དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • སྲིད་གྲོས་སྐབས་དགུ་པའི་ཚོགས་འདུ་ཐེངས་བཞི་པ་འཚོགས་ཚུན་གྱི་གྲོས་གཞིའི་ལས་དོན་སྤེལ་ཚུལ་སྐོར་གྱི་སྲིད་གྲོས་སྐབས་དགུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཅིན་དབྱི་མིང་།

        ཨུ་ཡོན་རྣམ་པ།

        ངས་སྲིད་གྲོས་སྐབས་དགུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ཏེ་སྲིད་གྲོས་སྐབས་དགུ་པའི་ཚོགས་འདུ་ཐེངས་བཞི་པ་འཚོགས་ཚུན་གྱི་གྲོས་གཞིའི་ལས་དོན་སྤེལ་ཚུལ་སྐོར་ཚོགས་ཆེན་ལ་སྙན་སྒྲོན་ཞུ་རྒྱུ་ཡིན་པས་གྲོས་ཞིབ་གནང་རོགས་གནང་།

        གཅིག

        རང་སྐྱོང་ལྗོངས་སྲིད་གྲོས་སྐབས་དགུ་པའི་ཚོགས་འདུ་ཐེངས་བཞི་པ་འཚོགས་ཚུན་སྲིད་གྲོས་ཨུ་ཡོན་རྣམ་པ་དང་། སྲིད་གྲོས་ཐེ་ཞུགས་ཚན་པ་ཁགསྲིད་གྲོས་ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་བཅས་ཀྱིས་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང “མཚོན་བྱེད་གསུམ ”གྱི་གལ་ཆེའི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་བྱས་ཐོག ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུས་ནས་རང་ལྗོངས་གོང་འཕེལ་དང་བརྟན་ལྷིང་ཡོང་ཆེད་ཐབས་འདོན་ཇུས་འདོན་ཧུར་ཐག་བྱས་ཡོད། ལོ་གཅིག་རིང་ཁྱོན་བསྡོམས་གྲོས་གཞི་ཁག་364འདོན་འབུལ་བྱས་ཡོད་ཅིང་། དེའི་ནང་མཉམ་སྡེབ་ཀྱི་གྲོས་གཞི་ཁག་25དང་། ཨུ་ཡོན་མི་སྒེར་དང་མིང་མཉམ་བཀོད་ཐོག་ནས་བཏོན་པའི་གྲོས་གཞི་ཁག་328ཡོད། ཞིབ་བཤེར་བྱས་པ་བརྒྱུད་གྲོས་ཁོངས་སུ་བཅུག་པའི་གྲོས་གཞི་ཁག་352ཡོད། སྤྱི་ཡོངས་ནས་བལྟས་ཚེ་གྲོས་གཞིའི་ནང་དོན་ཕུན་སུམ་ཚོགས་པ་དང་། དམིགས་བཀར་རང་བཞིན་ཆེ་བ། དབྱེ་ཞིབ་གཏིང་ཟབ་པ། བཏོན་པའི་གྲོས་འཆར་ཞིབ་ཚགས་པའི་ཐོག ཕྱོགས་བསྡུས་རང་བཞིན་དང་ཕུགས་ཕན་རང་བཞིན་ཆེ་ཙམ་བཅས་ཡོད་པ་དེ་ཐོག་ནས་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་ཐེ་ཞུགས་ཚན་པ་ཁག་གི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ཆེན་པོ་ཡོད་པ་གང་ལེགས་མཚོན་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་། སྲིད་གཞུང་། དེ་བཞིན་སྒྲུབ་འགན་འཁུར་མཁན་ཚན་པ་བཅས་ཀྱིས་གྲོས་གཞིར་ཚད་མཐོའི་མཐོང་ཆེན་གནང་ཞིང་། རང་སྐྱོང་ལྗོངས་འབྲེལ་ཡོད་སྡེ་ཚན་ཁག་དང་། མི་དམངས་ཚོགས་པ། ས་གནས (གྲོང་ཁྱེར )མི་དམངས་སྲིད་གཞུང་བཅས་ཚན་པ་50ལྷག་ཙམ་གྱིས་གཉེར་སྒྲུབ་བྱས་པ་བརྒྱུད་ཕན་འབྲས་མངོན་གསལ་དོད་པོ་ཐོན་ནས་རང་ལྗོངས་ཀྱི་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།

        ལྟེ་བར་དམིགས་ཏེ་རང་སྐྱོང་ལྗོངས་ཀྱི “ལོ་ལྔ་ཚན་བཅུ་གཉིས་པའི ”གོང་འཕེལ་གྱི་འཆར་འགོད་ལག་བསྟར་བྱེད་རྒྱུར་ཐབས་འདོན་ཇུས་འདོན་བྱས་པ། ལོ་གཅིག་རིང་། ཨུ་ཡོན་རྣམ་པས་དཔལ་འབྱོར་ཁ་སྒྱུར་བྱེད་སྟངས་ཇེ་མགྱོགས་སུ་གཏོང་རྒྱུ་དང་། རང་ལྗོངས་ཀྱི “ཐོན་ལས་དང་པོ་གོང་མཐོར་གཏོང་བ་དང་། ཐོན་ལས་གཉིས་པ་ཆེ་རུ་གཏོང་བ། ཐོན་ལས་གསུམ་པ་སྟོབས་ཆེར་གཏོང་བ ”བཅས་ཀྱི་གོམ་སྟབས་མགྱོགས་སུ་གཏོང་རྒྱུའི་ཐད་ཐབས་འདོན་ཇུས་འདོན་བྱས་ཡོད་པ་དཔེར་ན། བློ་བཟང་དཔལ་ལྡན་སོགས་ཨུ་ཡོན་བརྒྱད་ཀྱིས་བཏོན་པའི་ལྷ་སའི་སྐྱིད་ཆུར་བཅོས་སྐྱོང་བྱེད་རྒྱུའི་སྐོར་གྱི་གྲོས་གཞི་ཁག་གསུམ་པོར་ཚད་མཐོའི་མཐོང་ཆེན་གནང་ཡོད་ཅིང་། རྒྱལ་ཁབ་ནས་མ་དངུལ་དུང་ཕྱུར་མང་པོ་བཏང་ནས་ལྷ་སའི་སྐྱིད་ཆུར་བཅོས་སྐྱོང་བྱས་པ་དང་ཆབས་ཅིག་“ལོ་ལྔ་ཚན་བཅུ་གཉིས་པའི ”རིང་ཆེད་སྤྱོད་མ་དངུལ་བཀོད་སྒྲིག་བྱས་ཏེ་བཅོས་སྐྱོང་བྱེད་རྒྱུ་རེད། ཨུ་ཡོན་གྱིས་བཏོན་པའི་འགྱིག་རགས་སྐས་རིམ་ལྟར་གྱི་ཆུ་གསོག་ལས་གྲྭ་དང་གཙང་པོའི་གཡས་གཡོན་གྱི་འབྱུང་ཁམས་ཆུ་རགས་བསྐྲུན་རྒྱུའི་རྣམ་གྲངས་ལ་ད་ལྟ་ལག་བསྟར་བྱེད་འཐུས་རང་བཞིན་གྱི་ཞིབ་འཇུག་དང་འཆར་འགོད་བྱེད་མུས་རེད། ཨུ་ཡོན་མི་ཉུང་བ་ཞིག་གིས་བཏོན་པའི་བོད་ཀྱི་ཞིང་འབྲོག་ཁུལ་གྱི་འཕྲོད་བསྟེན་བྱ་གཞག་ལ་འཕྲད་པའི་གཙོ་བོའི་གནད་དོན་དང་དེ་ཐག་གཅོད་བྱེད་ཐབས་སྐོར་གྱི་གྲོས་གཞི་མང་པོ་ཞིག་ལ་རང་སྐྱོང་ལྗོངས་འཕེལ་བསྒྱུར་ཨུ་ལྷན་དང་འཕྲོད་བསྟེན་ཐིང་སོགས་སྡེ་ཚན་གྱིས 《བོད་རང་སྐྱོང་ལྗོངས་ཀྱི་འཕྲོད་བསྟེན་དང་མི་རྒྱུན་འཕེལ་རྒྱས་འཆར་འགོད (2011ལོ་ནས་2015ལོ་བར )》བཟོས་ཞིང་། “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་རྨང་གཞིའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་དང་། སྤྱི་པའི་འཕྲོད་བསྟེན་ཕྱོགས་བསྡུས་ཞབས་ཞུའི་མ་ལག གཙོ་གནད་སྨན་ཁང་དང་བོད་ལུགས་གསོ་རིག་དང་བོད་སྨན། དེ་བཞིན་བཟའ་བཅའ་དང་སྨན་རྫས་ལྟ་འདོམས་ཀྱི་རྨང་གཞིའི་སྒྲིག་བཀོད་བཅས་བསྐྲུན་རྒྱུ་དང་། “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་བོད་ལུགས་གསོ་རིག་དང་བོད་སྨན་འཕེལ་རྒྱས་གཏོང་རྒྱུའི་གཙོ་གནད་ལས་འགན་ཁག་དགུ་གཏན་འཁེལ་བྱས་པ་མ་ཟད། སྨན་བཅོས་འཕྲོད་བསྟེན་གྱི་རྨང་གཞིའི་སྒྲིག་བཀོད་ཆ་རྐྱེན་ཟམ་མི་ཆད་པར་ལེགས་སུ་གཏོང་རྒྱུ་རེད། 《ཁྱད་ལྡན་ཐོན་ལས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་གྲོས་གཞི 》དང 《རྒྱལ་ཡོངས་སུ་བོད་ལྗོངས་ས་མཐོའི་ཁྱད་ལྡན་ཐོན་རྫས་ཀྱི་མཐའ་སྣེའི་ཁྲོམ་ར་འཛུགས་རྒྱུར་རོགས་སྐྱོར་བྱེད་རྒྱུའི་སྐོར་གྱི་གྲོས་གཞི 》སོགས་ཚང་མ་སྲིད་གཞུང་སྡེ་ཚན་ནས་དང་ལེན་བྱས་ཤིང་། རང་སྐྱོང་ལྗོངས་ཞིང་འབྲོག་ཐིང་དང་། རང་སྐྱོང་ལྗོངས་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་སོགས་ཚན་པས 《བོད་ཀྱི་ཞིང་འབྲོག་ལས་ཀྱི་ཁྱད་ལྡན་ཐོན་ལས་ཀྱི “ལོ་ལྔ་ཚན་བཅུ་གཉིས་པའི ”གོང་འཕེལ་འཆར་འགོད 》ལ་རྒྱལ་ཁབ་ཀྱི་ཞིབ་མཆན་རག་ཐབས་ཧུར་ཐག་བྱེད་རྒྱུ་ཡིན་པ་བསྟན་ཞིང་། ཀྲུང་དབྱང་ལ་མ་དངུལ་སྒོར་དུང་ཕྱུར་10རེ་བ་ཞུ་རྒྱུའི་འཆར་གཞི་ཡོད་པ་མ་ཟད། འབྲེལ་ཡོད་ལས་ཀའི་ཇུས་གཞི་དང་ཟུང་འབྲེལ་བྱས་ཏེ་ལས་དོན་སྤེལ་ཤུགས་ཆེ་རུ་དང་ཞིབ་འཇུག་དོན་འཁྱོལ་གང་མགྱོགས་བྱེད་རྒྱུ་རེད། 《བོད་བྱང་ཐང་གི་བོད་སྨན་ཚོགས་ཚོ་ཀུང་སི་འཛུགས་རྒྱུའི་སྐོར་གྱི་གྲོས་གཞི 》ལ་རང་སྐྱོང་ལྗོངས་འཕེལ་བསྒྱུར་ཨུ་ལྷན་གྱིས་གཅིག་ནས་འབྲེལ་ཡོད་སྡེ་ཚན་ལ་བོད་བྱང་ཐང་གི་བོད་སྨན་ཚོགས་ཚོ་གང་མགྱོགས་འཛུགས་རྒྱུར་རྒྱབ་སྐྱོར་དང་གཞོགས་འདེགས་བྱེད་རྒྱུ་དང་། གཉིས་ནས་ག་སྦྱར་བོད་སྐྱོར་བྱེད་མཁན་ཞིང་ཆེན་དང་། གྲོང་ཁྱེར། ཀྲུང་དབྱང་ཁེ་ལས་བཅས་ལ་བརྟེན་ནས་སྤེལ་རེས་ཀྱི་འབྲེལ་ཟམ་ཧུར་ཐག་བཏོད་ཐོག བོད་སྨན་དེ་ནང་སའི་ཁྲོམ་རར་གཏོང་ཐུབ་པ་བྱེད་རྒྱུར་ཆ་རྐྱེན་ཧུར་ཐག་བསྐྲུན་རྒྱུ་ཡིན་པ་བསྟན་ཡོད། 《བོད་ཀྱི་ཁེ་ལས་འབྲིང་ཆུང་གི་མ་དངུལ་བསྡུ་གཏོང་བྱེད་དཀའ་བའི་སྐོར་གྱི་གྲོས་གཞི 》ལ་དམིགས་ཏེ་ཀྲུང་གོ་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གིས “སྐར་ཁུང་གི་མཛུབ་ཁྲིད ”ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཁུལ་ཁོངས་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་ཚན་པ་ནས་ཁེ་ལས་འབྲིང་ཆུང་གི་ཡིད་རྟོན་མ་ལག་དང་ཁག་ཐེག་མ་ལག་འཛུགས་རྒྱུར་སྐུལ་འདེད་དང་ཁྲིད་སྟོན་བྱས་ཐོག ཐད་ཀར་མ་དངུལ་བསྡུ་གཏོང་བྱེད་རྒྱུར་སྐུལ་སྤེལ་བཏང་ནས་ཁེ་ལས་འབྲིང་ཆུང་ལ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་གནས་གཉིས་ཀྱིས་དམའ་བའི་གཟིགས་སྐྱོང་དངུལ་བུན་གྱི་སྐྱེད་ཚད་སྲིད་ཇུས་སོགས་ཀྱི་བྱ་ཐབས་ལག་བསྟར་བྱས་ཏེ་ཁེ་ལས་འབྲིང་ཆུང་གོང་འཕེལ་གཏོང་རྒྱུར་མ་དངུལ་བསྡུ་གཏོང་བྱེད་པའི་ཁོར་ཡུག་བཟང་པོ་ཞིག་བཏོད་ཡོད།

        སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་བར་དམིགས་ཏེ་རང་ལྗོངས་ཀྱི་སྤྱི་ཚོགས་དུས་བབ་ཡུན་རིང་བདེ་འཁོད་ཡོང་རྒྱུར་ཇུས་ཤུགས་མཉམ་འདོན་བྱས་པ། ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་ཕན་ཚུན་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་རྒྱུ་ནི་རང་ལྗོངས་ཡུན་རིང་བདེ་འཁོད་ཡོང་རྒྱུའི་རྩ་བའི་ཐབས་ཇུས་ཤིག་ཡིན། ཨུ་ཡོན་གྱིས་བཏོན་པའི 《གྲྭ་བཙུན་གྱི་རིག་གནས་ཤེས་བྱ་དང་མི་སྒེར་གྱི་བྱང་ཚད་སློབ་གསོར་ཤུགས་སྣོན་རྒྱག་རྒྱུར་མཐོང་ཆེན་བྱེད་རྒྱུའི་སྐོར་གྱི་གྲོས་གཞི 》འདིའི་ནང་གྲྭ་བཙུན་གྱི་རིག་གནས་ཆུ་ཚད་དང་ཆོས་ལུགས་ཀྱི་རྟོགས་པ་ཆེ་རུ་གཏོང་རྒྱུ་དང་། རྒྱ་ཆེའི་གྲྭ་བཙུན་རྣམས་ཀྱིས་ཡིན་མིན་གསལ་འབྱེད་བྱེད་པའི་ནུས་པ་ཆེ་རུ་གཏོང་རྒྱུ་ནས་འགོ་བཙུགས་ཏེ་དགོན་སྡེའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་ཁྲིམས་ལུགས་དྲིལ་བསྒྲགས་ཀྱི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་རྒྱུའི་གྲོས་འཆར་བཏོན་པར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་གནང་ཞིང་། ད་ལྟ་བྱ་ཐབས་རབ་དང་རིམ་པ་སྤེལ་ནས་ལས་དོན་འདིར་ཤུགས་སྣོན་རྒྱག་བཞིན་ཡོད་པ་རེད། ཇི་ལྟར་བྱས་ཏེ་འཛམ་གླིང་ཡོངས་ཀྱིས་འཕྲལ་མར་བོད་དུ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་ཤེས་རྟོགས་ཐུབ་པ་བྱས་ཏེ་ཏཱ་ལའི་རུ་ཚོགས་ཀྱིས་བཀྲམས་པའི་བོད་ཀྱི་རིག་གནས་རྩ་མེད་སྨྲ་བ་དང་རྒྱ་མིས་བོད་མིར་གཉའ་གནོན་གཏོང་བ་ཟེར་བའི་རྫུན་རིགས་དོན་དངོས་ཐོག་ནས་ཐེར་འདོན་བྱེད་རྒྱུ་ནི་ཨུ་ཡོན་མང་པོ་ཞིག་གིས་དམིགས་བསལ་དོ་ཁུར་བྱེད་པའི་དོན་དག་ཅིག་ཡིན་ཞིང་། དཔེར་ན། 《〈བོད་ལྗོངས་ཞིབ་འཇུག 〉གི་དབྱིན་ཡིག་པར་མའི་རིག་གཞུང་དུས་དེབ་གཉེར་ནས་ཕྱི་ཕྱོགས་ལ་དྲིལ་བསྒྲགས་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་གྲོས་གཞིའི 》ནང་དུས་དེབ་ལ་བརྟེན་ནས་ཕྱི་ཕྱོགས་དང་སྤེལ་རེས་བྱེད་རྒྱུར་ཤུགས་སྣོན་གྱིས་རང་ལྗོངས་ཀྱི་ཕྱོགས་ཁག་ཚང་མའི་ཐད་འགྱུར་ལྡོག་དང་གོང་འཕེལ་བྱུང་བའི་གྲུབ་འབྲས་དང་། ལྷག་པར་དུ་བོད་རིག་པའི་ཞིབ་འཇུག་གི་གྲུབ་འབྲས་འཛམ་གླིང་རྒྱལ་ཁབ་ཁག་གི་སློབ་གྲྭ་ཆེ་མོ་དང་། ཞིབ་འཇུག་ཚན་པ། དཔེ་མཛོད་ཁང་། རིག་མཛོད། དེ་བཞིན་སྲིད་གཞུང་སྡེ་ཚན་སོགས་ལ་སྔར་བས་འགྲེམས་སྤེལ་ཐུབ་པ་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་གཟུགས་བཪྙན་བཟང་པོ་འཛུགས་དགོས་པའི་གྲོས་འཆར་བཏོན་པར་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་རྒྱབ་སྐྱོར་ཧུར་ཐག་ཐོབ་ཅིང་། གཅིག་ནས་རང་སྐྱོང་ལྗོངས་གསར་འགྱུར་དཔེ་སྐྲུན་ཅུད་དང་འབྲེལ་མཐུད་ཧུར་ཐག་བྱས་ཏེ་དུས་དེབ་ཀྱི་ཨང་རྟགས་རེ་ཞུ་བྱེད་རྒྱུའི་གཞོགས་འདེགས་བྱས་ནས་དུས་དེབ་སྔ་ཙམ་གསར་གཉེར་ཐུབ་པ་བྱེད་རྒྱུ་དང་། གཉིས་ནས་རང་རྒྱལ་གྱི་ཕྱི་འགྲེམས་ཆེད་གཉེར་པར་མ་དང་ཕྱི་ཕྱོགས་རིག་གནས་སྤེལ་རེས་ཀྱི་བྱེད་སྒོ་སོགས་ཕྱི་ཕྱོགས་ལ་དྲིལ་བསྒྲགས་བྱས་པར་བརྟེན་ནས་དེའི་ཕྱི་ཕྱོགས་ལ་དྲིལ་བསྒྲགས་བྱེད་པའི་ཤུགས་རྐྱེན་ཐེབས་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུ་རེད།

        རྒྱ་ཆེའི་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་རིགས་ལ་དམིགས་ཏེ་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་རྒྱུའི་ཐད་གྲོས་འཆར་བཏོན་པ། སྲིད་གྲོས་ཨུ་ཡོན་རྣམ་པས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་ཡོངས་ཁྱབ་ཏུ་དོ་ཁུར་བྱེད་པའི་གླེང་ཆ་ཆེ་བ་དང་དཀའ་གནད་ཆེ་བའི་གནད་དོན་རིགས་ལ་དམིགས་ཏེ་ཐབས་འདོན་ཇུས་འདོན་ཧུར་ཐག་བྱས་ནས་དགེ་མཚན་ལྡན་པའི་བསམ་འཆར་མང་པོ་བཏོན་པར་སྒྲུབ་འགན་འཁུར་མཁན་ཚན་པས་དང་ལེན་ཧུར་ཐག་ཞུས་ཡོད། དཔེར་ན། ད་ལོའི་ཟོག་གོང་འཕར་ཤུགས་ཅུང་ཆེ་བའི་གནད་དོན་ལ་རྒྱ་ཆེའི་མང་ཚོགས་ཀྱི་གླེང་ཆ་ཆེན་པོ་ཡོད་པས་ཨུ་ཡོན་རྣམ་པས་ཀྱང་དེར་དོ་ཁུར་ཆེན་པོ་བྱས་ཏེ་སྔ་རྗེས་སུ་ཨུ་ཡོན་བཅུ་ལྷག་ཙམ་གྱིས་གྲོས་གཞི་ཁག་དྲུག་བཏོན་ནས་ཟོག་གོང་ཚོད་འཛིན་བྱེད་པ་དང་ཡོང་འབབ་དམའ་བའི་མང་ཚོགས་ལ་སེམས་ཁུར་བྱེད་དགོས་སྐོར་ལ་ཐབས་འདོན་ཇུས་འདོན་བྱས་ཡོད། དེར་རང་སྐྱོང་ལྗོངས་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་བྱས་ནས་ཁྲོམ་རའི་རིན་གོང་སྟངས་འཛིན་གྱི་མཉམ་ཞུགས་ཚོགས་འདུའི་ལམ་ལུགས་བཙུགས་ཏེ་འབྲུ་རིགས་དང་། སྔོ་ཚལ། བཟའ་སྣུམ། སོལ་རླངས་སོགས་མང་ཚོགས་ཀྱི་འཚོ་བའི་དགོས་ངེས་མཁོ་རྫས་ཀྱི་རིན་གོང་ལ་ཞིབ་བཤེར་དང་ཁྲོམ་རར་སྐོར་སྐྱོད་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ཐོག ཟོག་གོང་ཧམ་སྤོར་བྱེད་པ་དང་རྐང་བཙུགས་ནས་དངོས་ཟོག་སྡེབ་གསོག་རྒྱག་པ་སོགས་ཁྲིམས་འགལ་གྱི་བྱེད་སྤྱོད་རིགས་རྩད་བཤེར་ཐག་གཅོད་ནན་པོ་བྱས་ཡོད། དེ་དང་ཕྱོགས་མཚུངས་རང་ལྗོངས་ཀྱིས་རྒན་གསོའི་འཚོ་དངུལ་ཐོབ་ཐང་དང་། མ་མཐའི་འཚོ་བ་འགན་སྲུང་བྱ་ཡུལ་གྱི་འཚོ་བའི་འགན་སྲུང་ཚད་གཞི་ལེགས་སྒྲིག་བྱས་པ་དང་ཆབས་ཅིག་ད་ལོ་དཀའ་ངལ་ཡོད་པའི་མང་ཚོགས་ལ་སྤྲོད་ཐེངས་གཅིག་རང་ཐོག་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་གཅིག་ལྷག་ཙམ་གཏོང་སྤྲོད་བྱས་ནས་རྒྱ་ཆེའི་མང་ཚོགས་ཀྱི་ཁེ་ཕན་འགན་སྲུང་བྱས་ཡོད། དེ་བཞིན 《ཁ་ལོ་བའི་གསོ་སྦྱོང་འཛིན་གྲྭར་ཞིང་འབྲོག་མང་ཚོགས་ཞུགས་རྒྱུའི་སྐོར་ལ་འཕྲད་པའི་གནད་དོན 》སོགས་གྲོས་གཞི་ཁག་བཞི་བཏོན་ཞིང་། ཞིང་འབྲོག་མང་ཚོགས་ལ་རྒྱལ་ཡོངས་ཀྱི་གཅིག་གྱུར་གཏན་འབེབས་ལྟར་རྩིས་འཁོར་ཐོག་ཡིག་རྒྱུགས་བཏང་ན་ཁ་ལོ་བའི་ལག་འཁྱེར་རག་དཀའ་བའི་གནད་དོན་ཐད་བསམ་འཆར་དང་གྲོས་འཆར་བཏོན་པར་རང་སྐྱོང་ལྗོངས་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་མང་ཚོགས་ཀྱི་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱེད་པ་དང་མང་ཚོགས་ལ་བསམ་བློ་གཏོང་དགོས་སར་བསམ་བློ་བཏང་སྟེ་མ་དངུལ་འབོར་ཆེན་བཏང་ནས་བོད་ཡིག་པར་མའི་ས་ཁུལ་སོ་སོའི་ཡུལ་སྐད་ཀྱི་ཐོག་ནས་ཡིག་རྒྱུགས་གཏོང་བའི་ལས་སྟེགས་གསར་སྐྲུན་བྱས་ནས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་དངོས་ཡོད་དཀའ་ངལ་ནུས་ལྡན་སེལ་བ་དང་། གྲོས་གཞི་འདོན་མཁན་ཡང་ས་ཡུལ་དངོས་ལ་བསྐྱོད་ནས་མྱོང་ཞིབ་བྱས་པས་ཤིན་ཏུ་མོས་པོ་བྱུང་ཡོད། གཞན་ཡང་དཔེར་ན 《སློབ་ཆེན་ཐོན་པའི་སློབ་མའི་ལས་ཞུགས་སྐོར་གྱི་གྲོས་གཞི 》དང 《བུད་མེད་སློབ་གྲྭ་ཆེ་མོ་བའི་ལས་ཞུགས་སྐོར་གྱི་གྲོས་གཞི 》ལ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགོ་ཁྲིད་གཙོ་བོས་ཚད་མཐོའི་མཐོང་ཆེན་གནང་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སློབ་གྲྭ་ཆེ་མོ་ཐོན་པའི་སློབ་མ་ལས་ཞུགས་བྱེད་རྒྱུར་སྐུལ་འདེད་གཏོང་བའི་གཟིགས་སྐྱོང་སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པ་བཏོན་ནས་སློབ་ཆེན་ཐོན་པའི་སློབ་མ་ཁྲི་1.66ལས་ཞུགས་ཐུབ་པ་བྱུང་བ་དང་། ལོ་དེ་གར་སློབ་ཐོན་བྱུང་བའི་མཐོ་རིམ་སློབ་གྲྭའི་སློབ་མ་གཞི་རྩའི་ཆར་ཚང་མ་ལས་ཞུགས་ཐུབ་ཡོད། རིམ་ཁག་སྲིད་གཞུང་གིས་ལས་ཞུགས་ཀྱི་ལམ་བུ་རྒྱ་སྐྱེད་ཧུར་ཐག་བཏང་བ་དང་ལས་ཞུགས་བྱེད་སའི་ལས་གནས་གསར་བཟོ་བྱས་པར་བརྟེན་གྲོང་ཁྱེར་གྲོང་བརྡལ་དུ་ལས་ཞུགས་བྱེད་མཁན་མི་ཁྲི་2.3མང་དུ་སོང་བས་རྒྱ་ཆེའི་མང་ཚོགས་ཀྱི་བསྔགས་བརྗོད་ཆེན་པོ་ཐོབ་ཡོད། 《ཉིང་ཁྲི་ས་གནས་དེ་བོད་ཀྱི་འབྱུང་ཁམས་ཡུལ་སྐོར་གཅིག་གྱུར་འཆར་འགོད་ཀྱི་དཔེ་མཚོན་ཁུལ་དུ་འཛུགས་རྒྱུའི་སྐོར་གྱི་གྲོས་གཞི 》དེ 《བོད་རང་སྐྱོང་ལྗོངས་ཀྱི “ལོ་ལྔ་ཚན་བཅུ་གཉིས་པའི ”གོང་འཕེལ་གྱི་འཆར་འགོད 》ཀྱི་གལ་ཆེའི་རྣམ་གྲངས་ཁོངས་སུ་བཅུག་ཟིན་པས་རང་སྐྱོང་ལྗོངས་ནས “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་ཀྲུང་དབྱང་གིས་བོད་ཀྱི་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྒྱབ་སྐྱོར་བྱེད་རྒྱུའི་རྣམ་གྲངས་གཏན་འཁེལ་བྱས་རྗེས་དེར་འཕར་གཟིགས་བྱས་ཏེ་སྐུལ་འདེད་དང་འཛུགས་སྐྲུན་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ཐོག ཉིང་ཁྲི་ས་གནས་ཀྱི་ཡུལ་སྐོར་འགྲིམ་འགྲུལ་གྱི་གཞུང་ལམ་ཨ་མའི་དྲ་སྦྲེལ་མ་ལག་འཛུགས་རྒྱུར་སྔར་བས་ཤུགས་རྒྱག་རྒྱུ་མ་ཟད། རྒྱལ་ནང་གི་མཁའ་འགྲུལ་ཀུང་སི་ཁག་ལ་མཐུན་སྦྱོར་བྱས་ནས་ཉིང་ཁྲིར་འཕུར་སྐྱོད་བྱེད་པའི་མཁའ་འགྲུལ་གནམ་གྲུ་གཏོང་ཐེངས་དེ་ད་ལྟའི་ཐེངས་བཞི་ནས་ཐེངས་7ནས་8བར་མང་དུ་གཏོང་རྒྱུ་རེད། ལོ་མང་རིང་འཛུགས་སྐྲུན་བྱས་པ་བརྒྱུད། རྒྱལ་ཁབ་ཀྱི་ཤམ་བྷ་ལའི་འབྱུང་ཁམས་ཡུལ་སྐོར་གོང་འཕེལ་གཏོང་ཁུལ་ནང་ཉིང་ཁྲི་ས་གནས་ཀྱི་འབྱུང་ཁམས་ཡུལ་སྐོར་ལྟེ་གནས་ཀྱི་གནས་བབ་མཐོ་རུ་ཤུགས་ཆེ་སོང་ནས་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ཀྱི་ཡུལ་སྐོར་ཐོན་ལས་གོང་འཕེལ་སྔར་བས་ཆེ་བ་གཏོང་རྒྱུར་སྐུལ་ཁྲིད་ཐུབ་རྒྱུ་རེད།

        

        ཕྱོགས་ཁག་ཚང་མས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད། 2011ལོའི་ཟླ་10པའི་ཟླ་མཇུག་བར་སྲིད་གྲོས་སྐབས་དགུ་པའི་ཚོགས་འདུ་ཐེངས་བཞི་པ་འཚོགས་ཚུན། གྲོས་ཁོངས་སུ་བཅུག་པའི་གྲོས་གཞི་ཁག་352ཡོངས་རྫོགས་གཉེར་སྒྲུབ་ལན་འདེབས་ཟིན་པ་རེད། སྤྱི་ཡོངས་ཀྱི་གཉེར་སྒྲུབ་བྱས་ཚུལ་ནས་བལྟས་ན་ཨུ་ཡོན་རྣམ་པས་བཏོན་པའི་གནད་དོན་རྣམས་ཐག་གཅོད་ཐུབ་པ་དང་རྩ་བའི་ཆར་ཐག་གཅོད་ཐུབ་པ་ཁག་148ཡོད་པ་དེས་གྲོས་གཞིའི་སྤྱི་འབོར་གྱི་43%ཟིན་པ་དང་། ཐག་གཅོད་བྱེད་སྒང་ངམ་ཡང་ན་ཐག་གཅོད་བྱེད་རྒྱུའི་འཆར་ཁོངས་སུ་བཅུག་པ་ཁག་143ཡོད་པ་དེས་སྤྱི་འབོར་གྱི་40%ཟིན་པ། སྲིད་ཇུས་ཀྱི་གཏན་འབེབས་དང་ཆ་རྐྱེན་གྱི་ཚད་བཀག་ཐེབས་པའི་རྐྱེན་གྱིས་གནས་སྐབས་ཐག་གཅོད་བྱེད་ཐབས་མེད་པ་ཁག་61ཡོད་པ་དེས་སྤྱི་འབོར་གྱི་17%ཟིན་ཡོད། དེའི་ནང་ཕུགས་ཕན་རང་བཞིན་ཅུང་ཆེ་བའི་གྲོས་གཞི་ཁག་གཅིག་ལ་སྒྲུབ་འགན་འཁུར་མཁན་ཚན་པས་ཞིབ་འཇུག་གཏིང་ཟབ་བྱས་ནས་སྐུལ་འདེད་ཧུར་ཐག་བཏང་བ་དང་། དང་ལེན་དོན་འཁྱོལ་བྱེད་དཀའ་བའི་གྲོས་གཞི་ཁག་གཅིག་ལ་སྒྲུབ་འགན་འཁུར་མཁན་ཚན་པས་དངོས་ཐོག་བདེན་འཚོལ་གྱིས་གྲོས་གཞི་འདོན་མཁན་ལ་གནས་ཚུལ་གསལ་བཤད་བྱས་ཡོད།

        གཉིས།

        ལོ་གཅིག་རིང་རང་སྐྱོང་ལྗོངས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་གཞིའི་ལས་དོན་ལ་འགོ་ཁྲིད་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ “ལྟེ་བར་དམིགས་པ་དང་། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། སྤུས་ཚད་ལེགས་སུ་གཏོང་བ། ཕན་འབྲས་དངོས་ཐོན་རྒྱུར་དོ་སྣང་བྱེད་པ ”བཅས་ཀྱི་ལས་ཀའི་མཛད་ཕྱོགས་རྒྱུན་འཁྱོངས་ཀྱིས་འགན་ནུས་སྒྲུབ་སྟངས་དང་སྒྲུབ་ཐབས་གསར་གཏོད་ཧུར་ཐག་བྱེད་པ་དང་། ཕྱོགས་ཁག་ཚང་མའི་ཧུར་སེམས་འདོན་སྤེལ་ཧུར་ཐག་བྱེད་པ། གནས་ཚུལ་ཤེས་རྟོགས་བྱེད་པའི་ལམ་བུ་རྒྱ་སྐྱེད་ནུས་ལྡན་གཏོང་བ། གཉེར་སྒྲུབ་གྲོས་མོལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་གྲོས་གཞིའི་ལས་དོན་གྱི་སྤྱི་ཡོངས་ཆུ་ཚད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་བཏང་ཡོད།

        སྤེལ་རེས་བྱེད་པའི་ལས་སྟེགས་ཧུར་ཐག་བཏོད་དེ་གྲོས་གཞི་འདོན་མཁན་དང་སྒྲུབ་མཁན་ཕྱོགས་གཉིས་དབར་འབྲེལ་གཏུག་གྲོས་མོལ་བྱེད་རྒྱུར་སྐུལ་འདེད་བཏང་བ། འབྲེལ་གཏུག་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་གྲོས་མོལ་སྤེལ་རེས་བྱེད་པའི་ལས་སྟེགས་ཧུར་ཐག་གཏོད་རྒྱུ་ནི་གྲོས་གཞི་གཉེར་སྒྲུབ་བྱེད་པར་ཕན་འབྲས་དངོས་ཐོན་པ་བྱེད་རྒྱུའི་གལ་ཆེའི་ལྷུ་ཚིགས་ཤིག་ཡིན། གཅིག་ནི་ལྗོངས་ཏང་ཨུད་དང་སྲིད་གཞུང་ལ་བརྟེན་ནས་གྲོས་གཞི་གཉེར་སྒྲུབ་བྱེད་པའི་ཕན་འབྲས་དང་སྤུས་ཚད་ལ་སྐུལ་འདེད་བཏང་ཡོད། ན་ནིང་གྲོས་གཞི་གཉེར་སྒྲུབ་རྩིས་སྤྲོད་ཀྱི་ཚོགས་འདུ་ཚོགས་རྗེས་འཕྲལ་མར་ལྗོངས་ཏང་ཨུད་དོན་གཅོད་ཐིང་ལྟ་སྐུལ་ཞིབ་བཤེར་ཁང་དང་ལྗོངས་སྲིད་གཞུང་དོན་གཅོད་ཐིང་ལྟ་སྐུལ་ཞིབ་བཤེར་ཁང་ལ་གྲོས་གཞི་གཉེར་སྒྲུབ་དང་ལྟ་སྐུལ་སྒྲུབ་གཉེར་བྱེད་རྒྱུའི་ཞིབ་ཕྲའི་བྱ་ཐབས་བཟོ་ཕྱོགས་ཐད་མཐུན་སྦྱོར་བྱས་ཡོད། གཉིས་ནི་སྒྲུབ་འགན་འཁུར་མཁན་ཚན་པའི་དབར་དང་། སྒྲུབ་འགན་འཁུར་མཁན་ཚན་པ་དང་གྲོས་གཞི་འདོན་མཁན་དབར་ལ་སྤེལ་རེས་གྲོས་མོལ་བྱེད་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ཡོད།

        ང་ཚོས་རང་འགུལ་ཐོག་གྲོས་གཞི་སྒྲུབ་འགན་འཁུར་མཁན་ཚན་པ་ཆེ་ཁག་ཡིན་པའི་རང་སྐྱོང་ལྗོངས་འགྲིམ་འགྲུལ་ཐིང་དང་། ཆུ་བེད་ཐིང་། ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་སོགས་སྒྲུབ་འགན་འཁུར་མཁན་ཚན་པའི་གྲོས་གཞི་གཉེར་སྒྲུབ་གྲོས་མོལ་ཚོགས་འདུར་གྲོས་གཞི་འདོན་མཁན་དང་འབྲེལ་ཡོད་སྲིད་གྲོས་ཀྱི་ཨུ་ཡོན་གདན་འདྲེན་ཞུས་པ་དང་། ས་ཡུལ་དངོས་ཀྱི་གཉེར་སྒྲུབ་ཚོགས་འདུ་ཐེངས་6ཚོགས་ནས་སྒྲུབ་འགན་འཁུར་མཁན་ཚན་པར་སྲིད་གྲོས་ཀྱི་གྲོས་གཞི་གཉེར་སྒྲུབ་ཡག་པོ་བྱེད་རྒྱུར་རྒྱབ་སྐྱོར་ནུས་ལྡན་བྱས་ཡོད། ད་དུང་སྒྲུབ་འགན་འཁུར་མཁན་ཚན་པས་སྲིད་གྲོས་ཨུ་ཡོན་དང་མི་དམངས་ཚོགས་པར་འབྲེལ་གཏུག་དང་སྤེལ་རེས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་རིགས་འདྲ་མིན་གྱི་བློ་འདྲིའི་ཞབས་ཞུ་བསྒྲུབས་ཐོག སྒྲུབ་འགན་འཁུར་མཁན་ཚན་པ་དང་གྲོས་གཞི་འདོན་མཁན་གྱི་གནས་ཚུལ་ཕན་ཚུན་ཤེས་རྟོགས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་ཞི་མཐུན་ངང་གྲོས་གཞི་གཉེར་སྒྲུབ་བྱེད་པའི་ལས་ཀའི་ཁོར་ཡུག་ཅིག་ཧུར་ཐག་བཏོད་ཡོད།

        གཙོ་གནད་གྲོས་གཞི་བསྒྲུབ་རྒྱུར་སྲིད་གྲོས་འགོ་ཁྲིད་ཀྱིས་སྒྲུབ་སྐུལ་བྱེད་པའི་ལམ་ལུགས་མཐའ་འཁྱོངས་བྱས་ཏེ་གྲོས་གཞི་གཉེར་སྒྲུབ་བྱེད་པའི་ཕན་འབྲས་དངོས་ཕྱོགས་ཡོངས་ནས་མཐོ་རུ་བཏང་བ། གྲོས་གཞིའི་ལས་དོན་ལ་ཁྱོན་ཡོངས་རང་བཞིན་གྱི་ཁྱད་ཆོས་ལྡན་པར་གཞིགས་ནས་མཐུན་སྦྱོར་ཧུར་ཐག་བྱས་ཏེ་བང་རིམ་མང་བ་དང་ཕྱོགས་མཐའ་ཡོངས་ནས་གྲོས་གཞི་གཉེར་སྒྲུབ་ལས་དོན་སྤེལ་ཡོད། སྲིད་གྲོས་སྐབས་དགུ་པའི་ཨུ་ཡོན་ཚང་འཛོམས་ཚོགས་འདུ་ཐེངས་བཞི་པའི་ཐོག་ཁྱོན་བསྡོམས་གཙོ་གནད་གྲོས་གཞི་ཁག་9གཏན་འཁེལ་བྱས་ནས་དེ་ཚང་མ་སྲིད་གྲོས་ཀྱི་འགན་བགོས་ཀྲུའུ་ཞི་གཞོན་པ་སྐུ་ངོ་མས་སྒྲུབ་སྐུལ་བྱས་ཡོད། 2011ལོའི་ཟླ་10པའི་ཟླ་མཇུག་བར་གཙོ་གནད་གྲོས་གཞི་9ཚང་མ་གཉེར་སྒྲུབ་ཟིན་ཡོད། གཙོ་གནད་གྲོས་གཞི་གཉེར་སྒྲུབ་བྱེད་པའི་བརྒྱུད་རིམ་ནང་འབྲེལ་ཡོད་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པས་གྲོས་གཞི་འདོན་མཁན་དང་སྲིད་གྲོས་ཀྱི་ཨུ་ཡོན་ཁག་གཅིག་སྣེ་ཁྲིད་དེ་གྲོས་གཞི་སྒྲུབ་འགན་འཁུར་མཁན་ཚན་པར་ངོ་འཕྲད་བྱས་ནས་གནས་ཚུལ་སྤེལ་རེས་བྱས་ཏེ་ཐུན་མོང་ཐོག་གྲོས་གཞི་གཉེར་སྒྲུབ་ཀྱི་བྱ་ཐབས་དང་གོ་རིམ་སྐོར་ཞིབ་བསྡུར་བྱས་ཡོད། སྲིད་གྲོས་འགོ་ཁྲིད་ཀྱི་རིམ་པ་མཐོ་བའི་སྒྲུབ་སྐུལ་བྱས་པ་དང་སྲིད་གྲོས་ཆེད་དོན་ཨུ་ལྷན་ཁག་གིས་ཕྱོགས་ཡོངས་ནས་ཐེ་ཞུགས་བྱས་པ་བརྒྱུད་གྲོས་གཞི་གཉེར་སྒྲུབ་བྱེད་ཤུགས་ཆེ་རུ་སོང་ནས་གྲོས་གཞི་སྒྲུབ་འགན་འཁུར་མཁན་ཚན་པས་གྲོས་གཞི་གཉེར་སྒྲུབ་བྱེད་པར་མཐོང་ཆེན་བྱེད་ཤུགས་ཆེ་རུ་སོང་བ་དང་གཉེར་སྒྲུབ་སྤུས་ཚད་ཁྱོན་ཡོངས་ནས་ལེགས་སུ་ཕྱིན་ཡོད། སྲིད་གྲོས་ཀྱི་གྲོས་གཞི་མང་པོ་ཞིག་གཉེར་སྒྲུབ་དོན་འཁྱོལ་མགྱོགས་པོ་བྱུང་ནས་གྲོས་གཞིའི་ལས་དོན་གོང་འཕེལ་གཏོང་རྒྱུར་ཁོར་ཡུག་བཟང་པོ་ཞིག་བསྐྲུན་པ་དང་གཉེར་སྒྲུབ་སྤུས་ཚད་མཐོ་རུ་སོང་ཡོད།

        《རྒྱལ་ཡོངས་སྲིད་གྲོས་ཀྱི་གྲོས་གཞིའི་ལས་དོན་སྲོལ་ཡིག 》སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ཏེ་རང་ལྗོངས་ཀྱི་གྲོས་གཞིའི་ལས་དོན་ལམ་སྲོལ་འཐུས་ལེགས་སུ་གཏོང་རྒྱུ་འཚོལ་ཞིབ་ཧུར་ཐག་བྱས་ཡོད། 《གྲོས་གཞིའི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་རྒྱལ་ཡོངས་སྲིད་གྲོས་ཀྱི་བསམ་འཆར 》དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་གྲོས་གཞིའི་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན། གསར་དུ་བཟོ་བཅོས་བྱས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་གྲོས་གཞིའི་ལས་དོན་སྲོལ་ཡིག་བཅས་སློབ་སྦྱོང་ལག་བསྟར་ནན་ཏན་བྱེད་པའི་ནང་གྲོས་གཞིའི་ལས་དོན་ཚན་རིག་དང་མཐུན་ཚད་ཆེ་རུ་གཏོང་བའི་བླང་བྱ་གཞིར་བཟུང་མིག་སྔར་གྲོས་གཞིའི་ལས་དོན་ལ་འཕྲད་པའི་དུས་བབ་གསར་པ་དང་ལས་འགན་གསར་པ་དང་ཟུང་འབྲེལ་གྱིས་གྲོས་གཞིའི་སྤུས་ཚད་ལེགས་སུ་གཏོང་རྒྱུ་དང་། གཉེར་སྒྲུབ་ཕན་འབྲས་ཆེ་རུ་གཏོང་རྒྱུ། ལས་སྒྲུབ་མཉམ་ཤུགས་གཅིག་སྒྲིལ་བྱེད་རྒྱུ། ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུ་སོགས་ཀྱི་ཐད་ང་ཚོས་བོད་ལྗོངས་སྲིད་གྲོས་ཀྱི་དོན་དངོས་ལ་བསྟུན་ནས་འཚོལ་ཞིབ་ཧུར་ཐག་བྱས་ཡོད་ཅིང་། 《ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་གྲོས་གཞིའི་ལས་དོན་སྲོལ་ཡིག 》བཟོ་བཅོས་བྱས་པ་དང 《ལྗོངས་སྲིད་གྲོས་ཀྱི་ཆེད་དོན་ཨུ་ཡོན་ལྷན་ཁང་གི་གྲོས་གཞིའི་ལས་དོན་སྤེལ་རྒྱུའི་སྐོར་གྱི་གནས་སྐབས་ལག་བསྟར་བྱ་ཐབས 》བཟོས་ཡོད། དུས་བསྟུན་ཡར་རྒྱས་བྱེད་རྒྱུ་རྒྱུན་འཁྱོངས་ཀྱིས་དུས་བབ་གསར་པ་དང་ལས་འགན་གསར་པས་མི་དམངས་སྲིད་གྲོས་ཀྱི་གྲོས་གཞིའི་ལས་དོན་སྤེལ་རྒྱུར་བཏོན་པའི་བླང་བྱ་གསར་པ་དང་འཚམ་པ་བྱས་ཏེ་ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱི་གྲོས་གཞིའི་ལས་དོན་གྱི་ཉམས་མྱོང་དང་བྱེད་སྟངས་ཕྱོགས་བསྡོམས་དང་ཚད་ལྡན་བཟོས་པ་དང་། སྲིད་གྲོས་ཀྱི་ཆེད་དོན་ཨུ་ལྷན་ལ་གྲོས་གཞིའི་ལས་དོན་ནང་ཐེ་ཞུགས་བྱེད་རྒྱུར་སྔར་ལས་ལྷག་པའི་སྐུལ་འདེད་བཏང་སྟེ། གྲོས་གཞིའི་ལས་དོན་བསྒྲུབ་རྒྱུར་མཉམ་ཤུགས་ཤིག་དངོས་འབྲེལ་ཆགས་པ་བྱས་ནས་རང་ལྗོངས་ཀྱི་དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས་བཅས་འཛུགས་སྐྱོང་བྱེད་པའི་ནང་སྲིད་གྲོས་ཀྱི་གྲོས་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་རང་ལྗོངས་ཀྱི་སྲིད་གྲོས་གྲོས་གཞིའི་ལས་དོན་ཚད་ལྡན་དང་གོ་རིམ་ལྡན་པའི་ངང་གོང་འཕེལ་འགྲོ་རྒྱུར་འགན་སྲུང་བྱས་ཡོད།

        སྤུན་ཟླའི་ཞིང་ཆེན་དང་། གྲོང་ཁྱེར། རང་སྐྱོང་ལྗོངས་བཅས་དང་སྲིད་གྲོས་ཀྱི་གྲོས་གཞིའི་ལས་དོན་སྤེལ་རེས་བྱས་པ་དང་། ལྗོངས་ནང་ཁུལ་གྱི་ས་གནས་དང་གྲོང་ཁྱེར་གྱི་སྲིད་གྲོས་དང་གྲོས་གཞིའི་ལས་དོན་སྤེལ་རྒྱུར་འབྲེལ་གཏུག་དང་མཛུབ་ཁྲིད་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ཡོད། ལྗོངས་ཏང་ཨུད་དང་སྲིད་གཞུང་། རྒྱལ་ཡོངས་སྲིད་གྲོས་གྲོས་གཞི་ཨུ་ཡོན་ལྷན་ཁང་བཅས་ཀྱི་ཚད་མཐོའི་མཐོང་ཆེན་དང་ཤུགས་ཆེའི་རྒྱབ་སྐྱོར་འོག་ལྷ་སར “ནུབ་རྒྱུད་ཞིང་ཆེན (རང་སྐྱོང་ལྗོངས་དང་གྲོང་ཁྱེར )བཅུ་གཉིས་ཀྱི་སྲིད་གྲོས་གྲོས་གཞིའི་ལས་དོན་གྱི་མཉམ་བཞུགས་ཚོགས་འདུ་ཐེངས་ཉེར་གཉིས་པ ”ལེགས་སྒྲུབ་ངང་འཚོགས་པ་རེད། ནུབ་རྒྱུད་ཞིང་ཆེན (རང་སྐྱོང་ལྗོངས་དང་གྲོང་ཁྱེར )བཅུ་གཉིས་ཀྱི་སྲིད་གྲོས་ཀྲུའུ་ཞི་གཞོན་པ་དང་། གྲོས་གཞི་ཨུ་ཡོན་ལྷན་ཁང་དང་དེའི་གཞུང་ལས་ཁང་གི་འགན་འཁུར་བ། པེ་ཅིང་དང་ཧྲང་ཧད་གྲོང་ཁྱེར་སྲིད་གྲོས་ཀྱི་གྲོས་གཞི་ཨུ་ཡོན་ལྷན་ཁང་དང་དེའི་གཞུང་ལས་ཁང་གི་འགན་འཁུར་བློ་མཐུན་བཅས་ཁྱོན་བསྡོམས་མི་98ཚོགས་འདུར་ཞུགས་ཡོད། རྒྱལ་ཡོངས་སྲིད་གྲོས་ཀྱི་གྲོས་གཞི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཝང་རུད་ཞང་ཚོགས་འདུར་མཛུབ་ཁྲིད་གནང་བར་ཕེབས་པ་མ་ཟད་གལ་ཆེའི་གསུང་བཤད་ཀྱང་གནང་བ་རེད། ཚོགས་འདུའི་ཐོག 《མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་བསམ་འཆར 》མཛུབ་སྟོན་དུ་བྱས་ཐོག ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་དུས་བབ་གསར་པ་དང་ལས་འགན་གསར་པར་གཞིགས་ནས་གྲོས་གཞིའི་ལས་དོན་ཚན་རིག་དང་མཐུན་ཚད་མཐོ་རུ་གཏོང་རྒྱུར་དམིགས་ཏེ་སྲིད་གྲོས་ཁག་གིས 《རྒྱལ་ཡོངས་སྲིད་གྲོས་ཀྱི་གྲོས་གཞིའི་ལས་དོན་སྲོལ་ཡིག 》ལག་བསྟར་བྱས་པའི་གནས་ཚུལ་གསར་པ་དང་། བསམ་ཕྱོགས་གསར་པ། བྱ་ཐབས་གསར་པ་བཅས་ཕན་ཚུན་སྤེལ་རེས་གྲོས་བསྡུར་བྱས་ཤིང་། “རྒྱ་ཁྱབ་ཏུ་སྤེལ་རེས་དང་། ཞིབ་བསྡུར་གཏིང་ཟབ། ཕན་ཚུན་སློབ་སྦྱོང་། བསམ་བློ་གཅིག་གྱུར ”བཅས་བྱེད་པའི་དམིགས་ཡུལ་འགྲུབ་ཡོད། ཕྱོགས་མཚུངས་རྒྱུན་ལས་ཨུ་ལྷན་གྱིས་ད་དུང་ལྗོངས་ཡོངས་ཀྱི་སྲིད་གྲོས་ཀྱིས 《མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་བསམ་འཆར 》དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྲིད་གྲོས་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་ཉམས་མྱོང་སྤེལ་རེས་ཚོགས་འདུ་དང་། རང་སྐྱོང་ལྗོངས་སྲིད་གྲོས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅུ་བཞི་པ་དང་། བཅོ་ལྔ་པ། བཅུ་དྲུག་པ་བཅས་འཚོགས་པའི་གོ་སྐབས་དང་བསྟུན་ནས་རིམ་ཁག་སྲིད་གྲོས་དང་གྲོས་གཞིའི་ལས་དོན་སྡེ་ཚན་གྱི་མི་སྣར་མཛུབ་ཁྲིད་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ཐོག བྱ་ཐབས་སྣ་ཚོགས་ལ་བརྟེན་ནས་གྲོས་གཞིའི་ལས་དོན་གྱི་སྔོན་ཐོན་ཉམས་མྱོང་ཕན་ཚུན་སློབ་སྦྱོང་དང་སྤེལ་རེས་བྱས་ཏེ་རང་ལྗོངས་ཀྱི་རིམ་ཁག་སྲིད་གྲོས་ཀྱི་གྲོས་གཞིའི་ལས་དོན་སྤེལ་བའི་ཆུ་ཚད་ཧྲིལ་པོ་གོང་མཐོར་སོང་ཡོད།

        ཨུ་ཡོན་རྣམ་པ། ལོ་གཅིག་རིང་གྲོས་གཞིའི་ལས་དོན་ལ་ཐོབ་པའི་གྲུབ་འབྲས་དེ་དག་ནི་ལྗོངས་ཏང་ཨུད་དང་ལྗོངས་མི་དམངས་སྲིད་གཞུང་གི་འགོ་ཁྲིད་ཀྱིས་མཐོང་ཆེན་དང་རྒྱབ་སྐྱོར་གནང་བ་དང་ཁ་བྲལ་ཐབས་མེད་པ་དང་། སྲིད་གྲོས་ཨུ་ཡོན་ཡོངས་དང་། མི་དམངས་ཚོགས་པ་ཁག སྲིད་གྲོས་ཀྱི་ལས་རིགས་ཁག ཆེད་དོན་ཨུ་ལྷན། སྒྲུབ་འགན་འཁུར་མཁན་ཚན་པ་ཁག་བཅས་ཀྱིས་ཐུན་མོང་ཐོག་འབད་བརྩོན་གནང་བ་དང་ཁ་བྲལ་ཐབས་མེད་པ་ཞིག་ཡིན་ལ། སྤྱི་ཚོགས་ལས་རིགས་ཁག་གི་ཐུགས་ཁུར་དང་ཐེ་ཞུགས་གནང་བ་དང་ཁ་བྲལ་ཐབས་མེད་པ་ཞིག་ཀྱང་རེད། འདིར་ངས་རང་སྐྱོང་ལྗོངས་སྲིད་གྲོས་རྒྱུན་ལས་ཨུ་ལྷན་གྱི་ཚབ་ཞུས་ཏེ་སྲིད་གྲོས་ཀྱི་གྲོས་གཞིའི་ལས་དོན་ནང་ཐེ་ཞུགས་དང་། རྒྱབ་སྐྱོར། ཐུགས་ཁུར་བཅས་གནང་མཁན་བློ་མཐུན་ཡོངས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་ཡིན།

        གསུམ།

        གྲོས་གཞིའི་ལས་དོན་ལ་གྲུབ་འབྲས་ཐོབ་པ་དང་ཕྱོགས་མཚུངས་ད་དུང་ཞིབ་འཇུག་གཏིང་ཟབ་ཀྱིས་ཐག་གཅོད་བྱེད་དགོས་པའི་གནད་དོན་ཁག་གཅིག་ལྷག་ཡོད་པ་དཔེར་ན། གང་འདྲ་བྱས་ཏེ་ཨུ་ཡོན་གྱི་སྲིད་ཞུགས་སྲིད་གླེང་གི་ཧུར་སེམས་སྔར་བས་སྐུལ་སློང་བྱས་ནས་སྤུས་ཚད་མཐོ་བའི་གྲོས་གཞི་མང་ཙམ་འབྲི་རྒྱུ་དང་། གང་འདྲ་བྱས་ཏེ་གྲོས་གཞིའི་སྤུས་ཚད་དང་གཉེར་སྒྲུབ་ཕན་འབྲས་སྔར་བས་མཐོ་རུ་གཏོང་རྒྱུ། གང་འདྲ་བྱས་ཏེ་གྲོས་གཞིའི་ལས་དོན་ནང་སྲིད་གྲོས་ཀྱི་ཆེད་དོན་ཨུ་ལྷན་དང་ལས་རིགས་ཀྱི་ནུས་པ་འདོན་སྤེལ་དེ་བས་ཡག་པ་བྱེད་རྒྱུ་སོགས་ཀྱི་ཐད་ང་ཚོར་དོན་དངོས་དང་ཟུང་འབྲེལ་གྱིས་གཅིག་གྱུར་འཆར་འགོད་བྱས་ནས་ལེགས་བཅོས་དང་གོང་མཐོར་ཟམ་མི་ཆད་པ་གཏོང་དགོས་པའི་བླང་བྱ་བཏོན་ཡོད།

        ལོ་གསར་པའི་ནང་གྲོས་གཞིའི་ལས་དོན་སྤེལ་རྒྱུའི་ཐད། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི “བདུན་གཅིག ”གལ་ཆེའི་གསུང་བཤད་དང་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་དང་ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་རྟེན་འབྲེལ་བྱེད་སྒོར་ཞུགས་སྐབས་ཀྱི་གལ་ཆེའི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་བཅས་བྱས་ཏེ་སྤྱི་ཡོངས་ལ་ཞབས་ཞུ་བྱེད་པའི་འདུ་ཤེས་བརྟན་པོ་བཙུགས་ཐོག་ལས་ཀའི་བྱ་ཐབས་གསར་གཏོད་འཚོལ་ཞིབ་ཧུར་ཐག་བྱས་ནས་གྲོས་གཞིའི་ལས་དོན་ལ་སྐུལ་སྤེལ་ནུས་ལྡན་གཏོང་དགོས།

        ——དུས་བབ་གསར་པའི་གོང་འཕེལ་གྱི་བླང་བྱ་དང་འཚམ་པ་བྱས་ཏེ་གྲོས་གཞིའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་འགན་འཁྲི་ཁུར་སེམས་དང་ལས་འགན་སྒྲུབ་སེམས་སྔར་བས་ཆེ་རུ་གཏོང་རྒྱུ། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་ཏང་བཙུགས་ནས་ལོ་90འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ཏེ་ལྗོངས་ཡོངས་ཀྱི་སྲིད་གྲོས་ཀྱིས 《མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་བསམ་འཆར 》དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྲིད་གྲོས་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་ཉམས་མྱོང་སྤེལ་རེས་ཚོགས་འདུའི་བཀོད་སྒྲིག་གཞིར་བཟུང་དུས་བབ་གསར་པའི་འོག་གྲོས་གཞིའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་གལ་གནད་ལ་ངོས་འཛིན་སྔར་བས་གཏིང་ཟབ་བྱེད་དགོས་པ་དང་། གྲོས་གཞིའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་བཏང་ཐོག གྲོས་གཞིའི་སྤུས་ཚད་གོང་མཐོར་གཏོང་རྒྱུའི་བྱེད་སྟངས་དང་ཐབས་ལམ་འཚོལ་ཞིབ་ཧུར་ཐག་བྱས་ཏེ་གྲོས་གཞིའི་ལས་དོན་གྱིས་རང་ལྗོངས་ཀྱི་ལས་ཀའི་སྤྱི་ཡོངས་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་ཐུབ་པ་བྱེད་དགོས།

        ——གྲོས་གཞིའི་སྤུས་ཚད་དམ་འཛིན་བྱས་ཏེ་སྒྲུབ་སྐུལ་བྱེད་ཤུགས་ཆེ་ཏུ་གཏོང་རྒྱུ་དང་གཉེར་སྒྲུབ་ཕན་འབྲས་དངོས་ཆེ་རུ་གཏོང་རྒྱུ། གྲོས་གཞིའི་སྤུས་ཚད་གོང་མཐོར་གཏོང་རྒྱུ་དེ་གལ་ཆེའི་རྨང་གཞིའི་ལས་ཀ་ཞིག་ལ་བརྩིས་ནས་མཐའ་འཁྱོངས་བྱས་ཐོག སྲིད་གྲོས་ཨུ་ཡོན་དང་། སྲིད་གྲོས་ལས་རིགས། ཆེད་དོན་ཨུ་ལྷན་བཅས་ཀྱི་ཁྱད་ཡོན་འདོན་སྤེལ་གང་ལེགས་བྱས་ཏེ་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ནས་གྲོས་གཞིའི་དམིགས་སའི་རང་བཞིན་དང་ཕན་འབྲས་རང་བཞིན་ཆེ་རུ་གཏོང་དགོས། དམངས་ཀྱི་འདོད་འདུན་དུས་ཐོག་ཏུ་སྙན་སེང་ཞུས་ནས་དམིགས་ས་མཐོ་བ་དང་། གནད་ལ་འཁེལ་བ། དབྱེ་ཞིབ་ཕྲ་བ། བསམ་གྲོས་དོན་དངོས་དང་མཐུན་པ་བཅས་ཀྱི་གྲོས་གཞི་དེ་བས་མང་བ་འདོན་ཐུབ་པ་བྱེད་དགོས། དུས་བབ་གསར་པའི་འོག་གྲོས་གཞི་སྒྲུབ་སྐུལ་བྱེད་པའི་ལས་དོན་གྱི་ཁྱད་ཆོས་དང་ཆོས་ཉིད་ལ་ཞིབ་འཇུག་བྱས་ཏེ་སྒྲུབ་སྐུལ་བྱེད་སྟངས་ཕུན་སུམ་ཚོགས་པ་དང་སྒྲུབ་སྐུལ་ལམ་སྲོལ་འཐུས་སྒོ་ཚང་བ་བཟོས་ཐོག རེ་ཞུའི་གནད་དོན་ཪྙོག་འཛིང་ཆེ་བ་དང་གཉེར་སྒྲུབ་བྱེད་པར་དཀའ་ངལ་ཆེ་ཙམ་ཡོད་པའི་གྲོས་གཞིར་མཇུག་འདེད་གཉེར་སྒྲུབ་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས། སྒྲུབ་འགན་འཁུར་མཁན་ཚན་པར་གྲོས་གཞི་སྒྲུབ་ཤུགས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་བཏང་ནས་འབྲེལ་གཏུག་གྲོས་མོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་གཉེར་སྒྲུབ་བྱེད་སྟངས་ཕུན་སུམ་ཚོགས་པོ་ཡོང་བ་བྱས་ཏེ་གཉེར་སྒྲུབ་བྱེད་པའི་སྤུས་ཚད་འགན་ལེན་བྱེད་དགོས།

        ——ལམ་ལུགས་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་སྔར་ལས་ལྷག་པ་རྒྱག་དགོས། གཞི་རིམ་སྲིད་གྲོས་ཀྱི་གྲོས་གཞིའི་ལས་དོན་ལ་མཛུབ་ཁྲིད་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས་ཤིང་། ཕར་སྐྱོད་པ་དང་ཚུར་གདན་འདྲེན་ཞུ་བ་སོགས་ཀྱི་ཐོག་ནས་སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་སྲིད་གྲོས་དང་གྲོས་གཞིའི་ལས་དོན་སྤེལ་རེས་ཧུར་ཐག་བྱས་ཏེ་ཁོང་ཚོའི་གྲོས་གཞིའི་ལས་དོན་ནང་གི་བསམ་ཕྱོགས་བཟང་པོ་དང་། ཉམས་མྱོང་བཟང་པོ། བྱེད་སྟངས་ཡག་པོ་བཅས་སློབ་སྦྱོང་ཉམས་ལེན་ཞུས་ཐོག སྐབས་འདིའི་སྲིད་གྲོས་ཀྱི་མཐའ་མཇུག་ལོ་གཅིག་ནང་གྲོས་གཞི་ཞིབ་བཤེར་དང་། གྲོས་ཁོངས་སུ་འཇུག་པ། གཉེར་སྒྲུབ་རྩིས་སྤྲོད། སྒྲུབ་སྐུལ་སོགས་བྱེད་རྒྱུའི་ལྷུ་ཚིགས་ཀྱི་སྒྲིག་སྲོལ་ལམ་ལུགས་དང་། གཙོ་གནད་གྲོས་གཞི་བྱུང་རིམ་དང་ཕུལ་བྱུང་གྲོས་གཞིའི་དཔྱད་གདེང་ཚད་གཞི་སོགས་ཕྱོགས་ཡོངས་ནས་བཟོ་བ་དང་འཐུས་ཚང་དུ་བཏང་ནས་གྲོས་གཞིའི་ལས་དོན་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་རྨང་གཞི་བཟང་པོ་འདིང་དགོས།

        ——དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་གྲོས་གཞིའི་ལས་དོན་སྤེལ་བའི་སྤྱི་ཚོགས་ཀྱི་བག་ཆགས་ཆེ་རུ་གཏོང་དགོས། དུས་ཚོད་འཚམ་ངེས་སྐབས་སུ་ལྗོངས་ཡོངས་ཀྱི་གྲོས་གཞིའི་ལས་དོན་གྱི་གཟེངས་བསྟོད་དང་ཉམས་མྱོང་སྤེལ་རེས་ཚོགས་འདུ་ཚོགས་རྒྱུ་དང་། གསར་འགྱུར་མཚམས་སྦྱོར་ཚན་པ་དང་འབྲེལ་གཏུག་དང་མཉམ་ལས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་དྲིལ་བསྒྲགས་བྱེད་སྟངས་གསར་གཏོད་ཟམ་མི་ཆད་པ་བྱས་ནས་དྲིལ་བསྒྲགས་བྱེད་པའི་ཕན་འབྲས་མཐོ་རུ་གཏོང་དགོས། སྲིད་གྲོས་ཀྱི་གྲོས་གཞིའི་ངོ་བོ་དང་། གནས་བབ། ནུས་པ་བཅས་དྲིལ་བསྒྲགས་ངོ་སྤྲོད་ཤུགས་ཆེ་བྱེད་པ་དང་། སྲིད་གྲོས་ཨུ་ཡོན་དང་མི་དམངས་ཚོགས་པས་གྲོས་གཞིའི་ཐོག་ནས་སྲིད་ཞུགས་སྲིད་གླེང་ཧུར་ཐག་བྱས་པའི་དཔེ་མཚོན་བྱ་བ་དྲིལ་བསྒྲགས་བྱེད་པ། སྒྲུབ་འགན་འཁུར་མཁན་ཚན་པས་གྲོས་གཞི་གཉེར་སྒྲུབ་བྱས་པའི་ཉམས་མྱོང་བཟང་པོ་དང་བྱ་ཐབས་བཟང་པོ་དྲིལ་བསྒྲགས་བྱེད་པ། གྲོས་གཞི་གཉེར་སྒྲུབ་བྱས་རྗེས་ཐོན་པའི་དཔལ་འབྱོར་ཕན་འབྲས་དང་སྤྱི་ཚོགས་ཕན་འབྲས་དྲིལ་བསྒྲགས་བཅས་བྱེད་དགོས།

        ཨུ་ཡོན་རྣམ་པ། གྲོས་གཞི་ནི་མི་དམངས་སྲིད་གྲོས་ཀྱི་འགན་ནུས་སྒྲུབ་སྟངས་གལ་ཆེན་ཞིག་ཡིན་ཞིང་། གྲོས་གཞིའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་འགན་འཁྲི་ལྕི་བ་དང་ལས་འགན་གཟི་བརྗིད་ལྡན་པ་ཞིག་ཡིན་པས་ང་ཚོས་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཐོག ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་བློ་གཅིག་སེམས་གཅིག་དང་ཡང་འབད་བསྐྱར་འབད་བྱས་ཏེ་རང་ལྗོངས་ཀྱི་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཆེད་གྲོས་གཞིའི་ལས་དོན་གྱི་ནུས་པ་དེ་བས་ཆེ་བ་འདོན་སྤེལ་ཐུབ་པ་བྱེད་དགོས།

        (ལྗོངས་སྲིད་གྲོས་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང )

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།