བོད་རང་སྐྱོང་ལྗོངས་ཀྱི་2011ལོའི་ནོར་སྲིད་སྔོན་རྩིས་དོན་འཁྱོལ་བྱས་ཚུལ་དང་2012ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཞིབ་བཤེར་བྱས་འབྲས་སྙན་ཞུ།
བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོཌ་ནོར་སྲིད་དཔལ་འབྱོར་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་གཞོན་པ། ཀུའུ་མའོ་ཀྲེས།
བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ཚོགས་འདུ་ཐེངས་ལྔ་པའི་ཀྲུའུ་ཞི་ཚོགས་པར།
བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ཚོགས་འདུ་ཐེངས་ལྔ་པའི་ཐོག་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་བཏོན་པའི 《བོད་རང་སྐྱོང་ལྗོངས་ཀྱི་2011ལོའི་ནོར་སྲིད་སྔོན་རྩིས་དོན་འཁྱོལ་བྱས་ཚུལ་དང་2012ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན་གྱི་སྙན་སྒྲོན 》དང་བོད་རང་སྐྱོང་ལྗོངས་ཀྱི་2012ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན་ལ་གྲོས་ཞིབ་བྱས་པ་རེད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་སྔོན་རྩིས་སྙན་སྒྲོན་དང་སྔོན་རྩིས་འཆར་ཟིན་ལ་ཐོག་མའི་ཞིབ་བཤེར་བྱས་པའི་རྨང་གཞིའི་ཐོག འཐུས་མི་ཚོགས་པ་ཁག་དང་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཞིབ་བཤེར་བསམ་འཆར་གཞིར་བཟུང་བསྐྱར་དུ་ཞིབ་བཤེར་བྱས་ཡོད་པས། ད་ལྟ་ཞིབ་བཤེར་བྱས་འབྲས་སྙན་སེང་ཞུ་རྒྱུ་གཤམ་གསལ། 2011ལོའི་རང་སྐྱོང་ལྗོངས་ཀྱི་ནོར་སྲིད་སྔོན་རྩིས་དོན་འཁྱོལ་བྱས་ཚུལ་སྐོར། ལྗོངས་ཡོངས་ཀྱི་ནོར་སྲིད་སྤྱིར་བཏང་སྔོན་རྩིས་ཀྱི་སྤྱིའི་འབྱོར་སྟོབས་སྒོར་ཁྲི་8,882,627ཡིན་པ་དེ་ལོ་འགོའི་སྔོན་རྩིས་སྒོར་ཁྲི་5,319,760དང་བསྡུར་ན་སྒོར་ཁྲི་3,562,867མང་བ་ཡོད་པས་67%འཕར་ཡོད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་བཞི་པའི་ཐོག་ཆོག་མཆན་ཐོབ་པའི་སྔོན་རྩིས་འགྱུར་གྲངས་སྒོར་ཁྲི་7,694,128དང་བསྡུར་ན་སྒོར་ཁྲི་1,188,499མང་བ་ཡོད་པས་15.4%འཕར་ཡོད། དེའི་ནང་ལྗོངས་ཡོངས་ཀྱི་ས་གནས་ནོར་སྲིད་ཀྱི་སྤྱིར་བཏང་སྔོན་རྩིས་ཡོང་འབབ་སྒོར་ཁྲི་546,916བྱུང་བ་དེ་ལོ་འགོའི་སྔོན་རྩིས་ཀྱི་སྒོར་ཁྲི་421,444ལས་སྒོར་ཁྲི་125,472མང་བ་ཡོད་པས་30%འཕར་ཡོད། ལྗོངས་ཡོངས་ཀྱི་ནོར་སྲིད་ཀྱི་སྤྱིར་བཏང་སྔོན་རྩིས་གཏོང་སྒོ་སྒོར་ཁྲི་7,500,434བཏང་བ་དེ་ལོ་འགོའི་སྔོན་རྩིས་ལས་སྒོར་ཁྲི་2,180,674མང་བ་ཡོད་པས་40.99%འཕར་ཡོད་པ་དང་། ལོ་གོང་མའི་ངེས་རྩིས་ཀྱི་གྲངས་ལས་སྒོར་ཁྲི་1,990,072མང་བ་ཡོད་པས་36.1%འཕར་ཡོད། གཏོང་ཡོང་མགོ་ཐུག་བཏང་ན་ཕྱི་ལོ་བེད་སྤྱོད་གཏོང་རྒྱུར་འཕྲོས་སྒྱུར་བྱས་པའི་གཏོང་སྒོ་སྒོར་ཁྲི་1,375,329དང་གོང་འཕོས་གཏོང་སྒོ་སྒོར་ཁྲི་2,367འཐེན་རྗེས་ལོ་དེ་གའི་འཕྲོས་ལྷག་ཁེ་གཙང་སྒོར་4,497ཡིན་པས་གཏོང་ཡོང་ག་ཐུག་པའི་ཐོག འཕྲོས་ལྷག་ཕྲན་བུ་བྱུང་ཡོད། ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ངོས་འཛིན་ལ། རང་སྐྱོང་ལྗོངས་ཀྱི་རིམ་ཁག་མི་དམངས་སྲིད་གཞུང་གིས་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ཚོགས་འདུ་ཐེངས་བཞི་པའི་གྲོས་ཆོད་དོན་འཁྱོལ་ནན་ཏན་བྱས་པ་དང་དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་ལག་བསྟར་བྱས་པས་སྔོན་རྩིས་ལག་བསྟར་བྱས་ཚུལ་བཟང་པོ་བྱུང་ཡོད། ལྗོངས་ཡོངས་ཀྱི་ས་གནས་རང་བཞིན་གྱི་སྤྱིར་བཏང་སྔོན་རྩིས་ཡོང་འབབ་ཚད་ལས་བརྒལ་བའི་སྒོ་ནས་ལེགས་གྲུབ་བྱུང་བ་དེ་ལོ་གོང་མའི་ངེས་རྩིས་ཡོང་འབབ་ལས་49.2%འཕར་བ་དང་སྒོར་དུང་ཕྱུར་50ལས་བརྒལ་ཡོད། “ཞིང་གསུམ ”དང་། སློབ་གསོ། ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་། ཚན་རྩལ། རིག་གནས། འཕྲོད་བསྟེན། རྨང་བརྟན་དམངས་ཕན། སྤྱི་པའི་བདེ་འཇགས། ཐོན་ལས་གོང་འཕེལ། འབྱུང་ཁམས་འཛུགས་སྐྱོང་སོགས་ཀྱི་གཏོང་སྒོ་ཆེ་རིགས་འགན་ལེན་ནུས་ལྡན་བྱས་ཡོད། གཤམ་འོག་ཏུ་སྒྱུར་སྤྲོད་བྱེད་རྒྱུ་དེ་མངོན་གསལ་དོད་པོས་ལེགས་བཅོས་བྱུང་ཞིང་། སྔོན་རྩིས་ལག་བསྟར་བྱེད་པའི་མྱུར་ཚད་མགྱོགས་པོ་བྱུང་ཡོད། ནོར་སྲིད་ཀྱི་གཞི་ཆེའི་སྟངས་འཛིན་བྱེད་ནུས་ཆེ་རུ་བཏང་ནས་སྔོན་རྩིས་མ་དངུལ་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་སྔར་བས་ཆེ་རུ་ཕྱིན་ཡོད། ནོར་སྲིད་ཀྱིས་བསྒྱུར་བཅོས་ལ་སྐུལ་སྤེལ་གཏོང་རྒྱུ་དང་། གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ། དམངས་འཚོ་ལེགས་བཅོས་བྱེད་རྒྱུ། བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུ་བཅས་ཀྱི་འགན་སྲུང་ནུས་པ་སྔར་བས་ཆེ་རུ་ཕྱིན་ཡོད་པ་དང་དུས་མཚུངས། སྔོན་རྩིས་དོན་འཁྱོལ་བྱེད་པ་དང་། ནོར་སྲིད་འཁོར་རྒྱུག་བྱེད་པའི་ནང་ད་དུང་ལེགས་བཅོས་བྱེད་དགོས་པའི་གནད་དོན་འགའ་ཞིག་བསྡད་ཡོད་པ་སྟེ། ཆེད་དམིགས་མ་དངུལ་བེད་སྤྱོད་བྱས་པའི་ཕན་འབྲས་སྔར་བས་ཆེ་རུ་གཏོང་དགོས་པ་དང་། རྒྱལ་མཛོད་ཀྱི་རྩིས་ཐོ་གཅིག་རང་གི་མ་ལག་འཛུགས་སྐྱོང་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་དགོས་པ། ནོར་སྲིད་ལྟ་སྐུལ་དོ་དམ་དང་གཞི་རིམ་གྱི་ནོར་སྲིད་ནོར་དོན་དོ་དམ་ལ་ད་དུང་སྔར་བས་ཤུགས་སྣོན་རྒྱག་དགོས་པ་བཅས་སོ།
2012ལོའི་རང་སྐྱོང་ལྗོངས་ནོར་སྲིད་སྔོན་རྩིས་ཀྱི་འཆར་ཟིན་སྐོར། ལྗོངས་ཡོངས་ནོར་སྲིད་ཀྱི་སྤྱིར་བཏང་སྔོན་རྩིས་སྤྱིའི་འབྱོར་སྟོབས་སྒོར་ཁྲི་6,666,399.5བཀོད་སྒྲིག་བྱས་ཡོད་པ་དེ་བསྡུར་གཞི་གཅིག་མཚུངས་བཞིན་རྩིས་བརྒྱབ་ན་2011ལོའི་ལོ་འགོའི་སྔོན་རྩིས་ལས་སྒོར་ཁྲི་1,321,257.4མང་བ་ཡོད་པས་33.3%འཕར་ཡོད་ཅིང་། དེའི་ནང་ལྗོངས་ཡོངས་ཀྱི་ས་གནས་ནོར་སྲིད་ཀྱི་སྤྱིར་བཏང་སྔོན་རྩིས་ཡོང་འབབ་སྒོར་ཁྲི་484,661ཡིན་པ་དེ་2011ལོའི་ལོ་འགོའི་སྔོན་རྩིས་ལས་སྒོར་ཁྲི་63,217མང་བ་ཡོད་པས་15%འཕར་ཡོད་པ་དང་། ཀྲུང་དབྱང་གི་ཁ་གསབ་རོགས་དངུལ་ཁག་སྒོར་ཁྲི་4,806,409.5ཡོད་པ་དེ་ལོ་གོང་མའི་ལོ་འགོའི་སྔོན་རྩིས་ལས་སྒོར་ཁྲི་1,258,040.5མང་བ་ཡོད་པས་35.5%འཕར་ཡོད། ལོ་གོང་མའི་འཕྲོས་སྒྱུར་འབྱོར་སྟོབས་སྒོར་ཁྲི་1,375,329ཡིན། ལྗོངས་ཡོངས་ཀྱི་ནོར་སྲིད་སྤྱིར་བཏང་སྔོན་རྩིས་གཏོང་སྒོ་སྒོར་ཁྲི་6,666,399.5བཀོད་སྒྲིག་བྱས་ཡོད་པས་ལོ་དེ་གའི་ནོར་སྲིད་གཏོང་ཡོང་ག་ཐུག་པ་བྱུང་ཡོད། ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ངོས་འཛིན་ལ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་བཏོན་པའི་2012ལོའི་རང་སྐྱོང་ལྗོངས་ཀྱི་ནོར་སྲིད་སྔོན་རྩིས་འཆར་ཟིན་ནང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པ་དང་ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་བྱས་ཡོད་པ་དང་དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་མཚོན་པ་དང་ནོར་སྲིད་སྔོན་རྩིས་ཀྱི་ཡོང་འབབ་བཀོད་སྒྲིག་བརྟན་པོ་བྱས་ཡོད་པ་དང་ནོར་སྲིད་གཏོང་སྒོའི་བཀོད་སྒྲིག་བྱེད་རྒྱུའི་གཙོ་གནད་མངོན་ཆེ་བྱུང་ནས་ནོར་སྲིད་ཀྱི་གཏོང་སྒོའི་གྲུབ་ཆ་སྔར་བས་ལེགས་འགྱུར་བྱུང་ཡོད། རང་ལྗོངས་ཀྱི་བསྒྱུར་འཕེལ་བརྟན་གསུམ་གྱི་དགོས་མཁོར་ཕྱོགས་ཡོངས་ནས་བསམ་གཞིགས་བྱས་ཡོད་པས་སྔོན་རྩིས་ཀྱི་འཆར་ཟིན་ནི་ལག་བསྟར་བྱེད་རུང་བ་ཞིག་ཡིན།
ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ཚོགས་འདུ་ཐེངས་ལྔ་པའི་ཐོག་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་བཏོན་པའི 《བོད་རང་སྐྱོང་ལྗོངས་ཀྱི་2011ལོའི་ནོར་སྲིད་སྔོན་རྩིས་དོན་འཁྱོལ་བྱས་ཚུལ་དང་2012ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན་གྱི་སྙན་སྒྲོན 》ལ་ཆོག་མཆན་སྤྲོད་རོགས་ཞུ་རྒྱུ་དང་2012ལོའི་ནོར་སྲིད་སྔོན་རྩིས་ཀྱི་འཆར་ཟིན་ལ་ཆོག་མཆན་སྤྲོད་རོགས་ཞུ་རྒྱུའི་གྲོས་འཆར་འདོན་རྒྱུ་ཡིན།
2012ལོའི་ནོར་སྲིད་སྔོན་རྩིས་ལེགས་སྒྲུབ་དེ་བས་ཡག་པོ་ཡོང་ཕྱིར་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་འཐུས་མིའི་གྲོས་ཞིབ་བསམ་འཆར་ལ་གཞིགས་ཏེ་གཤམ་གསལ་གྱི་གྲོས་འཆར་འདོན་རྒྱུར།
གཅིག གཙོ་གནད་གཏོང་ཆ་འགན་སྲུང་གང་ལེགས་བྱེད་དགོས། གཞི་རྩའི་སྤྱི་པའི་ཞབས་ཞུ་མཉམ་མཚུངས་ཡོང་རྒྱུར་སྐུལ་མ་གཏོང་རྒྱུ་དམིགས་ཚད་དུ་བཟུང་བ་དང་དམངས་འཚོ་འགན་ལེན་དང་ལེགས་བཅོས་བྱེད་རྒྱུ་དེ་ཐོག་མའི་དམིགས་ས་དང་དོན་ལ་བབས་སར་བརྩིས་ཏེ “ཞིང་གསུམ ”ཐད་ཀྱི་གཏོང་ཆ་སྔར་བས་མང་དུ་བཏང་ནས་ཞིང་འབྲོག་ལས་ལ་ཤུགས་སྣོན་དང་ཞིང་འབྲོག་པར་ཕན་སྦྱར་གྱི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། སློབ་གསོའི་ཐད་ཀྱི་གཏོང་ཆ་མང་དུ་བཏང་ནས་སློབ་གསོ་སྔོན་ལ་གོང་འཕེལ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་རྒྱུ། ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་ཐད་གཏོང་ཆ་མང་དུ་བཏང་ནས་དགེ་མཚན་ལྡན་པའི་ལས་ཞུགས་སྲིད་ཇུས་ལག་བསྟར་དང་གྲོང་ཁྱེར་གྲོང་གསེབ་ཀྱི་ཡུལ་མི་ཚང་མར་ཁྱབ་པའི་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ། ཚན་རྩལ་ཐད་གཏོང་ཆ་མང་དུ་བཏང་ནས་རང་བརྟེན་གསར་གཏོད་དང་ཐོན་ལས་གོང་འཕེལ་ཡོང་བར་སྐུལ་སྤེལ་གཏོང་རྒྱུ། རིག་གནས་ཐད་གཏོང་ཆ་མང་དུ་བཏང་ནས་རིག་གནས་དར་འཕེལ་ཆེན་པོ་ཡོང་བར་སྐུལ་སྤེལ་གཏོང་རྒྱུ། འཕྲོད་བསྟེན་ཐད་གཏོང་ཆ་མང་དུ་བཏང་ནས་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཛུགས་རྒྱུར་ཤུགས་སྣོན་དང་གྲོང་ཁྱེར་གྲོང་གསེབ་ཀྱི་གཞི་རྩའི་སྨན་བཅོས་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ། འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྱོང་ཐད་གཏོང་ཆ་མང་དུ་བཏང་ནས་ས་མཐོའི་འབྱུང་ཁམས་སྲུང་བཅད་སྐྲུན་རྒྱུ་བཅས་དང་། ནུས་ཤུགས་ཡོད་རྒུས་དམངས་འཚོ་དང་། སྤྱི་པའི་བདེ་འཇགས། སྤྱི་ཚོགས་དུས་བབ་བརྟན་ལྷིང་སྲུང་སྐྱོང་བཅས་ཐད་ཀྱི་གཏོང་སྒོ་འགན་སྲུང་བྱེད་རྒྱུ། ཁེ་ལས་གོང་འཕེལ་གཏོང་བར་རྒྱབ་སྐྱོར་བྱེད་རྒྱུའི་ནོར་ཁྲལ་སྲིད་ཇུས་དོན་འཁྱོལ་ནན་ཏན་བྱས་ནས་ཁེ་ལས་ཀྱི་མ་དངུལ་བསྡུ་གཏོང་བྱེད་དཀའ་བ་དང་ཁག་ཐེག་བྱེད་དཀའ་བའི་གནད་དོན་ཞི་ལྷོད་དུ་གཏོང་གང་ཐུབ་བྱེད་རྒྱུ་བཅས་ཡིན།
གཉིས། སྔོན་རྩིས་ལག་བསྟར་ནན་པོ་བྱེད་དགོས། ཁྲིམས་བཞིན་ཁྲལ་འབབ་བསྡུ་འདོམས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ས་ཆ་ཚོང་བཤུག་ཐད་ཀྱི་གཏོང་ཡོང་སོགས་ཁྲལ་མིན་ཡོང་འབབ་དོ་དམ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ནོར་སྲིད་ཀྱི་ཡོང་འབབ་བསྡུ་དགོས་པ་ཚང་མ་བསྡུ་ཐུབ་པའི་འགན་ལེན་བྱེད་དགོས། སྔོན་རྩིས་དོན་འཁྱོལ་ཞིབ་མཆན་དང་གཤམ་སྤྲོད་དུས་བཅད་ནན་པོ་བཟོས་ནས་རྣམ་གྲངས་ཀྱི་སྔོན་གྲབས་དང་། མ་དངུལ་བེད་སྤྱོད་ཀྱི་འཆར་གཞི་བཟོ་འགོད། གཏོང་སྤྲོད་རེ་ཞུ་དང་མ་དངུལ་གཏོང་སྤྲོད་སོགས་ཀྱི་རྨང་གཞིའི་རང་བཞིན་གྱི་ལས་དོན་དམ་འཛིན་བྱས་ཏེ་སྔོན་རྩིས་ཀྱི་གཏོང་སྒོའི་འགན་འཁྲི་བཟོ་བ་དང་ཚགས་ཚུད་དུ་བཏང་ནས་སྔོན་རྩིས་དོན་འཁྱོལ་གྱི་དོ་སྙོམས་རང་བཞིན་དང་ཕན་ནུས་རང་བཞིན་ཆེ་རུ་བཏང་ཐོག ཆེད་དམིགས་མ་དངུལ་གཏོང་སྤྲོད་བྱེད་རྒྱུའི་མྱུར་ཚད་མགྱོགས་སུ་བཏང་ནས་འཕྲོས་ལྷག་སྤོ་སྒྱུར་བྱེད་རྒྱུ་ཉུང་དུ་གཏོང་རྒྱུ། སྔོན་རྩིས་ཚོད་འཛིན་ནན་པོ་བྱས་ཏེ་སྔོན་རྩིས་འཕར་མ་སྣོན་རྒྱུ་ཚོད་འཛིན་ནན་པོ་བྱེད་རྒྱུ། “གཞུང་གསུམ་འགྲོ་གྲོན ”དང་སྤྱིར་བཏང་རང་བཞིན་གྱི་གཏོང་ཆ་ཚོད་འཛིན་ནན་པོ་བྱས་ཏེ་གྲོན་ཆུང་བསྲི་ཚགས་ཀྱི་མཛད་ཕྱོགས་ལག་བསྟར་ནན་ཏན་འཁྱོལ་བྱས་ཐོག་རྒྱས་སྤྲོས་ཆུད་ཟོས་གཏོང་རིགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས།
གསུམ། ནོར་སྲིད་བསྒྱུར་བཅོས་བྱེད་རྒྱུར་སྐུལ་སྤེལ་ཧུར་ཐག་གཏོང་དགོས། རྒྱལ་ཁབ་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཁྲལ་རིན་བསྒྱུར་བཅོས་བརྟན་པོའི་ངང་སྐུལ་སྤེལ་གཏོང་དགོས། རང་སྐྱོང་ལྗོངས་ཀྱི་གཤམ་འོག་ཏུ་སྒྱུར་སྤྲོད་བྱེད་རྒྱུའི་ནོར་སྲིད་དོ་དམ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་རིམ་ཁག་སྲིད་གཞུང་གི་དོན་དག་གཅོད་དབང་གི་འགན་འཁྲི་སྔར་བས་ཚད་ལྡན་བཟོས་ཐོག སྤྱིར་བཏང་རང་བཞིན་གྱི་སྒྱུར་སྤྲོད་བྱེད་ཁྱོན་དང་བསྡུར་ཚད་མཐོ་རུ་བཏང་ནས་རྫོང་རིམ་གྱི་གཞི་རྩའི་འབྱོར་སྟོབས་འགན་སྲུང་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་དགོས། ཆེད་དམིགས་མ་དངུལ་ལ་དོ་དམ་བྱེད་རྒྱུ་ཚད་ལྡན་བཟོས་ཏེ་ཆེད་དམིགས་མ་དངུལ་གྱི་རྣམ་གྲངས་ཐོ་མཛོད་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་ནས་རྣམ་གྲངས་ཀྱི་སྔོན་རྩིས་བཟོ་སྒྲིག་བྱེད་རྒྱུ་ཞིབ་ཚགས་སུ་གཏོང་བ་དང་མ་དངུལ་བཀོད་སྒྲིག་ལུགས་མཐུན་དང་ཚན་རིག་དང་མཐུན་པ་བྱེད་དགོས། རྒྱལ་མཛོད་ནས་གཅིག་སྡུད་གཏོང་སྤྲོད་བྱེད་པའི་ལམ་ལུགས་བསྒྱུར་བཅོས་གཏིང་ཟབ་བྱས་ཏེ་རྒྱལ་མཛོད་ནས་རྩིས་ཁྲ་རྐྱང་པའི་མ་ལག་གིས་རྨང་གཞི་བྱེད་པ་དང་། མ་དངུལ་བསྡུ་སྐྱེལ་བྱེད་རྒྱུ་རྒྱལ་མཛོད་ནས་གཅིག་སྡུད་ཐོག་བསྡུ་གཏོང་བྱེད་རྒྱུ་ཐབས་རྣམ་གཙོ་བོར་བྱེད་པའི་ནོར་སྲིད་རྒྱལ་མཛོད་ནས་དོ་དམ་བྱེད་པའི་ལམ་ལུགས་རིམ་བཞིན་འཐུས་སྒོ་ཚང་དུ་གཏོང་རྒྱུ། སྔོན་རྩིས་ཀྱི་ཕན་འབྲས་ཇི་ཐོན་དོ་དམ་བྱེད་རྒྱུར་སྐུལ་སྤེལ་བཏང་ནས་སྔོན་རྩིས་གཏོང་སྒོའི་ཕན་ནུས་དཔྱད་དཔོག་བྱེད་ཁྱོན་ཆེ་རུ་བཏང་སྟེ་ནོར་སྲིད་མ་དངུལ་སྐྱོན་བྲལ་དང་། ཚད་ལྡན། ཕན་འབྲས་ཐོན་པ་བཅས་ཀྱི་སྒོ་ནས་བེད་སྤྱོད་ཐུབ་པའི་འགན་ལེན་བྱེད་རྒྱུ། རྫོང་གིས་ཤང་ནོར་སྲིད་ལ་དོ་དམ་བྱེད་སྟངས་ཁྱབ་རྒྱ་སྔར་བས་ཆེ་རུ་གཏོང་དགོས།
བཞི། ནོར་སྲིད་ལ་ལྟ་སྐུལ་དང་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས། སྔོན་རྩིས་བཟོ་འགོད་བྱེད་རྒྱུ་དེ་དང་། སྔོན་རྩིས་དོན་འཁྱོལ། འཕྲོས་སྒྱུར། མ་དངུལ་ལྷག་འཕྲོ་བཅས་ཟུང་འབྲེལ་བྱེད་པའི་དོ་དམ་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། ནོར་སྲིད་ཀྱི་ཆེད་བཙུགས་རྩིས་ཁྲ་གཙང་སེལ་དང་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་སྟེ་ནོར་སྲིད་ཀྱི་ཆེད་བཙུགས་རྩིས་ཁྲར་ཚད་ལྡན་དོ་དམ་བྱེད་པའི་ནུས་པ་རྒྱུན་ཐོན་གྱི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། ཤང་གྲོང་གི་ནོར་སྲིད་ནོར་དོན་ཚན་པ་དང་དཔུང་ཁག་ལེགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་ཤང་གྲོང་གི་ནོར་སྲིད་མ་དངུལ་ཐད་ལྟ་འདོམས་བྱེད་པའི་ཕན་ལྡན་གྱི་རྣམ་པ་འཚོལ་ཞིབ་ཧུར་ཐག་བྱེད་དགོས། སྲིད་གཞུང་རང་བཞིན་གྱི་མ་དངུལ་དང་ནོར་སྲིད་ལས་གཉེར་བྱེད་རིམ་ཧྲིལ་པོར་ཁྱབ་པའི་ལྟ་སྐུལ་བྱེད་ལམ་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ་བྱ་བ་མ་བསྒྲུབས་གོང་ལ་ཞིབ་དཔྱད་ཡོད་པ་དང་། བྱ་བ་སྒྲུབ་པའི་སྐབས་སུ་ལྟ་འདོམས་ཡོད་པ། ལས་མཇུག་སྒྲིལ་རྗེས་ཞིབ་བཤེར་ཡོད་པ་བཅས་ཐུབ་པ་བྱེད་དགོས། ནོར་སྲིད་དང་རྩིས་བཤེར་ལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། ནོར་སྲིད་དང་། རྩིས་བཤེར། ལྟ་ཞིབ་སོགས་སྡེ་ཚན་གྱིས་མཐུན་སྦྱོར་གཞོགས་འདེགས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཆ་འཕྲིན་མཉམ་སྤྱོད་བྱེད་ལམ་འཛུགས་རྒྱུ་དང་། ལྟ་འདོམས་མ་ལག་འཐུས་ཚང་དུ་གཏོང་རྒྱུ། ལྟ་འདོམས་བྱེད་ཐབས་ཇེ་མང་དུ་གཏོང་རྒྱུ། ལྟ་འདོམས་བྱེད་སྟངས་གསར་གཏོད་བཅས་བྱས་ནས་ལྟ་འདོམས་ཀྱི་སྒྲིལ་ཤུགས་ཤིག་ཆགས་པ་བྱས་ཏེ་ནོར་སྲིད་ཀྱི་སྲིད་ཇུས་དང་བྱ་ཐབས་ཁག་དོན་འཁྱོལ་ནུས་ལྡན་ཐུབ་པ་བྱེད་དགོས། གོང་གསལ་སྙན་ཞུར་གྲོས་ཞིབ་ཡོད་པ་ཞུ།
འགན་འཁུར་རྩོམ་སྒྲིག་པ། admin
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣