དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        འཐུས་མི་རྣམ་པ།

        ད་ལྟ་ཡོན་ཀྲང་ནོར་བུ་དོན་གྲུབ་ཀྱི་བཀའ་མངགས་ལྟར་ངས་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་ལ་ལས་དོན་སྙན་སྒྲོན་ཞུ་རྒྱུ་ཡིན་པས་གྲོས་ཞིབ་གནང་རོགས་ཞུ་རྒྱུ་མ་ཟད། སྲིད་གྲོས་ཀྱི་ཨུ་ཡོན་རྣམ་པས་ཀྱང་དགོངས་འཆར་འདོན་གནང་ཡོད་པ་ཞུ།

        2011ལོ་ནི་ང་ཚོས་ཏང་དབུ་བཪྙེས་ནས་ལོ་90འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བར་དགའ་སྤྲོའི་རྟེན་འབྲེལ་ཞུ་བའི་གལ་ཆེའི་ལོ་ཞིག་ཡིན་པ་དང་། རང་ལྗོངས་སུ་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པ་རྒྱལ་ཁའི་ངང་སྐོང་ཚོགས་བྱས་པ་དང་ལོ་རྒྱུས་ཀྱི་འགོ་འཛུཌ་ས་གསར་པ་ཞིག་གི་ཐོག་ཕྱོགས་ཡོངས་ནས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་བའི་རྣམ་པ་གསར་པ་བཏོད་པའི་གལ་ཆེའི་ལོ་ཞིག་ཡིན་ལ། རང་ལྗོངས་ཀྱི་ཁྲིམས་འཛིན་འདྲི་གཅོད་ལས་དོན་གྱིས་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་མི་དམངས་ཀྱི་ཆེད་དུ་ཁྲིམས་འཛིན་བྱེད་པའི་ལས་ཀའི་བརྗོད་དོན་གཙོ་བོ་གསར་གཏོད་རང་བཞིན་གྱིས་ལག་ལེན་བསྟར་ཏེ། གོང་འཕེལ་དང་བརྟན་ལྷིང་དང་དེ་བས་འཚམ་པ་དང་དེར་ཞབས་འདེགས་ཞུ་བའི་གལ་ཆེའི་ལོ་ཞིག་ཀྱང་ཡིན། ལོ་གཅིག་གི་རིང་ལྗོངས་ཡོངས་ཀྱི་རིམ་ཁག་ཁྲིམས་ཁང་གིས་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་ཕན་ནུས་ལྡན་པའི་ལྟ་སྐུལ་དང་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཕན་ནུས་ལྡན་པའི་མཛུབ་ཁྲིད་འོག ཀྲུང་གོའི་ཁྱད་ཆོད་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཤིང་། ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་། དྲུག་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པའི་དགོངས་དོན་བཅས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཐོག རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ཚོགས་འདུ་ཐེངས་བཞི་པའི་གྲོས་ཆོད་ཀྱི་བླང་བྱ་ལྟར “གོང་དུ་བཀུར་དགོས་པ་གསུམ ”གྱི་མཛུབ་ཁྲིད་བསམ་བློ་མཐའ་འཁྱོངས་བྱེད་པ་དང་། ཏང་དང་རྒྱལ་ཁབ་ཀྱིས་བོད་ཀྱི་ལས་དོན་ཐད་འཛིན་པའི་ཁྱོན་ཡོངས་ལ་དམ་པོར་དམིགས་ཤིང་། སྤྱི་ཚོགས་ཀྱི་འགལ་ཟླ་སེལ་བ་དང་། སྤྱི་ཚོགས་ཀྱི་དོ་དམ་གསར་གཏོད། དྲང་བདེན་སྤྱོད་གཙང་གི་ཁྲིམས་སྒྱུར་བཅས་བྱེད་རྒྱུ་གཏིང་ཟབ་སྤེལ་ཐོག་འདྲི་གཅོད་དང་། ལག་བསྟར་ལས་དོན། རང་ངོས་ལེགས་སྐྱོང་བཅས་བྱེད་རྒྱུ་ཤུགས་ཆེ་སྤེལ་བས་ལས་དོན་ཁག་ལ་འཕེལ་རྒྱས་གསར་པ་བྱུང་ཡོད། ལོ་ཧྲིལ་པོར་ཁྱོན་བསྡོམས་གྱོད་གཞི་འདྲ་མིན་རིགས་22319བདག་སྤྲོད་བྱས་ཁོངས་ནས་འདྲི་གཅོད་དང་ལག་བསྟར་མཐའ་འདོམས་བྱས་པ་གྱོད་གཞི་ཁག་21601ཡིན་པ་དེ་དུས་མཚུངས་དང་བསྡུར་ན་ཁག་སོ་སོར་9.2%དང་11.7% འཕར་ཞིང་། ཕྱོགས་བསྡུས་གྱོད་གཞི་མཐའ་འདོམས་བྱེད་ཚད་96.8% ཟིན་ཡོད། དེའི་ནང་རིམ་ཁག་ཁྲིམས་ཁང་གིས་ཐད་ཀར་བདག་སྤྲོད་བྱས་པའི་དམངས་དོན་དང་། སྲིད་འཛིན། ལག་བསྟར་སོགས་ཀྱི་གྱོད་གཞི་ཁག་20834ཡོད་པ་དེ་གྱོད་གཞི་ཡོངས་ཀྱི་93.35% ཟིན་ཡོད།

        གཅིག      ཕྱོགས་ཡོངས་ནས་འདྲི་གཅོད་ཀྱི་འགན་ནུས་ལག་བསྟར་གྱིས་རང་སྟོབས་དྲང་བདེན་གྱི་ཁྲིམས་འཛིན་བྱས་ནས་གོང་འཕེལ་དང་བརྟན་ལྷིང་གི་ཁྱོན་ཡོངས་ལ་ཞབས་འདེགས་ཞུས་པ།

        འདྲི་གཅོད་ཀྱི་ལས་དོན་ཏན་ཏིག་སྤེལ་རྒྱུ་ནི་འདྲི་གཅོད་ལས་ཁུངས་ཀྱིས་ཏང་གི་འདོད་ཚུལ་དང་། རྒྱལ་ཁབ་ཀྱི་བློ་སྟོབས། མི་དམངས་ཀྱི་འདོད་བློ་བཅས་གང་ལེགས་མཚོན་པ་བྱས་ཐོག རྒྱལ་ཁབ་བདེ་འཇགས་བརྟན་ལྷིང་ཡོང་བ་འགན་ལེན་བྱེད་རྒྱུ་དང་། དཔལ་འབྱོར་ལམ་ལྷོངས་ངང་གོང་འཕེལ་ཡོང་བ་འགན་ལེན་བྱེད་རྒྱུ། ཁྲིམས་འཛིན་གྱི་དབང་གྲགས་སྲུང་སྐྱོང་བྱེད་རྒྱུ་བཅས་ཀྱི་གལ་ཆེའི་ཐབས་ལམ་ཞིག་ཡིན། ལོ་གཅིག་རིང་ང་ཚོས་ཕྱོགས་ཡོངས་ནས་འདྲི་གཅོད་ཀྱི་སྤུས་ཚད་ཡག་ཏུ་གཏོང་རྒྱུར་དམིགས་ཏེ་གྱོད་ཐག་བཅད་ནས་དོན་དག་ཐག་ཆོད་པ་བྱས་ཐོག་འདྲི་གཅོད་ལས་ཀའི “ཕན་འབྲས་གསུམ ”ཐོན་པ་བྱས་ཤིང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་གྲུབ་རྗེས་ཀྱི་ཁྲིམས་འཛིན་འདྲི་གཅོད་ཀྱི་ལས་དོན་ཐད་བཏོན་པའི་བླང་བྱ་གསར་པ་དང་རང་འགུལ་ངང་འཚམ་པ་བྱས་ཏེ་འདྲི་གཅོད་ཀྱི་བསམ་གཞི་གསར་གཏོད་བྱེད་པ་དང་། འདྲི་གཅོད་བྱེད་སྟངས་གསར་བརྗེས་བྱེད་པ། འདྲི་གཅོད་བྱེད་ཐབས་ཞིབ་ཚགས་སུ་གཏོང་བ་བཅས་བྱས་པ་དང་། དྲང་བཞག་དྲང་བདེན་བྱེད་རྒྱུ་ནི་བྱེད་ཐབས་ཡག་པོ་ཡིན་པ་དང་། ནག་ཉེས་ཁས་ལེན་དང་ཁྲིམས་འོག་ཏུ་འདུལ་བ་ནི་ཁྲིམས་འཛིན་ཡག་པོ་ཡིན་པ། གནད་དོན་ཐག་གཅོད་བྱེད་རྒྱུ་ནི་ཐབས་ཤེས་བཟང་པོ་ཡིན་པ། འབྲེལ་འཛིང་བསངས་རྒྱུ་དང་ཞི་མཐུན་བརྟན་ལྷིང་ཡོང་བ་བྱེད་རྒྱུ་ནི་ཐབས་ལམ་བཟང་པོ་ཡིན་པ་བཅས་ཀྱི་འདུ་ཤེས་བཙུགས་ཐོག ཁྲིམས་ལུགས་ལྟར་ཐབས་མང་མཉམ་སྤྱོད་དང་ཐོན་ཁུངས་སྒྲིལ་སྤྱོད་ཀྱིས་མཉམ་ཤུགས་ཆགས་པ་དང་ཕྱོགས་མང་རོགས་ལས་ཀྱིས་མཐུན་འགྲིག་བྱེད་པ། ཁྲིམས་ལུགས་ལྟར་བློ་ཐག་ཆོད་པོས་ཁྲུན་གཅོད་བྱེད་པ་དང་། དབྱེ་བ་བཟུང་བ། ཁ་ཕྲལ་ཐོར་ཞིག་ཏུ་གཏོང་བ། ཁྲིམས་ལུགས་ལྟར་ཉེས་ཆད་ནན་པོ་གཅོད་པ་སོགས་ཀྱི་བྱ་ཐབས་ནུས་ལྡན་སྤྱད་དེ། འདྲི་གཅོད་དང་ལག་བསྟར་བྱེད་རྒྱུའི་ལས་དོན་དེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུའི་བླང་བྱ་དང་དེ་བས་མཐུན་གང་ཐུབ་བྱས་པ་དང་། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལེགས་ཤིང་མྱུར་བའི་སྒོ་ནས་གོང་འཕེལ་གཏོང་རྒྱུའི་དགོས་མཁོ་དང་དེ་བས་འཚམ་པ་བྱས་ཡོད།

        ཡུན་རིང་བདེ་འཁོད་ཡོང་བར་དམིགས་ནས་ནུས་ཤུགས་ཡོད་རྒུས་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་ཀྱི་བརྟན་ལྷིང་སྲུང་སྐྱོང་བྱས་པ། བརྟན་ལྷིང་སྲུང་སྐྱོང་གི “དམག་འཐབ་ཆེན་པོ་གསུམ ”ཡག་པོ་བརྒྱབ་སྟེ་ལོ་ཧྲིལ་པོ་བརྟན་ལྷིང་དང་ཁྱོན་ཡོངས་ནས་བརྟན་ལྷིང་ཡོང་བ་བྱེད་དགོས་པའི་ལྗོངས་ཏང་ཨུད་ཀྱི་མཛད་ཇུས་བཀོད་སྒྲིག་གཞིར་བཟུང་ཐོག ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་རྒྱུ་དང་སྤྱི་ཚོགས་ཀྱི་ཆབ་སྲིད་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ལས་དོན་ཁག་ནང་གི་ཨང་དང་པོར་བཞག་ཡོད། ཏང་དབུ་བཪྙེས་ནས་ལོ་90འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་རྟེན་འབྲེལ་ཆེན་མོའི་བདེ་འཇགས་སྲུང་སྐྱོབ་ཀྱི་ལས་དོན་ལ་དམ་པོར་དམིགས་ཏེ། “དར་ཆ་གསལ་སྟོན་དང་། མདུང་རྩེ་ཁ་སྤྲོད། རང་འགུལ་དབང་ཆ་རང་ལག་ཏུ་འཛིན་པ། མི་སེམས་འགུགས་པ། རྩ་སྲ་རྨང་བརྟན ”བཅས་ཀྱིས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྐོར་གྱི་ཀྲུང་དབྱང་གི་མཛད་ཕྱོགས་ལག་བསྟར་ནན་ཏན་བྱས་ཐོག “སྔ་ཙམ་ནས་དམ་འཛིན་བྱེད་པ་དང་། ཆུང་ཐོག་ནས་དམ་འཛིན་བྱེད་པ། དམ་འཛིན་མགྱོགས་པོ་བྱེད་པ། དམ་འཛིན་ཡག་པོ་བྱེད་པ ”བཅས་ཀྱི་བླང་བྱ་གཞིར་བཟུང་ཁོར་ཡུག་ངེས་ཅན་དང་། དུས་རིམ་ངེས་ཅན། ཆ་རྐྱེན་ངེས་ཅན་བཅས་ནང་གི་ཏཱ་ལའི་རུ་ཚོགས་ཀྱི་ཁ་ཕྲལ་ཕྱོགས་གཏོགས་ཀྱི་ཁ་ཕྲལ་གཏོང་ཐབས་དང་གཡོ་ཐབས་ལ་དབྱེ་ཞིབ་གསལ་འབྱེད་བྱེད་རྒྱུར་དོ་སྣང་དང་ཤུགས་སྣོན་བརྒྱབ་ཐོག་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུའི་འགོ་སྣེའི་རང་བཞིན་དང་རྨང་གཞིའི་རང་བཞིན་གྱི་ལས་དོན་གང་ལེགས་བསྒྲུབས་པ་དང་། བརྟན་ལྷིང་སྲུང་སྐྱོང་ཐད་ཀྱི་འགོག་ཟོན་ལམ་སྲོལ་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་སྟེ། སྤྱི་ཚོགས་བརྟན་སྲུང་བྱེད་རྒྱུར་གཞོགས་འདེགས་ཧུར་ཐག་བྱས་ནས་འཚུབ་ཆ་ཆེ་བའི་དུས་མཚམས་དང་གལ་ཆེའི་རྟེན་འབྲེལ་བྱེད་སྒོའི་རིང་གི་སྤྱི་ཚོགས་བརྟན་ལྷིང་ཡོང་བའི་འགན་ལེན་བྱས་ཡོད།

        ཉེས་དོན་ཉེས་གསོག་ལ་རྡུང་རྡེག་གཏོང་རྒྱུ་དང་སྤྱི་ཚོགས་ཀྱི་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུའི་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་པ་བྱས་ཤིང་། ཉེས་དོན་འདྲི་གཅོད་ལས་ཀའི་གཙོ་གནད་དེ་ཁ་ཕྲལ་གཏོར་བཤིག་གཏོང་རྒྱུའི་སྒྲིག་འཛུགས་དང་། ཇུས་འགོད། ངན་སྐུལ་བཅས་དང་ཁ་ཕྲལ་གཏོར་བཤིག་གི་བྱ་སྤྱོད་སྤེལ་བ་སོགས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་མཁན་ཁྲིམས་འགལ་པར་རྡུང་རྡེག་གཏོང་རྒྱུའི་ཐོག་འཇོག་པ་དང་། སྤྱི་ཚོགས་ཀྱི་བདེ་འཇགས་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་དང་རྒྱུ་ནོར་བདེ་འཇགས་ལ་གནོད་འཚེ་ཚབས་ཆེ་གཏོང་མཁན་ནག་ཚོགས་ངན་རེངས་ཕྱོགས་གཏོགས་ཀྱི་ཉེས་གསོག་དང་། སྤྱི་བྱིངས་དང་འབྲེལ་བའི་དཔལ་འབྱོར་གྱི་ཉེས་གསོག ཚབས་ཆེའི་གཏུམ་སྤྱོད་ཀྱི་ཉེས་གསོག ཐོན་རྟག་པའི་རྒྱུ་ནོར་མི་བདག་བདག་བཟུང་གི་ཉེས་གསོག ལས་ཐོག་གི་ཉེས་གསོག དུག་རྫས་ཀྱི་ཉེས་གསོག་བཅས་ཀྱི་ཉེས་ཅན་པར་རྡུང་རྡེག་གཏོང་རྒྱུའི་ཐོག་འཇོག་རྒྱུ་མཐའ་འཁྱོངས་བྱས་ཡོད། 《ཉེས་ཁྲིམས་ཀྱི་དག་བཅོས་འཆར་ཟིན (བརྒྱད་པ )》ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཐོག་གྱོད་གཞིའི་དོན་དངོས་དང་། དཔང་རྟགས། གོ་རིམ། བཅའ་ཁྲིམས་ཀྱི་སྤྱོད་འཐུས་བཅས་ཀྱི་འགག་སྒོ་ནན་བཟུང་བྱས་ཤིང་། གཉེར་སྒྲུབ་ཟིན་པའི་གྱོད་གཞི་ཚང་མ་དོན་དངོས་ཁ་གསལ་དང་། དཔང་རྟགས་ཁུངས་བཙན། བཅའ་ཁྲིམས་སྤྱོད་འཐུས་འཚམ་པ། བཅའ་ཁྲིམས་ཀྱི་ཕན་ནུས་དང་སྤྱི་ཚོགས་ཀྱི་ཕན་འབྲས་ལེགས་པ་བཅས་ཡོང་བའི་འགན་ལེན་བྱས་ཡོད། ལོ་ཧྲིལ་པོར་ཁྱོན་བསྡོམས་ཉེས་དོན་གྱི་གྱོད་གཞི་ཁག་1485འདྲི་ཞིབ་བྱས་པ་དང་། ཉེས་གསོག་པ་མི་གྲངས་1610 ལ་ཁྲིམས་ཆད་བཅད་པ་དེ་དུས་མཚུངས་དང་བསྡུར་ན་ཁག་སོ་སོར་3.3% དང་3.5% ཆག་ཡོད་ཅིང་། དེའི་ནང་དུས་བཙོན་ལོ་ལྔ་ཡན་དང་ཚེ་བཙོན་ནས་སྲོག་ཁྲིམས་བཅད་པའི་བར་གྱི་ཉེས་གསོག་པ་མི་གྲངས་416ཡོད།

        ཉེས་དོན་གྱོད་གཞིའི་གྱོད་གཞི་ཁེར་གྲས་རིགས་ཐག་གཅོད་བྱེད་རྒྱུ་དེ་ཡུན་རིང་བདེ་འཁོད་ཡོང་བའི་སྤྱི་ཡོངས་ལ་བསྟུན་ནས་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་ནན་ཡང་ཟུང་སྤྱོད་ཀྱི་ཉེས་དོན་སྲིད་ཇུས་ལག་བསྟར་ནན་ཏན་དང་ནན་ཡང་བྱེད་ཚད་བཏང་འཛིན་ཡག་པོ་བྱས་ཏེ་ཁྲིམས་སྒྱུར་གྱི་དྲང་བདེན་རང་བཞིན་དང་བཅའ་ཁྲིམས་སྤྱོད་རྒྱུའི་གནད་འཁེལ་རང་བཞིན་དེ་ཏང་གི་འདོད་ཚུལ་དང་མི་དམངས་ཀྱི་འདོད་བློ་མངོན་འགྱུར་ཐུབ་པ་བྱེད་རྒྱུ་གཉིས་དང་ཟུང་འབྲེལ་བྱས་ཐོག ཕུགས་འཕེར་གྱི་ཇུས་གཞི་འདིང་རྒྱུ་དང་རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་སྤྱད་དེ། འགལ་ཟླའི་ཕྱོགས་ཉུང་དུ་གང་ཐུབ་བཏང་སྟེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་སྤྱི་ཚོགས་ཀྱི་རྨང་གཞི་རྒྱ་ཆེར་བཏང་ཡོད། ཉེས་ཆད་གཅོད་ཚད་ཚད་ལྡན་ཅན་དུ་བསྒྱུར་བཅོས་གཏིང་ཟབ་བྱས་ཏེ་འདྲི་གཅོད་བྱ་རིམ་སྔར་བས་ཡོངས་བསྒྲགས་མངོན་གསལ་དང་ཉེས་ཆད་གཅོད་ཚད་དེ་བས་དོ་སྙོམས་དྲང་བཞག་བྱུང་བའི་ཐོག ཁྲིམས་བཅད་དང་ལེན་གྱིས་ཞུ་གཏུག་མཚམས་འཇོག་བྱེད་ཚད་མངོན་གསལ་དོད་པོས་ཆེ་རུ་སོང་ཡོད། ཁྲིམས་གཞིགས་ཉེས་གཅོད་ཀྱི་རྩ་དོན་མཐའ་འཁྱོངས་ཀྱིས་ཉེས་པ་མེད་མཁན་ལ་ཉེས་དོན་གྱི་རྩད་གཅོད་མི་ཕོག་པ་བྱས་པ་དང་། ཁྲིམས་ཆད་ཡང་བཟོས་དང་དངོས་མིན་བཙོན་འགྲོལ་གྱི་གྱོད་གཞིའི་ལས་ཀར་ཚད་མཐོའི་མཐོང་ཆེན་བྱས་ཤིང་། རང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་ཁྲིམས་ཆད་ཡང་བཟོས་དང་དངོས་མིན་བཙོན་འགྲོལ་གྱི་གྱོད་གཞི་བསྒྲུབ་རྒྱུའི་མཛུབ་ཁྲིད་བསམ་འཆར་བཟོ་འདོན་བྱས་པ་དང་ཚད་ལྡན་རྒྱུན་ཅན་གྱི་ལས་ཀའི་ལམ་སྲོལ་བཙུགས་ཏེ་ཁྲིམས་ལུགས་ལྟར་ཁྲིམས་ཆད་ཡང་བཟོས་དང་དངོས་མིན་བཙོན་འགྲོལ་གྱི་གྱོད་གཞི་ཁག་1739གཉེར་སྒྲུབ་བྱས་ཡོད། སྲོག་ཁྲིམས་ཀྱི་སྲིད་ཇུས་ཁོང་དུ་ཡག་པོ་ཆུད་པ་བྱེད་པ་དང་སྲོག་ཁྲིམས་ཀྱི་གྱོད་གཞི་ཁྲུན་གཅོད་བྱེད་པའི་ཚད་གཞི་ནན་པོ་བཟུང་སྟེ་གྱོད་ཞིབ་སྤུས་ཚད་ཡག་པོ་ཡོང་བ་བྱས་པར་བརྟེན་ལོ་ཧྲིལ་པོའི་ནང་སྲོག་ཆད་གཅོད་ནོར་ཤོར་བ་གཅིག་ཀྱང་བྱུང་མེད་ལ་བཅད་མཚམས་ནོར་བའང་གཅིག་ཀྱང་བྱུང་མེད།

        མཆོང་སྐྱོད་ལྟ་བུའི་གོང་འཕེལ་གཏོང་རྒྱུར་དམིགས་ནས་སྤུས་ལེགས་ནུས་ཆེའི་ཁྲིམས་འཛིན་འགན་སྲུང་གང་ཐུབ་བྱས་པ།    རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལེགས་ཤིང་མྱུར་བའི་སྒོ་ནས་གོང་འཕེལ་གཏོང་རྒྱུར་ཞབས་འདེགས་ཞུ་རྒྱུ་དེ་ལས་འགན་ཨང་དང་པོར་བརྩི་རྒྱུ་རྒྱུན་འཁྱོངས་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བར་ཁྲིམས་འཛིན་གྱི་དགོས་མཁོ་ཡོད་པར་དོ་སྣང་ཧ་ཅང་ཆེན་པོ་བྱས་ཡོད། “ལོ་ལྔ་ཚན་བཅུ་གཉིས་པའི་འཆར་འགོད ”ཕྱོགས་ཡོངས་ནས་ལག་བསྟར་བྱེད་རྒྱུ་དང་། སྒེར་གཉེར་ཁེ་ལས་གོང་འཕེལ་གང་མགྱོགས་གཏོང་རྒྱུ། རྣམ་གྲངས་འཛུགས་སྐྲུན་བྱེད་རྒྱུ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཤུགས་ཆེ་བྱེད་རྒྱུ། ཁྱད་ལྡན་ཐོན་ལས་དང་ཁྱད་ལྡན་ཡུལ་སྐོར་ལས་རིགས་སོགས་དཔལ་འབྱོར་གོང་འཕེལ་གཏོང་བའི་ཁྱབ་ཁོངས་ལ་དམིགས་ནས 《རང་ལྗོངས་སུ “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ལག་བསྟར་བྱེད་རྒྱུར་ཁྲིམས་འཛིན་གྱི་འགན་སྲུང་བྱེད་རྒྱུའི་སྐོར་གྱི་བསམ་འཆར 》སོགས་ཁྲིམས་འཛིན་འགན་སྲུང་གི་བསམ་འཆར་ཁག་5ལ་ཞིབ་འཇུག་གིས་གཤམ་སྤེལ་བྱས་ཡོད། རང་འགུལ་ངང་ཁྲིམས་འཛིན་གྱི་ཞབས་ཞུའི་འགན་ནུས་ཆེ་རུ་བཏང་ཐོག་རང་སྐྱོང་ལྗོངས་ཀྱི་གཞུང་ཁོངས་རྒྱུ་ནོར་ཨུ་ལྷན་དང་། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། འཛུགས་སྐྲུན་ཐིང་སོགས་ཀྱི་སྡེ་ཚན་དང་། དངུལ་རྩ། ཨར་སྐྲུན་སོགས་ཀྱི་ལས་རིགས་བཅས་དང་འབྲེལ་ལམ་བཙུགས་ཤིང་། དམངས་གཉེར་ཁེ་ལས་དང་ཁེར་རྐྱང་བཟོ་ཚོང་ཐེམ་དུད་ལ་འདྲ་མཉམ་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་ཐོག ལས་གྲྭའི་འཛུགས་སྐྲུན་ཁྱབ་ཁོངས་ནང་གི་འོས་ཐོབ་ནང་བཤུག་གཏོང་བ་དང་ཁྲིམས་འགལ་གྱིས་བཅད་སྤྲོད་འགན་གཙང་དང་བརྒྱུད་སྤྲོད་འགན་གཙང་བྱེད་པ་སོགས་ལས་བྱུང་བའི་རྩོད་གཞིར་དམིགས་ནས་དུས་ཐོག་ཏུ་ཁྲིམས་འཛིན་གྱི་གྲོས་འཆར་བཏོན་ཡོད། དྲང་བཞག་འགྲན་རྩོད་བྱེད་པའི་ཁྲོམ་རའི་སྒྲིག་ལམ་སྲུང་སྐྱོང་བྱེད་རྒྱུ་དང་། ཁྲོམ་རའི་གཙོ་རྐང་གི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་འདྲ་མཉམ་བྱེད་རྒྱུ། མ་འཇོག་དང་བྱ་གཞག་གསར་གཏོད་བྱེད་པའི་ཁོར་ཡུག་ལེགས་སྒྱུར་བྱེད་རྒྱུ་བཅས་ལ་དམིགས་ཏེ། དཔལ་འབྱོར་གཉེར་སྐྱོང་བྱེད་པའི་ནང་ཐོན་པའི་དངུལ་རྩའི་ཡིད་རྟོན་དངུལ་བུན་དང་། ཚོང་དོན་བརྗེ་རེས། ལས་གྲྭའི་འཛུགས་སྐྲུན་སོགས་ཐད་ཀྱི་གྱོད་གཞིའི་རིགས་ལ་དུས་ཐོག་ཏུ་འདྲི་ཞིབ་གང་འཚམ་བྱས་པ་དང་ཁྲིམས་འཛིན་བར་འདུམ་གྱི་སློབ་གསོ་དང་དཔེ་མཚོན་གྱི་ནུས་པ་འདོན་སྤེལ་བྱེད་རྒྱུར་དོ་སྣང་ཆེན་པོ་བྱས་ཐོག སྤྱི་ཚོགས་ཀྱི་དར་སྲོལ་བཟང་པོ་ཁྲིད་སྟོན་བྱས་ནས་སྤྱི་ཚོགས་ཀྱི་སེམས་ཁམས་ཡག་པོ་ཡོང་བ་བྱས་ཡོད། ལོ་ཧྲིལ་པོར་ཁྱོན་བསྡོམས་དམངས་དོན་དང་ཚོང་དོན་གྱི་གྱོད་གཞི་ཁག་8757ལ་འདྲི་ཞིབ་བྱས་པ་དང་དམིགས་རྟེན་དངུལ་འབོར་སྒོར་དུང་ཕྱུར་13.7 ཟིན་པ་དེ་དུས་མཚུངས་དང་བསྡུར་ན་ཁག་སོ་སོར་14.4% དང་30.5% འཕར་ཡོད།

        ལྟ་སྐུལ་དང་རྒྱབ་སྐྱོར་བྱེད་རྒྱུ་གཉིས་གལ་ཆེ་མཉམ་འཇོག་བྱེད་པ་དང་། འགན་སྲུང་དང་སྲུང་སྐྱོང་བྱེད་རྒྱུ་གཉིས་མཉམ་དུ་འཛིན་པ། མཐུན་སྦྱོར་དང་ཁྲུན་གཅོད་བྱེད་རྒྱུ་གཉིས་མཉམ་སྤྱོད་བྱེད་པ། འགན་ནུས་སྒྲུབ་རྒྱུ་དང་རོགས་ལས་བྱེད་རྒྱུ་གཉིས་མཉམ་དུ་ལག་བསྟར་བྱེད་པ་བཅས་བྱས་ཏེ་སྲིད་འཛིན་གྱི་རྩོད་གཞིར་ཚད་མཐོའི་མཐོང་ཆེ་དང་ཐག་གཅོད་འོས་འཚམ་བྱས་ཡོད།    ལོ་ཧྲིལ་པོར་ཁྱོན་བསྡོམས་སྲིད་འཛིན་གྱི་གྱོད་གཞི་དང་རྒྱལ་ཁབ་ཀྱི་གུན་གསབ་གྱོད་གཞི་ཁག་48ལ་འདྲི་ཞིབ་བྱས་པ་དེ་དུས་མཚུངས་དང་བསྡུར་ན་29.7% འཕར་ཡོད། གལ་ཆེའི་གནས་ཚུལ་བརྡ་ཁྱབ་གཏོང་བ་དང་གལ་ཆེའི་སྲིད་འཛིན་རྩོད་གཞིའི་གྱོད་གཞི་མཐུན་སྦྱོར་བྱེད་པའི་ལམ་ལུགས་སྔར་བས་འཐུས་ཚང་དུ་བཏང་ཞིང་། མི་དཔུང་ཁྱུ་སྒྲིག་གི་ཞུ་བཅར་ཐོན་བཟོ་ཡོད་པ་དང་། སྤྱི་ཚོགས་ཀྱི་ཞི་མཐུན་བརྟན་ལྷིང་ལ་གནོད་བཟོ་ཡོད་པའི་གནས་ཚུལ་དང་ཆ་འཕྲིན་རིགས་སྔ་ཙམ་ནས་ཤེས་རྟོགས་ཐུབ་པ་དང་། སྔ་ཙམ་ནས་སྙན་སེང་ཞུ་བ། སྔ་ཙམ་ནས་མེད་པ་བཟོ་བ་བཅས་བྱས་ཐོགཁྲིམས་འཛིན་དང་སྲིད་འཛིན་ཐོག་ནས་སྤྱི་ཚོགས་ཀྱི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ནང་ཕན་ཚུན་སྐུལ་སྤེལ་བཏང་ནས་སྲིད་འཛིན་དང་ཁྲིམས་འཛིན་ཐོག་ནས་ཕན་ཚུན་འདུམ་འགྲིག་བྱེད་པའི་ལམ་སྲོལ་ཞིག་ཆགས་བཞིན་ཡོད།

        སྤྱི་ཚོགས་ཞི་མཐུན་ཡོང་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ་དང་འདུམ་འགྲིག་བྱེད་རྒྱུའི་ཐོག་ཤུགས་བརྒྱབ་ནས་སྤྱི་ཚོགས་དོ་དམ་བྱེད་ཐབས་གསར་གཏོད་ཧུར་ཐག་བྱས་པ།    སྤྱི་ཚོགས་དོ་དམ་བྱེད་པའི་གནས་བབས་གཙོ་བོ་སེམས་ལ་བརྟན་པོར་བཅངས་ཏེ་སྤྱི་ཚོགས་ཀྱི་འགལ་ཟླ་འདྲ་མིན་སེལ་རྒྱུ་དང་། སྤྱི་ཚོགས་ཀྱི་འབྲེལ་འཛིང་བསངས་རྒྱུ། སྤྱི་ཚོགས་ཞི་མཐུན་ཡོང་བར་སྐུལ་འདེད་གཏོང་རྒྱུ་བཅས་སྤྱི་ཚོགས་དོ་དམ་ལ་ཐེ་ཞུགས་བྱེད་པའི་གལ་ཆེའི་བྱེད་ཐབས་ཤིག་ཏུ་བརྩིས་ནས་འདུམ་འགྲིག་བྱེད་རྒྱུའི་ཐོག་བསམ་བློ་མང་ཙམ་བཏང་བ་དང་འདུམ་འགྲིག་བྱེད་ཐབས་ལག་བསྟར་ཤུགས་ཆེ་བྱས་ཡོད། གཞན་ཡང་རྩོད་གཞི་ཐག་གཅོད་བྱེད་རྒྱུ་དང་། འགལ་ཟླ་སེལ་རྒྱུ། གྱོད་དོན་ཞིབ་གཅོད་དང་གནད་དོན་ཐག་གཅོད་བྱེད་རྒྱུ་བཅས་དམིགས་ཡུལ་དུ་བཟུང་ནས་འདུམ་འགྲིག་བྱེད་རྒྱུ་དེའང་ཁྲིམས་སྒྱུར་གྱོད་སྒྲུབ་བྱེད་པ་ཞིག་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ཤིང་། དཔལ་འབྱོར་གཉེར་སྐྱོང་བྱེད་པ་དང་། གོང་འཕེལ་གཏོང་ཐབས་བརྗེ་སྒྱུར། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་བརྒྱུད་རིམ་ནང་ཐོན་པའི་འགལ་ཟླ་འདྲ་མིན་བཅས་ལ་དོ་སྣང་ཆེན་པོ་བྱས་ཐོག ཁྲིམས་གཞུང་འཛིན་པ་དང་གནས་ལུགས་ཤོད་པའི་དབར་དང་། འདུམ་འགྲིག་དང་དཔྱད་མཚམས་གཏོང་བའི་དབར། ཚད་བཀག་ནན་བཟུང་དང་བབ་བསྟུན་བརྐྱང་བསྐུམ་བྱེད་པའི་དབར་བཅས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་པ་བྱས་ཏེ་འགལ་ཟླ་སེལ་རྒྱུ་དང་རྩོད་གཞི་ཐག་གཅོད་བྱེད་པའི་ཐབས་ཤེས་གསར་པ་དང་ལམ་བུ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ཡོད། མི་དམངས་ཀྱིས་འདུམ་འགྲིག་དང་། སྲིད་འཛིན་གྱིས་འདུམ་འགྲིག ཁྲིམས་འཛིན་གྱིས་འདུམ་འགྲིག་བཅས་ཤུགས་ཆེ་བྱེད་པའི་རྨང་གཞིའི་ཐོག་བཅའ་ཁྲིམས་དང་། སྲིད་ཇུས། དཔལ་འབྱོར། སྲིད་འཛིན། རིག་གནས། དམངས་ཁྲོད། ལས་རིགས། མཛའ་སེམས། ཁོར་ཡུག་སོགས་ཐབས་རྣམ་འདྲ་མིན་སྤྱད་དེ་ནུས་མང་ལྡན་པའི་མྱོང་རྟོགས་ཀྱི་འདུམ་འགྲིག་བྱེད་པ་དང་། གྱོད་གཞི་ཁེར་མ་ཞིབ་གསེས་འདུམ་འགྲིག་བྱེད་པ། དེ་བཞིན་འཇུག་སྒོ་གནད་འཁེལ་གྱི་ཁྲིད་སྟོན་འདུམ་འགྲིག་བྱེད་པ་སོགས་སྣ་མང་ཅན་དང་། ཐབས་མང་། ཕྱོགས་གང་ཐད་བཅས་ཀྱི་འདུམ་འགྲིག་བྱེད་ཐབས་འཚོལ་ཞིབ་གང་ཐུབ་བྱས་ཡོད། ས་ཞིང་བསྡུ་སྤྱོད་དང་། ངལ་རྩོལ་གྱི་འབྲེལ་བ། ཐོན་ཁུངས་དཀོན་རིགས་སྔོག་འདོན། རྒྱལ་ཁབ་ཀྱི་གལ་ཆེའི་རྣམ་གྲངས་ལག་བསྟར། སྨན་བཅོས། སྤྱི་ཚོགས་འགན་སྲུང་སོགས་བརྟན་ལྷིང་དང་གོང་འཕེལ། དམངས་ཀྱི་འཚོ་བ་བཅས་དང་འབྲེལ་བ་ཡོད་པའི་གྱོད་གཞི་དང་། མི་དཔུང་ཁྱུ་སྒྲིག་གི་དོན་རྐྱེན། བརྟན་ལྷིང་ལ་གནོད་བཟོ་ཡོད་པའི་གནས་ཚུལ་དང་རྐྱེན་རྩ་དམ་པོར་བཟུང་སྟེ་མི་དང་གྱོད་གཞིར་བསྟུན་པ་དང་། དུས་བབ་དང་གནས་ཚུལ་ལ་གཞིགས་ནས་ཁྲིད་སྟོན་བྱས་ཐོག་འདུམ་འགྲིག་བྱེད་ཐབས་མི་འདྲ་བ་སྤྱད་དེ་ལྷག་བསམ་ཟོལ་མེད་ཀྱི་ཐོག་ནས་ཡིད་ཆེད་ཐོབ་ཐབས་བྱེད་པ་དང་། ངང་རྒྱུད་རིང་པོའི་ཐོག་ནས་འདུམ་འགྲིག་ཐུབ་ཐབས་བྱེད་པ། རུ་ང་གཟབ་ནན་གྱི་ཐོག་ནས་རྩོད་གཞི་མེད་པ་བཟོ་བ། བློས་འགེལ་གྱི་ཐོག་ནས་ཀུན་གྱིས་ཡིད་ཆེས་ཐོབ་ཐབས་བྱེད་པ་བཅས་བྱས་ཡོད། འདུམ་འགྲིག་ཞབས་ཞུའི་ལྟེ་གནས་འཛུགས་རྒྱུ་ལས་སྟེགས་སུ་བྱས་ཏེ་ལོ་རྒྱུས་ཡིག་རིགས་མྱོང་རྟོགས་ཁང་དང་། འཆམ་མཐུན་ཁྱིམ་ཚང་འདུམ་འགྲིག་ཁང་། མཉམ་ལས་རྒྱང་ལྟའི་འདུམ་འགྲིག་ཁང་། འབྲེལ་འདྲིས་དང་ཁེངས་ཆུང་ཁོང་ཡངས་འཆམ་མཐུན་ཁང་། མ་བུའི་བརྩེ་སེམས་སྣེ་ལེན་ཁང་། རྒན་བཀུར་ལྟ་སྐྱོང་ཁང་། བློ་འགུགས་སློབ་གསོ་འདུམ་འགྲིག་ཁང་སོགས་བཙུགས་པར་བརྟེན་ཁྱབ་རྒྱ་ཆེ་བ་དང་། བྱེད་ཐབས་མང་བ། ཐབས་ཤེས་བཟང་བ། ཕན་འབྲས་ལེགས་པ། རང་རྒྱལ་གྱི་གནས་ཚུལ་དང་མཐུན་པ། བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པ། མི་དམངས་མང་ཚོགས་ཀྱིས་དང་ལེན་བྱེད་པ་བཅས་ཀྱི་འདུམ་འགྲིག་ལས་ཀའི་ཐབས་རྣམ་ཞིག་རགས་ཙམ་ཆགས་ཡོད། ལྗོངས་ཡོངས་ཀྱི་དམངས་དོན་ཚོང་དོན་གྱོད་གཞི་ཕྱིར་འཐེན་བྱེད་ཚད་77.6% ཟིན་པ་དང་། གཏུག་བཤེར་མ་བྱས་གོང་གི་འགལ་ཟླའི་རྩོད་གཞི་ཁག་7135 འདུམ་འགྲིག་ཐག་གཅོད་བྱས་པ། དམངས་ཁྲོད་ཀྱི་རྩོད་གཞི་ཁག་7300ལྷག་ཙམ་མཛུབ་ཁྲིད་དང་འདུམ་འགྲིག་ཐག་གཅོད་བྱས་པ་བཅས་ལ་བརྟེན་འདུམ་འགྲིག་ཕྱིར་འཐེན་བྱེད་ཚད་དེ་རྒྱལ་ཡོངས་ཁྲིམས་ཁང་གི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་10ཡི་མཐོ་བ་བྱུང་ནས་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།

        གཉིས།      དམངས་ཀྱི་ཆེད་དུ་ཁྲིམས་འཛིན་ནན་པོ་དང་ཞབས་ཞུ་བྱེད་ཐབས་གསར་གཏོད་བྱས་ནས་མང་ཚོགས་ཀྱི་དགོས་མཁོ་སྐོང་བ།

        ང་ཚོས་ཐོག་མཐའ་བར་གསུམ་དུ་འདྲི་གཅོད་བྱེད་པའི་དབང་ཆ་ནི་མི་དམངས་ཀྱིས་སྤྲད་པ་ཞིག་ཡིན་པས་དེ་ངེས་པར་དུ་མི་དམངས་སྲུང་སྐྱོབ་བྱེད་རྒྱུ་དང་། མི་དམངས་ལ་ཞབས་འདེགས་ཞུ་རྒྱུ། མི་དམངས་ལ་བདེ་བ་སྐྲུན་རྒྱུ་བཅས་ཀྱི་ཐོག་སྤྱོད་དགོས་པ་སེམས་ལ་བརྟན་པོ་བཅངས་ཡོད། སྤྱི་ཞབས་པ་དང་མི་དམངས་དབར་དང་། དོ་དམ་དང་ཞབས་ཞུའི་དབར། དེ་བཞིན་བཅའ་ཁྲིམས་ཀྱི་སྒམ་ནན་རང་བཞིན་དང་། ཁྲུན་གཅོད་ཀྱི་དྲང་བདེན་རང་བཞིན། ཁྲིམས་འཛིན་གྱི་དབང་གྲགས་རང་བཞིན་བཅས་དང་མི་དམངས་མང་ཚོགས་ཀྱི་རེ་སྒུག་རང་བཞིན་དབར་གྱི་འབྲེལ་བ་ཚན་རིག་དང་མཐུན་པའི་ཐག་གཅོད་བྱས་ཐོག ཁྲིམས་འཛིན་ཐོག་ནས་དམངས་ལ་ཞབས་ཞུ་སྒྲུབ་པ་དང་། དམངས་ལ་སྟབས་བདེ་སྐྲུན་པ། དམངས་ལ་ཕན་པ་སྐྲུན་པ་བཅས་ཀྱི་ལམ་སྲོལ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཉིན་བཞིན་ཇེ་ཆེར་འགྲོ་བའི་ཁྲིམས་འཛིན་གྱི་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་གང་ཐུབ་བྱས་ཡོད།

        མང་ཚོགས་ཀྱི་དབང་ཆ་སྲུང་སྐྱོང་བྱས་པ།      ཁྲིམས་ལུགས་ལྟར་སྟབས་བདེའི་གོ་རིམ་སྤྱོད་ཤུགས་ཆེ་རུ་བཏང་ནས་དངུལ་འབོར་ཆུང་བའི་རྩོད་གཞི་མྱུར་གཅོད་བྱེད་སྲོལ་ཚོད་ལྟ་བྱས་ཡོད། བདག་སྤྲོད་ཆ་རྐྱེན་གཅིག་གྱུར་བྱེད་པ་དང་། ཞིབ་དཔྱད་ཚད་གཞི་གཅིག་གྱུར་བྱེད་པ། སྤྱོད་ཐབས་འབྱུང་རྐྱེན་གཅིག་གྱུར་བྱེད་པ་བཅས་ཀྱི་རྩ་དོན་གཞིར་བཟུང་དམངས་དོན་གྱི་བསྐྱར་ཞིབ་དང་ཞིབ་བཤེར་ལས་ཀར་ཤུགས་སྣོན་བརྒྱབ་ཡོད། གཞན་ཡང་མང་ཚོགས་ཀྱི་མི་ལུས་རང་དབང་དང་། རྒྱུ་ནོར་བདག་དབང་། ངལ་རྩོལ་གྱི་དབང་ཆ། ངལ་རྩོལ་ཐོབ་ཆའི་དབང་ཆ་སོགས་ཁྲིམས་མཐུན་ཁེ་དབང་ལ་སེམས་འཁུར་བྱེད་པར་དོ་སྣང་ཆེན་པོ་བྱས་ཏེ་ཁྲིམས་ལུགས་ལྟར་དམངས་ཀྱི་འཚོ་བའི་ཁྱབ་ཁོངས་དང་འབྲེལ་བ་ཡོད་པའི་རྩོད་གཞི་དང་གྱོད་གཞིར་འདྲི་ཞིབ་འོས་འཚམ་བྱས་ནས་ཞིང་པ་ལས་མིར་གླ་ཕོགས་སྒོར་ཁྲི་2783.9ཚུར་ལེན་ཐུབ་བྱས་ཡོད། “ལག་བསྟར་གསོག་ཐེབས་ཀྱི་གྱོད་གཞི་མེད་པའི་སྔོན་ཐོན་ཁྲིམས་ཁང་གཏོད་པ ”དང “ལག་བསྟར་ཟུར་གཡོལ་ལ་ངོ་རྒོལ་བྱེད་པའི ”ཆེད་དམིགས་བྱེད་སྒོ་ཏན་ཏིག་སྤེལ་ཡོད། 《དམངས་དོན་ལག་བསྟར་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་གཏན་འབེབས 》ལག་བསྟར་ནན་ཏན་བྱས་ནས་ལག་བསྟར་ལས་དོན་ལ་གནོད་པའི་རང་ངོས་ཀྱི་ནུས་པ་ཆེན་པོ་མེད་པ་དང་། ཕྱི་རོལ་ཁོར་ཡུག་ཞན་པ། ལག་བསྟར་བྱེད་པར་འགོག་རྒོལ་བྱུང་བ། ལག་བསྟར་ཟུར་གཡོལ་བྱེད་པ་སོགས་གཙོ་གནད་ལྷུ་ཚིགས་དེ་དམ་བཟུང་བྱས་ཐོགའགན་འཁྲི་ཤུགས་ཆེར་གཏོང་བ་དང་བྱེད་ཐབས་ཡག་ཏུ་བཏང་སྟེ་རང་གི་འཇོན་ཐང་ཆེ་རུ་གཏོང་རྒྱུ་དང་བཅའ་ཁྲིམས་ལ་བརྟེན་རྒྱུ་ཟུང་འབྲེལ་དང་། ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་རྒྱུ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུ་ཟུང་འབྲེལ་གྱིས་ཕྱི་ནང་གཉིས་ནས་ཤུགས་རྒྱག་པ་དང་། གོང་འོག་མཉམ་འགུལ་བྱེད་པ། ཐབས་མང་མཉམ་སྤྱོད་བྱེད་པ་བཅས་བྱས་ཏེ་གྱོད་གཞི་ཁག་ལག་བསྟར་མཐའ་འདོམས་བྱེད་ཚད་མཐོ་རུ་ཧུར་ཐག་བཏང་ཡོད། ལོ་ཧྲིལ་པོར་ཁྱོན་བསྡོམས་ལག་བསྟར་གྱོད་གཞི་ཁག་3037ལ་བདག་སྤྲོད་བྱས་པ་དང་ལག་བསྟར་མཐའ་འདོམས་བྱས་པ་ཁག་2746ཡིན་པ་དེ་དུས་མཚུངས་དང་བསྡུར་ན་ཁག་སོ་སོར་31.2% དང་33.2% འཕར་ཞིང་། ལག་བསྟར་དམིགས་རྟེན་དངུལ་འབོར་སྒོར་དུང་ཕྱུར་4.68ཟིན་པ་དང་ལག་བསྟར་མཐའ་འདོམས་བྱེད་ཚད་དེ་རྒྱལ་ཡོངས་ཁྲིམས་ཁང་གི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་13ཡི་མཐོ་རུ་སོང་ཡོད། ཁྲིམས་འཛིན་གྱི་རོགས་སྐྱོབ་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ཐོག་གྱོད་གཞི་ཁག་2254 ནང་གི་དཀའ་ངལ་ཡོད་པའི་དོ་བདག་ལ་གཏུག་བཤེར་བྱེད་པའི་རིན་དངུལ་སྒོར་ཁྲི་1931.5 དུས་འགྱངས་དང་། ཆག་ཡང་། རྩ་ཆག་བཅས་བཏང་བ་མ་ཟད། ཆ་རྐྱེན་དང་མཐུན་པའི་རོགས་སྐྱོབ་བྱ་ཡུལ་ལ་རོགས་སྐྱོབ་མ་དངུལ་སྒོར་ཁྲི་603.7 སྤྲད་ཡོད།

        མང་ཚོགས་ཀྱི་ཞུ་རེ་སྒྲུབ་གཉེར་འགན་སྲུང་བྱས་པ། དེའང་གྱོད་ཐག་གཅོད་རྒྱུར་མཐོང་ཆེ་དང་ཕན་འབྲས་ཐོན་རྒྱུར་སྣང་ཆུང་བྱེད་པ་དང་། ཁྲུན་གཅོད་བྱེད་པར་མཐོང་ཆེ་དང་ཞུ་གཏུག་མཚམས་འཇོག་བྱེད་པར་སྣང་ཆུང་བྱེད་པའི་ལྟ་བ་ཁྱད་བསད་བྱས་ཏེ “ངེས་པར་དུ་བྱེད་དགོས་པ་བཞི ”ལག་བསྟར་ནན་ཏན་བྱེད་པ་དང་། “ལམ་ལུགས་ཁག་ལྔ ”ཁྱབ་སྤེལ་ཤུགས་ཆེ་གཏོང་བ། “གཏན་འཁེལ་བཞི་དང་འགན་གཙང་གཅིག ”གི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱས་པས་གཞི་རྩའི་ཆར “འགོ་ཁྲིད་ཀྱིས་མཐོང་ཆེ་བྱེད་པ་དང་། ལས་བྱ་ཡོངས་ཀྱིས་ཐེ་ཞུགས་བྱེད་པ། ལས་བགོས་ཁ་གསལ་བཟོ་བ། གོང་འོག་མཉམ་འགུལ་བྱེད་པ། འཕྲེད་ཕྱོགས་རོགས་ལས་བྱེད་པ། འགན་འཁྲི་དོན་འཁྱོལ་བྱེད་པ ”བཅས་ཀྱི་ཡིག་འབུལ་ཞུ་བཅར་གྱི་ལས་ཀའི་རྣམ་པ་ཞིག་ཆགས་ཡོད། ཡིག་འབུལ་ཞུ་བཅར་གྱི་ཐོག་མའི་གྱོད་གཞིར་ཚད་མཐོའི་མཐོང་ཆེན་བྱས་ནས་སྣེ་ལེན་དང་། བདག་སྤྲོད། ཐག་གཅོད་བཅས་གསུམ་སྔོན་དུ་བྱེད་པ་དང་། དེ་བཞིན་གྱོད་གཞི་ཁག་ཚང་མར་ཐོ་འགོད་ཡོད་པ་དང་། ཞུ་བཅར་ཚང་མར་སྣེ་ལེན་ཡོད་པ། ཁག་ཚང་མར་ཞིབ་བཤེར་ཡོད་པ། ཁག་ཚང་མར་ལན་འདེབས་ཡོད་པ། ཁག་ཚང་མར་འདི་བྱས་འདི་ལན་ཡོད་པ་བཅས་བྱས་ཏེ་གྱོད་གཞི་ཆུང་གྲས་ཆེ་རུ་མི་འགྲོ་བ་དང་། འདྲི་ཞིབ་བྱེད་བདེ་བའི་གྱོད་གཞི་བྱེད་ཁག་པོར་མི་འགྱུར་བ། མི་རེ་ཟུང་གི་ཞུ་བཅར་དེ་མི་དཔུང་ཁྱུ་སྒྲིག་གི་ཞུ་བཅར་དུ་མི་འགྱུར་བ། གནད་དོན་ཆུང་གྲས་བརྟན་ལྷིང་ལ་གནོད་པའི་གནད་དོན་ཆེ་གྲས་སུ་མི་འགྱུར་བ་བཅས་བྱས་ཡོད། ཡུན་རིང་ཡིག་འབུལ་ཞུ་བཅར་བྱེད་མཁན་དང་། ཞུ་བཅར་བྱས་ནས་འཁྲས་སྡོད་མཁན་དང་ཟིང་སློང་མཁན། མང་ཚོགས་ཀྱི་བསམ་འཆར་ཆེ་ཤོས་ཡོད་པ་བཅས་ཀྱི་གྱོད་གཞི་རྣམས་དམ་བཟུང་གིས་གཞུག་འདེད་ལྟ་བཤེར་བྱས་ཐོག་གནད་དོན་ཐག་གཅོད་དངོས་འབྲེལ་བྱས་ཤིང་། གྱོད་ཐག་བཅད་ནས་དོན་དག་ཐག་ཆོད་པ་དང་ཡིག་འབུལ་ཞུ་བཅར་གྱི་དཀའ་གནད་སེལ་ཏེ་སྤྱི་ཚོགས་ཀྱི་བརྟན་ལྷིང་སྲུང་སྐྱོང་བྱས་ཡོད། ལོ་ཧྲིལ་པོར་ཁྱོན་བསྡོམས་ཞུ་འབུལ་དང་བསྐྱར་ཞིབ་བྱས་པའི་གྱོད་གཞི་རིགས་འདྲ་མིན་ཁག་118 འདྲི་ཞིབ་བྱས་པ་དང་། མང་ཚོགས་ཀྱི་ཡིག་འབུལ་ཞུ་བཅར་ཁག (མི་ཐེངས )1541ཐག་གཅོད་བྱས་པ་དེ་ན་ནིང་དང་བསྡུར་ན་སླར་ཡང་12.3%ཆག་ནས་ཞུ་འབུལ་དང་བསྐྱར་ཞིབ་བྱས་པའི་གྱོད་གཞི་ཤུགས་ཆེ་ཉུང་དུ་སོང་བ་དང་། ཞུ་གཏུག་དང་འབྲེལ་བ་ཡོད་པའི་ཡིག་འབུལ་ཞུ་བཅར་གྱི་རིགས་ལོ་རེ་བཞིན་ཉུང་དུ་སོང་བའི་རྣམ་པ་བཟང་པོ་ཐོན་ཡོད།

        མང་ཚོགས་ཞུ་གཏུག་བྱེད་རྒྱུ་སྟབས་བདེ་ཡོང་བ་བྱས་པ།     མང་ཚོགས་ཀྱིས་ཞུ་གཏུག་བྱེད་པའི་ཐབས་ལམ་དང་བྱེད་ཐབས་ཟམ་མི་ཆད་པར་རྒྱ་ཆེར་བཏང་སྟེ་ཐོག་མ་འདྲི་མཁན་གྱིས་འགན་འཁུར་བ་དང་། ཞབས་ཞུ་ཁས་ལེན། གྱོད་ཞིབ་བྱེད་རྒྱུ་ཡོངས་བསྒྲགས། ཡ་རབས་ཀྱིས་སྣེ་ལེན། ལས་གནས་འགན་འཁྲི་སོགས་ཀྱི་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས། གཏུག་བཤེར་གྱི་ཁྲིད་སྟོན་དང་འདྲི་རྩད་བློ་འདྲིའི་ཞབས་ཞུ་ལེགས་བཅོས་ཀྱིས་དམངས་ལ་སྟབས་བདེ་སྐྲུན་པའི་ཞབས་ཞུའི་བྱང་བུ་འཛུགས་པ་དང་ཡིག་འབུལ་ཞུ་བཅར་རིགས་ལ་སྣེ་ལེན་བྱེད་པའི་ཆ་རྐྱེན་ལེགས་སུ་བཏང་ནས་མི་དམངས་མང་ཚོགས་ལ་ཞུ་གཏུག་བྱེད་པའི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཡོད། གུང་གསེང་སྐབས་གྱོད་ཞིབ་བྱེད་པ་དང་། ཁ་པར་ཐོག་ནས་སྔོན་ལ་ཁ་ཆད་ཀྱིས་གྱོད་ཁོངས་སུ་འཇུག་པ། “གཅིག་འཐུས ”ཞབས་ཞུ་སྒྲུབ་པ་སོགས་ཀྱི་བྱེད་ཐབས་ཁྱབ་སྤེལ་བཏང་སྟེ་མང་ཚོགས་ཀྱིས་ཞུ་གཏུག་བྱེད་རྒྱུར་སྟབས་བདེ་བསྐྲུན་ཡོད། “འཁོར་ཐོག་སྐོར་སྐྱོད་ཁྲིམས་སའི ”ཁྲིམས་གཏན་འཁེལ་བའི་ཚད་གཞི་སྔར་བས་ཚད་ལྡན་བཟོས་ནས་སྐོར་སྐྱོད་བྱེད་ལམ་ཚགས་ཚུད་དུ་གཏོང་བ་དང་། ཞབས་ཞུ་སྒྲུབ་རྒྱ་ཆེ་རུ་གཏོང་བ། ལས་སའི་ནུས་པ་སྔར་བས་འདོན་སྤེལ་བཅས་བྱས་ཏེ། ཁྲིམས་འཛིན་གྱི་ཞབས་ཞུ་གཅིག་རང་སྒྲུབ་པ་ནས་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་ནང་ཐེ་ཞུགས་བྱེད་པ་དང་། དམངས་ཕྱུག་བོད་དར་གྱི་འཐབ་ཇུས་ལག་བསྟར་བྱེད་རྒྱུར་སྐུལ་སྤེལ་གཏོང་བ། བཅའ་ཁྲིམས་དང་ཁྲིམས་སྲོལ་དང་ཏང་གི་དམངས་གཅེས་དམངས་ཕན་གྱི་སྲིད་ཇུས་དྲིལ་བསྒྲགས་བྱེད་པ། སློབ་གསོར་བརྟེན་ནས་མང་ཚོགས་ཀྱིས་ཏཱ་ལར་ཐེར་འདོན་དགག་རྒྱག་བྱེད་པ་སོགས་ཕྱོགས་མཐའ་ཀུན་དང་རྒྱ་ཆེའི་ཁྱབ་ཁོངས་ནང་ཞབས་ཞུ་སྒྲུབ་པའི་ཕྱོགས་སུ་ཁ་སྒྱུར་ཐུབ་པ་བྱས་ཡོད། ལོ་ཧྲིལ་པོར “འཁོར་ཐོག་སྐོར་སྐྱོད་ཁྲིམས་སས ”ཁྱོན་བསྡོམས་སྤྱི་ལེ་ཁྲི་237ལྷག་ཙམ་བསྐྱོད་ནས་སྐོར་སྐྱོད་གྱོད་ཞིབ་ཐེངས་གྲངས་1813བྱས་པ་དང་། གྱོད་གཞི་འདྲ་མིན་རིགས་2486ལ་འདྲི་ཞིབ་བྱས་པ། ཁྲིམས་ལུགས་དྲིལ་བསྒྲགས་ཀྱི་སློབ་གསོ་ཐེངས་2623སྤེལ་བ་བཅས་བྱས་ཡོད།

        གསུམ།     རང་ངོས་ལེགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་གང་ཆེ་བརྒྱབ་པ་དང་འཇོན་ཐང་ཆེ་རུ་བཏང་སྟེ་གཞུང་དྲང་སྤྱོད་གཙང་གི་ཁྲིམས་འཛིན་ཐུབ་པའི་འགན་ལེན་བྱས་ཡོད།

        ཁྲིམས་འཛིན་གྱི་འཇོན་ཐང་ཆེ་རུ་གཏོང་རྒྱུའི་འགག་རྩ་འདིར་དམ་པོར་དམིགས་པ་དང་། འདྲི་གཅོད་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུའི་གཙོ་གནད་འདི་མངོན་ཆེར་བཟུང་བ། ཁྲིམས་འཛིན་ཆ་རྐྱེན་ལེགས་བཅོས་བྱེད་རྒྱུའི་རྨང་གཞི་འདིར་གཞི་ཚུགས་པ་བཅས་བྱས་ཏེ་ཁྲིམས་ཁང་དཔུང་ཁག་ལེགས་སྐྱོང་བྱེད་རྒྱུ་དང་། འདྲི་གཅོད་ལམ་སྲོལ་འཛུགས་རྒྱུ། གཞི་རིམ་གྱི་རྨང་གཞི་འཛུགས་སྐྲུན་བྱེད་རྒྱུ་བཅས་ལ་ཤུགས་སྣོན་གང་ཆེ་བརྒྱབ་ནས་རང་ངོས་ལེགས་སྐྱོང་བྱེད་རྒྱུ་ཚན་རིག་དང་མཐུན་པའི་ངང་སྐུལ་སྤེལ་བཏང་སྟེ་གཞུང་དྲང་སྤྱོད་གཙང་གི་ཁྲིམས་འཛིན་འགན་ལེན་ཐུབ་པ་བྱས་ཡོད།

        ཁྲིམས་ཁང་དཔུང་ཁག་ལེགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་གང་ཆེ་བརྒྱབ་པ།    “སྲོལ་རྒྱུན་དར་སྤེལ་དང་། དད་སེམས་འགྱུར་མེད། ཁྲིམས་སྒྱུར་དམངས་ཕན ”བཅས་བྱེད་པ་དང་། “ལྷག་བསམ་རྣམ་དག་དང་དམངས་ལ་སྙིང་ཉེ་བའི ”སློབ་གསོའི་བྱེད་སྒོ་ཤུགས་ཆེ་སྤེལ་ནས་སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་ལ་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་སྤེལ་རྒྱུའི་སྐོར་གྱི་ལྗོངས་ཏང་ཨུད་ཀྱི་གལ་ཆེའི་གཏན་འབེབས་དང་ལེན་ཧུར་ཐག་ཞུས་ཏེ། ཕུལ་བྱུང་ལས་བྱེད་པ་གཞི་རིམ་གྱི་འཐབ་ས་དང་པོར་བདམས་གཏོང་ཟབ་འཇུག་བྱས་ནས་ཏང་གི་སྲིད་ཇུས་དྲིལ་བསྒྲགས་བྱེད་པ་དང་། དམངས་ཕན་གྱི་བྱེད་ཐབས་དོན་འཁྱོལ་བྱེད་པ། དཀའ་ཚེགས་ཆེ་བའི་འཐབ་ས་དང་པོའི་ཐོག་ཉམས་སད་ཐེག་པ་དང་སྦྱོང་བརྡར་སྤྲོས་པ། མང་ཚོགས་དང་བརྩེ་སེམས་ཟབ་ཏུ་གཏོང་བ། སྲིད་སྐྱོང་གི་རྨང་གཞི་བརྟན་དུ་གཏོང་བ་བཅས་བྱས་ཡོད། ཏང་བཪྙེས་ནས་ལོ་90འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་རྟེན་འབྲེལ་བྱེད་སྒོ་ཁག་དང་ཟུང་འབྲེལ་གྱིས “གསར་བརྗེའི་བསྟོད་གླུ་བླངས་ནས་ཏང་གི་བཀའ་དྲིན་ཚོར་བ ”ཞེས་པ་དང་། ཏང་ནང་ཞུགས་པའི་དམ་བཅའ་བསྐྱར་དུ་འཇོག་པ། ཏང་ནང་ཞུགས་པའི་དམ་ཚིག་བསྐྱར་དུ་འཇོག་པ། གྲོང་ཚོར་བཅའ་སྡོད་དང་། དུད་ཚང་དང་དགོན་སྡེར་བསྐྱོད་པ། མི་དམངས་མང་ཚོགས་དང་གཉེན་ཉེ་སྒྲིག་པ་དང་གཅིག་གྲོགས་གཅིག་རོགས་སོགས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་ནས། ཁྲིམས་ཁང་གི་ལས་བྱེད་ཉེན་རྟོག་པས་ཏང་ལ་ལྷག་བསམ་རྣམ་དག་དང་། མེས་རྒྱལ་ལ་ལྷག་བསམ་རྣམ་དག མི་དམངས་ལ་དགའ་ཞེན་བཅས་བྱེད་རྒྱུ་དེ་དང་བཅའ་ཁྲིམས་ལ་ལྷག་བསམ་རྣམ་དག་དང་ཁྲིམས་འཛིན་འདྲི་གཅོད་བྱ་གཞག་ལ་དགའ་ཞེན་བྱེད་རྒྱུ་ཟུང་འབྲེལ་བྱེད་པའི་སློབ་གསོ་ཁྲིད་སྟོན་བྱས་ཏེ། ཁྲིམས་ཁང་དཔུང་ཁག་གི་ཆབ་སྲིད་ཐོག་བློ་རྩ་བརྟན་པོ་དང་བསམ་བློའི་ཐོག་དྭངས་གཙང་ཡོང་བ་བྱས་ཡོད། རིམ་ཁག་ཁྲིམས་ཁང་གི་འགོ་ཁྲིད་ལས་བྱེད་པས “ གོ་གནས་གཅིག་གིས་འགན་འཁྲི་གཉིས་འཁུར་བ་དང་། བྱ་ཐབས་གཉིས་སྤེལ་བ། ཕན་འབྲས་གཉིས་ཐོན་པའི ”ནུས་པ་འདོན་སྤེལ་བྱེད་རྒྱུ་དམིགས་ཡུལ་དུ་འཛིན་པ་དང་། སྤྱོད་ཡོན་གཉིས་ལྡན་དང་ཀུན་སྤྱོད་གཙིགས་ཆེན་དུ་བཟུང་བའི་རྩ་དོན་མཐའ་འཁྱོངས་ཀྱིས་མི་སྣ་འདེམས་སྤྱོད་བྱེད་པའི་ལམ་སྲོལ་གསར་གཏོད་ཟམ་མི་ཆད་པ་བྱེད་པ། ལས་བྱེད་པ་གདམ་གསེས་གནས་སྤར་གྱིས་བཀོལ་སྤྱོད་དང་ལས་བྱེད་པ་བརྗེ་རེས་བྱེད་ཤུགས་ཆེ་རུ་གཏོང་བ། ཕུལ་བྱུང་ཤེས་ལྡན་པ་འབུར་ཐོན་ཡོང་བའི་ཁོར་ཡུག་སྐྲུན་པ་བཅས་བྱས་པ་དང་། རིམ་ཁག་ཁྲིམས་ཁང་གི་འགོ་ཁྲིད་ཚན་པའི་ལོ་ན་དང་། རིག་གནས། ཤེས་བྱ་བཅས་ཀྱི་གྲུབ་ཆ་སྔར་བས་ལེགས་གྱུར་བྱས་ནས་ཁྲིམས་འཛིན་འདྲི་གཅོད་ལ་འགོ་ཁྲིད་བྱེད་ནུས་སྔར་བས་ཆེ་རུ་བཏང་ཡོད། མཐོ་རིམ་ཁྲིམས་ཁང་གི་ལས་བྱེད་པའི་ཕྱོགས་གང་ཐད་ཀྱི་འཇོན་ཐང་ཆེ་རུ་གཏོང་རྒྱུའི་ནུས་ལྡན་ཐབས་ལམ་འཚོལ་ཞིབ་ཧུར་ཐག་བྱས་ཏེ་ལམ་སྲོལ་ཚགས་ཚུད་དུ་གཏོང་བ་དང་། ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ། བྱེད་སྟངས་གསར་གཏོད་བྱེད་པ་བཅས་བྱས་ནས། ཏང་གི་ལམ་ཕྱོགས་དང་མཛད་ཕྱོགས་སྲིད་ཇུས་སློབ་སྦྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དེ་དང་འདྲི་གཅོད་ལས་སྒོའི་སྦྱོང་བརྡར་སྤྲོས་རྒྱུ་ཟུང་འབྲེལ་བྱེད་རྒྱུ་དང་། ལས་ཐོག་སྦྱོར་བརྡར་སྤྲོས་རྒྱུ་དེ་དང་ལས་རིགས་དང་ས་གནས་བརྒལ་ཏེ་སྤེལ་རེས་གནས་སྦྱར་བྱེད་རྒྱུ། ནང་སའི་ཁྲིམས་ཁང་ཁག་ཏུ་བསྐྱོད་ནས་གྱོད་གཞི་དང་སྦྲགས་ཏེ་སློབ་སྦྱོང་དང་སྦྱོང་བརྡར་བྱེད་རྒྱུ་བཅས་ཟུང་འབྲེལ་བྱེད་རྒྱུ། ཁྲིམས་འཛིན་འདྲི་གཅོད་ལས་སྒོའི་འཇོན་ཐང་ཆེ་རུ་གཏོང་རྒྱུ་དེ་དང་མང་ཚོགས་ཀྱི་ལྟ་བའི་སློབ་གསོར་ཤུགས་སྣོན་རྒྱག་རྒྱུ་ཟུང་འབྲེལ་བྱེད་རྒྱུ་བཅས་ལ་མཐོང་ཆེན་བྱས་ནས་ཁྲིམས་ཁང་ལས་བྱེད་ཉེན་རྟོག་པའི་ཁྲིམས་འཛིན་འཇོན་ཐང་དང་། གནད་དོན་ཐག་གཅོད་བྱེད་པའི་ནུས་པ། མང་ཚོགས་ཀྱི་ལས་ཀ་སྤེལ་བའི་ནུས་པ་བཅས་ཆེ་རུ་སོང་ཡོད། ལས་བྱེད་ཉེན་རྟོག་པ་ཉུང་ཤས་ཀྱི་དད་སེམས་ཞན་པ་དང་། ཏང་གཤིས་ཟབ་པོ་མེད་པ། སྤྱོད་ཚུལ་དྲང་པོ་མེད་པ། ལས་ཕྱོད་ཆེན་པོ་མེད་པ། དཀའ་སྡུག་མྱོང་མི་ཐུབ་པ། འགན་འཁྲི་འཁུར་འདོད་མེད་པ་བཅས་ཐག་གཅོད་བྱེད་རྒྱུ་གཙོ་གནད་དུ་བཟུང་སྟེ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་སྒྲིག་ལམ་དང་སྤྱོད་ཚུལ་ལེགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་གང་ཆེ་བརྒྱབ་ཡོད། ཡིག་ཆར་མཆན་འགོད་བྱེད་རྒྱུ་དང་“ཐེངས་རེ་བྱེད་དགོས་པ་བཅུའི ”ཞིབ་མཆན་འགོད་རྒྱུ་ཚད་ལྡན་བཟོས་ཏེ “ནན་འགོག་ལྔ ”དང་“བཀག་རྒྱ་དྲུག ”ལག་བསྟར་ནན་པོ་བྱས་ནས་ཁྲིམས་འཛིན་འདྲི་གཅོད་ཀྱི་གཙོ་བོའི་ལས་གནས་དང་གཙོ་གནད་ལྷུ་ཚིགས་ལ་ལྟ་སྐུལ་བྱེད་རྒྱུ་མངོན་ཆེར་བཟུང་བར་བརྟེན་སྤྱོད་གཙང་ཁྲིམས་སྒྱུར་དང་སྤྱོད་ཚུལ་འགྱུར་ལྡོག་གཏོང་རྒྱུ་དེ་ཁྲིམས་འཛིན་ནུས་ཕྱོད་ཆེ་རུ་གཏོང་རྒྱུ་དང་མཉམ་འདྲེས་ནུས་ལྡན་ཐུབ་པ་བྱུང་ཡོད། “བསམ་པ་རྣམ་དག་དང་། དྲང་གཞག སྤྱོད་གཙང་། དམངས་ཕན ”བཅས་ཀྱི་ཁྲིམས་འཛིན་གྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་ཤུགས་ཆེ་བཏང་ནས་ཁྲིམས་ཁང་གི་རིག་གནས་དར་སྤེལ་གཏོང་རྒྱུར་གོང་འཕེལ་ཆེན་པོ་དང་དར་རྒྱས་ཆེན་པོ་ཡོང་བ་བྱས་ཡོད། བོད་ཀྱི་ཁྲིམས་ཁང་གིས་འདེམས་གཏོང་བྱས་པའི “ཞི་མཐུན་ཚངས་ཐིག་ལ་བསྟོད་པ ”ཞེས་པར་རྒྱལ་ཡོངས་ཀྱི་ཁྲིམས་ཁང་རིག་རྩལ་ཕྱོགས་བསྡུས་འཁྲབ་སྟོན་བྱེད་པའི་ནང་བྱ་དགའ་ཨང་དང་པོ་ཐོབ་ཡོད།

        འདྲི་གཅོད་དོ་དམ་བྱེད་པའི་ལམ་སྲོལ་འཛུགས་རྒྱུར་ཤུགས་སྣོན་གང་ཆེ་བརྒྱབ་པ།      ཁྲིམས་འཛིན་འདྲི་གཅོད་ལས་དོན་དེ་ཚན་རིག་དང་མཐུན་པའི་གོང་འཕེལ་དང་རྒྱུན་མཐུད་གོང་འཕེལ་གཏོང་རྒྱུ་དང་མི་འཚམ་པ་དང་མི་མཐུན་པའི་མངོན་ཆེའི་གནད་དོན་དམ་བཟུང་གིས་འདྲི་གཅོད་དོ་དམ་ཚད་ལྡན་ཅན་བཟོ་རྒྱུ་ནས་འགོ་བཙུགས་ཐོག་ མི་དམངས་མང་ཚོགས་ཀྱིས་བསམ་འཆར་ཆེ་ཤོས་ཡོད་པ་དང་བློ་མོས་གཏན་ནས་མེད་པའི་གནད་དོན་ལ་དམིགས་ཏེ་སྔར་ལས་ལྷག་པའི་སྒོ་ནས་གྱོད་གཞི་གཉེར་སྒྲུབ་དོ་དམ་དང་། གཙོ་གནད་ལྷུ་ཚིགས་དོ་དམ། གྱོད་གཞིའི་བང་རིམ་དོ་དམ། གྱོད་གཞིའི་སྤུས་ཚད་དོ་དམ་བཅས་བྱེད་ལམ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ཞིང་། གྱོད་ཁོངས་སུ་འཇུག་པ་དང་། ཁྲིམས་སར་འདྲི་གཅོད། ཁྲིམས་ཐག་བཅད་པ། ལག་བསྟར་བྱེད་པ་སོགས་ལྷུ་ཚིགས་ཁག་གི་ནུས་ཕྱོད་ལྟ་འདོམས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་འདྲི་གཅོད་དོ་དམ་བྱེད་རྒྱུ་ཚད་ལྡན་ཅན་དང་ཚན་རིག་ཅན་དུ་གྱུར་བ་བྱས་ནས་འདྲི་གཅོད་ཀྱི་སྤུས་ཚད་དང་ལས་ཕྱོད་སྔར་བས་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད།

        གཞི་རིམ་གྱི་རྨང་གཞིའི་འཛུགས་སྐྲུན་ལ་ཤུགས་སྣོན་གང་ཆེ་བརྒྱབ་པ།     ཐོག་མཐའ་བར་གསུམ་དུ་གཞི་རིམ་སྲ་བརྟན་དུ་གཏོང་རྒྱུ་དང་རྨང་གཞི་བརྟན་དུ་གཏོང་རྒྱུ་དེ་འདྲི་གཅོད་ཀྱི་འགན་ནུས་འདོན་སྤེལ་ནུས་ལྡན་དང་སྔར་ལས་ལྷག་པའི་སྒོ་ནས་སྤྱི་ཡོངས་ལ་ཞབས་ཞུ་སྒྲུབ་རྒྱུའི་གལ་ཆེའི་འགན་ལེན་དུ་བརྩིས་ཡོད། རིམ་ཁག་ཏང་ཨུད་དང་། སྲིད་གཞུང་དང་རྩ་འཛུགས། མི་དོན། སྒྲིག་གཞི། འཕེལ་བསྒྱུར། ནོར་སྲིད་སོགས་འབྲེལ་ཡོད་སྡེ་ཚན་གྱི་ཚད་མཐོའི་མཐོང་ཆེན་དང་ཤུགས་ཆེའི་རྒྱབ་སྐྱོར་འོག ལོ་གསུམ་འབད་བརྩོན་བྱས་པ་བརྒྱུད། “ཚངས་ཐིག་གི་གཞི་རིམ་རྨང་གཞིའི་ལས་གཞིས ”གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ཚང་མ་ལེགས་སྒྲུབ་བྱུང་བ་དང་། མི་དམངས་ཁྲིམས་ཁང་གི་ཏང་རྩ་འཛུགས་ལེགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་ཐེབས་པ། འདྲི་གཅོད་རྩ་འཛུགས་སྔར་བས་ཚགས་ཚུད་དུ་སོང་བ། འགོ་ཁྲིད་ཚན་པ་འཐུས་སྒོ་ཚང་དུ་སོང་བ། ཁྲིམས་ཁང་དཔུང་ཁག་གི་འཇོན་ཐང་དང་བྱང་ཚད་ཆེ་རུ་སོང་བ། ཁྲིམས་འཛིན་སྤྱོད་ཚུལ་ལ་འགྱུར་ལྡོག་མངོན་གསལ་དོད་པོ་བྱུང་བ། ཁྲིམས་འཛིན་ཁོར་ཡུག་སྔར་བས་ལེགས་སུ་སོང་བ་བཅས་དང་། དེ་བཞིན་ལས་བྱེད་ཉེན་རྟོག་པའི་ལས་ཀའི་ཧུར་སེམས་དང་། རང་འགུལ་བྱེད་སེམས། གསར་གཏོད་རང་བཞིན་བཅས་མངོན་གསལ་དོད་པོས་ཤུགས་ཆེར་སོང་སྟེ་ཁྲིམས་འཛིན་འདྲི་གཅོད་ཀྱི་འགན་ནུས་ཕྱོགས་ཡོངས་ནས་བསྒྲུབས་ཐོག སྔར་ལས་ལྷག་པའི་སྒོ་ནས་ལྟེ་བར་ཕྱོགས་པ་དང་སྤྱི་ཡོངས་ལ་ཞབས་ཞུ་སྒྲུབ་རྒྱུར་སྲ་ཞིང་བརྟན་པའི་རྨང་གཞི་བཏིང་ཡོད། གཙོ་གནད་གཤམ་སྒྱུར་དང་གཞི་རིམ་ལ་འཁྱོགས་པ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་མི་དམངས་ཁྲིམས་ཁང་འཛུགས་སྐྱོང་བྱེད་རྒྱུ་གཙོ་གནད་དུ་བཟུང་སྟེ་“ལོ་ལྔ་ཚན་བཅུ་གཉིས་པའི ”འཛུགས་སྐྲུན་རྣམ་གྲངས་ཕྱོགས་ཡོངས་ནས་ལས་འགོ་ཚུགས་པ་དང་། དེར་མ་དངུལ་སྒོར་དུང་ཕྱུར་11.5གཏོང་རྒྱུ་ཡིན་ཞིང་། ད་ལོ་མ་དངུལ་སྒོར་དུང་ཕྱུར་3.2བཏང་ཡོད། མི་དམངས་ཁྲིམས་ཁང་གི་འགྲོ་གྲོན་འགན་ལེན་དང་དངོས་པོའི་སྒྲིག་ཆས་འཛུགས་སྐྲུན་བྱེད་རྒྱུར་ཤུགས་སྣོན་ཟམ་མི་ཆད་པ་བརྒྱབ་ནས་ཀྲུང་དབྱང་གིས་མ་དངུལ་སྒྱུར་སྤྲོད་བྱས་པ་སྒོར་དུང་ཕྱུར་1.876དོན་འཁྱོལ་མཐུན་སྦྱོར་བྱས་པར་བརྟེན་ཁྲིམས་སྒྱུར་གྱོད་ཞིབ་དང་ལས་ཀའི་ཆ་རྐྱེན་ལེགས་བཅོས་ཆེན་པོ་བྱུང་ཡོད། རྒྱལ་ཡོངས་ཁྲིམས་ཁང་གི་བོད་སྐྱོར་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དམ་འཛིན་བྱས་ནས “གཅིག་གཉིས་གསུམ་གྱི་དྲོ་སྐྱིད་ལས་གཞི ”གཙོ་གནད་དུ་བྱེད་པའི་ཤེས་ལྡན་པ་དང་དངོས་པོའི་ཐད་ཀྱི་རོགས་སྐྱོར་རྣམ་གྲངས་ཁག་ལ་སྐུལ་སྤེལ་ཏན་ཏིག་བཏང་སྟེ་མ་དངུལ་སྒོར་ཁྲི་5364.65དོན་འཁྱོལ་བྱས་ཡོད།

        བཞི།     ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་རང་འགུལ་ཐོག་ལྟ་སྐུལ་དང་ལེན་ཞུས་པ།

        ང་ཚོས་ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་རྒྱུ་ནི་ཁྲིམས་འཛིན་འདྲི་གཅོད་ལས་ཀའི་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་སྟངས་འཛིན་བྱེད་པའི་རྩ་བའི་འགན་ལེན་ཞིག་ཡིན་པ་སེམས་ལ་བརྟན་པོ་བཅངས་ཡོད། གལ་ཆེའི་དོན་གནད་རྣམས་ཏང་ཨུད་ལ་དགོངས་སྐོར་སྙན་སེང་ཞུ་བའི་ལམ་ལུགས་ནན་པོ་བསྲུངས་ནས་གལ་ཆེའི་བཀོད་སྒྲིག་དང་། གཙོ་གནད་ལས་དོན། གལ་ཆེའི་གནད་དོན། གྱོད་གཞི་ཆེ་གྲས་དང་གནད་ཆེའི་གྱོད་གཞི་བཅས་དུས་ཐོག་ཏུ་ཏང་ཨུད་ལ་དགོངས་སྐོར་སྙན་སེང་ཞུ་རྒྱུ་མཐའ་འཁྱོངས་བྱས་ཡོད། རྩ་འཛུགས་ཀྱི་གོ་རིམ་དང་བཅའ་ཁྲིམས་ཀྱི་གོ་རིམ་དབར་དང་། ཏང་གི་མཛད་ཕྱོགས་སྲིད་ཇུས་ལག་བསྟར་དང་བཅའ་ཁྲིམས་ལག་བསྟར་བྱེད་པའི་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་པ་བྱས་ཏེ་ཀྲུང་དབྱང་གི་གལ་ཆེའི་མཛད་ཇུས་དང་ལྗོངས་ཏང་ཨུད་ཀྱི་གལ་ཆེའི་བཀོད་སྒྲིག་ཁག་དོན་འཁྱོལ་བྱེད་རྒྱུ་དེ་ཁྲིམས་འཛིན་དྲང་ནན་བྱེད་རྒྱུ་དང་ཟུང་འབྲེལ་བྱས་ཏེ་ཏང་གི་དགོངས་དོན་དེ་ཁྲིམས་འཛིན་འདྲི་གཅོད་ཁྱབ་ཁོངས་ནང་ཆད་ལུས་མེད་པར་ལག་བསྟར་དོན་འཁྱོལ་ཐུབ་པ་བྱས་ཡོད།

        《ལྗོངས་ཡོངས་ཀྱི་རིམ་ཁག་མི་དམངས་ཁྲིམས་ཁང་གིས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་ལྟ་སྐུལ་དང་ལེན་ཞུ་རྒྱུའི་སྐོར་གྱི་ལས་ཀའི་བསམ་འཆར 》ལག་ལེན་ནན་པོ་བསྟར་ཏེ་རང་འགུལ་ཐོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་ལྟ་སྐུལ་དང་ལེན་ཞུས་པ་དང་། རང་འགུལ་ཐོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་ཁྲིམས་ཁང་ལས་དོན་གྱི་ཆེད་དོན་སྙན་སེང་ཞུས་པ། རིམ་ཁག་མི་དམངས་འཐུས་ཚོགས་ཀྱིས་ཁྲིམས་སྒྱུར་ཞིབ་བཤེར་དང་ཆེད་དོན་བརྟག་ཞིབ་བྱེད་རྒྱུར་གཞོགས་འདེགས་ཧུར་ཐག་བཅས་བྱས་ཡོད། དེ་བཞིན་རང་འགུལ་ཐོག་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་དང་ལེན་ཞུས་ནས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཀྱི་ཨུ་ཡོན་དང་འབྲེལ་གཏུགས་བྱེད་ལམ་ཚགས་ཚུད་དུ་བཏང་སྟེ་ཁྲིམས་ཁང་གི་ལས་ཀའི་གནས་ཚུལ་དུས་ཐོག་ཏུ་བརྡ་ཁྱབ་བཏང་ཞིང་། རྟོག་ཞིབ་དང་། བཞུགས་མོལ། གྱོད་གཞིར་ཟུར་ཉན་བཅས་བྱེད་པར་མི་དམངས་འཐུས་ཚོགས་འཐུས་མི་དང་སྲིད་གྲོས་ཀྱི་ཨུ་ཡོན་མི་ཐེངས་736གདན་ཞུ་བྱས་པ་དང་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་བསམ་འཆར་དང་གྲོས་འཆར་ཁག་4བདག་སྤྲོད་བྱས་ཡོད། གཞན་ཡང་ཞིབ་དཔྱོད་ལས་ཁུངས་ཀྱི་བཅའ་ཁྲིམས་ལྟ་སྐུལ་བྱེད་རྒྱུ་ཁྲིམས་ལུགས་གཞིར་བཟུང་དང་ལེན་ཞུས་ནས་ཞིབ་དཔྱོད་ལས་ཁུངས་གདན་ཞུས་ཀྱིས་འདྲི་གཅོད་ཨུ་ལྷན་གྱི་ཚོགས་འདུར་ཟུར་ཞུགས་བྱེད་པའི་ལམ་ལུགས་དོན་འཁྱོལ་བྱས་ཏེ་བསྐྱར་གཅོད་ཞུ་གཏུག་གྱོད་གཞི་ཁག་17ལ་འདྲི་གཅོད་མཐའ་འདོམས་བྱས་ཡོད།

        འཐུས་མི་རྣམ་པ། ལོ་གཅིག་རིང་ལྗོངས་ཡོངས་ཀྱི་ཁྲིམས་ཁང་ལས་དོན་རྒྱུན་མཐུད་དང་སྐྱོན་བྲལ་ངང་གོང་འཕེལ་སོང་བ་དང་གྲུབ་འབྲས་གསར་པ་ཐོབ་ཡོད། དེ་ནི་ལྗོངས་ཏང་ཨུད་ཀྱིས་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་གནང་བ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་དང་། རང་སྐྱོང་ལྗོངས་སྲིད་གཞུང་། སྲིད་གྲོས། དེ་བཞིན་སྤྱི་ཚོགས་ལས་རིགས་ཁག་བཅས་ཀྱིས་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བའི་འབྲས་བུ་ཡིན་པས། འདིར་ངས་ལྗོངས་ཡོངས་ཀྱི་ཁྲིམས་ཁང་གི་ལས་བྱེད་ཉེན་རྟོག་པའི་ཚབ་ཞུས་ཏེ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད། བླ་ན་མེད་པའི་གུས་འདུད་ཀྱང་ཞུ་རྒྱུ་ཡིན། གྲུབ་འབྲས་མཐོང་དགོས་པ་དང་ཆབས་ཅིག ང་ཚོས་རིག་པ་དྭངས་གསལ་གྱི་སྒོ་ནས་ངོས་འཛིན་ཐུབ་དགོས་པར། ཁྲིམས་ཁང་གི་ལས་དོན་ཐད་ད་དུང་མི་ལྡེང་བའི་ཆ་ཁ་ཤས་ཡོད་པ་གཙོ་བོ་ནི། གོང་འཕེལ་དང་བརྟན་ལྷིང་ཡོང་རྒྱུ་དང་འཚམ་པའི་གསར་གཏོད་རང་བཞིན་གྱི་ནུས་པ་སྔར་བས་ཤུགས་ཆེར་གཏོང་དགོས་པ་དང་། ལས་བྱེད་ཉེན་རྟོག་པའི་ཕྱོགས་བསྡུས་བྱང་ཚད་དང་ཪྙོག་འཛིང་ཆེ་བའི་དུས་བབ་ལ་ཁ་གཏད་གཅོག་པའི་འཇོན་ཐང་དང་ཆུ་ཚད་མཐོ་པོ་མེད་པ། ལས་བྱེད་ཉེན་རྟོག་པ་ཉུང་ཤས་ཀྱི་སྤྱོད་ཚུལ་དྲང་པོ་མེད་པ། མི་སྣའི་སྒྲིག་གྲངས་མི་འདེང་བ། མི་ཉུང་ཞིང་ལས་ཀ་མང་བའི་གནད་དོན་སྔར་བཞིན་མངོན་གསལ་དོད་ཙམ་ཡོད་པ་བཅས་ཡིན། གནད་དོན་དེ་རིགས་ལ་ང་ཚོས་དེ་བས་ཡང་དག་པའི་རྣམ་འགྱུར་དང་དེ་བས་ནུས་པ་ལྡན་པའི་བྱ་ཐབས་སྤྱད་དེ་ལེགས་བཅོས་ནན་ཏན་བྱེད་དགོས་ཀྱི་ཡོད།

        འཐུས་མི་རྣམ་པ། 2012ལོར་ང་ཚོས་ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་། རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པ། ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་ཐེངས་འདིའི་འཐུས་མི་ཚོགས་ཆེན་གྱི་གྲོས་ཆོད་གཞིར་བཟུང་། “ལྟེ་བ་གཅིག་དང་། དོན་ཆེན་གཉིས། འགན་ལེན་བཞི ”བཅས་ལ་དམ་པོར་བསྟུན་ཐོག “ཁ་ཕྱོགས་བརྟན་པོ་དང་། ཉེས་དོན་དང་དམངས་དོན་མཉམ་འཛིན། འདྲི་གཅོད་དང་དཔྱད་མཚམས་ལག་བསྟར་བྱེད་རྒྱུ་གལ་ཆེ་མཉམ་འཇོག དོ་དམ་བྱེད་ཐབས་གསར་གཏོད། ཁྱོན་ཡོངས་མདུན་སྤེལ ”བཅས་བྱེད་པའི་ལས་དོན་སྤེལ་ཐབས་མཐའ་འཁྱོངས་བྱས་ཏེ། “གཙོ་གནད་ལས་དོན་ཁག་གསུམ ”སྤེལ་རྒྱུ་གཏིང་ཟབ་ཏུ་བཏང་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ཡོང་རྒྱུར་དེ་བས་མཐོང་ཆེན་བྱེད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་ལེགས་ཤིང་མྱུར་བའི་སྒོ་ནས་གོང་འཕེལ་གཏོང་རྒྱུར་དེ་བས་མཐོང་ཆེན་བྱེད་པ། དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་རྒྱུར་དེ་བས་མཐོང་ཆེན་བྱེད་པ། རང་ངོས་ལེགས་སྐྱོང་བྱེད་རྒྱུར་དེ་བས་མཐོང་ཆེན་བྱེད་པ་བཅས་བྱས་ཏེ་ལྗོངས་ཡོངས་ཀྱི་ཁྲིམས་ཁང་ལས་དོན་དེ་ཆུ་ཚད་གསར་པ་ཞིག་ཏུ་སླེབས་ཐུབ་པའི་འབད་བརྩོན་བྱེད་རྒྱུ།

        དེའང་གཅིག་ནི་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་སྤེལ་གཏོང་རྒྱུར་དམ་པོར་བསྟུན་ཐོག་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་བྱ་ཐབས་ཁག་ཚགས་ཚུད་དང་དོན་འཁྱོལ་བྱེད་རྒྱུ།     བརྟན་ལྷིང་ནི་མཐའ་དག་ལས་ལྷག་པའི་བསམ་བློ་བརྟན་པོ་བཙུགས་ཏེ་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་རྒྱུའི་ཀྲུང་དབྱང་གི་མཛད་ཕྱོགས་དང་ལྗོངས་ཏང་ཨུད་ཀྱི་ཇུས་གཞིའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཐོག ཕུགས་འཕེར་གྱི་ཇུས་གཞི་འདིང་བ་དང་རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་སྤྱོད་རྒྱུར་དམིགས་ནས “གཡོ་ཐབས་གཉིས་ལ་ཁ་གཏད་གཅོག་ཐབས་གཉིས ”ཀྱི་དགྲ་བོར་འཐབ་རྩོད་བྱེད་པའི་འཐབ་ཇུས་མཐའ་འཁྱོངས་ཀྱིས་དུས་བབ་ལ་དབྱེ་ཞིབ་དང་། ཆོས་ཉིད་སྟངས་འཛིན། མི་སེམས་འགུག་ཐུབ་པ་བཅས་བྱེད་རྒྱུ་དེ་འཇུག་སྒོར་བརྩིས་ཐོག བསམ་བློའི་ཐད་ལྷོད་གཡེང་མི་གཏོང་བ་དང་། བྱ་སྤྱོད་ཐོག་གཡོ་འགུལ་མི་གཏོང་བ། འཐབ་ས་གཏན་ནས་མི་གློད་པ། འཐབ་ཤུགས་ཉམས་ཞན་དུ་མི་གཏོང་བ་བཅས་བྱེད་རྒྱུ་དང་། སྔ་ཙམ་ནས་དམ་འཛིན་བྱས་ཏེ་གྲ་སྒྲིག་ཡོད་པ་དང་། ཆུང་ཐོག་ནས་དམ་འཛིན་བྱས་ཏེ་ཆེ་རུ་མི་འགྲོ་བ། ཞིབ་ཚགས་དམ་འཛིན་བྱས་ནས་སྟོང་གསང་མ་ལུས་པ། འཕྲལ་མྱུར་དམ་འཛིན་བྱས་ནས་ནར་འགྱངས་མི་གཏོང་བ་བཅས་བྱེད་ཐུབ་པ་བྱས་ཏེ། རྡུང་རྡེག་ཟིལ་གནོན་དང་། སློབ་གསོ་སྤེལ་ནས་སྐྱོབ་ཐབས་བྱེད་པ། ཁ་ཕྲལ་ཐོར་ཞིག་ཏུ་གཏོང་བ་སོགས་བརྟན་ལྷིང་སྲུང་སྐྱོང་ལས་དོན་ནང་གི་ཉེས་དོན་འདྲི་གཅོད་ལས་དོན་གྱི་འགན་ནུས་མངོན་ཆེར་བཟུང་སྟེ་གསར་གཏོད་རང་བཞིན་གྱི་སྒོ་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་རྒྱུ་དང་ཡུན་རིང་བདེ་འཁོད་ཡོང་བའི་ལས་དོན་ཐད་བྱས་རྗེས་གསར་པ་འཇོག་རྒྱུ།

        གཉིས་ནི་མཆོང་སྐྱོད་ལྟ་བུའི་གོང་འཕེལ་ཡོང་རྒྱུར་དམ་པོར་བསྟུན་ཏེ་ཁྲིམས་འཛིན་གྱི་ཞབས་ཞུའི་འགན་ལེན་བྱ་ཐབས་ཤུགས་ཆེར་གཏོང་རྒྱུ།    དཔལ་འབྱོར་ལེགས་ཤིང་མྱུར་བའི་སྒོ་ནས་གོང་འཕེལ་ཡོང་བར་ཁོར་ཡུག་བཟང་པོ་ཞིག་སྐྲུན་རྒྱུར་དམིགས་ནས་རང་སྟོབས་ཁྲིམས་འཛིན་དང་རང་འགུལ་ཞབས་ཞུ་བསྒྲུབས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་གང་མགྱོགས་སྐྱོན་བྲལ་ངང་གོང་འཕེལ་འགྲོ་རྒྱུར་ཕན་ཐོགས་ཡོད་ལ་མ་འཇོག་ཁོར་ཡུག་ལེགས་བཅོས་བྱེད་རྒྱུ་དང་གོང་འཕེལ་གྱི་གསོན་ཤུགས་ཆེ་རུ་གཏོང་རྒྱུ་སོགས་ཀྱི་ཐད་ཕན་ཐོགས་ཀྱང་ཡོད་པའི་ཁྲིམས་འཛིན་གྱི་འགན་སྲུང་བྱ་ཐབས་ཤིག་འཚོལ་ཞིབ་བྱས་ནས་དམངས་དོན་འདྲི་གཅོད་ལས་དོན་གྱིས་དཔལ་འབྱོར་གྱི་འབྲེལ་བ་དང་། སྤྱི་ཚོགས་ཀྱི་འབྲེལ་བ། མི་དང་མིའི་དབར་གྱི་འབྲེལ་བ་སོགས་ཐད་ཀྱི་དགེ་མཚན་དང་ནུས་པ་ཆེ་ཤོས་འདོན་སྤེལ་བྱས་ནས་སྤྱི་ཚོགས་དོ་དམ་གསར་གཏོད་བྱེད་རྒྱུར་སྐུལ་སྤེལ་གཏིང་ཟབ་གཏོང་བ་དང་། འགལ་བ་སེལ་རྒྱུའི་བྱ་ཐབས་གསར་པ་དང་ལམ་སྲོལ་གསར་པ་འཚོལ་ཞིབ་བྱས་ཏེ་སྤྱི་ཚོགས་ཀྱི་འབྲེལ་འཛིང་བསང་གང་ཐུབ་དང་སྤྱི་ཚོགས་ཞི་མཐུན་ཡོང་རྒྱུར་སྐུལ་སྤེལ་བཏང་ནས་རང་ལྗོངས་ཀྱི “ཐོན་ལས་དང་པོ་གོང་མཐོར་གཏོང་བ་དང་། ཐོན་ལས་གཉིས་པ་རྒྱ་ཆེར་གཏོང་བ། ཐོན་ལས་གསུམ་པ་སྟོབས་ཆེར་གཏོང་བ ”བཅས་ཀྱི་དཔལ་འབྱོར་གོང་འཕེལ་གཏོང་ཐབས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་རྒྱུར་ཆ་རྐྱེན་སྐྲུན་པ་དང་ཞབས་ཞུ་སྒྲུབ་རྒྱུ།

        གསུམ་ནི་ཁྲིམས་འཛིན་གྱིས་དམངས་ལ་སྟབས་བདེ་དང་ཕན་པ་སྐྲུན་རྒྱུར་དམ་པོར་བསྟུན་ཏེ་ཁ་ཙམ་མིན་པའི་སྒོ་ནས་མང་ཚོགས་ཀྱི་ཁྲིམས་འཛིན་དགོས་མཁོ་སྐོང་རྒྱུ།    ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་མངོན་གྱུར་གང་ལེགས་དང་། སྲུང་སྐྱོང་གང་ལེགས། གོང་འཕེལ་གང་ལེགས་བཅས་མཐའ་འཁྱོངས་བྱེད་རྒྱུ་དེ་ཁྲིམས་འཛིན་འདྲི་གཅོད་ལས་ཀའི་ཐོག་མའི་དམིགས་ས་དང་དོན་ལ་བབས་སར་བརྩི་དགོས། ལྗོངས་ཏང་ཨུད་ཀྱིས་བཏོན་པའི “དམངས་འཚོའི་ལས་གཞི་ཆེན་པོ་བཅུར ”དམིགས་ནས་ཁྲིམས་འཛིན་འདྲི་གཅོད་ཁྱབ་ཁོངས་ནང་མི་དམངས་མང་ཚོགས་ཀྱིས་དོ་ཁུར་བྱེད་ས་དང་རེ་བ་འཆང་སར་དམ་པོར་དམིགས་ཏེ། འདྲི་གཅོད་དོ་དམ་ལམ་ལུགས་ཀྱི་མ་ལག་འཛུགས་རྒྱུར་ཤུགས་སྣོན་གང་ཆེ་བརྒྱབ་ནས་མི་དམངས་ཁྲིམས་ས་གཙོ་གནད་དུ་བྱེད་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། གྱོད་ཁོངས་སུ་འཇུག་རྒྱུའི་ཡིག་འབུལ་ཞུ་བཅར་བྱེད་ས་འཛུགས་སྐྲུན། སྐོར་ཞིབ་ཁྲིམས་ས་འཛུགས་སྐྲུན། ཁྲིམས་འཛིན་རོགས་སྐྱོབ་མ་ལག་འཛུགས་སྐྲུན་བཅས་བྱས་ཏེ་དམངས་ཀྱི་ཆེད་དུ་ཁྲིམས་འཛིན་བྱེད་པའི་ཐབས་ལམ་དང་ཁེབས་རྒྱ་སྔར་བས་རྒྱ་ཆེར་བཏང་ནས་མི་དམངས་མང་ཚོགས་ཀྱི་ཞུ་རེ་སྐོང་གང་ཐུབ་བྱེད་རྒྱུ།

        བཞི་ནི་གཞུང་དྲང་སྤྱོད་གཙང་གི་ཁྲིམས་སྒྱུར་བྱེད་རྒྱུར་དམ་པོར་བསྟུན་ཏེ་རང་ངོས་ལེགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་གང་ཆེ་རྒྱག་རྒྱུ།    ཏང་སྐྱོང་དམ་འཛིན་དང་དཔུང་ཁག་འཛུགས་རྒྱུར་ཁྲིད་སྟོན་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་དཔུང་ཁག་གི་བསམ་བློ་ཆབ་སྲིད་ལེགས་སྐྱོང་བྱེད་རྒྱུ་དང་། སྒྲིག་ཁྲིམས་དང་སྤྱོད་ཚུལ་ལེགས་སྐྱོང་བྱེད་རྒྱུ། ཏང་སྲོལ་སྲིད་གཙང་ལེགས་སྐྱོང་བྱེད་རྒྱུ་སོགས་ལ་ཤུགས་སྣོན་རྒྱག་རྒྱུའི་བྱ་ཐབས་ཁག་དོན་འཁྱོལ་ནན་ཏན་བྱེད་དགོས། སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་སྤེལ་རྒྱུར་དམ་འཛིན་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་མ་ལག་གི་སློབ་གསོ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ལྟ་བའི་སློབ་གསོ། མང་ཚོགས་ཀྱི་ལྟ་བའི་སློབ་གསོ་བཅས་གཏིང་ཟབ་སྤེལ་ཏེ་ཁ་ཙམ་མིན་པའི་སྒོ་ནས “སེམས་ནང་བཞི་ཡོད་པ ”བྱེད་དགོས། ཉེས་དོན་འདྲི་གཅོད་ཀྱི་རྩེར་ཕུད་སྟོབས་ཤུགས་དང་། དམངས་དོན་འདྲི་གཅོད་ཀྱི་རྐང་འཛིན་སྟོབས་ཤུགས། ལག་བསྟར་ལས་དོན་གྱི་འགག་སྒྲོལ་སྟོབས་ཤུགས་བཅས་གསོ་སྐྱོང་བྱེད་རྒྱུ་གཙོ་གནད་དུ་བཟུང་ཐོག བྱང་ཚད་མཐོར་གཏོང་ལས་གཞི་དང་། གཞུང་དྲང་དང་ནུས་ཕྱོད་ཀྱི་ལས་གཞི། རྨང་གཞི་བརྟན་གཏོང་གི་ལས་གཞི། དམངས་སེམས་ལས་གཞི་བཅས་ལག་བསྟར་ཤུགས་ཆེ་བྱས་ཏེ་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་དང་། སྤྱོད་ཚུལ་བཟང་པོ། སྒྲིག་ཁྲིམས་ནན་པོ། དུས་བབ་གསར་པ་དང་ལས་འགན་གསར་པའི་བླང་བྱ་དང་འཚམ་པ་བཅས་ཀྱི་བྱང་ཚད་མཐོ་བའི་ཁྲིམས་ཁང་དཔུང་ཁག་ཅིག་འཛུགས་སྐྱོང་ཧུར་ཐག་བྱེད་རྒྱུ།

        འཐུས་མི་རྣམ་པ། ལོ་གསར་པའི་ནང་། ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་། མི་དམངས་འཐུས་ཚོགས་ཀྱི་ནུས་ལྡན་ལྟ་སྐུལ་དང་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ནུས་ལྡན་མཛུབ་ཁྲིད་འོག་ཐེངས་འདིའི་ཚོགས་ཆེན་གྱི་གྲོས་ཆོད་ཀྱི་བླང་བྱ་གཞིར་བཟུང་ཏང་དང་། མི་དམངས། དེ་བཞིན་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་དེ་དག་ལྷག་བསམ་ཟོལ་མེད་ཀྱིས་ལག་བསྟར་བྱས་ནས། སྙིང་སྟོབས་དེ་བས་ཆེར་བསྐྱེད་དང་སྤྱོད་ཚུལ་དེ་བས་དྲང་བདེན་གྱིས་ལམ་བཤངས་གསར་གཏོད་དང་འབད་འབུངས་ཡར་བརྩོན་བྱས་ཏེ། མཆོང་སྐྱོད་ལྟ་བུའི་གོང་འཕེལ་གཏོང་རྒྱུ་དང་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་འདེད་གཏོང་ཆེད། ལེགས་སྐྱེས་སྔར་ལས་ཆེ་བ་ཞིག་འབུལ་རྒྱུའི་ཆོད་སེམས་ཡོད་ལ་དེ་བས་གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོག་ནས་རང་རེའི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་རྒྱལ་ཁའི་ངང་སྐོང་འཚོགས་བྱེད་རྒྱུར་བསུ་བ་ཞུ་རྒྱུ་ཡིན།

        (བོད་ལྗོངས་རྩོམ་སྒྱུར་ཅུས་ནས་མཁོ་འདོན་བྱས་པ་གཞིར་བཟུང )

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།