད་དང་ས་ཞིང་ཆུ་བེད་ཆུང་གྲས་འཛུགས་སྐྲུན་ལེགས་པར་བྱེད་པ་དང་། ཆུ་གྲོན་ཆུང་བའི་ཞིང་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས། ས་ཞིང་གསར་སྤེལ་བཟང་བསྒྱུར་དང་ས་རྒོད་བསྐྱར་སྦོལ་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། ཐན་ཞོད་བྱུང་ཡང་ཐོན་འབབ་ཆེན་པོ་འགན་ལེན་ཐུབ་ཅིང་ཚད་གཞི་མཐོ་བའི་གཞི་རྩའི་ས་ཞིང་གཞི་ཁྱོན་ཆེན་པོ་འཛུགས་སྐྲུན་བྱ་དགོས། ཆུ་བོ་འབྲིང་ཆུང་གཙང་བཅོས་དང་། ཆུ་མཛོད་ཆུང་གྲས་ཉེན་སེལ་བརྟན་བཅོས། ཤྭ་འོད་དང་ས་གཤིས་ཀྱི་གནོད་འཚེ་ཕྱོགས་བསྡུས་ཀྱིས་འགོག་བཅོས་བཅས་བྱེད་ཚད་མགྱོགས་སུ་གཏོང་དགོས། གྲོང་གསེབ་ཀྱི་ཆུ་གློག་ལམ་རླངས་དང་དེ་བཞིན་རིག་གནས་ལུས་རྩལ་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྐྱོང་ལ་སྐུལ་འདེད། གྲོང་གསེབ་ཀྱི་ཁང་པ་ཉེན་ཅན་བསྒྱུར་བཀོད་ཇེ་མགྱོགས། གྲོང་གསེབ་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་མུ་མཐུད་ལེགས་བཅོས་བཅས་བྱ་དགོས།

        གྲོང་གསེབ་སྒྱུར་བཅོས་གཏིང་ཟབ་ཏུ་སྤེལ་དགོས། གྲོང་གསེབ་ཀྱི་གཞི་རྩའི་གཉེར་སྐྱོང་ལམ་ལུགས་མི་འགྱུར་བ་རྒྱུན་འཁྱོངས་བྱ་དགོས། ས་ཆའི་དབང་ཆ་ཐོ་འགོད་ཁ་གསལ་དང་དཔང་ཡིག་སྤྲོད་པའི་ལས་ཀ་ལེགས་པར་བསྒྲུབ་དགོས་ཤིང་། ས་ཞིང་འགན་གཙང་ལེན་པའི་གཉེར་སྐྱོང་བྱེད་དབང་དང་། ཁང་ས་བེད་སྤྱོད་བྱེད་དབང་། ཐུན་མོང་གི་ཁེ་བཟང་བགོ་སྤྲོད་བྱེད་དབང་བཅས་ནི་བཅའ་ཁྲིམས་ཀྱིས་ཞིང་པར་སྤྲད་པའི་རྒྱུ་ནོར་དབང་ཆ་ཡིན་པས། མི་སུ་ཞིག་གིས་ཀྱང་དེར་གནོད་འཚེ་བཏང་མི་ཆོག ས་ཞིང་འགན་གཙང་ལེན་པའི་གཉེར་སྐྱོང་བྱེད་དབང་སྤོ་རྒྱུར་ལ་དོ་དམ་དང་ཞབས་འདེགས་ཞུ་བར་ཤུགས་སྣོན་རྒྱག་པ་དང་། གཞི་ཁྱོན་འཚམ་པའི་གཉེར་སྐྱོང་འཕེལ་རྒྱས་གཏོང་དགོས། རྨོ་ཞིང་སྲུང་སྐྱོང་ནན་པོར་བྱ་དགོས། གྲོང་གསེབ་ཀྱི་ཐུན་མོང་ས་ཞིང་བསྡུ་ཉོར་གསབ་དངུལ་སྤྲོད་པའི་སྲོལ་ཡིག་གཏན་འབེབས་བྱས་ཏེ་དངོས་སུ་འདོན་དགོས། ཞིང་པའི་ཆེད་ལས་མཉམ་ལས་ཁང་དང་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་ལ་རོགས་སྐྱོར་དང་འཕེལ་རྒྱས་གཏོང་དགོས། ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་རྣམ་པ་མང་པོ་གཉེར་དགོས་པ་དང་། ཞིང་ལས་འགན་བཅོལ་འཕེལ་རྒྱས་དང་། ཞིང་ལས་ཐོན་ལས་ཅན་དང་རྩ་འཛུགས་ཅན་དུ་འགྱུར་ཚད་ཇེ་མཐོར་གཏོང་དགོས། གྲོང་གསེབ་ཕྱོགས་བསྡུས་ཀྱིས་སྒྱུར་བཅོས་གཏིང་ཟབ་ཏུ་སྤེལ་དགོས་པ་དང་། རྒྱལ་ཁབ་ལ་དབང་བའི་ཞིང་ར་དང་ནགས་རའི་སྒྲིག་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་གཏོང་དགོས་པ་དང་མཉམ་སྡེབ་ཀྱི་ནགས་རའི་བདག་དབང་ལམ་ལུགས་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་གཏོང་དགོས།

        (བཞི ) དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་བསྒྱུར་ཚུལ་མགྱོགས་སུ་གཏོང་དགོས།

        གཏོང་ཡོང་དོ་མི་མཉམ་པ་དང་། མཐུན་སྦྱོར་མེད་པ། རྒྱུན་མཐུད་མི་ཐུབ་པ་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་འགག་རྩ་ནི་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་མགྱོགས་པོར་བསྒྱུར་བ་དང་། དཔལ་འབྱོར་གྲུབ་ཚུལ་འཐབ་ཇུས་དང་ལྡན་པར་ལེགས་སྒྲིག་བྱ་རྒྱུར་ཐུག་ཡོད་པ་དེ་ནི་དུས་རིམ་རིང་པོ་ཞིག་ཡིན་ལ་དེང་དུས་མཁོ་གལ་ཆེ་ཤོས་ཀྱི་ལས་འགན་ཞིག་ཀྱང་རེད།

        ཐོན་ལས་གྲུབ་ཚུལ་བཟང་འགྱུར་རིམ་འཕར་ཡོང་བར་བྱ་དགོས། འཐབ་ཇུས་དང་ལྡན་པའི་གསར་དར་ཐོན་ལས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་བྱ་དགོས། ནུས་ཁུངས་གསར་པ་བེད་སྤྱོད་པར་སྐུལ་འདེད་གཏོང་བའི་རྐྱེན་སྲོལ་འཛུགས་པ་དང་། གཅིག་གྱུར་འཆར་འགོད་དང་། རྣམ་གྲངས་ཆ་འགྲིག སྲིད་ཇུས་ཀྱི་ཁྲིད་སྟོན་བཅས་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། རྒྱལ་ནང་གི་དགོས་མཁོ་ཆེ་རུ་བཏང་ནས་ཉི་ནུས་དང་རླུང་གློག་སྒྲིག་ཆས་བཟོ་སྐྲུན་ནུས་པ་འོལ་ཚོད་རྒྱ་སྐྱེད་གཏོང་རིགས་བཀག་འགོག་བྱ་དགོས། ཆ་འཕྲིན་ལག་རྩལ་རབས་གསར་པ་འཕེལ་རྒྱས་གཏོང་བ་དང་། དྲ་བའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་དྲ་བའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ་དྲ་གསུམ་མཉམ་འདྲེས་ལ་འཕེལ་རྒྱས་ངོ་མ་ཡོང་བར་བྱ་དགོས། གོ་མཚོན་རྩེར་སོན་བཟོ་སྐྲུན་དང་། ནུས་སྲི་ཁོར་སྲུང་། སྐྱེ་དངོས་སྨན་དང་སྨན་བཅོས། ནུས་ཁུངས་གསར་པའི་རླངས་འཁོར། རྒྱུ་ཆས་གསར་པ་སོགས་ཀྱི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས། ལག་རྩལ་བསྒྱུར་བཀོད་ཆེད་དམིགས་མ་དངུལ་གཏོང་ཁྱོན་རྒྱ་ཆེ་རུ་བཏང་ནས་སྲོལ་རྒྱུན་གྱི་ཐོན་ལས་བསྒྱུར་བཀོད་རིམ་འཕར་ཡོང་བར་བྱ་དགོས། རླངས་འཁོར་དང་། ངར་ལྕགས། གྲུ་གཟིངས་བཟོ་བ། ཨར་འདམ་སོགས་པའི་ལས་རིགས་གཙོ་གནད་དུ་བཟུང་སྟེ་འཕར་གྲངས་ཚོད་འཛིན་དང་། གསོག་གྲངས་ལེགས་འགྱུར། ཁེ་ལས་ཟླ་སྒྲིལ་བསྐྱར་སྒྲིག་ལ་སྐུལ་འདེད་བཏང་སྟེ་ཁེ་ལས་འདུས་ཚད་དང་གཞི་ཁྱོན་གྱི་ཕན་ནུས་ཆེ་རུ་གཏོང་དགོས། ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་འཕེལ་རྒྱས་ཡོང་བར་བྱེད་པའི་སྲིད་ཇུས་དོན་འཁྱོལ་ནན་ཏན་དང་འཐུས་སྒོ་ཚང་དུའང་གཏོང་བ་དང་། ཁེ་ལས་ཀྱི་ཁུར་པོ་སྔར་ལས་ཡང་དུ་གཏོང་བ། ཚན་རྩལ་ལྡན་པའི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་འཕེལ་རྒྱས་ཡོང་བར་བྱ་དགོས། ཞབས་ཞུའི་ལས་རིགས་འཕེལ་རྒྱས་གཏོང་བར་ཕན་པའི་ནོར་ཁྲལ་དང་། དངུལ་རྩའི་སྲིད་ཇུས་ལག་བསྟར་བྱས་ཏེ་སྤྱི་ཚོགས་ཀྱི་མ་རྩ་ཞབས་ཞུའི་ལས་རིགས་སུ་འཇོག་པར་རོགས་སྐྱོར་བྱས་ནས་ཞབས་ཞུའི་ལས་རིགས་གོང་འཕེལ་གཏོང་ཚད་མགྱོགས་སུ་བཏང་ནས་བསྡུར་ཚད་མཐོ་རུ་གཏོང་བ་དང་། ཆུ་ཚད་མཐོ་རུ་འགྲོ་བར་བྱ་དགོས།

        ནུས་བསྲི་སྙིགས་འཕྲི་དང་སྐྱེ་ཁམས་སྲུང་སྐྱོང་བྱེད་པར་སྐུལ་འདེད་གཏོང་དགོས། ནུས་སྲི་སྙིགས་འཕྲིའི་འགག་རྩ་ནི་ནུས་ཁུངས་གྲོན་ཆུང་དང་། ནུས་ཕྱོད་ཆེར་གཏོང་། སྦགས་བཙོག་ཉུང་འཕྲི་བཅས་བྱ་རྒྱུ་རེད། ནུས་ཁུངས་འཛད་སྤྱོད་བསྡོམས་འབོར་ཚོད་འཛིན་ལུགས་མཐུན་བྱེད་པའི་ལས་ཀའི་འཆར་གཞི་བཟོ་འགོད་དམ་འཛིན་བྱས་ཏེ་དངོས་སུ་འདོན་རྒྱུ་དང་། ནུས་ཁུངས་ཀྱི་རིན་གོང་མ་ལག་མགྱོགས་མྱུར་མཐུན་སྒྲིག་ཡོང་བར་བྱ་དགོས། དཔལ་འབྱོར་དང་། བཅའ་ཁྲིམས། སྲིད་འཛིན་གྱི་བྱ་ཐབས་དགོས་ངེས་ཕྱོགས་བསྡུས་ཀྱིས་སྤྱད་དེ་བཟོ་ལས་དང་། འགྲིམ་འགྲུལ། ཨར་ལས། སྤྱི་པའི་སྒྲིག་གཞི། གྲོང་མིའི་འཚོ་བ་སོགས་གཙོ་གནད་ཁྱབ་ཁོངས་དང་ནུས་ཁུངས་ཟད་གྲོན་ཆེ་བའི་ཁེ་ལས་གཙོ་གནད་མང་པོར་ནུས་ཁུངས་གྲོན་ཆུང་དང་ནུས་སྲི་སྙིགས་འཕྲི་མངོན་གསལ་དམ་འཛིན་ལེགས་པར་བྱས་ནས་ཐོན་ནུས་རྗེས་ལུས་ཐེབས་རིགས་སྔར་ལས་ལྷག་པར་དོར་དགོས། ནུས་ཁུངས་སྤྱོད་པར་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རིག་ལྡན་གློག་དྲ་དང་ཁྱབ་ཚུལ་ནུས་ཁུངས་འཕེལ་རྒྱས་གཏོང་བ། ནུས་གྲོན་གློག་འདོན་བཀོད་གཏོང་དང་། གན་འཇོག་ནུས་ཁུངས་དོ་དམ། སྲིད་གཞུང་གིས་ནུས་གྲོན་ཉོ་སྒྲུབ་སོགས་སྤྱོད་གོ་ཆོད་པའི་དོ་དམ་བྱེད་སྟངས་ལག་བསྟར་བྱ་དགོས། ནུས་ཁུངས་གྲུབ་ཚུལ་ལེགས་སུ་བསྒྱུར་ནས་རྒྱུན་སྲོལ་གྱི་ནུས་ཁུངས་གཙང་མ་ཕན་འབྲས་ཐོན་པར་སྤྱོད་པའི་སྐུལ་འདེད་དང་། ཉེན་མེད་ནུས་ཆེའི་ཉིང་རྡུལ་གློག་འཕེལ་རྒྱས། ཆུ་གློག་འཕེལ་རྒྱས་ཧུར་ཐག རྡོ་གཡམ་རླངས་རྩད་ཞིབ་གསར་སྤེལ་གྱི་འགག་གནད་མྱུར་སྒྲོལ་བྱས་ཐོག་ནུས་ཁུངས་གསར་པ་དང་བསྐྱར་སྐྱེད་ནུས་ཁུངས་ཀྱི་བསྡུར་ཚད་མཐོ་རུ་གཏོང་དགོས། ནུས་ཁུངས་དབོར་ལམ་སྐྲུན་ཤུགས་ཆེ་རུ་གཏོང་དགོས་པ་དང་། ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་གི་གཞི་རྩའི་རྒྱལ་ཇུས་ལག་བསྟར་གཏིང་ཟབ་བྱ་དགོས། ནུས་སྲིའི་དཔང་བདེན་ར་སྤྲོད་དང་ནུས་ཕྱོད་མཚོན་རྟགས་ལ་ལྟ་སྐུལ་ཞིབ་བཤེར་བྱས་ནས་ནུས་ཁུངས་དང་། ཆུ། ས་ཆ་བཅས་གྲོན་ཆུང་། རྒྱུ་ཆ་སྤྱོད་མཁས་པ་དང་ཐོན་ཁུངས་ཕྱོགས་བསྡུས་ཀྱིས་བེད་སྤྱོད་བཅས་བྱས་ཏེ་འཁོར་སྐྱོད་དཔལ་འབྱོར་གོང་འཕེལ་ཤུགས་ཆེན་གཏོང་དགོས། ཁོར་ཡུག་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་ལྕགས་རིགས་ལྗིད་གྲས་དང་། འཐུང་ཆུའི་ཆུ་འགོ རླུང་ཁམས་ཆེན་པོ། ས་རྒྱུ། རྒྱ་མཚོའི་སྦགས་བཙོག་སོགས་དམངས་འཚོར་ཐུག་པའི་ཁོར་ཡུག་གི་གནད་དོན་དམིགས་བསལ་ཅན་ཐག་གཅོད་གང་ཐུབ་བྱས་ནས་ཞིང་ལས་ཀྱི་མཆེད་བཙོག་ཇེ་ཉུང་དུ་གཏོང་གང་ཐུབ་དང་། རྫས་འགྱུར་དངོས་རྫས་ཉེན་ཅན་ལ་ལྟ་སྐུལ་དོ་དམ་ནན་པོར་བྱ་དགོས། ད་ལོ་པེ་ཅིན་ཅིན་ཧོ་པེ་གསུམ་དང་། འབྲི་ཆུའི་འགག་གསུམ། ཀྲུའུ་ཅང་གཙང་པོའི་འགག་གསུམ་སོགས་པའི་གཙོ་གནད་ས་ཁོངས་དང་དེ་བཞིན་ཐད་སྐྱོང་གྲོང་ཁྱེར་དང་། ཞིང་ཆེན་ལྟེ་གནས་གྲོང་ཁྱེར་དུ་ཕྲ་ཕུང་རིལ་བུ་(PM2.5)སོགས་པའི་རྣམ་གྲངས་ལྟ་ཞིབ་ཚད་ལེན་བྱ་རྒྱུ་དང་། 2015ལོར་ས་ཁུལ་རིམ་པ་ཡན་གྱི་གྲོང་ཁྱེར་ཚང་མར་ཁེབས་པར་བྱ་དགོས། སྐྱེ་ཁམས་ལེགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོ་ཐུབ་པར་བྱེད་པ་དང་། རང་བྱུང་ནགས་ཚལ་དང་། ཞིང་དོར་ནགས་གསོ་རྩྭ་འདེབས། ཕྱུགས་དོར་རྩྭ་འདེབས་བཅས་ཀྱི་གྲུབ་འབྲས་སྲ་བརྟན་གཏོང་བ། རྩྭ་ཐང་གི་སྐྱེ་ཁམས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཤིང་འཛུགས་ནགས་གསོ་ཤུགས་ཆེན་བྱེད་པ། མྱ་ངམ་ཐང་དང་། བྱེ་རྡོ་ཅན། རི་ཞིང་བཅས་བཅོས་སྐྱོང་། གཙང་པོ་དང་ཆུ་བོའི་ཆུ་འགོ་དང་། འདམ་ར། མཚེའུ་སོགས་སྐྱེ་ཁམས་ནུས་ལྡན་ཁུལ་གལ་ཆེན་སྲུང་སྐྱོང་ནན་པོར་བྱེད་པ་བཅས་བྱ་དགོས། གནམ་གཤིས་ཀྱི་འགྱུར་བར་འཕྲོད་པ་དང་ལྷག་པར་དུ་གནམ་གཤིས་ཤིན་ཏུ་ངན་པའི་དོན་རྐྱེན་ལ་ཁ་གཏད་འཇལ་ནུས་ཆེ་རུ་བཏང་ནས་གནོད་འགོག་བགེགས་སེལ་གྱི་ནུས་པ་ཆེ་རུ་གཏོང་དགོས། ཐུན་མོང་དུ་འགན་འཁྲི་ཡོད་ཀྱང་དྲང་གཞག་དང་ཁྱད་པར་ཡོད་པའི་འགན་འཁྲིའི་རྩ་དོན་མཐའ་འཁྱོངས་བྱས་ནས་གནམ་གཤིས་ཀྱི་འགྱུར་བར་ཁ་གཏད་དགེ་མཚན་ལྡན་པར་འཇལ་བའི་རྒྱལ་སྤྱིའི་གྲོས་མོལ་བྱེད་རིམ་ལ་སྐུལ་སྤེལ་གཏོང་དགོས། ཀྲུང་གོས་སྐྱེ་ཁམས་ཁོར་ཡུག་དང་མི་དམངས་ཀྱི་ལུས་ཁམས་བདེ་ཐང་བློས་གཏོང་བར་བརྟེན་ནས་དཔལ་འབྱོར་འཕེལ་བར་བྱ་རྒྱུ་གཏན་ནས་མ་ཡིན་པར་ང་ཚོས་ཐོན་སྐྱེད་གོང་སྤེལ་དང་། འཚོ་བ་ཕྱུག་པོ། སྐྱེ་ཁམས་བཟང་བ་བཅས་ཀྱི་དཔལ་ཡོན་རྒྱས་པའི་བགྲོད་ལམ་དུ་བསྐྱོད་ཐུབ་ངེས་ཡིན་པ་ང་ཚོས་བྱ་སྤྱོད་དངོས་ཀྱི་ཐོག་ནས་འཛམ་གླིང་ཡོངས་ལ་ཤེས་སུ་འཇུག་དགོས།

        ས་ཁོངས་དཔལ་འབྱོར་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་བྱ་དགོས། ས་ཁོངས་འཕེལ་རྒྱས་གཏོང་བའི་སྤྱིའི་འཐབ་ཇུས་དང་གཙོ་ནུས་ཐོན་ཁུལ་གྱི་འཆར་འགོད་དོན་འཁྱོལ་དང་། ས་གནས་ཁག་གི་ཁྱད་ཆོས་དང་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ནས་ས་ཁོངས་འཕེལ་རྒྱས་གཏོང་བའི་མཐུན་སྦྱོར་རང་བཞིན་དང་གཞི་རྩའི་སྤྱི་པའི་ཞབས་ཞུ་ཆ་སྙོམས་པའི་ཆུ་ཚད་ཇེ་མཐོར་གཏོང་དགོས། ནུབ་རྒྱུད་གསར་སྤེལ་ཆེན་པོ་བྱ་རྒྱུའི་ལོ་གསར་པ་10རིང་གི་སྲིད་ཇུས་དང་བྱ་ཐབས་དོན་འཁྱོལ་ནན་ཏན་དང་། དབུས་རྒྱུད་དར་རྒྱས་ཡོང་བར་བྱེད་པའི་འཐབ་ཇུས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བྱང་ཤར་ས་ཁུལ་སོགས་བཟོ་ལས་ཀྱི་རྟེན་གཞི་ཪྙིང་པ་དར་རྒྱས་ཡོང་བར་སྐུལ་འདེད་མགྱོགས་སུ་གཏོང་བ། ཤར་རྒྱུད་ས་ཁུལ་རིགས་སྒྱུར་གོང་འཕེལ་ཡོང་བར་རོགས་སྐྱོར་ཧུར་ཐག་བཅས་བྱས་ཏེ་རིམ་པ་སྔར་ལས་མཐོ་བའི་རྒྱལ་སྤྱིའི་འགྲན་རྩོད་དང་མཉམ་ལས་ལ་ཞུགས་དགོས། གསར་བརྗེའི་གནས་གཞིའི་ས་ཁུལ་ཪྙིང་པ་དང་། མི་རིགས་ས་ཁུལ། མཐའ་མཚམས་ས་ཁུལ། དབུལ་ཕོངས་ས་ཁུལ་བཅས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། སྒྱུར་བཅོས་སྒོ་འབྱེད་བྱེད་པའི་ཁྲོད་དཔལ་འབྱོར་དམིགས་བསལ་ཁུལ་དང་། ཧྲང་ཧའེ་ཕུའུ་ཏུང་གསར་སྤེལ་ཁུལ། ཐེན་ཅིན་མཚོ་འགྲམ་གསར་སྤེལ་ཁུལ་བཅས་ཀྱིས་སྔོན་ལ་སྒྲུབ་པ་དང་སྔོན་དུ་ཚོད་ལྟ་བྱེད་པའི་ནུས་པ་གལ་ཆེན་འདོན་སྤེལ་སྔར་ལས་ལྷག་པར་བྱ་དགོས། རྒྱ་མཚོ་འཕེལ་རྒྱས་ཀྱི་འཐབ་ཇུས་འགོད་པ་དང་ལག་བསྟར་བྱས་ནས་རྒྱ་མཚོའི་དཔལ་འབྱོར་འཕེལ་རྒྱས་ཡོང་བར་བྱ་དགོས། ས་ཁོངས་ལས་བརྒལ་བའི་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་རྐྱེན་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་ཚོང་རའི་བཙན་རྫོང་སེལ་བ་དང་། གནད་ཆེའི་རྒྱུ་རྐྱེན་སྐོར་སྐྱོད་ཡོང་བ། ཐོན་ལས་གོ་རིམ་ལྡན་པར་སྤོ་སྒྱུར་ཡོང་བའི་ཁྲིད་སྟོན། ས་ཁོངས་དཔལ་འབྱོར་མཉམ་འགུལ་བཟང་པོ་དང་མཐུན་འགྲིག་ངང་འཕེལ་རྒྱས་ཡོང་བར་བྱ་དགོས།

        གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་བར་ཧུར་བརྩོན་དང་བརྟན་བརླིང་ངང་སྐུལ་འདེད་གཏོང་དགོས། གྲོང་ཁྱེར་འཕེལ་རྒྱས་གཏོང་བའི་ཆོས་ཉིད་ལྟར་ས་གནས་ཁག་གི་དོན་དངོས་ལ་གཞིགས་ཏེ་གྲོང་ཁྱེར་ཆེ་འབྲིང་ཆུང་གསུམ་དང་གྲོང་རྡལ་ཆུང་རིགས་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་བྱ་དགོས། ཐོན་ཁུངས་ཁོར་ཡུག་དང་མི་འབོར་ཐེག་ནུས་ལ་གཞིགས་ནས་རྒྱལ་ཡོངས་ཀྱི་ཐོན་སྐྱེད་ནུས་ཤུགས་བཀོད་པ་བཟང་འགྱུར་བྱས་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་མ་ལག་དེ་རྒྱལ་ཁབ་ཀྱི་མངའ་ཁོངས་གཞི་ཁྱོན་དང་། ཐོན་ཁོངས་ཁྱབ་ཚུལ། འཕེལ་རྒྱས་གྱི་གཏིང་ཤུགས་བཅས་དང་འཚམ་པའི་མི་འབོར་གྱི་བཀོད་པ་ཚུལ་མཐུན་ཆགས་པར་བྱ་དགོས། གྲོང་ཁྱེར་ཁག་ཚང་མས་དཔལ་འབྱོར་གྱི་རྨང་གཞི་བརྟན་དུ་བཏང་སྟེ་ལས་ཞུགས་ཀྱི་གོ་སྐབས་གསར་སྐྲུན་དང་། རྨང་གཞིའི་སྒྲིག་བཀོད་འཐུས་ཚང་། མིའི་འཚོ་གནས་ཁོར་ཡུག་ལེགས་བཅོས། དོ་དམ་ཞབས་ཞུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཐོག་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་བའི་སྤུས་ཚད་དང་ཆུ་ཚད་ཇེ་མཐོར་གཏོང་དགོས། གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་བརྟན་པོར་འཚོ་གནས་བཞིན་པའི་ཞིང་པ་ལས་མི་གོ་རིམ་ལྡན་པའི་ངང་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིར་བསྒྱུར་བར་ཡིད་གཟབ་སྔར་ལྷག་བྱ་དགོས། གྲོང་ཁྱེར་ཆུང་འབྲིང་དུ་ཁྱིམ་གཞིས་ཆགས་པའི་ཆ་རྐྱེན་ལྷུག་ཏུ་གཏོང་བ་དང་། ཕྱོགས་འགྲུལ་གང་སྐྱོད་ལ་ཁྲིད་སྟོན་ལུགས་མཐུན་བྱས་ནས་གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་ལྷག་མ་སྔར་ལས་མང་བ་ཉེ་སར་གནས་སྤོ་ལས་ཞུགས་བྱེད་དུ་འཇུག་དགོས། ཞིང་པ་ལས་མིར་མི་ཆོས་ལྡན་པའི་སེམས་ཁུར་དང་ཞབས་འདེགས་ཞུ་ཤུགས་ཆེ་རུ་བཏང་སྟེ། ཞིང་པ་ལས་མིར་ལས་ཞུགས་ཞབས་ཞུ་དང་། སྤྱི་ཚོགས་འགན་བཅོལ། བུ་བཅོལ་སློབ་ཞུགས། ཁང་གླར་ལེན་པ་དང་ཁང་པ་ཉོ་བ་སོགས་པའི་དཀའ་ངལ་དངོས་སེལ་གང་ཐུབ་བྱས་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་མ་མཐའི་སྤྱི་པའི་ཞབས་ཞུ་རིམ་བཞིན་ཞིང་པ་ལས་མིར་ཁྱབ་པར་བྱ་དགོས། ཁྱིམ་སྡོད་བྱིས་པ་དང་། ཁྱིམ་སྲུང་བུད་མེད། ཁྱིམ་སྲུང་རྒན་རྒོན་བཅས་ལ་སེམས་ཁུར་བྱས་ཏེ་ཞིང་པ་རྣམས་གྲོང་ཁྱེར་དུ་བསྐྱོད་པའམ་ཡང་ན་གྲོང་གསེབ་ཏུ་བསྡད་མིན་ལ་མ་བལྟོས་པར་ཚང་མ་བདེ་སྡོད་ལས་བརྩོན་དང་བདེ་སྐྱིད་ངང་འཚོ་བ་སྐྱེལ་དུ་འཇུག་དགོས།

        (ལྔ ) ཚན་སློབ་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་དང་ཤེས་ལྡན་རྒྱལ་དྲག་ཡོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱ་དགོས།

        ཚན་རྩལ་དང་སློབ་གསོའི་བྱ་གཞག་གོང་འཕེལ་ཤུགས་ཆེན་བཏང་སྟེ་བྱང་ཚད་མཐོ་བའི་ཤེས་ལྡན་མི་སྣའི་དཔུང་ཁག་གསོ་སྐྱོང་བྱ་རྒྱུ་ནི་རྒྱལ་ཁབ་དར་རྒྱས་དང་མི་རིགས་བསྐྱར་དར་ཡོང་བར་བྱེད་ལམ་ལྡོག་མེད་ཡིན།

        སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་བ་མཐའ་འཁྱོངས་བྱ་དགོས། ཀྲུང་དབྱང་ནོར་སྲིད་ཀྱིས་རྒྱལ་ཡོངས་ཀྱི་ནོར་སྲིད་རང་བཞིན་ལྡན་པའི་སློབ་གསོའི་འགྲོ་གྲོན་གྱིས་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་བརྒྱ་ཆ་4ཟིན་པ་ལྟར་སྔོན་རྩིས་བཟོ་འགོད་བྱས་པས། ས་གནས་ནོར་སྲིད་ཀྱིས་ཀྱང་དེ་མཚུངས་སུ་བཀོད་སྒྲིག་བྱས་ནས་དམིགས་ཡུལ་དེ་མངོན་འགྱུར་ཡོང་བའི་འགན་ལེན་ཏན་ཏིག་བྱ་དགོས། སློབ་གསོའི་གྲོན་དངུལ་གྱིས་གཙོ་གནད་འགན་སྲུང་མངོན་གསལ་དང་། ལྷུ་ཚིགས་ཞན་སར་ཤུགས་སྣོན། བཀོལ་སྤྱོད་གྱི་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱ་དགོས། སློབ་གསོའི་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་དང་། བྱང་ཚད་སློབ་གསོ་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ་རྒྱུགས་ལེན་ཐོག་ནས་སློབ་མ་བསྡུ་བ་དང་། སློབ་གསོ་དང་སློབ་ཁྲིད་བྱེད་པ་སོགས་ཀྱི་གནད་དོན་མངོན་གསལ་ཆེ་རིགས་རིམ་བཞིན་ཐག་གཅོད་བྱ་དགོས། སློབ་གྲྭ་དམངས་གཙོར་བརྟེན་ནས་དོ་དམ་བྱས་ཏེ་རིམ་བཞིན་ལམ་ལུགས་སུ་འགྱུར་བར་བྱ་དགོས། འོས་འགན་སློབ་གསོ་དོ་མཉམ་ངང་འཕེལ་རྒྱས་ཡོང་བར་བྱས་ཏེ། ཐོན་ཁུངས་ཀྱི་བཀོད་པ་དབུས་ནུབ་རྒྱུད་དང་། གྲོང་གསེབ། མཐའ་མཚམས། མི་རིགས་ས་ཁུལ། གྲོང་ཁྱེར་གྱི་སློབ་གྲྭ་ཞན་པར་ཕྱོགས་ཆ་ལྡན་པར་བྱ་དགོས། སློབ་གྲྭ་གདམ་ག་རྒྱག་པ་དང་བུ་བཅོལ་སོགས་མི་དམངས་མང་ཚོགས་ཀྱིས་སེམས་ཁུར་གྱིས་རྟག་ཏུ་གླེང་བ་དང་དཀའ་གནད་ཆེ་བའི་གནད་དོན་ལ་མུ་མཐུད་སྟོབས་ཤུགས་ཡོད་རྒུ་བཏོན་ནས་ཐག་གཅོད་ཡོང་བར་བྱ་དགོས། གྲོང་གསེབ་ཀྱི་སློབ་གྲྭ་ཆུང་འབྲིང་གི་བཀོད་པ་ཡུལ་བབ་དང་བསྟུན་པ་དང་། སློབ་གསོའི་སྤུས་ཚད་མཐོ་རུ་གཏོང་བ་དང་ཕྲུ་གུ་ཚོ་ཉེ་སར་སློབ་གྲྭར་ཞུགས་བདེ་བའི་བར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱ་དགོས། གྲོང་གསེབ་ཀྱི་རྒྱུན་སྡོད་སློབ་གྲྭ་གཉེར་སྐྱོང་ལེགས་པོ་དང་། གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་སློབ་མའི་འཚོ་བཅུད་ལེགས་སུ་གཏོང་བའི་འཆར་གཞི་ལག་བསྟར་ཡག་པོ་བྱ་དགོས། སློབ་གྲྭའི་རླངས་འཁོར་དང་སློབ་གྲྭའི་ཉེན་མེད་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་ཕྲུ་གུ་ཚོའི་ལུས་ཁམས་བདེ་འཇགས་འགན་སྲུང་ཏན་ཏིག་བྱ་དགོས། སློབ་ན་མ་སོན་གོང་གི་སློབ་གསོ་དང་། རྒྱུན་མཐུད་སློབ་གསོ། སློབ་གསོ་དམིགས་བསལ་ཅན་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་དེང་རབས་ལས་རིགས་ཀྱི་སློབ་གསོའི་མ་ལག་འཛུགས་སྐྱོང་བྱ་དགོས་པ་དང་། མི་རིགས་སློབ་གསོ་ལེགས་པར་གཉེར་དགོས། མཐོ་རིམ་སློབ་གསོས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོ་དག་དང་ཟུང་འབྲེལ་དམ་པོར་བྱས་ནས་སློབ་གསོའི་སྤུས་ཚད་དང་གསར་གཏོད་བྱེད་ནུས་ཆེ་རུ་གཏོང་དགོས། རྒྱལ་ཁབ་ཀྱི་སློབ་སྐྱོར་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་སྟེ་འབྲིང་རིམ་ལས་རིགས་སློབ་གསོར་སློབ་ཡོན་མི་དགོས་པའི་སྲིད་ཇུས་དེ་རིམ་བཞིན་གྲོང་གསེབ་ཀྱི་སློབ་མ་ཚང་མར་ཁྱབ་པར་བྱ་རྒྱུ་དང་། མཐོ་རིམ་སློབ་འབྲིང་དཀྱུས་མའི་ཁྱིམ་ཚང་གི་དཔལ་འབྱོར་དཀའ་ངལ་ཡོད་པའི་སློབ་མར་རོགས་དངུལ་སྤྲོད་རྒྱ་ཆེ་རུ་གཏོང་དགོས། དམངས་གཉེར་སློབ་གསོ་གོང་འཕེལ་ཤུགས་ཆེན་གཏོང་བ་དང་། སྤྱི་ཚོགས་ཀྱི་མ་རྩ་རིམ་ཁག་སློབ་གསོའི་ཁྱབ་ཁོངས་སྣ་ཚོགས་སུ་འཇོག་པར་བསྔགས་སྐུལ་དང་སྣེ་ཁྲིད་བྱ་དགོས། སློབ་གསོ་ནི་མི་དམངས་ཀྱི་རེ་བ་བཅོལ་ཡུལ་ཡིན་པ་དང་། རྒྱལ་ཁབ་ཀྱི་འབྱུང་འགྱུར་ལ་ཐུག་པས། ང་ཚོས་ངེས་པར་དུ་བྱ་གཞག་འདི་སྔར་ལས་ལེགས་པར་གཉེར་སྐྱོང་བྱ་དགོས།

        ཚན་རྩལ་གསར་གཏོད་ལ་སྐུལ་སྤེལ་ཤུགས་ཆེན་གཏོང་དགོས། རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཚན་རྩལ་སྒྲིག་སྲོལ་སྒྱུར་བཅོས་ཟབ་སྤེལ་དང་། ཁེ་ལས་ལག་རྩལ་གསར་དུ་གཏོད་པའི་གཙོ་ཤུགས་སུ་འགྱུར་བར་བྱས་ཏེ་ཚན་རྩལ་དང་དཔལ་འབྱོར་ཟུང་འབྲེལ་དམ་ཚགས་ཡོང་བ་བྱ་དགོས། ཁེ་ལས་ལ་ཞིབ་འཇུག་གསར་སྤེལ་ལྟེ་གནས་འཛུགས་སྐྱོང་བྱེད་རོགས་བྱས་ཏེ་རྒྱལ་ཁབ་དང་ས་ཁུལ་ལ་ཚན་རྩལ་གྱི་རྣམ་གྲངས་གལ་ཆེན་སྒྲུབ་འགན་འཁུར་རོགས་བྱ་དགོས། ཚན་རྩལ་སྒྲིག་གཞི་དང་། མཐོ་རིམ་སློབ་གྲྭ་ཆེ་རིགས་ཀྱི་ཚན་ཞིབ་སྟོབས་ཤུགས་ཀྱིས་ཁེ་ལས་ཀྱི་ཞིབ་འཇུག་གསར་སྤེལ་ལྟེ་གནས་ལ་ཞབས་འདེགས་ཞུ་བའི་ཁྲིད་སྟོན་བྱས་ནས་ཐོན་སློབ་ཞིབ་གསུམ་བྲལ་མེད་དུ་ཟུང་འབྲེལ་སྔར་ལྷག་བྱས་ནས་ཚན་རྩལ་གྱི་གྲུབ་འབྲས་དངོས་བསྒྱུར་དང་ཐོན་ལས་ཅན་དུ་འགྱུར་ཚད་མཐོ་རུ་གཏོང་དགོས། རྨང་གཞིའི་ཞིབ་འཇུག་དང་མདུན་གྲལ་ལག་རྩལ་ཞིབ་འཇུག་བྱེད་པར་སྐུལ་འདེད་བཏང་ནས་ཐོག་མའི་གསར་གཏོད་བྱེད་ནུས་ཆེ་རུ་གཏོང་དགོས་པ་དང་། ཚན་རྩལ་ལ་གདེང་འཇོག་དང་བྱ་དགའ་སྤྲོད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས། རིག་གཞུང་གཡོ་ལྷད་མེད་པར་དར་སྤེལ་དང་། རང་ཚུགས་ཐུབ་པའི་བསམ་གཞིག་ལ་བསྔགས་སྐུལ། རིག་གཞུང་རང་མོས་འགན་སྲུང་། ཚན་རིག་གི་སྙིང་སྟོབས་དར་སྤེལ་བཅས་བྱས་ཏེ་རྒྱལ་ཁབ་ཀྱི་ཤེས་བྱའི་ཐོན་དངོས་བདག་དབང་གི་འཐབ་ཇུས་བློ་བརྟན་འགྱུར་མེད་ཀྱིས་ལག་བསྟར་བྱ་དགོས།

        ཤེས་ལྡན་པའི་ལས་ཀ་བྱེད་ཤུགས་ཁྱོན་ཡོངས་ནས་ཆེ་རུ་གཏོང་དགོས། ཤེས་ལྡན་པའི་སྒྲིག་སྲོལ་སྒྱུར་བཅོས་ཟབ་སྤེལ་བྱས་ཏེ་ཆུ་ཚད་མཐོ་ཞིང་གསར་གཏོད་དང་གསར་སྐྲུན་གྱི་ཤེས་ལྡན་པ་དང་། ན་གཞོན་ཤེས་ལྡན་པ། མྱུར་མཁོའི་ཤེས་ལྡན་པ་དཀོན་གྲས་བཅས་གསོ་སྐྱོང་ཤུགས་ཆེན་བྱ་དགོས་པ་དང་། རིམ་གྲས་མཐོ་བའི་ཤེས་ལྡན་པ་ནང་འདྲེན་བྱ་དགོས། ཤེས་ལྡན་པ་གསོ་སྐྱོང་དང་། བཀོལ་སྤྱོད། གདེང་འཇོག སྐུལ་སློང་བཅས་བྱེད་པའི་རྐྱེན་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཤེས་ལྡན་པ་གྲངས་མེད་ཐོན་པ་དང་། མི་ནུས་གང་ཡོད་འདོན་པ། ནུས་ཤུགས་གང་ཡོད་སྤྱོད་པ་བཅས་ཀྱི་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་གཏོད་གང་ཐུབ་བྱ་དགོས།

        (དྲུག )  དམངས་འཚོ་འགན་སྲུང་དང་ལེགས་བཅོས་ཏན་ཏིག་བྱ་དགོས།

        མི་དམངས་མང་ཤོས་ཀྱི་རྩ་བར་གྱུར་པའི་ཁེ་ཕན་མངོན་འགྱུར་ཡག་པོ་དང་། སྲུང་སྐྱོང་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་ཡོང་བར་བྱེད་པ་ནི་མི་རྩ་བར་འཛིན་པའི་མཚོན་ཚུལ་དངོས་ཡིན། དམངས་འཚོར་འགན་སྲུང་དང་ལེགས་བཅོས་བྱ་རྒྱུ་དེ་སྲིད་གཞུང་གི་ལས་འགན་གལ་ཆེན་ཞིག་ཏུ་འཛིན་དགོས།

        ཐབས་བརྒྱ་ཇུས་སྟོང་ངང་ལས་ཞུགས་རྒྱ་ཆེར་གཏོང་དགོས། ལས་ཞུགས་ནི་རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་མི་དམངས་ཀྱི་བདེ་སྐྱིད་དག་དང་འབྲེལ་བ་ཡོད་པའི་དོན་ཆེན་ཞིག་ཡིན། ད་ལོའི་ལས་ཞུགས་ལ་གནོན་ཤུགས་སྔར་བཞིན་ཧ་ཅང་ཆེན་པོ་ཡོད་པས། སྲིད་གཞུང་རིམ་ཁག་གིས་ངེས་པར་དུ་ལས་ཞུགས་སྔོན་ལ་ཐག་གཅོད་བྱེད་པའི་འཐབ་ཇུས་མཐའ་འཁྱོངས་བྱས་ཏེ་དགེ་མཚན་སྔར་ལས་ཆེ་བའི་ལས་ཞུགས་སྲིད་ཇུས་མུ་མཐུད་ལག་བསྟར་བྱ་དགོས། ལས་ཀར་ཞུགས་ཁྱོན་ཆེ་བའི་དེང་དུས་ཀྱི་ཞབས་ཞུའི་ལས་རིགས་དང་། གསར་གཏོད་རྣམ་པའི་ཚན་རྩལ་ཁེ་ལས། ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་བཅས་ལ་གཙོ་གནད་དུ་རོགས་སྐྱོར་བྱས་ཏེ་ལས་ཞུགས་ལས་གནས་དེ་བས་མང་པོ་གསར་གཏོད་བྱ་དགོས། ལས་སྒོ་གཏོད་པར་བརྟེན་ནས་ལས་ཞུགས་དང་མཐོ་རིམ་སློབ་ཐོན་སློབ་མ་དང་། ཞིང་པ་ལས་མི། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་དཀའ་ངལ་ཡོད་མི་བཅས་ལས་ཀར་ཞུགས་རྒྱུ་དམ་འཛིན་ཡག་པོ་བྱེད་པ་དང་། དམག་ལོག་དམག་མིའི་རྩལ་ནུས་གསོ་སྦྱོང་དང་ལས་ཞུགས་བཀོད་སྒྲིག་གི་ལས་དོན་སྒྲུབ་ཤུགས་ཆེ་རུ་གཏོང་དགོས། མཐོ་རིམ་སློབ་ཐོན་སློབ་མ་གྲོང་གསེབ་དང་། གཞི་རིམ། དབུས་ནུབ་ས་ཁུལ་བཅས་འཛུགས་སྐྲུན་བྱེད་པར་བསྐྱོད་རྒྱུར་སྐུལ་མ་གཏོང་དགོས། ལས་རིགས་གསོ་སྦྱོང་དང་སྤྱི་པའི་ལས་ཞུགས་ཞབས་ཞུའི་ལས་དོན་སྒྲུབ་ཤུགས་ཆེ་རུ་གཏོང་དགོས། གཅིག་གྱུར་དང་། ཚད་ལྡན། བབ་བསྟུན་བཅས་ཀྱི་མི་ཤུགས་ཐོན་ཁུངས་ཚོང་ར་མགྱོགས་མྱུར་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས། ཞི་མཐུན་གྱི་ངལ་རྩོལ་འབྲེལ་བ་ཧུར་ཐག་བསྐྲུན་ནས་ངལ་ནུས་མངག་གཏོང་གི་དོ་དམ་ཚད་ལྡན་ཡོང་བར་ཤུགས་སྣོན་རྒྱག་པ་དང་ངལ་རྩོལ་འབྲེལ་བའི་རྩོད་གླེང་རིམ་པས་བཤེར་ཏེ་ངལ་རྩོལ་ལྟ་ཞིབ་དང་བར་འདུམ་བྱེད་ཤུགས་ཆེ་རུ་བཏང་ཐོག་ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་དགོས།

        སྤྱི་ཚོགས་ཀྱི་འགན་ལེན་མ་ལག་མགྱོགས་མྱུར་འཐུས་ཚང་དུ་གཏོང་དགོས། ད་ལོའི་ལོ་མཇུག་གོང་དུ་གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་ལམ་ལུགས་གསར་པ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་སྤྱི་ཚོགས་ཀྱི་རྒན་གསོའི་འགན་བཅོལ་ལམ་ལུགས་ཁྱོན་ཡོངས་ནས་ཁྱབ་པར་བྱ་དགོས། སྤྱི་ཚོགས་ཀྱི་འགན་བཅོལ་ཁག་ཁྱབ་རྒྱ་ཆེ་རུ་བཏང་ནས་ཁེ་ལས་ཀྱི་ལས་འཁྱུར་ངལ་གསོ་མཁན་གྱི་མ་མཐའི་རྒན་གསོའི་དངུལ་མང་དུ་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རྩའི་འཚོ་བ་འགན་ལེན་དང་སྤྱི་ཚོགས་ཀྱི་རོགས་སྐྱོར་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས་སྤྱི་ཚོགས་ཀྱི་ཕན་བདེའི་བྱ་གཞག་དང་དགེ་སྒྲུབ་བྱ་གཞག་མགྱོགས་མྱུར་འཕེལ་རྒྱས་གཏོང་དགོས། སྤྱི་ཚོགས་ཀྱི་འགན་ལེན་ལམ་ལུགས་ཁག་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་སྟེ་སྤྱི་ཚོགས་ཀྱི་འགན་སྲུང་ཐེབས་རྩ་མང་དུ་བཏང་སྟེ་ཐབས་ལམ་མང་པོའི་ཐོག་ནས་སྤྱི་ཚོགས་ཀྱི་འགན་བཅོལ་ཐེབས་རྩ་མང་དུ་གཏོང་བ་དང་། སྤྱི་ཚོགས་ཀྱི་འགན་ལེན་ཐེབས་རྩ་དང་། སྤྱི་ཚོགས་ཀྱི་འགན་སྲུང་ཐེབས་རྩ་མ་དངུལ་དུ་འཇོག་པར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་གནས་ཐང་མ་ཆག་པར་སྲུང་དགོས། སྤྱི་ཚོགས་ཀྱི་འགན་ལེན་ཞབས་ཞུའི་ནུས་པ་ལེགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཆ་རྐྱེན་ཡོད་སར་སྤྱི་ཚོགས་ཀྱི་འགན་བཅོལ་ཚབ་སྒྲུབ་སྒྲིག་གཞིའི་གྲས་སྡེབ་སྒྲིག་ཟླ་སྒྲིལ་བཏང་ཆོག་པ་དང་། ཞབས་ཞུ་ཁ་ཤས་དངུལ་ཁང་དང་ཚོང་ལས་འགན་བཅོལ་སྒྲིག་གཞིར་ཚབ་སྒྲུབ་བྱ་རྒྱུར་མངག་བཅོལ་བྱས་ཆོག རྒྱལ་ཡོངས་གཅིག་གྱུར་གྱི་སྤྱི་ཚོགས་ཀྱི་འགན་ལེན་གཱ་སྤྲོད་མགྱོགས་སུ་གཏོང་དགོས།

        སྨན་བཅོས་འཕྲོད་བསྟེན་བྱ་གཞག་སྒྱུར་བཅོས་དང་འཕེལ་རྒྱས་ཤུགས་ཆེན་ཡོང་བར་བྱ་དགོས། དམངས་ཡོངས་ཀྱི་སྨན་བཅོས་འགན་བཅོལ་མ་ལག་འཐུས་ཚང་མགྱོགས་སུ་གཏོང་བ་དང་། མ་མཐའི་སྨན་བཅོས་འགན་བཅོལ་ཁྱབ་ཁྱོན་སྲ་བརྟན་དང་རྒྱ་བསྐྱེད་དེ་མ་མཐའི་སྨན་བཅོས་འགན་སྲུང་བྱེད་ཚད་དང་དོ་དམ་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་དགོས། གྲོང་ཁྱེར་གྲོང་རྡལ་གྱི་གྲོང་མིའི་སྨན་བཅོས་འགན་བཅོལ་དང་གྲོང་གསེབ་ཀྱི་སྨན་བཅོས་མཉམ་ལས་གསར་པར་ཁ་གསབ་སྤྲོད་ཚད་ལོ་རེའི་ནང་མི་རེར་སྒོར་240བར་མཐོ་རུ་གཏོང་དགོས། གཅིན་དུག་ཕོག་པ་སོགས་པའི་ནད་རིགས་ཆེ་ཁག་8ལ་གཞི་རྩའི་འགན་ལེན་ཁྱོན་ཡོངས་ནས་ཁྱབ་གདལ་གཏོང་བ་དང་གློ་སྐྲན་སོགས་པའི་ནད་རིགས་ཆེ་ཁག་12གཞི་རྩའི་སྨན་བཅོས་འགན་ལེན་དང་རོགས་སྐྱོར་ཚོད་ལྟའི་ཁྱབ་ཁོངས་སུ་འཇུག་དགོས། མ་མཐའི་སྨན་རྫས་ལམ་ལུགས་སྲ་བརྟན་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། གཞི་རིམ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། གཞུང་བཙུགས་སྨན་ཁང་སྒྱུར་བཅོས་ལ་སྐུལ་འདེད་བཏང་ནས་སྨན་བཅོས་དང་སྨན་རྫས་སོར་འབྱེད་དང་། དོ་དམ་དང་གཉེར་སྐྱོང་ལོགས་སུ་ཕྱེ་ནས་སྨན་ལ་བརྟེན་ཏེ་སྨན་ཁང་ལ་ཁ་གསབ་བྱེད་པའི་ལམ་སྲོལ་མེད་པར་བཟོ་དགོས། སྤྱི་ཚོགས་ཀྱི་མ་རྩར་བརྟེན་ནས་སྨན་ཁང་གཉེར་སྐྱོང་བྱ་རྒྱུར་སྐུལ་མ་བཏང་སྟེ་ཕྱི་ཕྱོགས་སུ་སྒོ་ཕྱེ་བའི་སྣ་མང་གི་སྨན་ཁང་གཉེར་སྐྱོང་ཆགས་སྟངས་མགྱོགས་མྱུར་གྲུབ་པར་བྱ་དགོས། སྨན་དོན་ལས་དོན་པའི་ཧུར་སེམས་སྐུལ་སློང་གང་ལེགས་བྱས་ཏེ་སྨན་ཁང་དང་ནད་པའི་བར་ཞི་མཐུན་གྱི་འབྲེལ་བ་འཛུགས་དགོས། སྤྱི་པའི་འཕྲོད་བསྟེན་ཞབས་ཞུར་ཤུགས་སྣོན་བརྒྱབ་ནས་མང་ཚོགས་ཀྱི་བདེ་ཐང་ལ་གནོད་འཚེ་ཚབས་ཆེན་བཟོ་བའི་འགོས་ནད་དང་། གཅོང་ནད། ལས་རིགས་ཀྱི་རྐྱེན་ནད་བཅས་སྔོན་འགོག་ཚོད་འཛིན་བྱ་དགོས། སྨན་རྫས་ཉེན་མེད་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་ཀྲུང་ལུགས་གསོ་རིག་དང་མི་རིགས་གསོ་རིག་ལས་དོན་འཕེལ་རྒྱས་འགྲོ་བར་རོགས་སྐྱོར་དང་སྐུལ་འདེད་གཏོང་དགོས།

        མི་འབོར་དང་འཆར་ལྡན་བུ་བཙའི་ལས་དོན་ཁྱོན་ཡོངས་ནས་ཡག་པོ་བསྒྲུབ་དགོས། ཕྲུ་གུ་བཙའ་ཚད་ཉུང་ཚུལ་མུ་མཐུད་བརྟན་པོ་ཡོང་བར་བྱས་ནས་གསར་སྐྱེས་མི་འབོར་གྱི་ཕོ་མོའི་བསྡུར་ཚད་དོ་མི་མཉམ་པའི་གནད་དོན་ཕྱོགས་བསྡུས་ཀྱིས་བཅོས་སྐྱོང་བྱས་ཐོག་གསར་སྐྱེས་མི་སྤུས་དག་ཏུ་གཏོང་དགོས། འཆར་ལྡན་བུ་བཙའི་ཞབས་ཞུ་སྤུས་ལེགས་ཁྱོན་ཡོངས་ནས་གང་མགྱོགས་ཁྱབ་པར་བྱས་ཏེ་མངལ་མ་ཆགས་གོང་སྨན་ཡོན་མི་དགོས་པར་ལེགས་བཙའི་བདེ་ཐང་བརྟག་དཔྱད་ཚོད་ལྟ་བྱེད་ཁོངས་རྫོང (གྲོང་ཁྱེར་དང་ཁུལ )བརྒྱ་ཆ་60བར་རྒྱ་བསྐྱེད་དགོས། གྲོང་གསེབ་ཀྱི་འཆར་ལྡན་བུ་བཙའི་ཁྱིམ་ཚང་ཁ་ཤས་ལ་བྱ་དགའ་སྤྲོད་པའི་རོགས་སྐྱོར་དང་དམིགས་བསལ་རོགས་སྐྱོར་བྱེད་པའི་ཚད་གཞི་མཐོ་རུ་གཏོང་དགོས། ཕྱོགས་འགྲུལ་མི་འབོར་གྱི་འཆར་ལྡན་བུ་བཙའི་ཞབས་ཞུར་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། བུད་མེད་དང་བྱིས་པའི་ལས་དོན་ཡག་པོར་བསྒྲུབས་ཏེ་གྲོང་གསེབ་ཀྱི་བུད་མེད་ཚོའི་མངལ་སྐེའི་འབྲས་སྐྲན་དང་ནུ་མའི་འབྲས་སྐྲན་སྨན་རིན་མི་དགོས་པར་བརྟག་དཔྱད་བྱེད་པའི་ཁྱབ་རྒྱ་ཆེ་རུ་བཏང་ཐོག་བུད་མེད་དང་བྱིས་པའི་འཕེལ་རྒྱས་དང་ཁེ་དབང་འགན་ལེན་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་དགོས། དབང་པོ་སྐྱོན་ཅན་པའི་སྤྱི་ཚོགས་འགན་ལེན་མ་ལག་དང་ཞབས་ཞུའི་མ་ལག་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་རྒན་རྒོན་གྱི་བྱ་གཞག་འཕེལ་རྒྱས་ཧུར་ཐག་གཏོང་བ་དང་སྤྱི་ཚོགས་ཀྱི་རྒན་གསོའི་ཞབས་ཞུའི་མ་ལག་བསྐྲུན་རྒྱུ་མགྱོགས་སུ་བཏང་སྟེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒན་རྒོན་ཚང་མ་རྒས་དུས་གསོ་རྟེན་ཡོད་པ་དང་ཚེ་མཇུག་བདེ་བར་འཁོད་ཐུབ་པ་བྱ་དགོས།

        ས་ཁང་བདག་ཁོངས་ཀྱི་ཚོང་ར་སྙོམས་སྒྲིག་སྟངས་འཛིན་དང་འགན་ལེན་གྱི་རང་བཞིན་ལྡན་པའི་བདེ་སྡོད་ལས་གྲྭ་འཛུགས་སྐྲུན་མུ་མཐུད་ཡག་པོ་བྱ་དགོས། སྐབས་བསྟུན་དང་མ་དངུལ་འཇོག་པའི་རང་བཞིན་གྱི་དགོས་མཁོ་བཀག་འགོག་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་ལག་བསྟར་ནན་པོར་བྱེད་པ་མ་ཟད་རིམ་བཞིན་འཐུས་ཚང་དུའང་བཏང་སྟེ་སྙོམས་སྒྲིག་སྟངས་འཛིན་བྱས་འབྲས་སྔར་བས་སྲ་བརྟན་དུ་གཏོང་བ་དང་ཁང་གོང་ལུགས་མཐུན་ཡོང་བར་བྱ་དགོས། འགན་ལེན་རང་བཞིན་གྱི་བདེ་སྡོད་ལས་གྲྭ་སྐྲུན་པར་མུ་མཐུད་སྐུལ་འདེད་བཏང་ནས་སྤུས་ཚད་འགན་ལེན་བྱེད་པའི་རྨང་གཞིའི་ཐོག་ཁང་པ་ཆ་འགྲིག་ཁྲི་500གཞི་རྩའི་ཆ་ནས་བསྐྲུན་ཐུབ་པ་དང་ཁྲི་700ཡན་གསར་དུ་ལས་འགོ་འཛུགས་དགོས། འགན་ལེན་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་དང་། བགོ་བཤའ། དོ་དམ། ཕྱིར་འཐེན་སོགས་ཀྱི་ལམ་ལུགས་དུས་ཚོད་དམ་འཛིན་ངང་འཐུས་སྒོ་ཚང་དུ་གཏོང་དགོས། བྱེད་ཐབས་ནུས་ལྡན་སྤྱད་དེ་ཚོང་སྒྱུར་སྡོད་ཁང་དཀྱུས་མ་མཁོ་འདོན་བྱེད་ཚད་མང་དུ་གཏོང་དགོས་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁང་ཆ་འཕྲིན་མ་ལག་མགྱོགས་མྱུར་བསྐྲུན་ནས་ས་ཁང་བདག་ཁོངས་ཀྱི་ཁྲལ་བསྡུའི་ལམ་ལུགས་སྒྱུར་བཅོས་བྱེད་པ་དང་ས་ཁང་བདག་ཁོངས་ཀྱི་ཚོང་ར་རྒྱུན་རིང་བརྟན་པོ་དང་། སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་བྱ་དགོས།

        སྤྱི་ཚོགས་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་གསར་གཏོད་བྱ་དགོས། སྤྱི་ཚོགས་ཀྱི་འགལ་ཟླ་སེལ་བ་དང་། སྤྱི་ཚོགས་ཀྱི་དོ་དམ་གསར་གཏོད། གཞུང་དྲང་སྤྱོད་གཙང་ཐོག་ནས་ཁྲིམས་སྐྱོང་བཅས་བྱེད་ཤུགས་ཆེ་རུ་གཏོང་དགོས། སྤྱི་ཚོགས་དོ་དམ་དང་སྤྱི་པའི་ཞབས་ཞུའི་སྲིད་གཞུང་གི་འགན་ནུས་ཆེ་རུ་བཏང་ཐོག་ཞིང་གྲོང་གི་གཞི་རིམ་མང་ཚོགས་ཀྱི་ངོ་བོ་ལྡན་པའི་རང་སྐྱོང་རྩ་འཛུགས་ཀྱི་ནུས་པ་ཆེ་རུ་གཏོང་དགོས། ཐེམ་ཐོ་དོ་དམ་ལམ་ལུགས་སྒྱུར་བཅོས་དགེ་མཚན་ལྡན་ལ་བརྟན་པོར་བྱེད་པ་དང་། སྡོད་གནས་ཀྱི་ལག་ཁྱེར་ལམ་ལུགས་ལག་བསྟར་ཁྱབ་སྤེལ་བྱས་ནས་ཕྱོགས་འགྲུལ་མི་འབོར་ལ་ཞབས་འདེགས་དེ་བས་ཡག་པོར་ཞུ་དགོས། ཆ་འཕྲིན་མཉམ་སྤྱོད་དང་དྲ་སྦྲེལ་ཤར་གཏོང་བྱ་རྒྱུ་གཙོ་གནད་དུ་བྱས་ནས་རྒྱལ་ཁབ་ཀྱི་གློག་རྡུལ་སྲིད་དོན་དྲ་བ་མགྱོགས་མྱུར་བསྐྲུན་དགོས། སྲིད་དོན་ཁ་དན་ཚིག་གནས་དང་། ཚོང་དོན་ཁ་དན་ཚིག་གནས། སྤྱི་ཚོགས་ཁ་དན་ཚིག་གནས་བཅས་ལེགས་སྐྱོང་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ནས་སྤྱི་ཚོགས་ཡོངས་ལ་ཁྱབ་པའི་ཡིད་རྟོན་གྲོས་འདྲིའི་མ་ལག་བསྐྲུན་དགོས། དྲ་སྦྲེལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལེགས་བཅོས་བྱས་ནས་དྲ་སྦྲེལ་ཁོར་ཡུག་སྐྱོན་བྲལ་ཞིག་གཏོད་དགོས། ཇུས་ཐག་འགངས་ཆེན་གཅོད་པའི་སྤྱི་ཚོགས་བརྟན་བརླིང་འགན་བཅོལ་དཔྱད་དཔོག་གི་རྐྱེན་སྲོལ་དང་གློ་བུར་དུ་ཐོན་པའི་དོན་རྐྱེན་འཕྲལ་སྒྲུབ་དོ་དམ་གྱི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས། ཉེན་མེད་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱས་ཏེ་ཉེན་མེད་ཐོན་སྐྱེད་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལས་འཛོལ་ཆེན་པོ་དང་ཚབས་ཆེན་མི་ཤོར་བར་བྱ་དགོས། ཤེས་བྱའི་ཐོན་དངོས་བདག་དབང་ལ་གནོད་འཚེ་བཟོ་བ་དང་ཚོང་ཟོག་རྫུས་མ་དང་སྤུས་ཞན་བཟོ་བ་དང་ཕྱིར་ཚོང་རྒྱག་པར་རྡུང་རྡེག་གཏོང་བའི་བྱ་སྤྱོད་གཏིང་ཟབ་སྤེལ་དགོས། ཟས་རིགས་ཉེན་མེད་ལྟ་སྐུལ་དོ་དམ་བྱེད་ནུས་ཆེ་རུ་བཏང་ནས་ཟས་རིགས་ཉེན་མེད་འབྱུང་ཚད་ལེགས་སུ་གཏོང་དགོས། ཡིག་བསྐུར་ངོ་བཅར་གྱི་ལས་དོན་སྒྲུབ་ཤུགས་ཆེ་རུ་གཏོང་བ་དང་ལེགས་བཅོས་བྱེད་པ་དང་མང་ཚོགས་ཀྱི་ཁེ་ཕན་ཞུ་འབུལ་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། བཅའ་ཁྲིམས་ཀྱི་ཞབས་ཞུ་དང་བཅའ་ཁྲིམས་ཀྱི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱ་དགོས། ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་བཀག་འགོག་ནན་པོ་དང་ཁྲིམས་མཐུན་ལྟར་རྡུང་རྡེག་བཏང་ཐོག་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་འགན་ལེན་བྱ་དགོས།

        (བདུན )རིག་གནས་འཕེལ་རྒྱས་ཆེན་པོ་དང་དར་རྒྱས་ཆེན་པོ་ཡོང་བར་སྐུལ་འདེད་གཏོང་དགོས།

        རིག་གནས་ནི་མིའི་རིགས་ཀྱི་བསམ་པའི་ཁྱིམ་གཞིས་ཡིན་པ་དང་ཕུལ་བྱུང་རིག་གནས་ཤུལ་འཛིན་བྱ་རྒྱུ་དེ་མི་རིགས་ཤིག་མི་ཉམས་གོང་འཕེལ་ཡོང་བར་བྱེད་པའི་རྨང་གཞི་ཡིན། རིག་གནས་ཐོན་རྫས་སྤུས་ལེགས་དང་ཕུན་སུམ་ཚོགས་པོ་མཁོ་འདོན་བྱས་ཏེ་མི་དམངས་མང་ཚོགས་ཀྱི་བསམ་པའི་རིག་གནས་དགོས་མཁོ་ཟམ་མི་ཆད་པར་བསྐོང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་ལེགས་སྐྱོང་བྱ་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་ནས་སྤྱི་ཚོགས་ཀྱི་ཀུན་སྤྱོད་དང་། ལས་རིགས་ཀྱི་ཀུན་སྤྱོད། ཁྱིམ་ཚང་གི་ཀུན་སྤྱོད། སྒེར་གྱི་སྤྱོད་ལམ་བཅས་ཀྱི་སློབ་གསོ་རྒྱག་ཤུགས་ཆེ་རུ་གཏོང་བ་དང་གཞོན་ནུ་ལོ་ཆུང་གི་བསམ་བློ་དང་ཀུན་སྤྱོད་སློབ་གསོའི་ལས་དོན་ཡག་པོ་བསྒྲུབས་ཏེ་ཞེ་ཁྲེལ་ལྡན་པ་དང་། སྤྱོད་བཟང་ལ་སྣང་ཆེན། ཁ་དན་ཚིག་གནས། ལེགས་སྐྱེས་འབུལ་བ། ཞི་མཐུན་ཡོང་བར་བྱེད་པ་བཅས་ཀྱི་གོམས་སྲོལ་བཟང་པོ་འཇགས་གང་ཐུབ་བྱ་དགོས། སྤྱི་ཕན་རང་བཞིན་གྱི་རིག་གནས་བྱ་གཞག་འཕེལ་རྒྱས་ཤུགས་ཆེན་བཏང་ནས་གྲོང་གསེབ་དང་དབུས་ནུབ་རྒྱུད་ཀྱི་ས་ཁུལ་གཙོ་གནད་དུ་བྱས་ཏེ་གཞི་རིམ་གྱི་རིག་གནས་སྒྲིག་བཀོད་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་དར་རྒྱས་གོང་འཕེལ་ཡོང་བར་བྱས་ནས་གསར་འགྱུར་དཔེ་སྐྲུན་དང་། རླུང་འཕྲིན་གློག་བཪྙན་བཪྙན་འཕྲིན། རྩོམ་རིག་སྒྱུ་རྩལ། ཡིག་ཚགས་བྱ་གཞག་བཅས་འཕེལ་རྒྱས་ཧུར་ཐག་གཏོང་དགོས། རིག་གནས་ཤུལ་བཞག་སྲུང་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་གྲངས་ཉུང་མི་རིགས་ཀྱི་རིག་གནས་བྱ་གཞག་དར་རྒྱས་གོང་འཕེལ་ཡོང་བར་བྱ་དགོས། རིག་གནས་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་བྱས་ནས་གཉེར་སྐྱོང་རང་བཞིན་གྱི་རིག་གནས་ཚན་པ་ཁེ་ལས་ལམ་ལུགས་སུ་སྒྱུར་བར་མུ་མཐུད་སྐུལ་འདེད་གཏོང་དགོས། རིག་གནས་ཐོན་ལས་གཞི་ཁྱོན་ལྡན་པ་དང་། ལེགས་བསྡུས་ཞིབ་གཉེར་ཅན། ཆེད་ལས་ཅན་བཅས་སུ་འགྱུར་བའི་ཆུ་ཚད་མཐོ་རུ་བཏང་ནས་རིག་གནས་ཐོན་ལས་དེ་རྒྱལ་དམངས་དཔལ་འབྱོར་གྱི་ཀ་རྟེན་རང་བཞིན་གྱི་ཐོན་ལས་སུ་འགྱུར་བར་བྱ་དགོས། ཕྱི་ཕྱོགས་སུ་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་གཏིང་ཟབ་བྱས་ནས་ཀྲུང་གོ་དང་ཕྱི་རྒྱལ་གྱི་རིག་གནས་དཔྱད་གཞིར་འཛིན་རེས་བྱ་རྒྱུར་སྐུལ་མ་གཏོང་དགོས། དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་ནས་མི་དམངས་ཀྱི་གཟུགས་གཞི་ཇེ་ཐང་དུ་གཏོང་བ་དང་། ལུས་རྩལ་བྱ་གཞག་དང་ལུས་རྩལ་ཐོན་ལས་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་བར་བྱ་དགོས། ཀྲུང་ཧྭའི་རིག་གནས་ལ་བློ་ཁ་ཕྱོགས་ཤུགས་དང་གཡོ་འགུལ་ཐེབས་ཤུགས་ཆེན་པོ་ཡོད་པས་དེང་དུས་ཀྱི་ཀྲུང་ཧྭའི་བུ་ཕྲུག་གིས་ངེས་པར་དུ་ཀྲུང་ཧྭའི་རིག་གནས་དར་སྤེལ་གཏོང་བའི་ལོ་རྒྱུས་ཀྱི་འགན་འཁྲི་ལྕི་པོ་ཕྲག་ཏུ་འཁུར་དགོས།

        (བརྒྱད ) ཁྱབ་ཁོངས་གཙོ་གནད་སྒྱུར་བཅོས་ཟབ་སྤེལ་ཡོང་བར་བྱ་དགོས།

        སྒྱུར་བཅོས་སྒོ་འབྱེད་ནི་ཀྲུང་གོའི་ལས་སྐལ་ལ་ཐུག་པའི་གདམ་ག་ཡང་དག་ཅིག་པས། ངེས་པར་དུ་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བའི་བླང་བྱ་གཞིར་བཟུང་མང་ཚོགས་ཀྱི་གསར་གཏོད་སྙིང་སྟོབས་ལ་བརྩི་འཇོག་ཞུས་ནས་བློ་ཁོག་ཆེན་པོས་འཚོལ་ཞིབ་བྱས་ཐོག་ཆོད་སེམས་དང་དཔའ་ངར་དེ་བས་ཆེ་བའི་སྒོ་ནས་དཔལ་འབྱོར་སྒྲིག་སྲོལ་དང་ཆབ་སྲིད་སྒྲིག་སྲོལ་སོགས་པའི་སྒྱུར་བཅོས་ཁག་ལ་ཁྱོན་ཡོངས་ནས་མུ་མཐུད་སྐུལ་འདེད་བཏང་སྟེ་འཕེལ་རྒྱས་ཀྱི་དཀའ་གནད་སེལ་དགོས། དེང་སྐབས་དང་སླད་ཕྱིན་དུས་སྐབས་ཤིག་རིང་སྒྱུར་བཅོས་ཀྱི་གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ནི། སྲིད་གཞུང་གི་འགན་ནུས་སྔར་བས་འགྱུར་བ་དང་། སྤྱི་ཁོག་སྙོམས་སྒྲིག་སྟངས་འཛིན་མ་ལག་འཐུས་ཚང་དུ་གཏོང་བ། སྲིད་གཞུང་དང་ཁྲོམ་རའི་འབྲེལ་བ་མཐུན་སྒྲིག་བྱས་ཏེ་ཁྲོམ་རའི་ཐོན་ཁུངས་བཀོད་སྒྲིག་གི་རྨང་གཞིའི་རང་བཞིན་ནུས་པ་འདོན་སྤེལ་སྔར་ལས་ལེགས་པར་བྱེད་པ་དང་། ནོར་ཁྲལ་སྒྲིག་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་བཏང་ནས་ཀྲུང་དབྱང་དང་ས་གནས་དག་དང་དེ་བཞིན་ས་གནས་རིམ་ཁག་སྲིད་གཞུང་དབར་གྱི་ནོར་སྲིད་བགོ་བཤའི་འབྲེལ་བ་མཐུན་སྒྲིག་བྱས་ཏེ་ཀྲུང་དབྱང་དང་ས་གནས་ཀྱི་ཧུར་བརྩོན་རང་བཞིན་སྔར་བས་ལེགས་པར་སྐུལ་སློང་བྱ་དགོས་པ་དང་། ས་ཆ་དང་། ཐེམ་ཐོ། སྤྱི་པའི་ཞབས་ཞུ་བཅས་སྒྱུར་བཅོས་གཏིང་ཟབ་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་དབར་གྱི་འབྲེལ་བ་མཐུན་སྒྲིག་བྱས་ཐོག་བཟོ་ལས་ཅན་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན། ཞིང་ལས་དེང་རབས་ཅན་བཅས་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་བར་བྱ་དགོས་པ། སྤྱི་ཚོགས་ཀྱི་བྱ་གཞག་དང་ཡོང་འབབ་བགོ་བཤའ་སོགས་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་བཏང་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འབྲེལ་བ་མཐུན་སྒྲིག་བྱས་ཐོག་སྤྱི་ཚོགས་དྲང་གཞག་དང་དྲང་བདེན་ཡོང་བའི་འགན་ལེན་ནུས་ལྡན་བྱ་དགོས་པ། ཁྲིམས་ལྟར་སྲིད་འཛིན་དང་སྤྱི་ཚོགས་དོ་དམ་གསར་གཏོད་ལ་སྐུལ་འདེད་བཏང་ནས་སྲིད་གཞུང་དང་སྤྱི་དམངས་དག་དང་སྤྱི་ཚོགས་ཀྱི་རྩ་འཛུགས་དབར་གྱི་འབྲེལ་བ་མཐུན་སྒྲིག་བྱས་ཐོག་ཞབས་ཞུ་དང་། འགན་འཁྲི། ཁྲིམས་སྐྱོང་། སྤྱོད་གཙང་བཅས་ཀྱི་སྲིད་གཞུང་ཞིག་འཛུགས་སྐྱོང་བྱ་དགོས་པ་བཅས་རེད། འདི་ལོའི་སྒྱུར་བཅོས་ཀྱི་གཙོ་གནད་ལས་འགན་ནི།

        ནོར་ཁྲལ་དངུལ་རྩའི་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་བྱ་དགོས། ཁྲལ་དབྱེའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་གཏོང་སྤྲོད་སྤོ་བསྒྱུར་ལམ་ལུགས་འཐུས་ཚང་དུ་བཏང་སྟེ་སྤྱིར་བཏང་རང་བཞིན་གྱི་གཏོང་སྤྲོད་སྤོ་བསྒྱུར་བྱེད་ཁྱོན་དང་བསྡུར་ཚད་མཐོ་རུ་གཏོང་དགོས། རྫོང་རིམ་པའི་གཞི་རྩའི་ནོར་ཤུགས་འགན་ལེན་གྱི་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས་ས་གནས་ནོར་སྲིད་ཀྱི་སྔོན་རྩིས་དང་ངེས་རྩིས་ཡོངས་བསྒྲགས་བྱ་རྒྱུ་བརྟན་པོའི་ངང་ནས་སྐུལ་འདེད་གཏོང་དགོས། རྒྱལ་མཛོད་ནས་གཅིག་བསྡུས་ཀྱིས་བསྡུ་སྤྲོད་དང་སྲིད་གཞུང་གིས་ཉོ་སྒྲུབ། དེ་བཞིན་རྒྱལ་བུན་དོ་དམ་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་དགོས། འཛད་སྤྱོད་དཔྱ་ཁྲལ་ལམ་ལུགས་འཐུས་ཚང་དུ་བཏང་ནས་ཐོན་ཁུངས་དཔྱ་ཁྲལ་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་དང་། གོང་ཚད་ལྟར་བརྩིས་ནས་བསྡུ་བའི་ཁྱབ་ཁོངས་རྒྱ་ཆེར་གཏོང་དགོས། གཞུང་ཁོངས་མ་རྐང་ཚོད་འཛིན་གྱི་དངུལ་རྩའི་སྒྲིག་གཞི་ཆེ་གྲས་སྒྱུར་བཅོས་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། དངུལ་རྩའི་སྒྲིག་གཞི་ཆུང་གྲས་ཚད་ལྡན་ངང་འཕེལ་རྒྱས་གཏོང་བ། ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་དང “ཞིང་གསུམ ”ལ་ཞབས་འདེགས་ཞུ་བའི་སྒྲིག་སྲོལ་དང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱ་དགོས། དངུལ་ཁང་ལས་རིགས་ཀྱི་ལྟ་སྐུལ་དོ་དམ་ཚད་གཞི་གསར་པ་ལག་བསྟར་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། བཅོལ་དངུལ་འགན་བཅོལ་ལམ་ལུགས་བཟོ་བར་སྐུལ་འདེད་གཏོང་དགོས། སྲིད་ཇུས་རང་བཞིན་ལྡན་པའི་དངུལ་རྩའི་སྒྲིག་གཞི་བསྒྱུར་བཅོས་གཏིང་ཟབ་བྱས་ནས་མ་རྐང་གསར་པ་འགྲེམས་སྤེལ་ལམ་ལུགས་དང་ཚོང་ར་ནས་ཕྱིར་འཐེན་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། མ་དངུལ་འཇོག་མཁན་གྱི་དྲིན་གཟོ་བ་དང་ཁེ་དབང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། བུན་འཛིན་ཚོང་ར་འཕེལ་རྒྱས་ཧུར་ཐག་གཏོང་བ་དང་། འགན་བཅོལ་ལས་རིགས་སྒྱུར་བཅོས་དང་འཕེལ་རྒྱས་ཡོང་བར་བྱ་དགོས། སྐྱེད་ཚད་ཁྲོམ་ར་ཅན་དུ་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་མི་དམངས་ཤོག་སྒོར་གྱི་མ་རྩའི་རྣམ་གྲངས་བརྗེ་སྤྲོད་བརྟན་པོ་ཡོང་བར་བྱས་ཐོག་ས་མཚམས་ལས་བརྒལ་ཏེ་ཚོང་དོན་དང་མ་དངུལ་འཇོག་པའི་ཁྲོད་མི་དམངས་ཤོག་སྒོར་བཀོལ་སྤྱོད་བྱེད་ཁྱོན་ཆེ་རུ་གཏོང་དགོས།

        དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་སྣ་མང་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བར་བྱ་དགོས། སྤྱི་ལ་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་བློ་བརྟན་འགྱུར་མེད་ངང་སྲ་བརྟན་དང་གོང་འཕེལ་གཏོང་དགོས་པ་དང་། སྤྱི་ལ་དབང་བ་མིན་པའི་དཔལ་འབྱོར་གོང་འཕེལ་གཏོང་བར་བློ་བརྟན་འགྱུར་མེད་ངང་སྐུལ་ལྕག་དང་། རྒྱབ་སྐྱོར། ཁྲིད་སྟོན་བཅས་བྱ་དགོས། གཞུང་ཁོངས་དཔལ་འབྱོར་འཐབ་ཇུས་དང་ལྡན་པར་ལེགས་སྒྲིག་གཏིང་ཟབ་དང་། རྒྱལ་ཁབ་ལ་དབང་བའི་མ་རྩ་གཏོང་ཡོང་གཉིས་ལྡན་དང་འཁོར་རྒྱུག་ལུགས་མཐུན་གྱི་རྐྱེན་སྲོལ་འཐུས་ཚང་བཟོ་དགོས། ལྕགས་ལམ་དང་གློག་ཤུགས་སོགས་པའི་ལས་རིགས་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུའི་ཞིབ་འཇུག་བྱ་དགོས། སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཡོང་བར་བྱེད་པའི་སྲིད་ཇུས་དང་བྱ་ཐབས་ཁག་འཐུས་ཚང་དུ་གཏོང་བ་དང་དོན་འཁྱོལ་བྱས་ནས་སྒེར་སྡེམ་མེད་པར་བཟོ་བ་དང་འཛུལ་འཐུས་ལྷུག་གཏོང་ཐོག་ནས་དམངས་ཁྲོད་ཀྱི་མ་རྩ་ལྕགས་ལམ་དང་། གྲོང་ཁྱེར་དོ་དམ་ལས་དོན། དངུལ་རྩ། ནུས་ཁུངས། གློག་འཕྲིན། སློབ་གསོ། སྨན་བཅོས་འཕྲོད་བསྟེན་སོགས་པའི་ཁྱབ་ཁོངས་སུ་འཇོག་རྒྱུའི་སྐུལ་ལྕག་གཏོང་རྒྱུ་དང་། དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་སྣ་མང་འགྲན་རྩོད་དྲང་གཞག་དང་ཐོན་མོང་ཐོག་འཕེལ་རྒྱས་གཏོང་བའི་ཁོར་ཡུག་ཅིག་གཏོད་དགོས།

        རིན་གོང་སྒྱུར་བཅོས་ཟབ་སྤེལ་བྱ་དགོས། གློག་རིན་བསྒྱུར་བཅོས་བརྟན་པོའི་ངང་བྱ་དགོས་ཤིང་། གྲོང་མིར་རིམ་ལྡན་གློག་རིན་སྒྱུར་བཅོས་ཀྱི་འཆར་གཞི་ལག་བསྟར་བྱས་ནས་ཆུ་གློག་དང་། ཉིང་གློག དེ་བཞིན་བསྐྱར་སྤྱོད་ནུས་ཁུངས་ཀྱི་རིན་གོང་གཏན་འཁེལ་གྱི་རྐྱེན་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། རྡོ་སོལ་དང་གློག་རིན་བར་གྱི་འབྲེལ་བ་རིམ་བཞིན་མཐུན་འགྲིག་ཡོང་བར་བྱ་དགོས། སྣུམ་གྲུབ་མའི་རིན་གོང་སྒྱུར་བཅོས་དང་རང་བྱུང་སོལ་རླངས་ཀྱི་རིན་གོང་སྒྱུར་བཅོས་འཐུས་ཚང་དུ་གཏོང་དགོས། ཆུའི་ཐོན་ཁུངས་དོ་དམ་སྒྲིག་སྲོལ་ལག་བསྟར་ནན་ཤོས་བྱས་ཏེ་ས་ཁུལ་ཁག་གི་ཆུའི་ཐོན་ཁུངས་ཀྱི་རིན་བསྡུའི་ཚད་གཞི་ལུགས་མཐུན་བཟོ་བ་དང་ལེགས་སྒྲིག་བྱས་ཐོག་ཞིང་ལས་ཆུ་བེད་རིན་གོང་ཕྱོགས་བསྡུས་ཀྱིས་སྒྱུར་བཅོས་ཐུབ་པར་བྱ་དགོས། ཐྭན་རྒྱུ་འབུད་གཏོང་དང་བཙོག་སྐྱོན་སེལ་བའི་དབང་ཆ་བརྗེ་འཚོང་གི་ཚོད་ལྟ་བྱེད་དགོས།

        ཡོང་འབབ་བགོ་བཤའི་ལམ་ལུགས་སྒྱུར་བཅོས་ཟབ་སྤེལ་བྱ་དགོས། ཡོང་འབབ་བགོ་བཤའི་སྒྲིག་སྲོལ་སྒྱུར་བཅོས་བྱེད་པའི་སྤྱི་ཡོངས་ཀྱི་འཆར་གཞི་བཟོ་དགོས། རྒྱལ་དམངས་ཀྱི་ཡོངས་འབབ་བགོ་བཤའི་ཁྲོད་ཀྱི་གྲོང་མིའི་ཡོང་འབབ་ཀྱི་བསྡུར་ཚད་དང་། ངལ་རྩོལ་ཐོབ་ཆ་བགོ་བཤའ་རགས་ཙམ་རྒྱག་པའི་བསྡུར་ཚད་མཐོ་རུ་གཏོང་གང་ཐུབ་བྱ་དགོས། གླ་ཕོགས་ལམ་ལུགས་འཐུས་ཚང་དུ་བཏང་ནས་གླ་ཕོགས་རྒྱུན་ལྡན་བཞིན་སྤོར་བའི་རྐྱེན་སྲོལ་བཙུགས་ཐོག་མ་མཐའི་གླ་ཕོགས་ཚད་གཞི་བརྟན་པོའི་ངང་ནས་མཐོ་རུ་གཏོང་དགོས། གྲོང་མིའི་རྒྱུ་ནོར་གྱི་ངེས་པ་ལྡན་པའི་ཡོང་འབབ་འཕར་བར་བྱེད་པའི་ཆ་རྐྱེན་སྐྲུན་དགོས། སྤྱི་པའི་ཐོན་ཁུངས་ནང་བཤུག་གཏོང་བའི་ཕན་ཁེ་དམངས་ཡོངས་ཀྱིས་མཉམ་སྤྱོད་བྱེད་པའི་རྐྱེན་སྲོལ་འཛུགས་དགོས། ཡོང་འབབ་མཐོ་གྲས་ལ་ཁྲལ་བསྡུ་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། གཞུང་ཁོངས་ཁེ་ལས་དང་དངུལ་རྩའི་ལས་ཁུངས་ཀྱི་མཐོ་རིམ་དོ་དམ་མི་སྣའི་གླ་ཆ་ཚད་ལྡན་ནན་པོར་བཟོ་བ། ཡོང་འབབ་འབྲིང་གྲས་ཀྱི་བསྡུར་ཚད་ཆེ་རུ་གཏོང་བ་དང་། ཡོང་འབབ་དམའ་གྲས་ཀྱི་ཡོང་སྒོ་མཐོ་རུ་བཏང་ནས་གོ་སྐབས་འདྲ་མཉམ་ཡོང་བར་བྱ་དགོས། ཡོང་འབབ་བགོ་བཤའི་སྒྲིག་ལམ་ཚད་ལྡན་བཟོས་ནས་ཁྲིམས་མཐུན་ཡོང་འབབ་སྲུང་སྐྱོབ་ནུས་ལྡན་བྱས་ཏེ་ཁྲིམས་འགལ་ཡོང་འབབ་མཐའ་གཅིག་ཏུ་དོར་ཏེ་ཡོང་འབབ་ཧེ་བག་ཇེ་ཆེར་འགྲོ་ཚུལ་གང་མགྱོགས་ངང་བསྒྱུར་ཐུབ་པར་བྱ་དགོས།

        བརྩོན་སེམས་ཆེ་ལ་གོམ་སྟབས་བརྟན་པོའི་ངང་བྱ་ལས་ཚན་པ་རིགས་དབྱེ་སྒྱུར་བཅོས་བྱ་དགོས། བྱ་ལས་ཚན་པ་ཚན་རིག་དང་མཐུན་པར་རིགས་དབྱེ་དང་། རིགས་དབྱེ་སློབ་སྟོན། ལས་བགོས་སྐུལ་སྤེལ། རིམ་དབྱེ་སྒྲིག་འཛུགས། ཁ་འགྲེམ་ལག་བསྟར་བཅས་དང་། བྱ་ལས་ཚན་པའི་དོ་དམ་སྒྲིག་སྲོལ་དང་། མི་དོན། ཡོང་འབབ་བགོ་བཤའ། སྤྱི་ཚོགས་འགན་སྲུང་བཅས་ཀྱི་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་བྱ་དགོས།

        སྲིད་གཞུང་སྒྱུར་བཅོས་ལ་སྐུལ་སྤེལ་མགྱོགས་སུ་གཏོང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་རྒྱ་བསྐྱེད་དེ་དམངས་གཙོའི་འདེམས་བསྐོ་དང་། དམངས་གཙོའི་ཇུས་ཐག་གཅོད་པ། དམངས་གཙོའི་དོ་དམ། དམངས་གཙོའི་ལྟ་སྐུལ་བཅས་ཁྲིམས་མཐུན་ལྟར་བྱས་ཏེ་མི་དམངས་ཀྱི་གནས་ཚུལ་ཤེས་དབང་དང་། ཐེ་ཞུགས་བྱེད་དབང་། བསམ་ཚུལ་ཤོད་དབང་། ལྟ་སྐུལ་བྱེད་དབང་བཅས་འགན་སྲུང་བྱ་དགོས། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་གཞི་རྩའི་ཐབས་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་དབང་གྲགས་ལ་བརྩི་བཀུར་དང་སྲུང་སྐྱོང་བྱ་རྒྱུ་དང་། ཁྲིམས་ལྟར་སྲིད་དོན་ནན་སྐྱོང་བྱས་ཐོག་ཁྲིམས་ཡོད་ཀྱང་བརྩི་སྲུང་མི་ཞུ་བ་དང་། ཁྲིམས་འཛིན་གཟབ་ནན་མི་བྱེད་པ། ཁྲིམས་འགལ་རང་དགར་འཇོག་པ། རྩུབ་སྤྱོད་ཐོག་ཁྲིམས་འཛིན། འགན་འཛོལ་ཤོར་བ། ཁྲིམས་འཛིན་རུལ་སུངས་སོགས་ཀྱི་བྱ་སྤྱོད་ཡོ་བསྲང་མཐའ་གཅིག་ཏུ་བྱ་དགོས། སྲིད་དོན་གཙང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་རུལ་སུངས་ལ་རྒོལ་བའི་འཐབ་རྩོད་གཏིང་ཟབ་དུ་སྤེལ་དགོས་པ་དང་། རུལ་སུངས་ལ་ཉེས་ཆད་གཅོད་པ་དང་སྔོན་འགོག་གི་མ་ལག་འཛུགས་སྐྱོང་བྱ་རྒྱུའི་ཡུན་རིང་དང་རྨང་གཞི་ལྡན་པའི་ལས་དོན་ཁག་ཏན་ཏིག་ངང་སྤེལ་ཐོག་མི་དམངས་མང་ཚོགས་བསམ་འཆར་ཆེ་བའི་དམིགས་བསལ་གནད་དོན་ཐག་གཅོད་གང་ཡོང་བྱ་དགོས། སྲིད་འཛིན་ཞིབ་མཆན་འགོད་པའི་དོན་དག་རིགས་ཁྲིམས་ལྟར་སྒྲིག་བཟོ་དང་། ལག་བསྟར། གཙང་སེལ། ཚད་ལྡན་བཅས་ནན་པོར་བྱ་དགོས། འགོ་ཁྲིད་ལས་བྱེད་པས་སྲིད་གཞུང་གི་ཉོ་སྒྲུབ་དང་། ལས་གྲྭ་འོས་འགུག ས་ཆའི་གཏེར་ལས་བདག་དབང་ཧབ་འཚོང་རྒྱག་པ་སོགས་དཔལ་འབྱོར་ལས་སྒོར་ཐེ་ཞུགས་བྱེད་རིགས་གཏན་འགོག་བྱ་དགོས། འགོ་ཁྲིད་ལས་བྱེད་པས་སྤྱོད་གཙང་སྲིད་དོན་སྒྲུབ་པའི་གཏན་འབེབས་ཁག་ལག་བསྟར་ནན་པོར་བྱ་དགོས། སྲིད་འཛིན་ལྟ་སྐུལ་དང་། དམངས་གཙོའི་ལྟ་སྐུལ། གླེང་ཕྱོགས་ཀྱི་ལྟ་སྐུལ་བཅས་བྱེད་ཤུགས་ཆེ་རུ་གཏོང་དགོས། ཁྲིམས་འགལ་སྒྲིག་འགལ་གྱི་གྱོད་དོན་འདྲ་མིན་རིགས་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱས་ཏེ་རུལ་སུངས་པར་ཉེས་ཆད་དྲག་པོ་གཅོད་དགོས།

        (དགུ ) ཕྱི་ཕྱོགས་སུ་སྒོ་འབྱེད་པའི་སྤུས་ཚད་དང་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་དགོས།

        རང་རྒྱལ་ཕྱི་ཕྱོགས་སུ་སྒོ་འབྱེད་རིམ་དུས་མཚམས་གསར་པ་ཞིག་ཏུ་སླེབས་ཡོད་པ་དང་། ཕྱིར་གཏོང་ནང་འདྲེན་གྱི་ཉོ་ཚོང་དང་ཕྱོགས་གཉིས་སུ་མ་དངུལ་འཇོག་པའི་གོ་གནས་དང་ནུས་པར་འགྱུར་ལྡོག་ཟབ་མོ་བྱུང་ཡོད། དེར་བརྟེན་ངེས་པར་དུ་དུས་བབ་གསར་པ་དང་འཚམ་པར་བྱས་ཏེ་ཕྱི་ཕྱོགས་དཔལ་འབྱོར་ལས་དོན་གྱི་བསམ་གཞི་གསར་གཏོད་དང་། ཕྱི་ཕྱོགས་དཔལ་འབྱོར་གོང་འཕེལ་གཏོང་སྟངས་བསྒྱུར་བ། སྒོ་འབྱེད་རྣམ་པའི་དཔལ་འབྱོར་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཐོག་སྒོ་འབྱེད་རྣམ་པའི་དཔལ་འབྱོར་གནས་སྟངས་ཆགས་པར་བྱ་དགོས།

        ཕྱི་ཕྱོགས་ཉོ་ཚོང་བརྟན་པོའི་ངང་གོང་འཕེལ་ཡོང་བར་བྱ་དགོས། ང་ཚོས་ནང་མཁོ་རྒྱ་ཆེར་གཏོང་དགོས་པའི་ནན་བཤད་བྱས་ཀྱང་རང་རྒྱལ་གྱི་དཔལ་འབྱོར་གོང་འཕེལ་གཏོང་རྒྱུའི་ཐད་ཕྱི་མཁོའི་གལ་ཆེའི་ནུས་པར་སྣང་ཆུང་གཏན་ནས་བྱེད་མི་རུང་། ཕྱི་ཕྱོགས་ཉོ་ཚོང་སྲིད་ཇུས་རྩ་བའི་ཆར་བརྟན་པོ་ཡོང་བ་རྒྱུན་འཁྱོངས་བྱ་དགོས། ཕྱིར་གཏོང་ཁྲལ་སློག་སྲིད་ཇུས་བརྟན་པོ་ཡོང་བར་བྱས་ནས་ཉོ་ཚོང་གི་མ་དངུལ་བསྡུ་རུབ་དང་ཡིད་རྟོན་འགན་བཅོལ་བྱེད་རྒྱ་ཆེ་རུ་གཏོང་རྒྱུ་དང་། འགག་སྒོ་དང་། སྤུས་བཤེར། ཕྱི་རྒྱལ་དངུལ་བརྗེས་སོགས་པར་ལྟ་སྐུལ་དང་ཞབས་ཞུ་ལེགས་བཅོས་བྱས་ཏེ་ཁེ་ལས་ལ་ཚོང་ཟོག་མངག་ཐོ་མི་འདང་བ་དང་། མ་གནས་ཆེ་རུ་འགྲོ་བ། འགལ་ཟླ་མང་དུ་འགྲོ་བ་སོགས་པའི་དཀའ་ངལ་དང་ཁུར་པོ་སྣ་ཚོགས་ཁྱད་བསད་བྱེད་རོགས་བྱ་དགོས་པ་དང་། ཕྱི་ཕྱོགས་ཉོ་ཚོང་གོང་འཕེལ་གཏོང་སྟངས་གང་མགྱོགས་བསྒྱུར་དགོས་ཤིང་། ཚན་རྩལ་ལ་བརྟེན་ནས་ཉོ་ཚོང་དར་རྒྱས་ཡོང་བ་དང་། སྤུས་ཚད་ལ་བརྟེན་ནས་རྣམ་པར་རྒྱལ་བ། ཁྲོམ་ར་སྣ་མང་ཅན་དུ་འགྱུར་བ་བཅས་ཀྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ་ཁེ་ལས་ཀྱིས་རང་བརྟེན་ཚོང་རྟགས་གྲགས་ཅན་དང་། ཚོང་སྒྱུར་དྲ་རྒྱ། ཞིབ་འཇུག་གསར་སྤེལ་ལྟེ་གནས་བཅས་སྐྱེད་སྲིང་བྱེད་པར་རྒྱབ་སྐྱོར་བྱས་ནས་ཞིབ་ལས་ཉོ་ཚོང་གི་རིགས་ཐོན་ལས་ཕྲེང་བ་ལེགས་གྲས་སུ་རྒྱ་སྐྱེད་དང་། དབུས་ནུབ་ཁུལ་དུ་སྤོ་སྒྱུར་ཁྲིད་སྟོན་བྱ་དགོས། ཨ་རི་དང་། ལྗར་པན། ཡོ་རོབ་བཅས་ཀྱི་སྲོལ་རྒྱུན་ཚོང་ར་སྲ་བརྟན་གཏོང་བ་དང་གསར་དར་ཚོང་ར་གཏོད་དགོས། ངལ་རྩོལ་འདུས་ཆེའི་ཐོན་རྫས་ཕྱིར་གཏོང་བརྟན་པོ་ཡོང་བ་དང་། ལག་རྩལ་མཐོ་གྲས་དང་ཟུར་བསྣན་རིན་ཐང་ཆེ་བའི་ཐོན་རྫས་ཕྱིར་གཏོང་བྱེད་རྒྱ་ཆེ་རུ་གཏོང་བ། ནུས་ཁུངས་ཟད་གྲོན་ཆེ་བ་དང་སྦགས་བཙོག་ཆེ་བའི་ཐོན་རྫས་ཕྱིར་གཏོང་ཚོད་འཛིན་བྱ་དགོས། ཞབས་ཞུའི་ཉོ་ཚོང་དང་ཞབས་ཞུ་འགན་གཙང་སྤྲོད་ལེན་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས། ནང་འདྲེན་ལ་ཤུགས་སྣོན་དང་ཉོ་ཚོང་དོ་མཉམ་ཡོང་བར་བྱེད་པའི་སློབ་སྟོན་བསམ་འཆར་བཟོ་འགོད་བྱས་ནས་ནང་འདྲེན་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ། ནང་འདྲེན་སྔར་ལས་མང་པོ་ཡོང་བར་བྱེད་གནས་བསྐྲུན་ཐོག་ཕྱིར་གཏོང་ནང་འདྲེན་དོ་མཉམ་ངང་འཕེལ་བར་བྱ་དགོས།

        ཕྱི་དངུལ་སྤྱོད་སྤུས་དག་ཏུ་གཏོང་དགོས། དགེ་མཚན་དང་ཕན་ནུས་ལྡན་པའི་ངང་ཕྱི་དངུལ་བེད་སྤྱོད་གཏོང་བའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ནས་གྲུབ་ཚུལ་ལེགས་འགྱུར་དང་སྤུས་ཚད་མཐོ་རུ་གཏོང་བར་ཡིད་གཟབ་སྔར་ལས་ལྷག་པར་བྱ་དགོས། ཕྱི་ཕྱོགས་ཚོང་པས་མ་རྩ་འཇོག་པའི་ཐོན་ལས་ལ་སློབ་སྟོན་བྱེད་པའི་དཀར་ཆག་དག་བཅོས་བྱས་པ་གསར་པ་ལག་བསྟར་བྱས་ཏེ་ཕྱི་དངུལ་སྔར་ལས་མང་པོ་སྔོན་ཐོན་བཟོ་སྐྲུན་ལས་རིགས་དང་། ལག་རྩལ་མཐོ་གསར་ཐོན་ལས། ནུས་རྒྱུ་སྲི་ཚགས་དང་ཁོར་ཡུག་སྲུང་སྐྱོང་ཐོན་ལས། དེང་རབས་ཀྱི་ཞབས་ཞུའི་ལས་རིགས། དབུས་ནུབ་ཁུལ་བཅས་ལ་འཇོག་པའི་ཁྲིད་སྟོན་བྱ་དགོས།

        “ཕྱིར་སྐྱོད ”འཐབ་ཇུས་ལག་བསྟར་བྱ་དགོས། རང་རྒྱལ་ནི་ཕྱི་ཕྱོགས་མ་དངུལ་འཇོག་ཚད་གོང་འཕེལ་ཇེ་མགྱོགས་པའི་དུས་མཚམས་སུ་གནས་ཡོད་པས། སྤྱི་ཁོག་ནས་སློབ་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྲིད་ཇུས་ཐོག་ནས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཞིབ་མཆན་འགོད་པའི་འགྲོ་ལུགས་སྟབས་བདེ་བཟོ་བ། ཞབས་ཞུ་འགན་སྲུང་འཐུས་ཚང་དུ་གཏོང་ཐུབ་པ་བཅས་བྱས་ཏེ་དབང་བའི་ལམ་ལུགས་ཀྱི་ཁེ་ལས་སྣ་མང་གིས་ཕྱི་རྒྱལ་གྱི་ནུས་ཁུངས་དང་། མ་བཅོས་རྒྱུ་ཆ། ཞིང་ལས། བཟོ་སྐྲུན་ལས་རིགས། ཞབས་ཞུའི་ལས་རིགས། རྨང་གཞིའི་སྒྲིག་བཀོད་སོགས་པའི་ཁྱབ་ཁོངས་སུ་མ་དངུལ་བཞག་སྟེ་མཉམ་ལས་དང་རྒྱལ་ཁོངས་ལས་བརྒལ་ནས་མཉམ་ཉོའི་བྱ་བ་བསྒྲུབ་པར་ཁྲིད་སྟོན་བྱ་དགོས། མངའ་ཁོངས་ཕྱིའི་དཔལ་འབྱོར་ཉོ་ཚོང་གི་མཉམ་ལས་ཁུལ་འཕེལ་རྒྱས་གཏོང་སྟངས་དཔེ་གསར་གཏོད་ནས་“ཕྱིར་སྐྱོད ”ཁེ་ལས་ཕན་ཚུན་མཉམ་སྡེབ་དང་ཁྱུ་ཚོགས་གོང་འཕེལ་གཏོང་བར་རྒྱབ་སྐྱོར་བྱ་དགོས། ཕྱི་ཕྱོགས་ངལ་ལས་ཞབས་ཞུའི་མཉམ་ལས་ཚད་ལྡན་དུ་གཏོང་དགོས། གྲོང་མིས་མངའ་ཁོངས་ཕྱིར་མ་དངུལ་འཇོག་པར་ཚོད་འཛིན་བྱེད་རིགས་ལྷུག་ཏུ་གཏོང་དགོས། ཕྱི་ཕྱོགས་མ་དངུལ་འཇོག་པའི་ཉེན་ཁར་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ་མངའ་ཁོངས་ཕྱིར་ཡོད་པའི་རང་རྒྱལ་ཁེ་ལས་ཀྱི་མི་སྣ་དང་རྒྱུ་ནོར་བདེ་འཇགས་སྲུང་སྐྱོབ་བྱ་དགོས།

        འཛམ་གླིང་གི་དཔལ་འབྱོར་བཅོས་སྐྱོང་དང་ས་ཁོངས་བར་མཉམ་ལས་བྱེད་པར་ཐེ་ཞུགས་བྱ་དགོས། དར་འཕེལ་ཆེ་བའི་རྒྱལ་ཁབ་བར་དང་དཔལ་འབྱོར་ཚོང་དོན་གྱི་འབྲེལ་བ་བརྟན་པོའི་ངང་གོང་འཕེལ་གཏོང་རྒྱུ་དང་། དར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་བར་དང་ཕྱོགས་ཡོངས་ནས་མཉམ་ལས་གཏིང་ཟབ་བྱ་དགོས། རང་མོས་ཉོ་ཚོང་ཁུལ་འཛུགས་སྐྱོང་དང་ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་དུ་བསྒྱུར་རིམ་ལ་མུ་མཐུད་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ཉི་ཤུའི་ཚོགས་པ་སོགས་འཛམ་གླིང་གི་དཔལ་འབྱོར་བཅོས་སྐྱོང་རྐྱེན་སྲོལ་འཛུགས་པར་ཧུར་ཐག་ཞུགས་ཏེ་དཔལ་འབྱོར་དངོས་ཚན་གཙོ་བོ་དང་སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་མཐུན་སྦྱོར་བྱས་ཐོག་རྣམ་པ་འདྲ་མིན་གྱི་སྲུང་སྐྱོང་རིང་ལུགས་ལ་ངོ་རྒོལ་བྱ་དགོས་པ་དང་། ཏོའུ་ཧའི་ཕྱོགས་མང་ཉོ་ཚོང་གྲོས་མོལ་དང་རྒྱལ་སྤྱིའི་དངུལ་རྩའི་མ་ལག་སྒྱུར་བཅོས་བྱེད་པའི་ཁྲོད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་དགོས།

        འཐུས་མི་རྣམ་པ།

        རང་རྒྱལ་ནི་གཅིག་གྱུར་དང་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན་ཞིང་། མི་རིགས་ཁག་མཉམ་དུ་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་དུ་དར་རྒྱས་གོང་འཕེལ་བྱུང་ན་རྒྱལ་ཁབ་གཞི་ནས་ཡར་རྒྱས་གོང་འཕེལ་ཡོང་ཐུབ། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་དང་འཐུས་ཚང་དུ་བཏང་སྟེ་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་པའི་ཀྲུང་དབྱང་གི་སྲིད་ཇུས་དང་བྱ་ཐབས་དོན་འཁྱོལ་ནན་ཏན་བྱ་དགོས་པ་དང་། མི་འབོར་ཅུང་ཉུང་བའི་མི་རིགས་འཕེལ་རྒྱས་གཏོང་བ་དང་། མཐའ་དར་དམངས་ཕྱུག་ལས་དོན་དང་། གྲངས་ཉུང་མི་རིགས་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་འཆར་འགོད་ལ་སྐུལ་འདེད་གཏོང་དགོས། འདྲ་མཉམ་མཐུན་སྒྲིལ་དང་། རོགས་རེས་ཞི་མཐུན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས།

        ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་དོན་འཁྱོལ་ནན་ཏན་བྱ་དགོས། ཆོས་ལུགས་ཚོགས་པ་དང་། ཆོས་ལུགས་ལས་རིགས་ཀྱི་མི་དྲག་དང་དད་ལྡན་མང་ཚོགས་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་། རིག་གནས་དར་རྒྱས་ཡོང་བ། སྤྱི་ཚོགས་ཞི་མཐུན་ཡོང་བ་བཅས་བྱེད་སྐབས་ཁོང་ཚོའི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས།

        ཕྱིར་སྡོད་རང་མིའི་ལས་དོན་སྐོར་གྱི་ཏང་གི་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱ་དགོས། ཕྱིར་སྡོད་རང་མི་དང་། ཕྱིར་ལོག་རང་མི་དང་ཕྱིར་སྡོད་རང་མིའི་ཁྱིམ་མི་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་ཏེ་ཁོང་ཚོས་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་དང་ཞི་བས་གོང་བུ་གཅིག་གྱུར་ཡོང་བའི་མེས་རྒྱལ་གྱི་བྱ་གཞག་ཆེན་པོར་ཞུགས་པར་རྒྱབ་སྐྱོར་བྱ་དགོས།

        འཐུས་མི་རྣམ་པ།

        སྲ་ཞིང་བརྟན་པའི་རྒྱལ་སྲུང་དང་སྟོབས་དང་ལྡན་པའི་དམག་དཔུང་ནི་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། གོང་དུ་སྤེལ་བའི་ཁེ་ཕན་བཅས་སྲུང་སྐྱོང་བྱེད་པའི་རྒྱབ་རྟེན་འགྱུར་མེད་སྟོབས་ལྡན་རེད། དུས་རབས་གསར་པ་དང་དུས་རིམ་གསར་པའི་དམག་དཔུང་གི་ལོ་རྒྱུས་ལས་འགན་ཁྱོན་ཡོངས་ནས་སྒྲུབ་པར་དམིགས་ཏེ་དམག་དཔུང་གསར་བརྗེ་ཅན་དང་། དེང་རབས་ཅན། ཚད་ལྡན་ཅན་བཅས་སུ་འགྱུར་བའི་འཛུགས་སྐྲུན་བྱེད་པར་ཁྱོན་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་ཆ་འཕྲིན་ཅན་དུ་འགྱུར་བའི་ཆ་རྐྱེན་འོག་དམག་འཁྲུག་ཆ་ཤས་རྣམ་པར་རྒྱལ་བར་བྱེད་པའི་ནུས་པ་གཙོ་བོར་འཛིན་པའི་དམག་དོན་གྱི་ལས་འགན་སྣ་ཚོགས་ལེགས་འགྲུབ་བྱེད་པའི་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། བསམ་བློ་དང་ཆབ་སྲིད་ལེགས་སྐྱོང་བྱེད་པར་ཤུགས་སྣོན་དང་། ཏང་གིས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱེད་པའི་རྩ་བའི་རྩ་དོན་དང་མི་དམངས་དམག་དཔུང་གི་རྩ་བའི་དམིགས་ཡུལ་མཐའ་འཁྱོངས་བྱ་དགོས། ཆ་འཕྲིན་ཅན་དུ་འགྱུར་བའི་ཆ་རྐྱེན་འོག་ཏུ་དམག་དོན་སྦྱོང་བརྡར་ཧུར་ཐག་བྱ་དགོས། དེང་རབས་ཅན་དུ་འགྱུར་བའི་རྒྱབ་ཕྱོགས་མཁོ་སྒྲུབ་ཀྱི་གོམ་སྟབས་ཁྱོན་ཡོངས་ནས་ཇེ་མགྱོགས་སུ་གཏོང་དགོས། རྒྱལ་སྲུང་ཚན་རྩལ་དང་གོ་མཚོན་དང་སྒྲིག་ཆས་རང་བརྟེན་གསར་སྐྲུན་བྱེད་ནུས་ཆེ་རུ་ཤུགས་ཆེན་གཏོང་དགོས། བྱང་ཚད་མཐོ་བའི་དམག་དོན་ཤེས་ལྡན་མི་སྣ་གསར་གྲས་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་ཧུར་ཐག་དང་བརྟན་པོའི་སྒོ་ནས་བྱ་དགོས། ཁྲིམས་ལྟར་དམག་སྐྱོང་དང་དམག་སྐྱོང་ནན་པོ་བྱ་རྒྱུ་མཐའ་འཁྱོངས་བྱ་དགོས། དེང་རབས་ཅན་དུ་འགྱུར་བའི་ཉེན་རྟོག་དྲག་དཔུང་གི་སྟོབས་ཤུགས་ཁྱོན་ཡོངས་ནས་འཛུགས་སྐྱོང་བྱ་དགོས། རྒྱལ་སྲུང་སྐུལ་སློང་དང་རྗེས་གྲབས་སྟོབས་ཤུགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། འཇིགས་གཏུམ་ལ་རྒོལ་བ་དང་བརྟན་གནས་སྲུང་བ། གློ་བུར་དུ་བྱུང་བའི་དོན་རྐྱེན་ཐག་གཅོད། ཉེན་སེལ་རྒུད་སྐྱོབ་སོགས་ཀྱི་ལས་འགན་ལེགས་འགྲུབ་མཐའ་གཅིག་ཏུ་བྱ་དགོས། དམག་དམངས་ཟུང་འབྲེལ་དང་། དམངས་ཁྲོད་དམག་ཚུད་མཐའ་འཁྱོངས་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དམག་དམངས་ལྷན་འདུས་ཀྱི་འཕེལ་རྒྱས་ལམ་བུར་བསྐྱོད་རྒྱུ་མཐའ་འཁྱོངས་བྱ་དགོས་པ་དང་། དམངས་སྲིད་དང་དམག་དམངས་བར་གྱི་མཐུན་སྒྲིལ་སྲ་བརྟན་དང་གོང་སྤེལ་གཏོང་དགོས།

        འཐུས་མི་རྣམ་པ།

        ཤང་ཀང་དང་། ཨའོ་མོན། མེས་རྒྱལ་གསུམ་ནི་བདག་གཞན་མཉམ་བརྗེ་དང་གཟི་བརྗིད་དང་བཪྙས་བཅོས་མཉམ་མྱོང་རེད། ང་ཚོས “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས ”དང་། “ཤང་ཀང་བས་ཤང་ཀང་སྐྱོང་བ ” “ཨའོ་མོན་བས་ཨའོ་མོན་སྐྱོང་བ ” རང་སྐྱོང་ཚད་མཐོ་བྱེད་པ་བཅས་ཀྱི་བྱེད་ཕྱོགས་བློ་བརྟན་འགྱུར་མེད་ཀྱིས་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཤང་ཀང་དང་ཨའོ་མོན་གྱིས་དཔལ་འབྱོར་གོང་དུ་སྤེལ་བ་དང་། དམངས་ཀྱི་འཚོ་བ་ལེགས་བཅོས། དམངས་གཙོར་སྐུལ་སྤེལ་བཅས་བྱེད་པར་ནུས་ཤུགས་ཡོད་རྒུ་བཏོན་ནས་རྒྱབ་སྐྱོར་བྱ་རྒྱུ་ཡིན། དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་རྒྱལ་སྤྱིའི་དཔལ་འབྱོར་གྱི་ཉེན་ཁའི་འགྲན་སློང་ལ་ཁ་གཏད་ཧུར་ཐག་འཇལ་བ་དང་། དཔལ་འབྱོར་དང་དངུལ་རྩ་བརྟན་གནས་དང་ཡུན་རིང་དར་རྒྱས་གོང་སྤེལ་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཤང་ཀང་དང་ཨའོ་མོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བར་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པ་འབྲེལ་མཐུད་དང་དོན་འཁྱོལ་ལེགས་པོ་བྱས་ཏེ་ནང་སས་ཤང་ཀང་དང་ཨའོ་མོན་ལ་ཉོ་ཚོང་གི་ཞབས་ཞུའི་སྒོ་འབྱེད་ཚད་མཐོ་རུ་ཆེས་ཆེར་གཏོང་བ་དང་། ཤང་ཀང་དང་། ཀྲུའུ་ཅང་གཙང་པོ། ཨའོ་མོན་བཅས་ཀྱི་ཟམ་ཆེན་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་འབྲེལ་མཐུད་བྱེད་པར་སྐུལ་སྤེལ་ཇེ་མགྱོགས་སུ་གཏོང་བ། མཉམ་ལས་ཟབ་སྤེལ་དང་། རྒྱལ་སྤྱི་དང་ས་ཁོངས་ཀྱི་དཔལ་འབྱོར་མཉམ་ལས་ལ་ཤང་ཀང་དང་ཨའོ་མོན་ཞུགས་པར་རྒྱབ་སྐྱོར་བྱ་རྒྱུ་བཅས་ཡིན། རྒྱལ་སྤྱིའི་དངུལ་རྩ་དང་། ཉོ་ཚོང་། མཚོ་ཐོག་སྐྱེལ་འདྲེན་བཅས་ཤང་ཀང་གི་ལྟེ་གནས་གོ་བབ་སྲ་བརྟན་དང་ཇེ་མཐོར་གཏོང་བར་རྒྱབ་སྐྱོར་བྱ་རྒྱུ་དང་། འགག་སྒོ་ལས་བྲལ་བའི་མི་དམངས་ཤོག་སྒོར་ལས་སྒོའི་ལྟེ་གནས་འཛུགས་སྐྱོང་བྱ་རྒྱུ་བཅས་ཡིན། ཨའོ་མོན་གྱིས་འཛམ་གླིང་གི་ཡུལ་སྐོར་སྤྲོ་གསེང་ལྟེ་གནས་འཛུགས་སྐྱོང་བྱེད་པར་རྒྱབ་སྐྱོར་དང་། ཧེང་ཆིན་ཁུལ་གསར་འཛུགས་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ། དཔལ་འབྱོར་སྣེ་མང་གོང་སྤེལ་འོས་འཚམ་ཡོང་བར་བྱ་རྒྱུ་བཅས་ཡིན། རླབས་ཆེན་མེས་རྒྱལ་གྱིས་རྒྱབ་རྟེན་འགྱུར་མེད་སྟོབས་ལྡན་བྱས་ཚེ་སྤུན་ཟླ་ཞང་ཀང་བ་དང་ཨའོ་མོན་བས་རང་ཉིད་ཀྱི་ཁྱིམ་གཞིས་སྔར་ལས་མཛེས་སྡུག་ལྡན་པ་ཞིག་བསྐྲུན་ཐུབ་ངེས་ཡིན་པར་ང་ཚོས་ཡིད་ཆེས་བྱེད་བཞིན་ཡོད།

        འདས་ཟིན་པའི་ལོ་གཅིག་རིང་མཚོ་འགག་ངོགས་གཉིས་ཀྱི་འབྲེལ་བར་ཉམས་སད་དྲག་པོ་ཐེག་སྟེ་དགེ་མཚན་ལྡན་པའི་འཕེལ་རྒྱས་བྱུང་བ་རེད། “ཐའེ་ཝན་རང་བཙན ”ལ་ངོ་རྒོལ་དང་། “དགུ་གཉིས་ཐུན་མོང་ལྟ་བར ”ངོས་འཛིན་གཅིག་མཐུན་ཡོང་བ། མཉམ་ལས་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་སྤེལ་རེས་བྱེད་པ། མཚོ་འགག་ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་ངང་གོང་སྤེལ་གཏོང་རྒྱུ་བཅས་ནི་མཚོ་འགག་ངོགས་གཉིས་ཀྱི་སྤུན་ཟླ་ཐུན་མོང་གི་བསམ་འདུན་ཇེ་ཆེར་འགྱུར་བཞིན་ཡོད། ལོ་གསར་པར་ཐའེ་ཝན་གྱི་ལས་དོན་ལ་འཛིན་པའི་ཀྲུང་དབྱང་གི་སྲིད་དོན་གལ་ཆེན་དང་བྱེད་ཕྱོགས་ང་ཚོས་མུ་མཐུད་མཐའ་འཁྱོངས་བྱས་ཏེ་མཚོ་འགག་ངོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་བའི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། དམངས་འདུན་བཅས་ཀྱི་རྨང་གཞི་བརྟན་དུ་གཏོང་བ་དང་། མཚོ་འགག་ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་ངང་འཕེལ་རྒྱས་གཏོང་བའི་རྣམ་པ་གསར་པ་རྒྱ་སྐྱེད་དགོས། དཔལ་འབྱོར་དང་དངུལ་རྩའི་མ་དངུལ་རུབ་བསྡུ་ཁྱོན་ཡོངས་ནས་ཟབ་སྤེལ་དང་། མཚོ་འགག་ངོགས་གཉིས་ཀྱི་དཔལ་འབྱོར་མཉམ་ལས་གཞི་སྒྲོམ་གྱི་གྲོས་མཐུན་རྗེས་མཐུད་བགྲོ་གླེང་འཕེལ་རྒྱས་གསར་པ་ཡོང་བར་བྱ་དགོས། མཚོ་འགག་ནུབ་ངོགས་ཀྱི་དཔལ་འབྱོར་ཁུལ་འཛུགས་སྐྱོང་ཇེ་མགྱོགས་སུ་གཏོང་དགོས། ལས་རིགས་ཁག་འགྲོ་འོང་བྱེད་རྒྱ་ཇེ་ཆེར་ཧུར་ཐག་གཏོང་བ་དང་། རིག་གནས་དང་སློབ་གསོ་སོགས་སྤེལ་རེས་བྱས་ཏེ་མཚོ་འགག་ངོགས་གཉིས་ཀྱི་སྤུན་ཟླའི་འབྲེལ་བ་སྔར་ལས་དམ་ཟབ་དང་། བརྩེ་དུང་སྔར་ལས་ཟབ་པ། ཁེ་ཕན་སྔར་ལས་མཉམ་འདྲེས་ཡོང་བ་བཅས་བྱ་དགོས། ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱིས་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ཏེ་མེས་རྒྱལ་གོང་བུ་གཅིག་གྱུར་ཡོང་བའི་བྱ་གཞག་ཆེན་པོ་ལེགས་འགྲུབ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་དུ་འགྱུར་ཕྱིར་འབད་བརྩོན་ཧུར་ཐག་བྱ་དགོས།

        འཐུས་མི་རྣམ་པ།

        ལོ་གསར་པར་ཕྱི་འབྲེལ་ལས་དོན་བསྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་ཁྱོན་ཡོངས་ལ་ཞབས་འདེགས་སྔར་ལས་ལེགས་པར་ཞུ་བ་དང་། འཛམ་གླིང་གི་དཔལ་འབྱོར་འཕར་སྣོན་ཡོང་བར་སྐུལ་སྤེལ་དང་ཞི་བདེ་དང་བརྟན་གནས་སྲུང་སྐྱོང་བྱེད་ཕྱིར་ལེགས་སྐྱེས་སྔར་ལས་ཆེ་བ་འབུལ་དགོས། ང་ཚོས་མཐའ་འཁོར་རྒྱལ་ཁབ་བར་དང་ཁྱིམ་མཚེས་ལྟ་བུའི་མཛའ་མཐུན་འབྲེལ་བ་མུ་མཐུད་གཏིང་ཟབ་ཏུ་སྤེལ་བ་དང་། མཐའ་འཁོར་གྱི་མཉམ་ལས་རྐྱེན་སྲོལ་སྣ་ཚོགས་ལ་ཧུར་ཐག་ཞུགས་པ། ས་ཁོངས་མཉམ་ལས་འཕེལ་རྒྱས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་ཐུན་མོང་དུ་ཞི་བདེ་དང་བརྟན་གནས། འདྲ་མཉམ་དང་ཕན་ཚུན་ཡིད་ཆེས། མཉམ་ལས་མཉམ་རྒྱལ་བཅས་ཀྱི་ས་ཁུལ་དང་ཁོར་ཡུག་བསྐྲུན་དགོས། ང་ཚོས་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་མཐུན་སྒྲིལ་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྲོལ་རྒྱུན་ལྡན་པའི་མཛའ་མཐུན་ཇེ་ཟབ། གཉིས་ཕན་མཉམ་ལས་རྒྱ་སྐྱེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་ངོ་སྟོང་ལྡན་གྱི་གོང་སྤེལ་དམིགས་འབེན་མངོན་དུ་འགྱུར་བར་སྐུལ་འདེད། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ལུགས་མཐུན་ཁེ་དབང་དང་ཐུན་མོང་གི་ཁེ་ཕན་སྲུང་སྐྱོང་བཅས་བྱ་དགོས། ང་ཚོས་རྒྱལ་ཁབ་ཆེ་རིགས་ཁག་དང་འཐབ་ཇུས་ཀྱི་གླེང་མོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་ཇེ་ཟབ། མཉམ་ལས་ཁྱབ་ཁོངས་རྒྱ་སྐྱེད། ཕན་ཚུན་གྱི་འབྲེལ་བ་ཡུན་རིང་བརྟན་གནས་དང་སྐྱོན་བྲལ་ངང་གོང་འཕེལ་ཡོང་བ་བཅས་བྱ་དགོས། ང་ཚོས་ཕྱོགས་མང་ལས་དོན་དང་སའི་གོ་ལ་ཧྲིལ་པོ་བཅོས་སྐྱོང་བྱེད་པར་ཧུར་ཐག་ཞུགས་རྒྱུ་དང་། རྒྱལ་སྤྱིའི་སྒྲིག་ལམ་སྔར་ལས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་བར་བྱ་དགོས། ཀྲུང་གོས་ཞི་བས་འཕེལ་རྒྱས་གཏོང་བའི་ལམ་བུར་བློ་བརྟན་འགྱུར་མེད་ཀྱིས་བསྐྱོད་པ་དང་། རང་བཙན་རང་བདག་གི་ཞི་བའི་ཕྱི་འབྲེལ་སྲིད་ཇུས་མཐའ་འཁྱོངས། གཉིས་ཕན་མཉམ་རྒྱལ་གྱི་སྒོ་འབྱེད་འཐབ་ཇུས་ལག་བསྟར་བཅས་བྱས་ཏེ་འཛམ་གླིང་རྒྱལ་ཁབ་ཁག་དང་མཉམ་དུ་མིའི་རིགས་ཤེས་རིག་གིས་ཕྱུག་པ་དང་ཡར་རྒྱས་ཡོང་བར་བྱེད་པ་དང་། རྒྱལ་ཁབ་ཁག་གི་མི་དམངས་བདེ་སྐྱིད་ཡོང་བ་དང་ཡུན་རིང་ཞི་བདེ་དང་ཐུན་མོང་དུ་དར་རྒྱས་ཡོང་བའི་ཞི་མཐུན་འཛམ་གླིང་བསྐྲུན་ཕྱིར་འབད་བརྩོན་ལྷོད་མེད་བྱ་དགོས།

        འཐུས་མི་རྣམ་པ།

        སྔོན་བྱས་ཕྱིར་དྲན་སོས་སྐབས་ང་ཚོས་འབད་འཐབ་དང་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་བསྐྱོད་པས། གྲུབ་འབྲས་མངོན་གསལ་ཐོབ་པ་དང་། མ་འོངས་པར་རྒྱང་ལྟ་བྱེད་སྐབས་ང་ཚོའི་ལས་འགན་ཆེ་ལ་ལམ་ཐག་རིང་བས་སྔར་བཞིན་འབད་བརྩོན་ལྷོད་མེད་བྱ་དགོས། བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་ང་ཚོས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་བསམ་བློ་བཅིངས་འགྲོལ་གཏོང་བ་དང་། གསར་གཏོད་ཡར་བརྩོན། ལས་དོན་ཏན་ཏིག་སྒྲུབ་པ་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་གྱི་རྣམ་པ་གསར་པ་སྟོབས་ཤུགས་ཆེར་སྐྱེད་ཀྱིས་གསར་གཏོད་བྱ་དགོས།

        (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་15ཉིན་འབྱོར་བའི་གློག་འཕྲིན )

        (རྒྱལ་ཡོངས་མི་དམངས་འཐུས་ཚོཌ་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་ལྔ་པའི་དྲུང་ཡིག་ཁང་ནས་མཁོ་འདོན་བྱས་པ་གཞིར་བཟུང )

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།