བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན།
བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་ཀྲང་། ཀྲང་ཕེ་ཀྲུང་གིས།
འཐུས་མི་རྣམ་པ།
ད་ལྟ་ངས་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཚབ་ཞུས་ཏེ་ཚོགས་ཆེན་ལ་ལས་དོན་སྙན་སྒྲོན་ཞུ་རྒྱུ་ཡིན་པས་གྲོས་ཞིབ་ཡོད་པ་ཞུ་རྒྱུ་དང་འབྲེལ་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་རྣམ་པ་དང་ཟུར་ཞུགས་བློ་མཐུན་རྣམ་པས་དགོངས་འཆར་འདོན་གནང་ཡོད་པ་ཞུ།
2011ལོ་ནི་ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཡང་དག་པའི་འགོ་ཁྲིད་དང་། མི་དམངས་འཐུས་ཚོགས་ཀྱི་ནུས་ཡོད་ལྟ་སྐུལ། སྲིད་གཞུང་གི་ཤུགས་ཆེའི་རྒྱབ་སྐྱོར། སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་བཅས་དང་སྤྱི་ཚོགས་ལས་རིགས་ཁག་གི་ཐུགས་ཁུར་འོག་ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ་དང་། བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་འགན་འཁྲི་ཨང་དང་པོར་བརྩི་བ་དང་། གོང་འཕེལ་ལ་ཞབས་འདེགས་ཞུ་རྒྱུ་གལ་ཆེའི་ལས་འགན་ཨང་དང་པོར་བརྩི་བ། དམངས་འཚོ་འགན་ལེན་བྱེད་རྒྱུ་དམིགས་ཚད་ཨང་དང་པོར་བརྩི་བ་བཅས་བྱས་ཏེ་ཁྲིམས་ལུགས་ལྟ་སྐུལ་གྱི་འགན་འཁྲི་ནན་ཏན་ངང་འཁུར་བ་དང་། གཙོ་གནད་ལས་དོན་གསུམ་གཏིང་ཟབ་ངང་སྤེལ་ནས་ལྗོངས་ཡོངས་ཀྱི་གོང་འཕེལ་བརྟན་ལྷིང་ལ་ཞབས་ཞུའི་འགན་ལེན་ཡག་པོ་བྱས་ཡོད།
གཅིག ལས་ཀའི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་རྒྱུར་ལེགས་སྐྱེས་གསར་པ་ཕུལ་བ།
ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཀྲུང་དབྱང་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་གལ་ཆེའི་ཇུས་ཐག་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་ཏེ་བོད་ཀྱི་གོང་འཕེལ་དང་བརྟན་ལྷིང་ལ་ཁྲིམས་ལུགས་ཀྱི་འགན་སྲུང་དང་ཞབས་ཞུ་ནུས་ལྡན་བྱས་ཡོད། གཅིག་ནི། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་ངང་སྤེལ་ཏེ་རྒྱལ་ཁབ་ཀྱི་བདེ་འཇགས་སེམས་ཐག་གཙང་བཅད་ངང་སྲུང་སྐྱོང་བྱས་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་“སྔ་ཙམ་དམ་འཛིན་དང་། ཆུང་ངུ་ནས་དམ་འཛིན། མགྱོགས་མྱུར་དམ་འཛིན། གང་ལེགས་དམ་འཛིན ”བཅས་བྱེད་རྒྱུའི་བླང་བྱ་ལྟར་ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་དང་། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་ལས་འགན་ཨང་དང་པོར་བརྩིས་ནས་ཆབ་སྲིད་ཀྱི་འགན་འཁྲི་འཁུར་ཕོད་པ་དང་། འཁྲི་འགན་སེམས་ལ་བརྟན་པོར་བཅངས་པ། ས་སྲུང་འགན་འཁུར་བཅས་བྱས་ཏེ་བརྟན་ལྷིང་ནི་མཐའ་དག་ལས་ལྷག་པའི་བསམ་བློ་བརྟན་པོར་བཙུགས་ཡོད། རང་འགུལ་ངང་སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་ནས་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུའི་ལས་ཀའི་གལ་ཆེའི་ལྷུ་ཚིགས་དམ་ཐག་ཆོད་བཟུང་སྟེ་བརྟན་ལྷིང་སྲུང་སྐྱོབ་བྱེད་རྒྱུའི་གཡུལ་འགྱེད་གཙོ་གནད་གསུམ་གྱི་ནང་ཧུར་བརྩོན་ངང་ཞུགས་ནས་འཚུབ་ཆ་ཆེ་བའི་དུས་མཚམས་དང་གལ་ཆེའི་བྱེད་སྒོ་སྤེལ་རིང་གི་སྤྱི་ཚོགས་བརྟན་ལྷིང་ནུས་ཤུགས་ཡོད་རྒུ་བཏོན་ནས་སྲུང་སྐྱོང་བྱས་ཡོད། སྤྱི་བདེ་དང་ ཁྲིམས་ཁང་སོགས་ཚན་པ་དང་གཞོགས་འདེགས་དམ་ཟབ་བྱས་ཏེ་ཏཱ་ལའི་རུ་ཚོགས་ཀྱི་ཁ་ཕྲལ་གཏོར་བཤིག་གི་སྤྱོད་ངན་སྣ་ཚོགས་ལ་ཁྲིམས་ལུགས་ལྟར་རྡུང་རྡེག་ཚ་ནན་བཏང་ཡོད། གཉིས་ནི། ཉེས་དོན་ཉེས་གསོག་ལ་ཁྲིམས་ལུགས་ལྟར་རྡུང་རྡེག་བཏང་སྟེ་སྤྱི་ཚོགས་ཀྱི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་གང་ཐུབ་བྱས་ཡོད། ལོ་ཧྲིལ་པོར་ཉེས་དོན་ཉེས་གསོག་གི་དོགས་ཡོད་མི་སྣ་བསྡོམས་1384འཛིན་བཟུང་བྱ་རྒྱུའི་ཆོག་མཆན་སྤྲད་པ་དེ་དུས་མཚུངས་དང་བསྡུར་ན་10.4%ཆག་པ་དང་། མི་སྣ་1432ལ་ཞུ་གཏུག་བྱས་ཡོད་པ་དེ་དུས་མཚུངས་དང་བསྡུར་ན་9.7%ཆག་ཡོད། ཐོག་མའི་ཉེས་པ་གསོག་མཁན་དང་། སྟེས་དབང་དུ་ཉེས་པ་གསོག་མཁན། ནོར་འཛོལ་གྱིས་ཉེས་པ་གསོག་མཁན། ལོ་ན་མ་སོན་པར་ཉེས་པ་གསོག་མཁན། ན་སོ་རྒས་ཏེ་ཉེས་པ་གསོག་མཁན། “དམངས་དོན་ནས་ཉེས་དོན ”དུ་བསྒྱུར་བའི་གྱོད་གཞིའི་ནང་གི་ཉེས་ཚབས་ཆུང་བའི་མི་སྣ་ཁ་ཤས་བཅས་ལ་ཁྲིམས་ལུགས་ལྟར་ཉེས་པ་ཅན་དུ་མི་བརྩི་བའི་ཐག་གཅོད་བྱེད་རྒྱ་ཆེ་རུ་བཏང་སྟེ་མི་གྲངས་497འཛིན་བཟུང་བྱ་རྒྱུར་ཆོག་མཆན་སྤྲད་མེད་པ་དང་ཁོ་ཚོར་གཏུག་བཤེར་བྱས་མེད་པ་དེ་དུས་མཚུངས་དང་བསྡུར་ན་31.1%འཕར་ཡོད། གསུམ་ནི། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུར་ཞབས་འདེགས་ཞུས་པ། ཁེ་ལས་གོང་འཕེལ་གཏོང་རྒྱུར་ཞབས་འདེགས་ནུས་ལྡན་ཞུས་ཏེ། དོན་དེ་དཔལ་འབྱོར་མཆོང་སྐྱོད་ལྟ་བུའི་གོང་འཕེལ་འགྲོ་རྒྱུར་ཞབས་འདེགས་ཞུ་བའི་འཇུག་སྒོ་དང་ཤུགས་རྒྱག་ས་གཙོ་བོར་བརྩིས་ཏེ་ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ནང “གོང་འཕེལ་འགྲོ་རྒྱུར་ཕན་པ་ཡོད་པ་དང་། ཁྲིམས་ལུགས་དང་མ་འགལ་བ་ཡིན་ཕྱིན་ཞབས་འདེགས་ཞུ་རྒྱུར་གཡོ་འགུལ་མི་བྱེད་པའི ”རྩ་དོན་རྒྱུན་འཁྱོངས་ཀྱིས་ཁེ་ལས་གོང་འཕེལ་གཏོང་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གལ་ཆེའི་ཐབས་ཇུས་ཀྱི་བཀོད་སྒྲིག་རྗེས་སུ་དམ་པོར་འབྲངས་ཏེ་ང་ཚོས “སྟངས་འཛིན་དྲུག་དང་། གཟབ་ནན་དྲུག འགན་ལེན་དྲུག ”བཅས་ཁེ་ལས་ལ་ཞབས་འདེགས་ཞུ་བའི་ཞིབ་ཕྲའི་བྱ་ཐབས་ཁག་18ཧུར་བརྩོན་ངང་བཏོན་ཏེ་ཁེ་ལས་རྒྱུན་ལྡན་ངང་གཉེར་སྐྱོང་དང་གོང་འཕེལ་གཏོང་རྒྱུར་ནུས་ཤུགས་གང་ཡོད་བཏོན་ནས་འགན་ལེན་བྱས་ཡོད། གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་རྒྱུར་ཞབས་འདེགས་ནུས་ལྡན་ཞུས་པ། ཞིབ་དཔྱོད་ཀྱི་ནུས་ཤུགས་གཤམ་གཏོང་བྱེད་རྒྱུ་ཁྱབ་སྤེལ་ཧུར་ཐག་བཏང་སྟེ་ཁྲིམས་ལུགས་ཀྱི་ལྟ་སྐུལ་བྱེད་ཁོངས་རྒྱ་སྐྱེད་བཏང་ཐོག་ལྗོངས་ཡོངས་སུ་ཞིབ་དཔྱོད་མི་སྣ་1300ལྷག་ཙམ་གྲོང་གསེབ་ཏུ་བསྐྱོད་པ་དང་སྡེ་ཁུལ་དུ་བསྐྱོད་ནས་སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་ཚུལ་ཤེས་རྟོགས་བྱས་པ་དང་། མང་ཚོགས་ཀྱི་བསམ་ཚུལ་ལ་ཉམས་ཞིབ་བྱས་པ། སྲིད་ཁྲིམས་ཀྱི་དགོས་མཁོ་ཤེས་པ་བྱས་པ། ཁྲིམས་ལུགས་གྲོས་འདྲིའི་བྱེད་སྒོ་སྤེལ་བ། སློབ་གསོ་སྦྱོང་བརྡར་བྱས་པ་བཅས་མི་ཐེངས་12000ལྷག་ཙམ་ཟིན་པ། གྱོད་ཞིབ་བྱས་པའི་ནང་ནས་ཤེས་པའི་གྲོང་གསེབ་ཀྱི་སྤྱི་ཚོགས་བདེ་འཇགས་དང་། དགོན་པའི་དོ་དམ། ཞིང་སྐྱོར་ཞིང་ཕན་གྱི་སྲིད་ཇུས་དོན་འཁྱོལ་བྱེད་རྒྱུ། གྲོང་གསེབ་ཀྱི་ལས་དོན་ཡོངས་བསྒྲགས་བྱེད་རྒྱུ་སོགས་ཀྱི་ཐད་ལྷག་པའི་གནད་དོན་དང་ཟུང་འབྲེལ་གྱིས་གཞི་རིམ་རྩ་འཛུགས་དང་རིམ་གོང་ཏང་ཨུད་ལ་བྱེད་ཐབས་དང་གྲོས་འཆར་113ཧུར་བརྩོན་ངང་བཏོན་ཡོད། གོང་སྤེལ་གྱི་ཁོར་ཡུག་ལེགས་འགྱུར་བྱ་རྒྱུར་ཞབས་འདེགས་ནུས་ལྡན་ཞུས་པ། བཟའ་བཅའ་དང་སྨན་རྫས་ཀྱི་བདེ་འཇགས་ལ་གནོད་སྐྱོན་བཟོ་བ་དང་ཤེས་བྱའི་བདག་དབང་བཙན་བཟུང་བྱེད་པར་རྡུང་རྡེག་གཏོང་རྒྱུ་དང་། ཚོང་ལས་ཀྱི་ལྐོག་རྔན་སྤྲོད་པར་བཅོས་སྐྱོང་བྱ་རྒྱུ་སོགས་ཀྱི་ཆེད་དོན་བྱ་སྤྱོད་གཏིང་ཟབ་ངང་སྤེལ་ཏེ་ཁྲོམ་རའི་དཔལ་འབྱོར་གྱི་སྒྲིག་ལམ་ལ་གནོད་སྐྱོན་གཏོང་བའི་ཉེས་གསོག་གྱོད་གཞི་26དང་མི་37འཛིན་བཟུང་བྱ་རྒྱུར་ཆོག་མཆན་སྤྲད་པ་དང་། བཟོ་སྐྲུན་ཁྱབ་ཁོངས་ནང་གི་ཉེས་གསོག་གྱོད་གཞི་7དང་མི་7ལ་ཞིབ་བཤེར་ཐག་གཅོད་བྱས་ཡོད། བཞི་ནི། གཙོ་གནད་ཀྱི་ལས་དོན་ཁག་གསུམ་གཏིང་ཟབ་ངང་སྤེལ་བ། སྤྱི་ཚོགས་ཀྱི་འགལ་ཟླ་ཞི་འགྱུར་ཡོང་བར་སྐུལ་འདེད་གཏིང་ཟབ་བཏང་ནས་ སྤྱི་ཚོགས་ཀྱི་འགལ་ཟླའི་རྩོད་ཪྙོག་བསྡོམས་580ཞི་འགྱུར་ཡོང་བ་བྱས་པ་དང་། དོགས་ཡོད་གྱོད་གཞི་ཆེ་ཁག་ལ་མིང་བྱང་བཟོས་ནས་ཐག་གཅོད་བྱེད་རྒྱུའི་གཞན་སྐུལ་བྱས་པ། ཁྲིམས་སྒྱུར་གྱོད་ཞིབ་བྱེད་པའི་ཉེན་འགན་ལ་ཚོད་དཔག་བྱེད་རྒྱུའི་ཉེན་ཟོན་ཉེན་བརྡ་གཏོང་ཐབས་ཁྱབ་སྤེལ་བཏང་ནས་གྱོད་གཞི་རེ་རེའི་འགན་འཁྲི་གསལ་པོ་བཟོ་བ་དང་། ཞུ་གཏུག་མཚམས་འཇོག་དང་ཞུ་བཅར་མཚམས་འཇོག་བྱེད་ཐབས་གཏན་འབེབས་བྱས་ནས་ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ནས་བང་བསྒྲིགས་ཞིབ་བཤེར་བྱས་པའི་ཁྲིམས་ལུགས་དང་ཞུ་གཏུག་དང་འབྲེལ་ཡོད་གྱོད་གཞི་31ནང་ནས་ཞིབ་བཤེར་གྱི་ལྷུ་ཚིགས་ནང་ཞི་འགྱུར་བྱས་པའི་གྱོད་གཞི་4དང་འབྲེལ་ཡོད་ཚན་པར་མཐའ་མའི་ཐག་གཅོད་བྱེད་རྒྱུར་སྤྲད་པའི་གྱོད་གཞི་27ཡོད། སྤྱི་ཚོགས་དོ་དམ་གསར་གཏོད་བྱ་རྒྱུ་གཏིང་ཟབ་ངང་སྤེལ་ནས་གྲོང་གསེབ་དུ་བཅའ་སྡོད་དང་། དགོན་སྡེར་བཅའ་སྡོད། མཐའ་མཚམས་སུ་བཅའ་སྡོད། ལྕགས་ལམ་རྒྱུད་དུ་བཅའ་སྡོད་བཅས་བྱ་རྒྱུའི་ལས་ཀར་ཧུར་བརྩོན་ངང་ཞུགས་ནས་ཞིབ་དཔྱོད་མི་སྣ་852སྲིད་འཛིན་གྲོང་ཚོ་213ལ་བཅའ་སྡོད་བྱ་རྒྱུར་བདམས་གཏོང་བྱས་པ་དང་། མི་གྲངས་449དགོན་སྡེ་376ལ་བཅའ་སྡོད་བྱེད་རྒྱུར་བདམས་གཏོང་བྱས་པ། ལོ་ཧྲིལ་པོར་མི་ཐེངས་72266བཏང་སྟེ་མཐའ་མཚམས་སྒྲོལ་ལམ་40དང་། རིང་ཚད་སྤྱི་ལེ་240ཟིན་པའི་མཚོ་བོད་ལྕགས་ལམ་གྱི་ལམ་རྒྱུད་ལ་བཏང་ནས་དོ་དམ་དང་བཀག་སྡོམ་ནན་པོ་བྱས་ཡོད། ཉེས་ཆད་ཀྱི་དུས་ཚད་གཙང་ནས་གློད་འགྲོལ་བཏང་བ་དང་ངལ་རྩོལ་སློབ་གཅུན་བྱེད་མཚམས་བཞག་པའི་མི་སྣ་དང་། གྱོད་གཞི་དང་འབྲེལ་ཡོད་ལོ་ན་མ་སོན་པའི་རིགས་སོགས་དམིགས་བསལ་མི་སྣར་རོགས་རམ་སློབ་གསོ་དང་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་པའི་མི་ཐེངས་172ཟིན་པ། གཞོན་ནུ་ལོ་ཆུང་གི་ཉེས་གསོག་གྱོད་གཞིའི་ཐད “སྔོན་ཞིབ་མཇུག་བསྡུས ”བྱ་རྒྱུ་སོགས་ཀྱི་ལས་ཀ་ནན་ཏན་ངང་བྱས་ཡོད། གཞུང་དྲང་སྤྱོད་གཙང་ཐད་ཁྲིམས་སྒྱུར་ལས་ཀ་གཏིང་ཟབ་ངང་སྤེལ་ནས་ རང་ངོས་ཀྱི་ཁྲིམས་སྒྱུར་བྱེད་སྒོར་ལྟ་སྐུལ་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཁྲིམས་སྒྱུར་གྱི་བརྒྱུད་རིམ་ཚད་མཐུན་བཟོ་བ། དོ་དམ་ལམ་ལུགས་འཐུས་ཚང་བཟོ་བ། དོ་དམ་བྱེད་ཐབས་ཤུགས་ཆེར་གཏོང་བ་བཅས་བྱས་ཏེ་ཁྲིམས་སྒྱུར་ཐད་མང་ཚོགས་ཀྱི་བསམ་འཆར་མང་ཤོས་ཡིན་པའི་མངོན་གསལ་ཅན་གྱི་གནད་དོན་ནུས་ལྡན་ངང་ཐག་གཅོད་བྱས་ཡོད། “གྱོད་གཞི་ཁྲི་ཕྲག་མང་པོར་དཔྱད་འཇོག་ཞིབ་བཤེར་བྱེད་པའི་ཆེད་མངག་བྱེད་སྒོ་ཧུར་བརྩོན་ངང་སྤེལ་ཏེ་དཔྱད་འཇོག་ཞིབ་བཤེར་བྱས་པའི་གྱོད་གཞི་559དང་མི་གྲངས་594ནང་ནས་སྐྱོན་ཡོད་གྱོད་གཞི་29ཡོད་པ་ཚང་མར་ཁྲིམས་ལུགས་ལྟར་ཡོ་བསྲང་བྱས་ཡོད།
གཉིས། ལས་ཐོག་ཉེས་གསོག་ལ་ཆད་གཅོད་ནན་པོ་དང་སྔོན་འགོག་བྱ་རྒྱུར་འགག་སྒྲོལ་གསར་པ་བྱུང་ཡོད།
ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་གྱོད་ཞིབ་ཀྱི་གྲངས་འབོར་དང་། སྤུས་ཚད། ལས་ཕྱོད། ཕན་འབྲས། བདེ་འཇགས་བཅས་གཅིག་གྱུར་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་ལས་ཐོག་ཉེས་གསོག་གི་གྱོད་གཞི་བསྡོམས་34དང་མི་36ལ་ཞིབ་བཤེར་ཐག་གཅོད་བྱས་ཡོད། དེའི་ནང་ལྐོག་ཟ་ལྐོག་རྔན་གྱི་གྱོད་གཞི་28དང་མི་30འགན་འཛོལ་བྱུང་བ་དང་ཁེ་དབང་རྡོག་རོལ་བཏང་བའི་གྱོད་གཞི་6དང་མི་6ལ་ཞིབ་བཤེར་ཐག་གཅོད་བྱས་ཡོད། གནད་ཆེའི་གྱོད་གཞི་24ལ་ཞིབ་བཤེར་ཐག་གཅོད་བྱས་པ་དེས་གྱོད་ཁོངས་སུ་བཅུག་པའི་གྱོད་གཞིའི་གྲངས་འབོར་གྱི་70.6%ཟིན་ཏེ་རྒྱལ་ཁབ་ལ་དཔལ་འབྱོར་གྱི་གྱོང་གུན་སྒོར་ཁྲི་1200ལྷག་ཙམ་མ་འཁེལ་བ་བྱས་ཡོད། སྔོན་འགོག་གི་བརྟག་དཔྱད་ཐེངས་63བྱས་ཏེ་སྔོན་འགོག་གི་བརྟག་དཔྱད་སྙན་ཞུ་63ཆགས་པ་བྱས་ཡོད། ས་གནས་རིམ་པ་ཁག་གི་འགོ་ཁྲིད་ཀྱིས་ལས་ཐོག་ཉེས་གསོག་ལ་ཆད་གཅོད་དང་སྔོན་འགོག་བྱེད་རྒྱུའི་ལས་ཀར་ཆེད་མངག་མཆན་འགོད་ཐེངས་36བྱས་ཡོད། དཔེ་མཚོན་རང་བཞིན་ལྡན་པའི་ལས་ཐོག་ཉེས་གསོག་གི་གྱོད་གཞིའི་ཉེས་བསགས་ཀྱི་རྒྱུ་རྐྱེན་དང་ཉེས་གསོག་གི་ཁྱད་ཆོས་ལ་དབྱེ་ཞིབ་བྱས་ནས་འབྲེལ་ཡོད་ཚན་པ་དང་སྡེ་ཁག་ལ་ཞིབ་དཔྱོད་ཀྱི་གྲོས་འཆར་26བཏོན་པ་དང་། འབྲེལ་ཡོད་སྡེ་ཁག་གམ་ཚན་པར་གཞོགས་འདེགས་ཀྱིས་སྒྲིག་བཅོས་བྱེད་ཐབས་ཁག་105བཟོས་ཡོད། སྔོན་འགོག་ཉེན་བརྡའི་སློབ་གསོ་ཐེངས་127བཏང་བ་དང་། ཁྲིམས་ལུགས་ཀྱི་དྲིལ་བསྒྲགས་དང་ཁྲིམས་ལུགས་ཀྱི་གྲོས་འདྲི་ཐེངས་908བྱས་པ། “རྒྱལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱིས་འགན་འཛོལ་དང་ཁེ་དབང་རྡོག་རོལ་གཏོང་བའི་ཉེས་གསོག་ལ་ཆད་གཅོད་དང་སྔོན་འགོག་བྱས་པའི་སྐོར་བོད་དུ་སྐོར་འགྲེམ་བྱས་པ ”ཞེས་པ་གཉེར་བར་སློབ་གསོ་མྱོང་མཁན་མི་ཐེངས་20548ཟིན་ཡོད།
གསུམ། བཅའ་ཁྲིམས་ལྟ་སྐུལ་གྱི་ལས་ཀར་རྣམ་པ་གསར་པ་གཏོད་པ།
ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི 《ཞིབ་དཔྱོད་ལས་ཁུངས་ཀྱི་བཅའ་ཁྲིམས་ལྟ་སྐུལ་གྱི་ལས་ཀར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་གཏན་འབེབས 》ནན་ཏན་ངང་ལག་བསྟར་དོན་འཁྱོལ་བྱས་ཏེ་བཅའ་ཁྲིམས་ལྟ་སྐུལ་གྱི་ལས་ཀ་གཏིང་ཟབ་ངང་སྤེལ་རྒྱུར་སྐུལ་འདེད་བཏང་ཡོད། གཅིག་ནི། གཙོ་གནད་མངོན་གསལ་དོད་པོ་བྱས་པ། ཉེས་དོན་གྱོད་གཞི་གྱོད་ཁོངས་སུ་འཇུག་པར་ལྟ་སྐུལ་བྱེད་པའི་ནང་ལྟ་སྐུལ་མྱུལ་ཞིབ་ལས་ཁུངས་ཀྱིས་གྱོད་ཁོངས་སུ་འཇུག་དགོས་ཀྱང་བཅུག་མེད་པའི་གྱོད་གཞི་10ཡོད། མྱུལ་ཞིབ་བྱེད་སྒོར་ལྟ་སྐུལ་བྱེད་པའི་ནང་གཙོ་གནད་ནི་ཚ་འདྲི་བྱས་ནས་ངོས་ལེན་བྱེད་དུ་འཇུག་པ་དང་། ཁྲིམས་འགལ་གྱིས་དཔང་རྟགས་ལེན་པ། གཞན་ཡང་འཛིན་བཟུང་བྱ་རྒྱུ་ལུས་པ་དང་། གཏུག་བཤེར་བྱེད་རྒྱུ་ལུས་པ་སོགས་ཀྱི་གནད་དོན་ལ་གཙོ་གནད་ལྟ་སྐུལ་དང་ཡོ་བསྲང་བྱས་ཏེ་འཛིན་བཟུང་བྱ་རྒྱུར་ལུས་པའི་མི་2འཛིན་བཟུང་བྱས་པ་དང་། ཞིབ་གཅོད་བྱ་རྒྱུར་ལུས་པའི་མི་9ལ་གཏུག་བཤེར་བྱས་ཡོད། ཉེས་དོན་ཞིབ་དཔྱོད་ལ་ལྟ་སྐུལ་བྱེད་པའི་ནང་ཉེས་དོན་བསྐྱར་བཅོས་ཞུ་གཏུག་བྱེད་ཁོངས་9ནང་ནས་ཁྲིམས་ཁང་ནས་གྱོད་གཞི་2ལ་མཐའ་སྡོམ་གྱི་ཞིབ་གཅོད་བྱས་པ་རེད། ཉེས་ཁྲིམས་ལག་བསྟར་དང་ལྟ་སྐུལ་དོ་དམ་གྱི་བྱེད་སྒོར་ལྟ་སྐུལ་བྱེད་པའི་ནང་ཁྲིམས་ཆད་ཡང་བཟོས་གཏོང་རྒྱུ་དང་། དངོས་མིན་བཙོན་འགྲོལ་བྱ་རྒྱུ། གནས་སྐབས་རིང་བཙོན་ཁང་གི་ཕྱི་རོལ་དུ་ཁྲིམས་ཆད་ལག་བསྟར་བྱེད་དགོས་པའི་མི་དང་། གོ་རིམ་ཁྲིམས་དང་འགལ་བའམ་འཚམ་པོ་མ་བྱུང་བ་བཅས་ཡོ་བསྲང་བྱས་པ་མི་27ཡོད། དམངས་དོན་སྲིད་འཛིན་གྱི་གཏུག་བཤེར་ལ་ལྟ་སྐུལ་བྱེད་པའི་ནང་བསྐྱར་བཅོས་ཞུ་གཏུག་བྱེད་པའི་གྱོད་གཞི་8ཡོད་པ་དེ་དུས་མཚུངས་ལས་50%འཕར་ཡོད། བསྐྱར་བཅོས་ཞུ་གཏུག་བྱེད་རྒྱུའི་ཆ་རྐྱེན་མི་ཚང་བའི་བསྐྱར་ཞུས་གྱོད་གཞི་55ལ་དོ་བདག་ནས་ཁྲུན་གཅོད་ལ་བརྩི་བཀུར་དང་། ཞུ་གཏུག་མཚམས་འཇོག་བྱེད་དགོས་པའི་སློབ་གསོའི་ལས་ཀ་ངང་རིང་ཞིབ་ཚགས་བྱས་ཡོད། གཉིས་ནི། ལྟ་སྐུལ་བྱེད་ཐབས་རྒྱ་ཆེར་བཏང་བ། ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཉེས་ཆད་བབས་གཅོད་ཀྱི་གྲོས་འཆར་རྒྱ་ཁྱབ་ངང་བཏོན་པར་ཁྲིམས་ཁང་ནས་དང་ལེན་བྱེད་ཚད་97%ཟིན་ཡོད། ལྟ་སྐུལ་དོ་དམ་བྱེད་ཡུལ་དུ་ཆ་འཕྲིན་དང་ལྟ་སྐུལ་དོ་དམ་གྱི་དྲ་འབྲེལ་འཛུགས་རྒྱུ་ཧུར་བརྩོན་ངང་ཁྱབ་སྤེལ་བཏང་ཡོད། མིག་སྔར་ལྗོངས་ཡོངས་ཀྱི་མངག་སྡོད་ལྟ་སྲུང་ཁང་གྱི་ཞིབ་དཔྱོད་ཁང་གི་16ལ་ཉེས་ཁྲིམས་ལག་བསྟར་བྱེད་རྒྱུ་དང་ལྟ་སྐུལ་དོ་དམ་བྱེད་རྒྱུའི་ཐད་འགྱུར་ལྡོག་རང་བཞིན་གྱི་ལྟ་སྐུལ་བྱེད་རྒྱུ་ཁྱབ་སྤེལ་བཏང་ཡོད། གསུམ་ནི། ཕྱི་ནང་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ། གྱོད་གཞིའི་སྤུས་ཚད་ཀྱི་སྔོན་བརྡ་གཏོང་རྒྱུ་དང་། གཙོ་གནད་སྙན་ཐོ་དཔོད་ནས་ཞིབ་བཤེར་བྱེད་རྒྱུ། ལས་ཐོག་ཉེས་གསོག་གི་གྱོད་གཞིའི་ཁུངས་སྣེ་རིམ་ཞུ་བྱེད་རྒྱུ། འཛིན་བཟུང་བྱ་རྒྱུར་ཞིབ་བཤེར་བྱེད་རྒྱུ་རིམ་པ་གཅིག་སྤར་རྒྱུ། གྱོད་གཞི་རྐྱང་པར་རྗེས་འདེད་གཏོང་རྒྱུ་བཅས་ལ་ཤུགས་སྣོན་བརྒྱབ་ཡོད། མི་དམངས་འཐུས་ཚོགས་དང་། སྤྱི་ཚོགས་ཀྱི་ལྟ་སྐུལ་རང་རྟོགས་ངང་དང་ལེན་བྱས་ཏེ་ལྗོངས་ཡོངས་ཀྱི་རིམ་པ་ཁག་གི་ཞིབ་དཔྱོད་ཁང་གིས་མི་དམངས་འཐུས་ཚོགས་ལ་ལས་དོན་སྙན་ཞུ་བསྡོམས་ཐེངས་522ཞུས་པ་དང་། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། སྲིད་གྲོས་ཀྱི་ཨུ་ཡོན་ཞིབ་དཔྱོད་ལས་ཀར་གཟིགས་སྐོར་གནང་བར་ཐེངས་122གདན་འདྲེན་ཞུས་ཡོད། ན་ནིང་ཟླ་11པར་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གིས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ 《ཞིབ་དཔྱོད་ལས་ཁུངས་ཀྱི་བཅའ་ཁྲིམས་ལྟ་སྐུལ་གྱི་ལས་ཀར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་གཏན་འབེབས 》ལག་བསྟར་དོན་འཁྱོལ་བྱེད་ཚུལ་སྙན་སེང་ཞུས་ཡོད།
བཞི། ཞིབ་དཔྱོད་དཔུང་ཁག་འཛུགས་སྐྱོང་བྱེད་རྒྱུར་གྲུབ་འབྲས་གསར་པ་ཐོབ་ཡོད།
ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞིབ་དཔྱོད་དཔུང་ཁག་ལ་སློབ་གསོ་དང་། ལྟ་སྐུལ། དོ་དམ་བཅས་བྱེད་རྒྱུར་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ་བཅའ་ཁྲིམས་ཀྱི་ལྟ་སྐུལ་བྱེད་ནུས་དང་ཁྲིམས་སྒྱུར་བྱས་ཚུལ་ལ་ཀུན་གྱིས་ཡིད་ཆེས་བྱེད་ཤུགས་ཆེ་རུ་ཕྱིན་ཡོད། གཅིག་ནི། བསམ་བློ་ཆབ་སྲིད་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་ཆེན་པོ་བརྒྱབ་ཡོད། ཏང་ལེགས་སྐྱོང་གི་ལས་ཀས་བཀོད་ཁྱབ་བྱེད་རྒྱུ་རྒྱུན་འཁྱོངས་དང་། གཅིག་བསྡུས་སློབ་གསོ་རྒྱག་རྒྱུའི་བྱེད་སྒོས་གཞི་རྟེན་བྱས་ཏེ་ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ནང “སྲོལ་རྒྱུན་དར་སྤེལ་དང་། དད་སེམས་སྲ་བརྟན་གཏོང་བ། དམངས་ཀྱི་དོན་དུ་ཁྲིམས་སྒྱུར་བཅས་བྱས་ཏེ་ཁུང་ཧྥན་སེན་ལྟ་བུའི་ཞིབ་དཔྱོད་ལས་བྱེད་པ་དང་ཉེན་རྟོག་པ་བྱ་རྒྱུའི 》གཙོ་དོན་སློབ་གསོ་དང་ཉམས་ལེན་བྱེད་སྒོ་གཅིག་བསྡུས་ངང་སྤེལ་ཐོག་མ་འདེང་སར་ལྟ་བསྡུར་ཞིབ་བཤེར་བྱས་པ་དང་། བཅོས་སྒྲིག་བྱེད་ཐབས་གསལ་པོ་བཟོས་ཏེ་ཞིབ་བཤེར་ལས་དོན་ཚན་རིག་དང་མཐུན་པའི་སྒོ་ནས་གོང་འཕེལ་གཏོང་རྒྱུར་བསམ་བློའི་རྨང་གཞི་བརྟན་པོ་བཙུགས་ཡོད། རྨང་བརྟན་དམངས་ཕན་གྱི་བྱེད་སྒོ་གཏིང་ཟབ་སྤེལ་ནས་འགོ་ཁྲིད་ཚན་པ་འཛུགས་རྒྱུ་དང་། ཐབས་ཤེས་འདོན་རྒྱུ། དོན་དངོས་བསྒྲུབ་རྒྱུ། བྱེད་དཀའ་བའི་ལས་ཀ་ཐག་གཅོད་བྱ་རྒྱུ་བཅས་ལ་རོགས་རམ་བྱས་པས་ལས་བྱེད་པ་དང་མང་ཚོགས་བར་གྱི་འབྲེལ་བ་ཟབ་ཏུ་ཕྱིན་ཡོད། དཔེ་མཚོན་དྲིལ་བསྒྲགས་ཤུགས་ཆེ་བྱས་ཏེ་ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་སུ་བློ་མཐུན་ཅིང་ཧྲུའུ་ཕིང་ལ་སློབ་སྦྱོང་བྱེད་པའི་མཐོ་རླབས་འཕྱུར་བ་བྱས་ཏེ་དཔུང་ཁག་གི་སྲོལ་བཟང་དར་སྤེལ་བཏང་བ་དང་། དཔུང་ཁག་གི་ངར་སེམས་ལ་སྐུལ་ལྕག་བཏང་ཡོད། གཉིས་ནི། ཁྲིམས་ལུགས་ཀྱི་ལྟ་སྐུལ་བྱེད་ནུས་གསོ་རྒྱུར་ཤུགས་སྣོན་ཆེས་ཆེར་བརྒྱབ་ཡོད། བྱ་ཐབས་སྣ་མང་སྤྱད་དེ་ལས་བྱེད་པ་དང་ཉེན་རྟོག་པའི་བྱང་ཚད་མཐོ་རུ་གཏོང་ཆེད་ལོ་ཧྲིལ་པོར་ལས་གནས་ཀྱི་སྦྱོང་བརྡར་འཛིན་གྲྭ་སྣ་ཚོགས་ཐེངས་16གཉེར་ཏེ་རིམ་པ་ཁག་གི་ཞིབ་དཔྱོད་མི་སྣ་ཐེངས་གྲངས་3359གསོ་སྦྱོང་བྱས་ཡོད་པ་དང་། མི་གྲངས་57རྒྱལ་ཁབ་ནས་གཅིག་གྱུར་དུ་བཏང་བའི་སྲིད་ཁྲིམས་ཀྱི་ཡིག་ཚད་ལོན་ཡོད། ལས་གནས་ཐོག་སྦྱོང་བརྡར་བྱེད་རྒྱུ་ཁྱབ་སྤེལ་བཏང་སྟེ་གཞི་རིམ་དུ་སྐོར་བསྐྱོད་བཤད་ཁྲིད་བྱས་པ་དང་། འགན་འབབ་ལས་ཀའི་འགྲན་བསྡུར་བྱས་པ། ཤེས་ཡོན་རྒྱུགས་ལེན་བྱས་པ། ནང་སའི་ཞིབ་དཔྱོད་ལས་ཁུངས་ཀྱི་ལས་གནས་ཐོག་སྦྱོང་བརྡར་བྱེད་རྒྱུར་བསྐྱལ་བ་བཅས་ཀྱི་མི་ཐེངས་1511ཟིན་ཡོད། 《རྒྱ་བོད་ཁྲིམས་ལུགས་ཚིག་མཛོད་ཆེ་མོ 》རྩོམ་སྒྲིག་དང་པར་སྐྲུན་བྱས་ཡོད། གསུམ་ནི། སྤྱོད་གཙང་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་ཆེས་ཆེར་བརྒྱབ་ཡོད། “དམིགས་བསལ་དབང་ཆའི་བསམ་བློར་ངོ་རྒོལ་དང་། ཁྲིམས་མེད་ལུགས་མེད་བྱེད་སྟངས་ལ་ངོ་རྒོལ་བྱེད་པའི ”ཆེད་དོན་སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་། རང་ངོས་ཀྱི་རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་བྱས་པའི་སྐོར་གྱི་གྲུབ་འབྲས་སྐོར་བསྐྱོད་བཀྲམ་སྟོན་བྱས་ནས་ཞིབ་དཔྱོད་མི་སྣས་སྤྱོད་གཙང་གི་སྒོ་ནས་ཞིབ་དཔྱོད་ལས་དོན་བྱེད་རྒྱུའི་འདུ་ཤེས་བར་མི་ཆད་པར་ཤུགས་ཆེར་བཏང་བའི་ནང་ཞིབ་དཔྱོད་ལས་བྱེད་པ་དང་ཉེན་རྟོག་པ་2195ཡིས་སློབ་གསོ་དང་ལེན་བྱས་ཡོད། གྲོང་ཁྱེར་ཡན་ལག་ཞིབ་དཔྱོད་ཁང་7དང་གཞི་རིམ་ཞིབ་དཔྱོད་ཁང་7གྱིས་སྤྱོད་གཙང་ཐད་ཀྱི་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་ཀྱི་ཚོད་ལྟའི་ལས་དོན་སྤེལ་ཏེ་གཙོ་གནད་ཚན་པ་དང་། གཙོ་གནད་ལས་གནས། གཙོ་གནད་ལྷུ་ཚིགས་བཅས་ནས་འགོ་བརྩམས་ཐོག་སྤྱོད་གཙང་ཐད་ཉེན་ཁ་ཐུག་ཚུལ་ལ་བང་སྒྲིག་ཞིབ་བཤེར་བྱས་པ་དང་། ལམ་ལུགས་ཐད་ནས་སྔོན་འགོག་བྱེད་ཐབས་བཟོས་ཡོད།
ལྔ། གཞི་རིམ་གྱི་རྨང་གཞིའི་འཛུགས་སྐྲུན་ལ་ལེགས་བཅོས་གསར་པ་བྱུང་བ།
རང་སྐྱོང་ལྗོངས་ཞིབ་དཔྱོད་ཁང་དང་གྲོང་ཁྱེར་ཡན་ལག་ཞིབ་དཔྱོད་ཁང་གིས་ལས་ཀའི་གཙོ་གནད་གཤམ་དུ་བཞག་པ་དང་། ཞིབ་དཔྱོད་སྟོབས་ཤུགས་གཤམ་དུ་བཏང་སྟེ་གཞི་རིམ་ཞིབ་དཔྱོད་ཁང་གི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཡོད། གཅིག་ནི། འགྲོ་གྲོན་འགན་སྲུང་དང “ཁང་གསུམ ”འཛུགས་སྐྲུན་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ཡོད། ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཚང་མས་ཚད་གཞི་གཞིར་བཟུང་སྤྱི་སྤྱོད་ཀྱི་འགྲོ་གྲོན་རྣམས་ལོ་སྟོད་ཀྱི་སྔོན་རྩིས་ནང་བཅུག་པ་དེ་དུས་མཚུངས་ལས་35%འཕར་བ་དང་། “ཁང་གསུམ ”གསར་སྐྲུན་དང་། བསྒྱུར་སྐྲུན། སྐྱེད་སྐྲུན་བཅས་བྱེད་རྒྱུའི་ལས་ཀ་གོང་དུ་སྤེལ་ནས་ཨར་སྐྲུན་རྒྱ་ཁྱོན་སྤྱི་ཁྲི་ངོས་གྲུ་80186ལེགས་གྲུབ་བྱས་ཡོད། གཉིས་ནི། ཚན་རྩལ་སྒྲིག་ཆས་དང་ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ཡོད། ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་ཕྱོགས་བསྡུས་ཆ་འཕྲིན་དྲ་བ་རིམ་པ་གཉིས་པ་དང་གསུམ་པ་རྣམས་རིག་ནུས་ཅན་དུ་རིམ་སྤར་བྱ་རྒྱུའི་ཐད་ཀྱི་བཟོ་སྐྲུན་དང་རིམ་དབྱེའི་སྲུང་སྐྱོབ་མ་ལག་ལག་བསྟར་བྱ་རྒྱུར་མ་དངུལ་སྒོར་ཁྲི་1800གྲབས་གསོག་བྱས་ཡོད། སྲིད་ཁྲིམས་སྒྲིག་ཆས་ཀྱི་གྲོན་དངུལ་སྒོར་ཁྲི་6600ལྷག་ཙམ་གཅིག་བསྡུས་བེད་སྤྱོད་བྱས་ནས་གྱོད་ཞིབ་ཀྱི་འཁོར་རིགས་དང་། གཏུག་བཤེར་གྱི་སྒྲིག་ཆས་སོགས་བཀོད་སྒྲིག་བྱ་རྒྱུ་གཙོ་གནད་དུ་བཟུང་ནས་ཤུགས་སྣོན་བརྒྱབ་ཡོད། གསུམ་ནི། ཚད་མཐུན་ཅན་དུ་སྒྱུར་རྒྱུར་ཤུགས་སྣོན་བརྒྱབ་ཡོད། རང་སྐྱོང་ལྗོངས་ཞིབ་དཔྱོད་ཁང་གིས་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་དང་། སྤྱི་བདེ་ཐིང་། སྲིད་ཁྲིམས་ཐིང་བཅས་དང་མཉམ་འབྲེལ་ཐོག་ལྟ་སྐུལ་བཀག་འཛིན་ལ་ཤུགས་སྣོན་རྒྱག་རྒྱུ་དང་། གཞོགས་འདེགས་མཐུན་སྦྱོར་བྱ་རྒྱུའི་གཏན་འབེབས་གཤམ་སྤེལ་བྱས་པ་དང་། ཉེས་དོན་གྱོད་ཁོངས་སུ་འཇུག་རྒྱུར་ལྟ་སྐུལ་བྱེད་རྒྱུ་སོགས་ཀྱི་ལྟ་སྐུལ་ཞིབ་སྲོལ་ལྔ་གཏན་འབེབས་བྱས་པ། ཁྲིམས་སྒྱུར་གྱི་བརྒྱུད་རིམ་ཆ་ཚང་བ་དང་ཞིབ་ཕྲ་ཅན་དུ་བསྒྱུར་ནས་ཁྲིམས་སྒྱུར་གྱི་གོ་རིམ་ནན་པོ་བཟོས་པ་དང་། ཁྲིམས་སྒྱུར་གྱི་ཚད་གཞི་གསལ་པོ་བཟོས་ཡོད།
ལོ་གཅིག་རིང་ཐོབ་པའི་གྲུབ་འབྲས་རྣམས་ནི་རང་སྐྱོང་ལྗོངས་ཏང་ཨུད་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཡང་དག་པའི་འགོ་ཁྲིད་གནང་བ་དང་། རིམ་པ་ཁག་གི་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས་བཅས་དང་སྤྱི་ཚོགས་ལས་རིགས་ཁག་གིས་དོ་ཁུར་དང་རྒྱབ་སྐྱོར་གནང་བའི་འབྲས་བུ་དང་། རྒྱལ་ཡོངས་ཞིང་ཆེན་དང་། གྲོང་ཁྱེར་ཁག་གི་ཞིབ་དཔྱོད་ལས་ཁུངས་ཀྱིས་སྒེར་སེམས་མེད་པའི་རོགས་སྐྱོར་གནང་བའི་འབྲས་བུ། ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་དང་། རྒྱ་ཆེའི་ཞིབ་དཔྱོད་ལས་བྱེད་པ་དང་ཉེན་རྟོག་པས་མཐུན་སྒྲིལ་འབད་འཐབ་དང་། ལས་ཀ་ཧུར་ཐག་བྱས་པའི་འབྲས་བུ་བཅས་རེད། འདིར་ངས་ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་བྱེད་པ་དང་ཉེན་རྟོག་པའི་ཚབ་ཞུས་ཏེ་འཐུས་མི་རྣམ་པ་དང་། ཨུ་ཡོན་རྣམ་པ། ལྗོངས་ཡོངས་ཀྱི་མི་རིགས་ཁག་མི་དམངས་བཅས་ལ་བླ་ན་མེད་པའི་གུས་འདུད་དང་། སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
འདས་ཟིན་པའི་ལོ་གཅིག་རིང་གི་ལས་ཀར་ཕྱི་མིག་ལྟ་སྐབས་ང་ཚོས་ད་དུང་མི་འདང་ས་མང་པོ་ཞིག་ཡོད་པ་དྲན་སེམས་བརྟན་པོའི་སྒོ་ནས་ངོས་འཛིན་ཐུབ་ཀྱི་འདུག དེའང་ཁྲིམས་སྒྱུར་གྱི་ལྟ་བའི་ཐོག་ནས་བལྟས་ན་དཔལ་འབྱོར་མཆོང་སྐྱོད་ལྟ་བུའི་གོང་འཕེལ་འགྲོ་རྒྱུ་དང་སྤྱི་ཚོགས་ཡུན་རིང་བདེ་འཁོད་ཡོང་བ་བྱ་རྒྱུའི་བླང་བྱ་དང་ད་དུང་དེ་ཙམ་འཚམ་པོ་མེད་པ་དང་། ཞིབ་དཔྱོད་མི་སྣ་ཁ་ཤས་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་རྒྱུའི་ལྟ་བ་ད་དུང་དེ་ཙམ་ཤུགས་ཆེན་པོ་མེད་པ། ཚུལ་མཐུན་བཏང་སྙོམས་དང་ཡ་རབས་ཚད་མཐུན་གྱི་སྒོ་ནས་ཁྲིམས་སྒྱུར་བྱེད་རྒྱུའི་ལྟ་བ་ད་དུང་དེ་ཙམ་བརྟན་པོ་མེད། ལས་ཀའི་གྲུབ་འབྲས་ཐོག་ནས་བལྟས་ན་མི་དམངས་མང་ཚོགས་ཀྱི་རེ་འདུན་དང་ད་དུང་ཡོངས་སུ་འཚམ་ཐུབ་པ་ཞིག་བྱུང་མེད་པ་དང་། ཁྲིམས་ལུགས་ལྟ་སྐུལ་གྱི་འགན་ནུས་འདོན་སྤེལ་བྱ་རྒྱུ་དེ་ཙམ་འདང་པོ་མེད་ཐོག་ད་དུང་ལྷུ་ཚིགས་ཞན་ས་གནས་ཡོད། དཔུང་ཁག་གི་བྱང་ཚད་ནས་བལྟས་ན་སྤྱི་ཚོགས་ཀྱི་དོ་དམ་གསར་གཏོད་བྱེད་རྒྱུའི་བླང་བྱ་དང་ད་དུང་དེ་ཙམ་འཚམ་པོ་མེད་པ་དང་། ཁྲིམས་སྒྱུར་གྱོད་ཞིབ་བྱ་རྒྱུ་དང་། འགལ་ཟླ་ཞི་འགྱུར་ཡོང་བ་བྱ་རྒྱུ། མང་ཚོགས་ཀྱི་ལས་དོན་བསྒྲུབ་རྒྱུ་སོགས་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུ་བཅས་གོམ་གང་མདུན་སྤོས་ཀྱིས་ལེགས་སུ་གཏོང་དགོས་ཀྱི་འདུག ཞིབ་དཔྱོད་ལས་དོན་འགན་སྲུང་བྱེད་རྒྱུའི་ཐད་ནས་བལྟས་ན་འགན་བབས་ལས་ཀའི་དགོས་མཁོ་དང་ད་དུང་དེ་ཙམ་མཐུན་སྦྱོར་མེད་པ་དང་། ལས་རིགས་འགན་སྲུང་བྱེད་ཐབས་དང་འགྲོ་གྲོན་འགན་སྲུང་བྱ་རྒྱུའི་ཚད་གཞི་ད་དུང་གོམ་གང་མདུན་སྤོས་ཀྱིས་དོན་འཁྱོལ་བྱེད་དགོས་པ་འདུག གནད་དོན་དེ་དག་ལ་ང་ཚོས་ཡང་དག་པའི་ལྟ་ཚུལ་བཟུང་བ་དང་། བྱ་ཐབས་ནུས་ཡོད་བཟུང་བ། ཕྱོགས་གང་ཐད་ཀྱི་རྒྱབ་སྐྱོར་བརྩོན་ལེན་བཅས་བྱས་ཏེ་ནན་ཏན་ངང་ཐག་གཅོད་བྱ་རྒྱུ་ཡིན།
འཐུས་མི་རྣམ་པ། 2012ལོ་ནི་རང་ལྗོངས་སུ “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ལག་བསྟར་བྱ་རྒྱུའི་ཐད་སྔ་འཛིན་རྗེས་མཐུད་བྱེད་པའི་གལ་ཆེའི་ལོ་ཞིག་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་སྐོང་ཚོགས་བྱ་རྒྱུར་བསུ་བ་ཞུ་བའི་འགག་རྩའི་ལོ་ཞིག་ཡིན་ལ། ཞིབ་དཔྱོད་ལས་ཁུངས་ཀྱིས་བརྟན་ལྷིང་སྲུང་སྐྱོང་དང་། གོང་འཕེལ་ལ་སྐུལ་འདེད། དམངས་འཚོ་འགན་ལེན་བཅས་བྱ་རྒྱུའི་ཕྲག་བབ་ལས་འགན་དེ་བས་གཟི་བརྗིད་ལྡན་པ་དང་དཀའ་ཚེགས་ཆེ་བའི་ལོ་ཞིག་ཀྱང་ཡིན། ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཏང་གི་ཚོགས་ཆེན་བཅུ་བདུན་པ་དང་། སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ། རང་སྐྱོང་ལྗོངས་ཏང་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པ།
རྒྱལ་ཡོངས་ཀྱི་ཞིབ་དཔྱོད་དཔོན་གྱི་གྲོས་ཚོགས་དང་ལྗོངས་ཡོངས་ཀྱི་སྲིད་ཁྲིམས་ལས་དོན་གྲོས་ཚོགས་བཅས་ཀྱི་དགོངས་དོན་ནན་ཏན་ངང་ལག་བསྟར་བྱས་ཏེ་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་ལེན་དང་དོན་འཁྱོལ་གཏིང་ཟབ་བྱས་ཐོག་ཏང་གི་བྱ་གཞག་བླ་ན་མེད་པར་བརྩི་རྒྱུ་དང་། མི་དམངས་ཀྱི་ཁེ་ཕན་བླ་ན་མེད་པར་བརྩི་རྒྱུ། རྩ་ཁྲིམས་དང་བཅའ་ཁྲིམས་བླ་ན་མེད་པར་བརྩི་རྒྱུ་བཅས་རྒྱུན་འཁྱོངས་ཀྱིས་གོང་འཕེལ་དང་བརྟན་ལྷིང་གི་དོན་ཆེན་གཉིས་པོར་དམ་ཟབ་དམིགས་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་ངང་སྤེལ་བ་དང་། གཙོ་གནད་ལས་དོན་གསུམ་གཏིང་ཟབ་ངང་སྒྲུབ་པ། མང་ཚོགས་ཀྱི་ལས་དོན་གཏིང་ཟབ་ངང་བྱེད་པ། བཅའ་ཁྲིམས་ཀྱི་ལྟ་སྐུལ་ཤུགས་ཆེར་གཏོང་བ་དང་། དཔུང་ཁག་འཛུགས་སྐྱོང་བྱེད་རྒྱུ་ཤུགས་ཆེར་གཏོང་བ། གཞི་རིམ་གྱི་རྨང་གཞིའི་འཛུགས་སྐྲུན་ཤུགས་ཆེར་གཏོང་བ་བཅས་བྱས་ཏེ་རང་ལྗོངས་འདི་ཉིད་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་ཞི་མཐུན་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་ཞིག་དང་། དྲང་བཞག་དྲང་བདེན་གྱི་ཁྲིམས་སྐྱོང་གི་ཁོར་ཡུག་ཅིག སྤུས་ལེགས་ཕྱོད་ཆེའི་ཞབས་ཞུའི་ཁོར་ཡུག་ཅིག་བཅས་བསྐྲུན་རྒྱུ་ཡིན། དེའང་གཙོ་བོ་ཕྱོགས་དྲུག་ཐད་ཀྱི་ལས་དོན་དམ་འཛིན་ཡག་པོ་བྱེད་རྒྱུ་ཡིན།
གཅིག་ནི། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུར་དེ་བས་མཐོང་ཆེན་བྱ་རྒྱུ།
ང་ཚོས་ལྗོངས་ཏང་ཨུད་ཀྱི་བརྟན་ལྷིང་སྲུང་སྐྱོང་སྐོར་གྱི་ལས་ཀའི་སྤྱིའི་དམིགས་ཚད་དང་སྤྱིའི་རེ་འདུན་ཆད་ལུས་མེད་པའི་སྒོ་ནས་ལག་བསྟར་བྱས་ཏེ་བརྟན་ལྷིང་སྲུང་སྐྱོང་ལས་ཀའི་བྱ་ཐབས་ཆེན་པོ་དེ་ཞིབ་དཔྱོད་ལས་ཁུངས་ཀྱིས་ས་སྲུང་འགན་འཁུར་དང་། ཕྱོགས་གཅིག་བདེ་འཁོད་ཡོང་བ་བྱེད་པའི་འགན་འཁྲི་ཨང་དང་པོར་བསྒྱུར་ཐོག་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་ངང་སྤེལ་ནས་བརྟན་ལྷིང་སྲུང་སྐྱོབ་བྱེད་པའི་ནུས་པ་རྒྱུན་ཐོན་གྱི་ལམ་སྲོལ་ཧུར་བརྩོན་ངང་འཛུགས་རྒྱུ་དང་། ལྗོངས་ཕྱི་ནང་གི་དགྲ་འཛིན་ཕྱོགས་གཏོགས་ཀྱིས་སིམ་འཛུལ་རྩ་སློག་དང་ཁ་ཕྲལ་གཏོར་བཤིག་གི་སྤྱོད་ངན་སྤེལ་བར་སེམས་ཐག་གཙང་བཅད་ངང་རྡུང་རྡེག་གཏོང་རྒྱུ་དང་། གཏུམ་སྤྱོད་འཇིགས་སྐུལ་གྱི་ཉེས་གསོག་སྤྱོད་ངན་ལ་སེམས་ཐག་གཙང་བཅད་ཀྱིས་རྡུང་རྡེག་གཏོང་རྒྱུ། ལག་ཐོག་ཁ་པར་དང་མཉམ་འབྲེལ་དྲ་རྒྱ་སྤྱད་ནས་བརྟན་ལྷིང་ལ་གནོད་སྐྱོན་གཏོང་བའི་འགྲེམ་སྤེལ་དང་ངན་སྐུལ་གྱི་ཉེས་གསོག་བྱེད་སྒོ་སྤེལ་བར་སེམས་ཐག་གཙང་བཅད་ངང་རྡུང་རྡེག་གཏོང་རྒྱུ། གཏུམ་སྤྱོད་ཀྱི་ཉེས་གསོག་དང་། ནག་ཚོགས་ཕྱོགས་གཏོགས། རྒྱུ་ནོར་ལ་གནོད་སྐྱོན་གཏོང་བའི་ཉེས་པ་ཐེངས་མང་གསོག་པ་དང་། སྤྱི་པའི་སྒྲིག་ལམ་ལ་དཀྲོག་རྐྱེན་ཚབས་ཆེ་བཟོ་བ། སྤྱི་པའི་བདེ་འཇགས་ལ་གནོད་འཚེ་སྐྱེལ་བའི་ཉེས་གསོག་བཅས་ལ་རྡུང་རྡེག་མངོན་གསལ་དོད་པོ་གཏོང་རྒྱུ། “ནན་པོ་དོན་འཁྱོལ་དང་། གུ་ཡངས་འཚམ་པོ། ཞི་སྒྱུར་གཙོ་བཟུང་། ཕན་འབྲས་ཐོན་པ ”བཅས་བྱ་རྒྱུའི་ལས་ཀའི་བསམ་ཕྱོགས་ལྟར་ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་གསར་གཏོད་ཕྱོད་ཆེའི་སྒོ་ནས་ནན་ཡངས་ཟུང་སྦྱོར་གྱི་ཉེས་དོན་སྲིད་ཇུས་ལག་བསྟར་བྱེད་པར་མཛུབ་ཁྲིད་བྱ་རྒྱུ། སྤྱི་ཚོགས་ཀྱི་ཉེན་ཁར་བང་སྒྲིག་ཞིབ་བཤེར་དང་འདྲི་གཅོད་བྱ་རྒྱུའི་ལས་ཀའི་བྱ་ཐབས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་ཉེན་ཁ་ཡོང་གཞི་མེད་པ་བཟོ་རྒྱུ་དང་། ལམ་ལུགས་འཐུས་ཚང་འཛུགས་རྒྱུ། དོ་དམ་ཤུགས་ཆེར་གཏོང་རྒྱུ་བཅས་ཀྱི་ཞིབ་འཇུག་ཁྲུན་གཅོད་ཀྱི་སྙན་ཞུ་དང་ཞིབ་དཔྱོད་གྲོས་འཆར་ཏང་ཨུད་དང་སྲིད་གཞུང་ལ་ཧུར་བརྩོན་ངང་འབུལ་རྒྱུ། སྤྱི་ཚོགས་ཀྱི་དོ་དམ་གསར་གཏོད་བྱ་རྒྱུར་ཧུར་བརྩོན་ངང་ཞུགས་པ་དང་ཤུགས་སྣོན་བརྒྱབ་སྟེ་ཏང་ཨུད་ཀྱིས་འགོ་ཁྲིད་བྱེད་རྒྱུ་དང་། སྲིད་གཞུང་གིས་འགན་འཁུར་རྒྱུ། སྤྱི་ཚོགས་ཀྱིས་མཉམ་རོགས་བྱེད་རྒྱུ། མང་ཚོགས་ཀྱིས་ཞུགས་རྒྱུ་བཅས་ཀྱི་སྤྱི་ཚོགས་དོ་དམ་གྱི་རྣམ་པའི་ནང་རང་འགུལ་གྱིས་ཞུགས་ནས་སྤྱི་ཚོགས་ཀྱི་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་གང་ཐུབ་བྱེད་རྒྱུ་ཡིན།
གཉིས་ནི། དཔལ་འབྱོར་གོང་འཕེལ་གཏོང་བར་ཞབས་འདེགས་ཞུ་རྒྱུར་དེ་བས་མཐོང་ཆེན་བྱ་རྒྱུ།
དཔལ་འབྱོར་བརྟན་ཅིང་ཅུང་མགྱོགས་པའི་སྒོ་ནས་གོང་འཕེལ་འགྲོ་བའི་དོན་དངོས་དང་འབྲེལ་བ་དམ་ཟབ་བྱས་ཏེ་ཞབས་འདེགས་ཀྱི་ནུས་ཤུགས་འདོན་ས་གནས་འཁེལ་བཟོས་ཐོག་ཞབས་འདེགས་ཞུ་ཐབས་དེ “ཐོན་ལས་དང་པོ་གོང་མཐོར་གཏོང་རྒྱུ་དང་། ཐོན་ལས་གཉིས་པ་རྒྱ་ཆེར་གཏོང་རྒྱུ། ཐོན་ལས་གསུམ་པ་སྟོབས་ཆེར་གཏོང་རྒྱུ ”བཅས་ཀྱི་ཐོག་ཏན་ཏིག་ངང་དོན་འཁྱོལ་ཐུབ་པ་བྱས་ཏེ་ཞབས་འདེགས་ཀྱི་གཙོ་གནད་གོང་འཕེལ་གྱི་ཁོར་ཡུག་བཟང་པོ་བསྐྲུན་རྒྱུའི་ཐོག་གཏན་འཁེལ་བྱེད་རྒྱུ་དང་། ཞབས་འདེགས་ཀྱི་ཕན་འབྲས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་གཏོང་རྒྱུའི་ཐོག་མཚོན་པ་བྱེད་རྒྱུ། ཁྲོམ་རའི་དཔལ་འབྱོར་སྒྲིག་ལམ་ལ་གཏོར་བཤིག་གཏོང་བའི་ཉེས་གསོག་ལ་ཆད་གཅོད་ནན་པོ་བྱེད་རྒྱུ། སྲིད་གཞུང་གི་མ་འཇོག་བདེ་འཇགས་ལ་ཁྲིམས་ལུགས་ཀྱི་འགན་ལེན་བྱེད་རྒྱུ། སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གོང་འཕེལ་གཏོང་རྒྱུར་ཧུར་བརྩོན་ངང་ཁྲིམས་ལུགས་ཀྱི་རྒྱབ་སྐྱོར་དང་ཞབས་ཞུ་བྱས་ཏེ་དཔལ་འབྱོར་དེ་བས་ལེགས་པ་དང་། དེ་བས་མགྱོགས་པ། དེ་བས་ཆེ་བ་བཅས་ཀྱི་སྒོ་ནས་གོང་འཕེལ་འགྲོ་རྒྱུར་ནུས་ཤུགས་ཡོད་རྒུ་བཏོན་ནས་འགན་ལེན་བྱེད་རྒྱུ།
གསུམ་ནི། དམངས་འཚོར་གནོད་སྐྱེལ་བྱེད་པའི་ལས་ཐོག་ཉེས་གསོག་ལ་ཆད་གཅོད་ནན་པོ་དང་སྔོན་འགོག་བྱེད་རྒྱུར་དེ་བས་མཐོང་ཆེན་བྱེད་རྒྱུ།
དམངས་འཚོའི་ཞིབ་དཔྱོད་ཁྱབ་སྤེལ་ཤུགས་ཆེར་གཏོང་རྒྱུ་དང་། དམངས་འཚོ་དང་། དམངས་དབང་། དམངས་ཁེ་བཅས་ཀྱི་ལས་ཐོག་ཉེས་གསོག་ལ་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ཚོང་ལས་ཀྱི་ལྐོག་ཟ་ལྐོག་རྔན་སྤྲོད་པ་དང་། ལས་གྲྭ་འཛུགས་སྐྲུན་དང་། གཞུང་ཁོངས་ས་ཆའི་ཐོན་ཁུངས་སོགས་ཁྱབ་ཁོངས་ཀྱི་མངོན་གསལ་ཆེ་བའི་གནད་དོན་ལ་ཆེད་མངག་བཅོས་སྒྲིག་གཏིང་ཟབ་བྱས་ནས་གནོད་ཚབས་ཆེ་བ་དང་། བག་ཆགས་ངན་པའི་ལས་ཐོག་ཉེས་གསོག་གཙོ་གནད་དུ་བཟུང་སྟེ་ཞིབ་བཤེར་ཐག་གཅོད་བྱེད་རྒྱུ། ཆད་གཅོད་དང་སྔོན་འགོག་མཉམ་འཛིན་བྱེད་རྒྱུ་དང་། གྱོད་ཞིབ་དང་ཞབས་འདེགས་གཉིས་ཀ་གལ་ཆེར་འཛིན་ཏེ “ཕན་འབྲས་གསུམ ”བྲལ་མེད་གཅིག་གྱུར་ཡོང་གང་ཐུབ་བྱེད་རྒྱུ། རང་སྐྱོང་ལྗོངས་ཏང་ཨུད་གཞུང་ལས་ཐིང་དང་སྲིད་གཞུང་གཞུང་ལས་ཐིང་གིས་དཔར་འགྲེམས་བྱས་པའི 《བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ལས་ཀའི་ནང་འགོ་ཁྲིད་ལས་བྱེད་པའི་འགན་ཤོར་འགན་འཛོལ་གྱི་བྱ་སྤྱོད་ཀྱི་འགན་འཁྲི་རྩད་གཅོད་བྱ་རྒྱུའི་སྐོར་གྱི་གནས་སྐབས་གཏན་འབེབས 》ལག་བསྟར་ནན་ཏན་བྱས་ཏེ་ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ནས་འགན་ཤོར་འགན་འཛོལ་གྱི་ཉེས་གསོག་ལ་ཆད་གཅོད་དང་སྔོན་འགོག་བྱས་འབྲས་རང་ལྗོངས་སུ་སྐོར་སྐྱོད་བཀྲམ་སྟོན་ཡག་པོ་བྱས་ཏེ་འགན་འཛོལ་ལ་ངོ་རྒོལ་བྱེད་པའི་ལས་ཀར་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུ།
བཞི་ནི། མང་ཚོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་དེ་བས་མཐོང་ཆེན་བྱ་རྒྱུ།
“རྨང་བརྟན་དམངས་ཕན ”གྱི་བྱེད་སྒོས་གཞི་རྟེན་བྱས་ཏེ་མང་ཚོགས་ཀྱི་ལྟ་བ་བརྟན་པོར་བཙུགས་ཐོག་མང་ཚོགས་ཀྱི་ལས་དོན་དང་། གཙོ་གནད་ལས་དོན་གསུམ་ཟུང་འབྲེལ་དམ་ཟབ་བྱས་ཏེ་གཏུག་བཤེར་དང་ཞུ་འབོད་ཐད་བསླབ་སྡོམ་སེལ་བཀྲོལ་དང་། ཉེས་དོན་ཐད་ཀྱི་འཆམ་འགྲིག དམངས་དོན་བར་འདུམ་བཅས “འགལ་ཟླ་རིགས་གསུམ ”ཞི་འགྱུར་ཡོང་བའི་བྱ་ཐབས་ཧུར་བརྩོན་ངང་ཉམས་ཞིབ་བྱས་ནས་བཟོ་རྒྱུ། ཁྲིམས་ལུགས་ཀྱི་བྱ་ཐབས་གང་ལེགས་སྤྱད་དེ་སྤྱི་ཚོགས་ཀྱི་འབྲེལ་བ་ལེགས་བཅོས་བྱས་ནས་མང་ཚོགས་ཀྱི་རེ་ཞུ་བྱེད་ཐབས་འཐུས་ཚང་ཡོང་བ་བྱེད་རྒྱུ་དང་། སྤྱི་ཚོགས་དོ་དམ་བྱེད་རྒྱུ་དང་ཁེ་དབང་འགན་སྲུང་བྱེད་རྒྱུའི་ནང་ནུས་ཤུགས་གང་ཡོད་བཏོན་ནས་ཞུགས་སྟེ་སྤྱི་ཚོགས་ཀྱི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོབ་གང་ལེགས་བྱ་རྒྱུ།
ལྔ་ནི། ཁྲིམས་འཛིན་དྲང་བཞག་གི་སྤྱོད་གཙང་སྲུང་སྐྱོང་བྱ་རྒྱུར་དེ་བས་མཐོང་ཆེན་བྱ་རྒྱུ།
གཏུག་བཤེར་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་སྟེ་ཤུགས་ཚད་དང་ཕན་འབྲས་བར་དང་། ལྟ་སྐུལ་དང་རྒྱབ་སྐྱོར་བར། འགན་འཁྲི་དང་ཁེ་དབང་བར་བཅས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་པ་བྱས་ནས་ལྟ་སྐུལ་བྱེད་ཐབས་ཆ་ཚང་བ་དང་། ལྟ་སྐུལ་བྱེད་སྟངས་ལེགས་བཅོས། ལྟ་སྐུལ་གྱི་ཆུ་ཚད་མཐོར་གཏོང་བཅས་སྔར་ལས་ལྷག་པ་བྱ་རྒྱུ། ཁྲིམས་སྒྱུར་དང་ཁྲིམས་འཛིན་ནན་པོ་མི་བྱེད་པ་དང་། དྲང་བཞག་མིན་པ། སྤྱོད་གཙང་མིན་པ་བཅས་ཀྱི་གནད་དོན་ལ་གཙོ་གནད་ལྟ་སྐུལ་དང་ཡོ་བསྲང་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཁྲིམས་འཛིན་ཞུ་འདུན་བར་མི་ཆད་པར་སྐོང་ཐུབ་པ་བྱས་ཐོག་མི་རྣམས་ལ་དྲང་བཞག་དྲང་བདེན་གྱི་ཉི་འོད་དྲོ་སྐྱིད་དེ་བས་སྦྱིན་ཐུབ་པ་བྱེད་རྒྱུ།
དྲུག་ནི། ཞིབ་དཔྱོད་དཔུང་ཁག་གི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུར་དེ་བས་མཐོང་ཆེན་བྱ་རྒྱུ།
“ལྷག་བསམ་རྣམ་དག་དང་། དམངས་ལ་དམིགས་པ། གཞུང་དྲང་སྤྱོད་གཙང ”བཅས་བྱ་རྒྱུའི་སྐོར་གྱི་སྲིད་ཁྲིམས་ཀྱི་ལས་བྱེད་པ་དང་ཉེན་རྟོག་པའི་ལྟེ་བའི་རིན་ཐང་ལྟ་བའི་སློབ་གསོ་དང་ཉམས་ལེན་གྱི་བྱེད་སྒོ་ནན་ཏན་ངང་སྤེལ་ནས་ཁྲིམས་སྒྱུར་གྱི་འདུ་ཤེས་ཤུགས་ཆེན་ངང་སྒྱུར་བ་དང་། ཁྲིམས་སྒྱུར་བྱེད་ཐབས་ལེགས་བཅོས་བྱས་ནས་ཞིབ་དཔྱོད་མི་སྣས “ལྟ་བ་དྲུག ”བརྟན་པོར་འཛུགས་རྒྱུ་དང་། རང་རྟོགས་ཀྱིས་བྲལ་མེད་གཅིག་གྱུར་དྲུག་ཉམས་ལེན་བྱས་ཏེ “ངེས་པར་དུ་བྱེད་ཐུབ་པ་བཞི ”ལག་ལེན་གང་ཐུབ་བྱ་རྒྱུ། སློབ་སྦྱོང་གི་ངོ་བོ་ལྡན་པའི་ཞིབ་དཔྱོད་ཁང་ཤུགས་ཆེར་བཙུགས་ཏེ་རིག་གནས་དར་སྤེལ་གཏོང་རྒྱུས་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུར་སྐུལ་འདེད་བཏང་ཐོག་ཁྲིམས་སྒྱུར་གྱོད་ཞིབ་དང་ཞིབ་དཔྱོད་དོ་དམ་བྱ་རྒྱུ་ཆ་འཕྲིན་ཅན་དུ་སྒྱུར་རྒྱུའི་ཆུ་ཚད་མཐོ་རུ་ཤུགས་ཆེར་གཏོང་རྒྱུ། ནང་ཁུལ་དུ་ལྟ་སྐུལ་ཚོད་འཛིན་བྱེད་ཐབས་བཟོ་རྒྱུ་དང་། རང་ངོས་ཀྱི་རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་གཏོང་རྒྱུར་དམ་འཛིན་ཤུགས་ཆེ་བྱེད་རྒྱུ། དེ་བས་རང་རྟོགས་ཀྱི་སྒོ་ནས་ཞིབ་དཔྱོད་ལས་དོན་དེ་ཏང་གི་འགོ་ཁྲིད་དང་། མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ། སྤྱི་ཚོགས་ཡོངས་ཀྱི་ལྟ་སྐུལ་བཅས་ཀྱི་འོག་ཏུ་བཅུག་སྟེ་ཞིབ་དཔྱོད་ལས་ཁུངས་ཀྱི་ཁྲིམས་སྒྱུར་ཆུ་ཚད་དང་ཀུན་གྱི་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ།
འཐུས་མི་རྣམ་པ། ང་ཚོས་ལོ་གསར་པའི་ནང་རང་སྐྱོང་ལྗོངས་ཏང་ཨུད་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཐེངས་འདིའི་ཚོགས་ཆེན་གྱི་གྲོས་ཆོད་ནན་ཏན་ངང་དོན་འཁྱོལ་བྱེད་རྒྱུ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། འཐུས་མི་རྣམ་པའི་ལྟ་སྐུལ་རང་རྟོགས་ངང་དང་ལེན་གྱིས་ཆོད་སེམས་བརྟན་དུ་གཏོང་བ་དང་། བློ་བརྟན་ཡར་བརྩོན་བྱེད་པ། འགན་འཁྲི་རྣམ་དག་སྒྲུབ་པ། དམ་པ་དོན་གཉེར་བཅས་བྱས་ནས་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུའི་ཐོག་བྱས་རྗེས་དེ་བས་ཆེ་བ་འཇོག་གང་ཐུབ་བྱེད་རྒྱུ་དང་། གོང་འཕེལ་ལ་ཞབས་འདེགས་ཞུ་རྒྱུའི་ཐོག་བྱེད་ཐབས་དེ་བས་བཟང་བ་འདོན་རྒྱུ། དམངས་འཚོ་འགན་སྲུང་བྱེད་རྒྱུའི་ཐོག་ཕན་འབྲས་དེ་བས་ཆེ་བ་ཐོབ་པ་བྱ་རྒྱུ། དྲང་བཞག་དྲང་བདེན་སྲུང་སྐྱོང་བྱ་རྒྱུའི་ཐོག་ཡར་རྒྱས་དེ་བས་ཆེ་བ་ཡོང་བ་བཅས་བྱས་ཏེ་རང་ལྗོངས་ཀྱི་གོང་འཕེལ་དང་བརྟན་ལྷིང་ལ་ལེགས་སྐྱེས་གསར་པ་ཕུལ་ཐོག་གཟེངས་སུ་ཐོན་པའི་གྲུབ་འབྲས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་སྐོང་ཚོགས་བྱ་རྒྱུར་བསུ་བ་ཞུ་རྒྱུ་ཡིན།
(ལྗོངས་རྩོམ་སྒྱུར་ཅུས་ཀྱིས་མཁོ་འདོན་བྱས་པ་གཞིར་བཟུང )
འགན་འཁུར་རྩོམ་སྒྲིག་པ། admin
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣