བོད་རང་སྐྱོང་ལྗོངས་ཀྱི་2011ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2012ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་གཞིའི་འཆར་ཟིན་སྐོར་གྱི་སྙན་སྒྲོན།
འཐུས་མི་རྣམ་པ།
རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བཀའ་མངགས་ལྟར་ད་ལྟ་2011ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2012ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་གཞིའི་འཆར་ཟིན་འདི་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་ཚོགས་འདུ་ཐེངས་ལྔ་པའི་ཐོག་གྲོས་ཞིབ་གནང་རྒྱུར་འབུལ་རྒྱུ་ཡིན་པ་མ་ཟད། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་རྣམ་པ་དང་ཟུར་ཞུགས་འཐུས་མི་རྣམ་པས་ཀྱང་དགོངས་འཆར་འདོན་གནང་ཡོད་པ་ཞུ།
གཅིག 2011ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ།
2011ལོ་ནི “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་འགོ་བརྩམས་པའི་ལོ་ཞིག་ཡིན་པ་དང་། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་ལོ་ཞིག་ཡིན་པ། བོད་ལྗོངས་གོང་འཕེལ་འགྲོ་བའི་ལོ་རྒྱུས་འཕེལ་རིམ་ནང་གི་ལོ་རྒྱུས་ཀྱི་དུས་མཚམས་གལ་ཆེན་ཞིག་ཡིན་ལ “ལོ་ལྔ་ཚན་བཅུ་གཅིག་པའི ”འཆར་འགོད་རྒྱུན་འཛིན་དང “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་འགོ་བརྩམས་པའི་ལོ་ཞིག་ཀྱང་ཡིན། ལོ་གཅིག་རིང་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བས་བཀོད་ཁྱབ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས་བློ་རྩ་བརྟན་པོས་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་གོང་འཕེལ་གཏོང་ལམ་ཐོག་བསྐྱོད་པ་དང་། ཀྲུང་དབྱང་དང་དེ་བཞིན་རང་སྐྱོང་ལྗོངས་ཀྱི་འཐབ་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་དང་དོན་འཁྱོལ། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི “བདུན་གཅིག ”གལ་ཆེའི་གསུང་བཤད་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ། ཀྲུའུ་ཞི་གཞོན་པ་ཞི་ཅིང་ཕེང་གིས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་རྟེན་འབྲེལ་ཆེ་མོའི་སྐབས་གནང་བའི་གལ་ཆེའི་གསུང་བཤད་རབ་དང་རིམ་པ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པ་བཅས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་བློ་བརྟན་འགྱུར་མེད་ཀྱིས་གོང་འཕེལ་གཏོང་སྟངས་སྒྱུར་རྒྱུ་དམ་འཛིན་དང་། བརྟན་ལྷིང་འགན་སྲུང་དང་ཞི་མཐུན་ཡོང་རྒྱུར་སྐུལ་འདེད་ཤུགས་ཆེ་བཏང་ནས་ལྗོངས་ཡོངས་ཀྱི་དཔལ་འབྱོར་བརྟན་ཞིང་མྱུར་ཙམ་སྒོ་ནས་འཕར་བའི་འགན་སྲུང་བྱས་ཐོག་ལོ་འཁོར་མོའི་དམིགས་ཚད་ལས་འགན་ཁག་ལེགས་གྲུབ་བྱུང་ཡོད། སྔོན་དཔག་ལྟར་ན། 2011ལོར་ལྗོངས་ཡོངས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར་605ལེགས་གྲུབ་བྱུང་ནས་དུས་མཚུངས་ལས་12.6%འཕར་ཡོད་པ་དང་། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར་74ཟིན་ནས་དུས་མཚུངས་ལས 3.6%འཕར་ཡོད་པ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར་209ཟིན་ཏེ་དུས་མཚུངས་ལས་17.7%འཕར་ཡོད་པ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར་322ཟིན་ནས་དུས་མཚུངས་ལས་11.8%འཕར་ཡོད། ལོ་ཧྲིལ་པོར་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་འགྲོ་ཕྱོགས་ཐད་ལ “འགོ་ཚུགས་མཐོ་བ་དང་། ཚུར་ལོག་བརྟན་པོ། སྤུས་ཚད་ཇེ་ཡག་ཏུ་སོང་བ། དམངས་འཚོ་ལེགས་བཅོས ”བཅས་ཀྱི་ཁྱད་ཆོས་མངོན་ཡོད་པ་དང་། མཆོང་སྐྱོད་ལྟ་བུའི་འཕེལ་ངོ་བཟང་པོ་རྒྱུན་བསྲིང་ཐུབ་ནས “ལོ་ལྔ་ཚན་བཅུ་གཉིས་པ ”འགོ་ཡག་པོ་བཙུགས་ཡོད། “འགོ་ཚུགས་མཐོ་བ་དང་ཚུར་ལོག་བརྟན་པོ་བྱུང་ཞིང་”དུས་ཚིགས་དང་པོའི་ནང་ལྗོངས་ཡོངས་ཀྱི་དཔལ་འབྱོར་གོང་འཕེལ་མྱུར་པོ་སོང་ནས་19.8%ཟིན་པའི་འཕར་ཚད་མཐོན་པོ་བྱུང་ཡོད་པ་དེ་དུས་མཚུངས་ལས་བརྒྱ་ཆའི་གྲངས་གཞི་10.9མགྱོགས་སུ་འཕར་བས་རྒྱལ་ཡོངས་ལས་བརྒྱ་ཆའི་གྲངས་གཞི་10.1གིས་མཐོ་བ་ཡོད། རྗེས་ཀྱི་དུས་ཚིགས་གསུམ་ནང་དཔལ་འབྱོར་འཕར་ཚད་ཁག་སོ་སོར་16.5%དང་། 12.8% 12.6%བཅས་ཟིན་ནས་འཕར་རྒྱུན་བརྟན་པའི་རྒྱུན་ཚུལ་གྱི་བར་མཚམས་སུ་ཕྱིར་ལོག་བྱུང་ཡོད། “སྤུས་ཚད་ཇེ་ཡག་ཏུ་སོང་བ ” དཔལ་འབྱོར་འཕར་རྒྱུན་བརྟན་པ་དང་ཕྱོགས་མཚུངས་གོང་འཕེལ་གྱི་སྤུས་ཚད་ཀྱང་རྒྱུན་མཐུད་ཇེ་ཡག་ཏུ་འགྲོ་བཞིན་ཡོད། སྔོན་དཔག་ལྟར་ན། ལྗོངས་ཡོངས་ཀྱི་ཁྲལ་འབབ་སྒོར་དུང་ཕྱུར་95ལས་བརྒལ་ནས་དུས་མཚུངས་ལས་87%འཕར་ཡོད། སྤྱིར་བཏང་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་54.7ལེགས་གྲུབ་བྱུང་ནས་དུས་མཚུངས་ལས་49.2%འཕར་ཡོད། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ཐད་ཀྱི་མ་འཇོག་དང་། སྤྱི་ཚོགས་ཀྱི་འཛད་སྤྱོད་སིལ་འཚོང་སྤྱི་འབོར། ཕྱི་ཕྱོགས་ཚོང་དོན་ཐད་ཀྱི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་བཅས་ཁག་སོ་སོར་16.6%དང་། 17.6%31.6%བཅས་འཕར་ཡོད། ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་ཐེངས་གསུམ་པ་བྱས་ནས་ཐོན་ལས་གཉིས་པའི་བསྡུར་ཚད་བརྒྱ་ཆའི་གྲངས་གཞི་2.25མཐོ་རུ་སོང་སྟེ་བཟོ་ལས་འཕར་ཐང་གིས་ས་གནས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་གི་བསྡུར་ཚད་རྒྱུན་མཐུད་མཐོན་པོར་ཟིན་པས་ཐོན་ལས་དང་པོ་དང་ཐོན་ལས་གསུམ་པ་ཁག་སོ་སོར་བརྒྱ་ཆའི་གྲངས་གཞི་1.27དང་0.98དམའ་རུ་ཕྱིན་ཡོད། “དམངས་འཚོ་ལེགས་བཅོས་བྱུང་ཡོད ”སྔོན་དཔག་ལྟར་ན། གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མིའི་ལག་ཐོག་ཡོང་འབབ་སྒོར་16148ཟིན་ནས་7.8%འཕར་ཡོད་པ་དང་། ཞིང་འབྲོག་མང་ཚོགས་ཀྱི་མི་རེར་ཆ་སྙོམས་འབབ་སྨར་སྒོར་4700ཟིན་ནས་13.6%འཕར་ཡོད་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཛད་སྤྱོད་ཀྱི་འཕེལ་ངོ་བཟང་པོ་ཐོན་བཞིན་ཡོད་པས་གྲོང་གསེབ་ཀྱི་འཛད་སྤྱོད་འཕར་ཚད་དེ་གྲོང་ཁྱེར་དང་གྲོང་རྡལ་ལས་མཐོ་བ་ཡོད་པས་སྔོན་དཔག་ལྟར་ན། ཡུལ་མིའི་འཛད་སྤྱོད་རིན་གོང་གྲངས་ཚད་དེ་4.9%འཕར་བ་དང་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་དམའ་བ་ཡོད།
(གཅིག ) ཞིང་འབྲོག་ལས་ཐོན་སྐྱེད་སྔ་ཙམ་དམ་འཛིན་དང་སྔ་ཙམ་དམ་པ་དོན་གཉེར་བྱས་ནས་གྲོང་གསེབ་ཀྱི་དཔལ་འབྱོར་ཐད་ཐོན་འབབ་དང་ཕན་འབྲས་གཉིས་འཕར་བྱུང་ཡོད།
—— འདེབས་འཛུགས་ལས་རིགས་ཐད་ལོ་ལེགས་བྱུང་ཡོད། གཙོ་གནད་ས་ཁོངས་དང་ལོ་ཏོག་གཙོ་རིགས་འགག་སྒྲོལ་བྱེད་སར་བརྩི་རྒྱུ་རྒྱུན་འཁྱོངས་བྱས་ནས་ཚན་རྩལ་དང་ཐོན་སྐྱེད་དབར་དང་། ཚན་རྩལ་དང་ཞབས་ཞུའི་དབར་འབྲེལ་མཐུད་ནུས་ལྡན་བྱེད་རྒྱུར་ཤུགས་བརྒྱབ་སྟེ་ཐོན་ཚད་མཐོ་རིགས་གསར་གཏོད་དང་། ས་དཔྱད་ལུད་སྦྱོར་གྱིས་ལུད་རྒྱག་རྒྱུ། སྔོ་ཚལ་འདེབས་འཛུགས་བྱེད་སའི་ཚད་ལྡན་སྡེ་གླིང་སྐྲུན་རྒྱུ་སོགས་གཞི་རྟེན་འཛུགས་སྐྱོང་བྱེད་རྒྱུར་སྐུལ་འདེད་ཤུགས་ཆེ་བཏང་བ་བརྒྱུད་འདེབས་འཛུགས་ལས་རིགས་ཀྱི་གཞི་ཁྱོན་དང་ཕན་ནུས་ཇེ་ཆེར་སོང་ཡོད་པ་དང་། འདེབས་འཛུགས་ལས་རིགས་གོང་འཕེལ་གཏོང་བའི་ཆུ་ཚད་མཐོ་རུ་ཕྱིན་ཡོད། ད་ལོར་ཞིང་ལས་ལོ་ཏོག་འདྲ་མིན་གྱི་འདེབས་ཁྱོན་མུའུ་ཁྲི་368ཟིན་ཡོད་པ་དང་དེའི་ནང་འབྲུ་རིགས་འདེབས་ཁྱོན་མུའུ་ཁྲི་240ཟིན་ཏེ་སྤྱིའི་འདེབས་ཁྱོན་གྱི་65%ཟིན་ཡོད། སྔོན་དཔག་ལྟར་ན། འབྲུ་རིགས་སྤྱིའི་ཐོན་འབོར་ཀྲོན་ཁྲི་93.2ཟིན་པ་དང་། སྔོ་ཚལ་སྤྱིའི་ཐོན་འབོར་ཀྲོན་ཁྲི་59.6ཟིན་ནས་སྔ་ལོ་ལས་ཁག་སོ་སོར་2.1%དང་2.5%འཕར་ཡོད།
—— འབྲོག་ལས་ཐོན་སྐྱེད་བརྟན་པོའི་ངང་གོང་འཕེལ་སོང་ཡོད། ཕྱུགས་ལས་ཀྱི་གེགས་འགོག་གནོད་སེལ་ལས་ཀར་ཤུགས་སྣོན་རྒྱག་རྒྱུ་དང་། བཤས་གཏོང་ཚད་མང་དུ་གཏོང་རྒྱུ། མོ་ཕྱུགས་དང་ཕྱུགས་ཕྲུག་གསོ་ཚགས་ཀྱི་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུ། སྲོག་ཆགས་ཀྱི་རིམས་ནད་འགོག་སྲུང་བྱེད་རྒྱུ་སོགས་ཀྱི་ལས་ཀ་དམ་འཛིན་ཤུགས་ཆེ་བྱས་པས་འབྲོག་ལས་སྐྱོན་བྲལ་ངང་གོང་འཕེལ་བརྟན་པོ་ཡོང་བའི་འགན་སྲུང་ཐུབ་ཡོད། སྔོན་དཔག་ལྟར་ན། ལོ་ཧྲིལ་པོར་ལྗོངས་ཡོངས་སུ་གསར་སྐྱེས་ཕྱུགས་ཕྲུག་མགོ་གྲངས (བེའུ་དང་། ལུ་གུ རྟེའུ་བཅས )ཁྲི་731.15ཟིན་ཡོད་པ་དང་གསོན་ཚད་92%ཟིན་ཡོད། ཕག་ཤ་དང་ཟོག་ཤ་ལུག་ཤ་ཐོན་འབོར་ཀྲོན་ཁྲི་27.04དང་དཀར་ཆུ་ཐོན་འབོར་ཀྲོན་ཁྲི་30.55ཟིན་ནས་ཁག་སོ་སོར་འཕར་ཚད་2.8%དང་1.0%ཟིན་ཡོད། ལྗོངས་ཡོངས་ཀྱི་ཕྱུགས་ལས་ཐོན་རྫས་ཆ་སྙོམས་ཚད་ལོངས་ཚད་99%ཡན་ཟིན་ཡོད་པ་དང་། ཞིང་ལས་ཐོན་རྫས་ཆ་སྙོམས་ཚད་ལོངས་ཚད་97%ཡན་ཟིན་ཡོད།
—— ཞིང་འབྲོག་ལས་ཐད་ཐོན་འབབ་དང་ཕན་འབྲས་གཉིས་འཕར་བྱུང་ཡོད། ཞིང་འབྲོག་མང་ཚོགས་ལ་སྦྱོང་བརྡར་སྤྲོས་ཤུགས་ཆེ་རུ་བཏང་བ་དང་། རོགས་རེས་མཉམ་ལས་རྩ་འཛུགས་གསར་འཛུགས་བྱས་ཏེ་ཚད་ལྡན་ཅན་གྱི་ཐོན་སྐྱེད་ལག་རྩལ་དང་། རྫབ་རླངས་ལག་རྩལ་སྤྱོད་ནུས། ཞིང་འཕྲུལ་བཀོལ་སྤྱོད་དང་ཉམས་གསོ། ཞིང་འབྲོག་ལས་ཀྱི་གོ་ཆོད་ཚན་རྩལ་སོགས་ཁྱབ་གདལ་གཏོང་རྒྱུའི་དྲིལ་བསྒྲགས་དང་དེ་བཞིན་སྦྱོང་བརྡར་སྤྲོས་རྒྱུ་བཅས་ཀྱི་ལས་ཀ་གཙོ་གནད་དུ་སྤེལ་ཡོད། ལྗོངས་ཡོངས་ཀྱི་ས་གནས (གྲོང་ཁྱེར )7གྱི་གྲོང་ཚོ་105ལ་རོགས་རེས་མཉམ་ལས་རྩ་འཛུགས་བཙུགས་ནས་དེའི་ནང་ཞུགས་མཁན་ཐེམ་དུད་8130ཟིན་ཡོད་པ་དང་། ཐེམ་དུད་རེར་ཆ་སྙོམས་ཡོང་འབབ་སྒོར་2600ལྷག་ཙམ་འཕར་ཡོད། ཞིང་འབྲོག་ལས་ཀྱི་ཚན་རྩལ་ཁྱབ་གདལ་བེད་སྤྱོད་དང་ཞབས་ཞུའི་ལས་ཀར་ཤུགས་སྣོན་བརྒྱབ་ནས་གྲོང་ཚོ་དང་དུད་ཚང་ལ་ཞིང་ལས་ཚན་རྩལ་སྐྱེལ་བའི་ལས་གཞི་ཁྱོན་ཡོངས་ནས་སྤེལ་བས་ཞིང་འབྲོག་མང་ཚོགས་ཀྱི་ཚན་རིག་དང་མཐུན་པའི་ཞིང་འདེབས་ཆུ་ཚད་མཐོ་རུ་སོང་ཡོད་པ་དང་ཁོང་ཚོར་ཐོན་འབབ་དང་ཕན་འབྲས་གཉིས་འཕར་ཡོང་བའི་སྐུལ་འདེད་བཏང་ཡོད།
(གཉིས ) རྣམ་གྲངས་ཐད་མ་རྩ་འཇོག་རིགས་དོན་ཐོག་ཏུ་འཁྱོལ་ནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཏན་ཏིག་ངང་སྤེལ་ཡོད།
——“ལོ་ལྔ་ཚན་བཅུ་གཉིས་པའི ”རྣམ་གྲངས་འཆར་འགོད་ཀྱི་ཇུས་གཞི་དུས་ཐོག་ཏུ་དོན་འཁྱོལ་བྱས་ཡོད། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་2011ལོའི་ཟླ་7པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས 《“ལོ་ལྔ་ཚན་བཅུ་གཉིས་པའི ”རིང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་འཛུགས་སྐྲུན་རྣམ་གྲངས་ལ་རྒྱབ་སྐྱོར་བྱེད་ཕྱོགས་སྐོར་གྱི་འཆར་འགོད་ཇུས་གཞིར 》ཆོག་མཆན་གནང་ནས་རང་ལྗོངས་ལ་འཛུགས་སྐྲུན་རྣམ་གྲངས་བསྡོམས་226བཀོད་སྒྲིག་གནང་བ་དང་། “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་མ་འཇོག་སྒོར་དུང་ཕྱུར་1931བཏང་ཡོད་པ་དེ “ལོ་ལྔ་ཚན་བཅུ་གཅིག་པའི ”རིང་གི་འཆར་འགོད་མ་འཇོག་ལས་ལྡབ་2.5མང་བ་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་ཕྱིར་རང་སྐྱོང་ལྗོངས་ཀྱིས་ལག་བསྟར་དོན་འཁྱོལ་ཚོགས་འདུ་སྐོང་ཚོགས་བྱས་ཏེ་རྣམ་གྲངས་ཀྱི་སྔོན་གྲབས་ལས་དོན་མྱུར་དུ་སྤེལ་བ་དང་། རྒྱལ་ཁབ་ཀྱི་མ་འཇོག་དོན་འཁྱོལ་ཡོང་རྒྱུར་སྐུལ་འདེད་བཏང་ཡོད། ལོ་ཧྲིལ་པོར་ཀྲུང་དབྱང་གི་མ་འཇོག་སྒོར་དུང་ཕྱུར་281དོན་འཁྱོལ་བྱུང་ནས་ལོ་འཁོར་མོའི་དམིགས་ཚད་ལས་འགན་ནས་སྒོར་དུང་ཕྱུར་260ལེགས་གྲུབ་བྱས་པ་དེ་དུས་མཚུངས་ལས་11%འཕར་ཡོད་པ་དང་འཛུགས་སྐྲུན་བྱེད་བཞིན་པའི་རྣམ་གྲངས་ཁག་113ཟིན་ཡོད།
—— རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་མྱུར་དུ་སྤེལ་ཡོད། འགྲིམ་འགྲུལ་དང་། ནུས་ཁུངས། འཕྲིན་གཏོང་། ཆུ་བེད་བཅས་རྨང་གཞིའི་མ་ལག་ཆེ་མོ་བཞི་དང་ལྷག་པར་དུ་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་རྟེན་འབྲེལ་ཆེ་མོའི་གོ་སྐབས་དེ་སྤྱད་ནས་གཙོ་གནད་རྣམ་གྲངས་ཁག་གཅིག་གི་ལས་འགོ་མགྱོགས་མྱུར་ཚུགས་རྒྱུར་སྐུལ་འདེད་བཏང་ཡོད། ཟླ་11པའི་ཟླ་མཇུག་བར་ལྷ་ས་ནས་གོང་དཀར་གནམ་ཐང་དབར་གྱི་གཞུང་ལམ་དང་། ཀྲུང་ནེའི་གཞུང་ལམ་གྱི་ལྷ་ས་ནས་འགྲམ་འགག་སྒོའི་དབར་གྱི་གཞུང་ལམ། ལྷ་ས་ནས་སེང་གེ་ཁ་འབབ་དབར་གྱི་སྣུམ་ནག་ལམ་ངོས་བཅས་བཟོ་སྐྲུན་གྲུབ་སྟེ་བེད་སྤྱོད་གཏོང་འགོ་ཚུགས་ཡོད། ལྷ་གཞིས་ལྕགས་ལམ་འཛུགས་སྐྲུན་ལ་མ་དངུལ་སྒོར་དུང་ཕྱུར་34བཏང་ཡོད་པ་དེ་སྤྱིའི་མ་འཇོག་གི་25%ཟིན་ཡོད་པ་དང་། ལམ་གཞིའི་ས་རྡོ་ལྷམ་པ་ཁྲི་1408ལེགས་གྲུབ་བྱུང་བ་དེ་སྤྱི་འབོར་གྱི་77%ཟིན་ཡོད་པ། རི་ཁུང་ལ་འོག་ཆུ་འགྲོ་ས་ཁག་485བཟོས་ཡོད་པ་དེ་སྤྱི་འབོར་གྱི་96%ཟིན་ཡོད། ཟམ་རྟེན་སྒྲོམ་གཞི་སྤྱི་འབོར་གྱི་49%ལེགས་གྲུབ་བྱུང་བ་དང་། ཕུག་ལམ་སྤྱི་འབོར་གྱི་40%ལེགས་གྲུབ་བྱུང་བའི་ནང་སྣེའུ་སྦུག་ལམ་ཤར་གཏོང་ཐུབ་ཡོད།
མེ་ཏོག་གཞུང་ལམ་ཐད་མ་དངུལ་གཏོང་འབོར་སྤྱིའི་90%ལེགས་གྲུབ་བྱུང་ཡོད་པ་དང་། མེ་ཏོག་གི་དགའ་ལུང་ལའི་ཕུག་ལམ་ཤར་གཏོང་ཐུབ་རྗེས། འགག་རྩའི་ལས་གྲྭ་ཡིན་པའི་ཞིང་རྨོ་ཆུ་བོའི་ཟམ་ཆེན་གྱི་སྒྲོམ་གཞི་གཙོ་བོའི་ལས་གྲྭ་ལེགས་གྲུབ་བྱུང་བ། མོ་ཊ་ཤར་གཏོང་ཐུབ་པའི་རིང་ཚད་སྤྱི་ལེ་ཁྲི་6.3ཟིན་ཡོད། ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་དང་། ལྷ་ས་གོང་དཀར་གནམ་ཐང་གི་འགྲུལ་ཚུགས་ཁུལ་བཟོ་བཅོས་དང་རྒྱས་སྐྲུན་ལས་གྲྭ ནག་ཆུ་གནམ་ཐང་གསར་སྐྲུན་དང་དེ་བཞིན་ཉིང་ཁྲི་གནམ་ཐང་བཟོ་བཅོས་དང་རྒྱས་སྐྲུན་བཅས་བྱེད་རྒྱུའི་སྔོན་གྲབས་ལས་ཀ་གོ་རིམ་ཡོད་པའི་ངང་སྤེལ་བཞིན་ཡོད། བོད་ཀྱི་མཁའ་སྣུམ་འདྲེན་སྐྱེལ་ལྟེ་གནས་ལྷ་སའི་ལྕགས་ལམ་འདོན་འཇུག་མཛོད་ཁང་རྩ་བའི་ཆར་སྐྲུན་ཟིན་ཡོད། དངོས་ཨ་ཕྲང་གི་ཆུ་ཤུགས་གློག་ཁང་དང་། འབར་སྒུལ་འཕྲུལ་འཁོར་གྱི་གློག་ཁུངས་རྒྱུན་འཁོར་གཉིས་ལྡན་མ། ཀྲའོ་ཝ་10ཟིན་པའི་འོད་ཤུགས་གློག་ཁང་གཉིས་བཅས་དངོས་སུ་དྲ་སྦྲེལ་གློག་འདོན་བྱེད་འགོ་བཙུགས་ཟིན་པ། མཚོ་བོད་ཐད་གཏོང་དྲ་སྦྲེལ་ལས་གྲྭ་གྲུབ་ནས་ཚོད་ལྟའི་ལས་གཉེར་བྱེད་བཞིན་ཡོད་པ། ལྷ་སའི་ཆན་ཧྥུའུ་220ཟིན་པའི་སྐོར་དྲའི་ལས་གྲྭ་གྲུབ་ནས་ཐོན་སྐྱེད་བྱེད་འགོ་བཙུགས་ཡོད་པ། ལྷ་ས་ནས་གཞིས་རྩེའི་དབར་གྱི་ཆན་ཧྥུའུ་220ཟིན་པའི་གློག་འདོན་སྒྱུར་གཏོང་ལས་གྲྭ་སྐྲུན་བཞིན་ཡོད། རྫམ་ཆུ་ཤུགས་གློག་ཁང་གི་ལས་གྲྭ་དེ་ལས་གྲྭའི་སྤྱི་འབོར་གྱི་50%ཡས་མས་ལེགས་གྲུབ་བྱུང་ཡོད་པ་དང་དེའི་གཙོ་རྐང་ཆུ་རགས་ལ་ཨར་འདམ་ལུགས་རྒྱག་བདེ་བླག་ངང་སྤེལ་བཞིན་ཡོད་པ། ཉིང་ཁྲིའི་རྡོ་ཕུར་ཆུ་ཤུགས་གློག་ཁང་གི་ཨར་ལས་གྲ་སྒྲིག་ལས་འགོ་བཙུགས་ཡོད། ཕོད་མདོ་ཆུ་བེད་ལྟེ་གནས་ལས་གྲྭའི་ཆུ་བོ་འཕྲེད་བཅད་ཐུབ་སྟེ་མ་དངུལ་གཏོང་འབོར་སྤྱིའི་55%ལེགས་གྲུབ་བྱུང་ཡོད་པ་དང་། མལ་སྟག་ཆུ་འདྲེན་ཁུལ་གྱི་གཙོ་རྐང་ལས་གྲྭ་གྲུབ་ནས་བེད་སྤྱོད་གཏོང་བཞིན་ཡོད་པ། ཞིང་ཁའི་ཆུ་བེད་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ཆུ་ལོག་འགོག་སྲུང་ལས་གྲྭ་སོགས་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད། 2011ལོར་ལྗོངས་ཡོངས་ཀྱི་ཤང་གྲོང་ཡོངས་རྫོགས་ལ་དྲ་ཆེན་དངོས་སུ་ཤར་གཏོང་ཐུབ་ཡོད།
—— རྣམ་གྲངས་དོ་དམ་ལ་ཤུགས་སྣོན་ཟམ་མི་ཆད་པ་བརྒྱབ་ཡོད། ལམ་ལུགས་འཛུགས་རྒྱུ་གཙོར་བཟུང་བྱས་ནས 《བོད་རང་སྐྱོང་ལྗོངས་ཀྱི་འཆར་འགོད་ནང་ཡོད་པའི་སྲིད་གཞུང་གི་མ་འཇོག་རྣམ་གྲངས་ཀྱི་མཆན་འགོད་དབང་ཚད་གཤམ་སྤྲོད་བྱེད་པར་དོ་དམ་བྱེད་རྒྱུའི་གནས་སྐབས་ལག་བསྟར་བྱ་ཐབས 》དང་། 《སྔོན་རྩིས་ནང་ཡོད་པའི་རྨང་གཞིའི་འཛུགས་སྐྲུན་ཐད་ཀྱི་མ་འཇོག་རྣམ་གྲངས་རགས་རྩིས་དང་ལེགས་སྒྲིག་ལ་དོ་དམ་བྱེད་རྒྱུའི་གནས་སྐབས་ལག་བསྟར་བྱ་ཐབས 》《རྨང་གཞིའི་འཛུགས་སྐྲུན་རྣམ་གྲངས་ལ་ཞིབ་བཤེར་མཆན་འགོད་བྱེད་རྒྱུའི་མཉམ་ཞུགས་ཚོགས་འདུའི་ལམ་ལུགས 》སོགས་ཞིབ་འཇུག་དང་བཟོ་འགོད་བྱས་ཡོད་པས་རང་ལྗོངས་ཀྱི་སྲིད་གཞུང་གི་མ་འཇོག་རྣམ་གྲངས་ཀྱི་དོ་དམ་ཚད་ལྡན་བྱུང་ཡོད། ལྗོངས་ཡོངས་ཀྱི་རྣམ་གྲངས་ཁག་29ལ་ཞིབ་བཤེར་བྱས་ནས་ཀྲུང་དབྱང་གི་མ་འཇོག་དང་། ས་གནས་ནོར་སྲིད་ཀྱི་མ་འཇོག བོད་སྐྱོར་མ་དངུལ་བཅས་དང་འབྲེལ་བ་ཡོད་པའི་མ་དངུལ་སྤྱི་འབོར་སྒོར་དུང་ཕྱུར་22.96བཏང་ཡོད་པ་དང་། དེའི་ཐད་གནད་དོན་མཐོང་ཚེ་དུས་ཐོག་ཏུ་ཞིབ་བཤེར་ཐག་གཅོད་བྱས་པས་མ་འཇོག་གི་ཕན་འབྲས་དང་མ་དངུལ་ཐད་གནད་དོན་མི་ལྷག་པའི་འགན་སྲུང་ཐུབ་ཡོད། ལྷ་ཀླུ་འདམ་ར་སྲུང་སྐྱོབ་ཀྱི་ལས་གྲྭ་འཛུགས་སྐྲུན་བྱེད་ཐེངས་དང་པོ་དང་། ཀོང་པོ་རྒྱ་མདའ་རྫོང་ཆོན་ཀྲའོ་ཟམ་པ་གཉིས་པ (བོད་སྐྱོར་རྣམ་གྲངས )སོགས་རྣམ་གྲངས་ཁག་5ལ་དཔྱད་གདེང་བྱས་ཏེ་མ་དངུལ་སྤྱི་འབོར་སྒོར་དུང་ཕྱུར་9.82བཏང་བ་དང་། རྣམ་གྲངས་འཛུགས་སྐྲུན་གྱི་དོ་དམ་ཆུ་ཚད་གོང་མཐོར་ཟམ་མི་ཆད་པ་ཕྱིན་ཡོད།
(གསུམ ) སྤྱི་ཚོགས་ཀྱི་བྱ་གཞག་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་དམངས་འཚོ་ལེགས་བཅོས་ཆེན་པོ་བྱུང་ཡོད།
—— བདེ་འཁོད་ལས་གཞིའི་འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ་ཡོད། བདེ་འཁོད་ལས་གཞིའི་གཞི་རྒྱ་ཆེ་རུ་གཏོང་རྒྱུ་དམ་འཛིན་ཏན་ཏིག་བྱས་ཡོད་ཅིང་། རང་སྐྱོང་ལྗོངས་ཀྱིས་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་10.14བཀོད་སྒྲིག་བྱས་ནས་དུད་གྲངས་ཁྲི་6.39ཡི་བདེ་འཁོད་ལས་གཞིའི་འཛུགས་སྐྲུན་ལེགས་གྲུབ་བྱུང་ཡོད། མ་དངུལ་སྒོར་དུང་ཕྱུར་10.9མུ་མཐུད་སྒྲིལ་བཅོས་བྱས་ཏེ་ལྗོངས་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་1000ལ་གྲོང་གསེབ་ཀྱི་མི་འཚོ་སྡོད་ཀྱི་ཁོར་ཡུག་ལེགས་སྐྱོང་དང་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་རྒྱུའི་ལས་གཞི་སྤེལ་ཡོད། བདེ་འཁོད་ལས་གཞིའི་སྒྲིག་བཀོད་ལེ་ལག་ཚང་སྒྲིག་ཡོང་བ་བྱས་ཤིང་། གཅིག་སྡུད་དུ་ཆུ་མཁོ་འདོན་བྱེད་རྒྱུའི་ལས་གྲྭ་ཁག་1018དང་། ཁ་གྲེམ་ཐོག་ཆུ་མཁོ་འདོན་བྱེད་རྒྱུའི་ལས་གྲྭ་ཁག་500སྤེལ་ཏེ་གྲོང་གསེབ་ཀྱི་ཡུལ་མི་ཁྲི་20དང་སློབ་གྲྭའི་དགེ་རྒན་དང་སློབ་མ་ཁྲི་2.31ལ་ཕན་པ་ཐོབ་ཡོད། འབྲེང་ཟམ་ཁག་84བཟོ་བཅོས་བརྒྱབ་ནས་དུད་གྲངས་6474དང་མང་ཚོགས་མི་འབོར་ཁྲི་4ལྷག་ཙམ་ལ་ཕན་པ་བཏགས་ཡོད། གྲོང་གསེབ་ཀྱི་ཁྱིམ་སྤྱོད་རྫབ་རླངས་ཁྲི་3.5གསར་རྒྱག་ཐུབ་པ་དང་། གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ་4766འཕར་སྣོན་བྱུང་བ། མི་འབོར་ཁྲི་8.89གསར་སྣོན་གྱིས་གློག་སྤྱོད་རྒྱུ་ཡོད་པ་བཟོ་རྒྱུའི་གནད་དོན་ཐག་གཅོད་ཐུབ་པ། ཤང་གྲོང་ལ་འོད་སྐུད་ཤར་གཏོང་ཐུབ་ཚད་90%ཟིན་པ་བཅས་བྱུང་ཡོད། ལོ་ཧྲིལ་པོར་ཞིང་དུད་ཚོང་ཁང་ཁ་གྲངས་2070གསར་འཛུགས་དང་བཟོ་བཅོས་བརྒྱབ་པ་དང་། འདྲེན་སྐྱེལ་ལྟེ་གནས་ཁག་40གསར་འཛུགས་བྱས་པ། འགན་སྲུང་རང་བཞིན་གྱི་སྡོད་ཁང་(དུད་ཚང་)ཁྲི་1.55གསར་རྒྱག་བྱས་ཡོད། ལས་བྱེད་ལས་བཟོའི་སྡོད་ཁང་གི་སྤྱི་གསོག་མ་དངུལ་འབུལ་བཅོལ་བསྡུར་ཚད་དེ་10%ལ་སྤར་བ་དང་། སྡོད་ཁང་གི་སྤྱི་གསོག་མ་དངུལ་གྱི་ཡིད་རྟོན་དངུལ་བུན་གཏོང་གཡར་བྱེད་ཚད་མཐོ་རུ་བཏང་བ་དང་ཡུན་ཚད་ཀྱང་རིང་དུ་བཏང་ཡོད།
——“9·18”ཀྱི་གནོད་འཚེ་བྱུང་རྗེས་བསྐྱར་སྐྲུན་ལས་ཀ་ཕན་ནུས་ཐོན་པའི་ངང་ཏན་ཏིག་སྤེལ་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་གེགས་སྐྱོབ་མུག་སྐྱོབ་ལས་ཀར་ཚད་མཐོའི་མཐོང་ཆེན་གནང་ཞིང་། ཕྱོགས་གཅིག་ནས་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུད་དང་འབྲེལ་མཐུད་ཧུར་ཐག་གིས་གནོད་འཚེ་བྱུང་རྗེས་ཀྱི་བསྐྱར་སྐྲུན་མ་དངུལ་སྒོར་དུང་ཕྱུར་1རག་ཐབས་གནང་བ་དང་། ཕྱོགས་གཞན་ཞིག་ནས་གཞིས་རྩེ་དང་ལྷོ་ཁ་ས་གནས་ལ “9·18”ས་ཡོམ་གྱི་གནོད་འཚེ་བྱུང་རྗེས་མང་ཚོགས་ཀྱི་སྡོད་ཁང་བསྐྱར་སྐྲུན་དང་ཉམས་གསོའི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་3འཕྲལ་མར་གཤམ་གཏོང་བྱས་ནས་གནོད་འཚེ་ཕོག་ཁུལ་གྱི་མང་ཚོགས་དུད་གྲངས་12248ཀྱི་སྡོད་ཁང་བསྐྱར་སྐྲུན་དང་ཉམས་གསོ་བྱེད་པར་སྤྱད་ཡོད། གནོད་འཚེ་ཕོག་ཁུལ་ལ་བསྡོམས་གེགས་སྐྱོབ་གུར་ཁ་གྲངས་6332དང་། སྲིང་བལ་སྟོད་གོས་དང་གོས་ཐུང་ཁ་གྲངས་6318 སྲིང་བལ་ཉལ་ཆས་ཁ་གྲངས་ཁྲི་3.12 བོད་རུམ་ཁ་གྲངས་1010 བཙུགས་ཕྲུག་ཁ་གྲངས་2293 འབྲུ་རིགས (འབྲས་དང་གྲོ་ཞིབ )ཀྲོན་244བཅས་མཁོ་འདོན་བྱས་པས་གནོད་འཚེ་ཕོག་ཁུལ་གྱི་མང་ཚོགས་བཀོད་སྒྲིག་འོས་འཚམ་ཐུབ་པ་དང་། ལྟོ་རྩ་འཕྱིད་པའི་འགན་སྲུང་གང་ལེགས་བྱུང་ནས་བདེ་འཇགས་ཐོག་དགུན་སྒྲོལ་གྱི་འགན་སྲུང་ཐུབ་ཡོད།
—— སྤྱི་ཚོགས་ཀྱི་བྱ་གཞག་ཁྱོན་ཡོངས་ནས་གོང་འཕེལ་ཕྱིན་ཡོད། “གཞི་རྩའི་ཆ་གཉིས ”ལ་རྒྱལ་ཁབ་ཀྱི་ཞིབ་བཤེར་རྩིས་ལེན་ཐོབ་ནས་སློབ་ཆུང་གི་སློབ་མ་སློབ་གྲྭར་ཞུགས་ཚད་99.4%ཟིན་པ་དང་། དམའ་རིམ་སློབ་འབྲིང་དུས་མཚམས་ཀྱི་ན་འདྲེས་སློབ་ཞུགས་བྱེད་ཚད་98.5%ཟིན་ཡོད་པ། སྔ་ཕྱི་བསྡོམས་བྱིས་པ་ཁྲི་3.4ཡི་སློབ་ཞུགས་སྔོན་གྱི་སློབ་གསོའི་སློབ་ཡོན་རྩ་ཆག་བཏང་ཡོད། ཞིང་འབྲོག་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཞུར་ཤུགས་སྣོན་བརྒྱབ་ཡོད་ཅིང་། སྲིད་གཞུང་གིས་ཞིང་འབྲོག་མང་ཚོགས་ལ་སྨན་བཅོས་ཀྱི་ཁ་གསབ་རོགས་དངུལ་སྤྲོད་རྒྱུའི་ཚད་གཞི་དེ་ལོ་སྔ་མར་སྒོར་180ཡིན་པ་ནས་ད་ལོ་སྒོར་260ལ་སྤར་ཏེ་ཞིང་འབྲོག་མང་ཚོགས་ཀྱི་སྨན་རིན་དང་སྨན་བཅོས་ཀྱི་འགྲོ་གྲོན་80%ཡན་རྩིས་ཞུས་ཁ་གསབ་བྱེད་ཆོག་གི་ཡོད་པ་དང་། གཏོང་སྤྲོད་ཀྱི་བཅད་གྲངས་མཐོ་ཤོས་ཞིང་འབྲོག་མང་ཚོགས་མི་རེའི་ཆ་སྙོམས་འབབ་སྨར་གྱི་ལྡབ་6ཡན་དུ་མཐོ་རུ་བཏང་བ་དང་སྦྲགས་སྒོར་ཁྲི་5ནས་དམའ་དྲགས་རྒྱུ་མེད་པ་བཟོས་ཡོད། ཞིང་འབྲོག་མང་ཚོགས་ཀྱི་ནད་གཞི་ཆེ་རིགས་ལ་སྨན་གྲོན་ཁ་གསབ་ཀྱི་ཚོང་ལས་འགན་བཅོལ་གསར་འཛུགས་བྱས་ནས་འགན་བཅོལ་གྱི་གསབ་སྤྲད་བསྡུར་ཚད་100%ཟིན་ཡོད་པ་དང་། གསབ་སྤྲོད་ཚད་གྲངས་མཐོ་ཤོས་ནི་མི་རེར་ལོ་རེའི་ནང་སྒོར་ཁྲི་7ཟིན་ཡོད། སྨན་བཅོས་འགན་ལེན་གྱི་འགན་བཅོལ་ནང་ཞུགས་མཁན་མི་འབོར་ཁྲི་42.43ཟིན་ཡོད་ཅིང་། ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་དེ་མི་འབོར་ཡོངས་ལ་ཁེབས་ཚད་མུ་མཐུད་རྒྱུན་འཁྱོངས་ཐུབ་ཡོད། ལས་ཞུགས་ཐུབ་རྒྱུར་སྐུལ་འདེད་གཏོང་བའི་གཟིགས་སྐྱོང་སྲིད་ཇུས་ཁག་དོན་འཁྱོལ་ཏན་ཏིག་བྱས་ནས་ཐབས་བརྒྱ་ཇུས་སྟོང་གིས་ལས་ཞུགས་ཀྱི་ལས་གནས་གསར་གཏོད་བྱས་པས་སྔོན་དཔག་ལྟར་ན། ལོ་ཧྲིལ་པོར་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་བྱེད་མི་མི་གྲངས་ཁྲི་2.3གསར་སྣོན་བྱུང་ཡོད་པ་དང་། སློབ་ཆེན་སློབ་ཐོན་སློབ་མ་ལས་ཞུགས་བྱེད་མི་མི་འབོར་ཁྲི་16580གསར་སྣོན་བྱུང་ཡོད་པ། སྐྱེ་ཁོངས་བོད་ནས་ཡིན་པའི་2011ལོའི་སློབ་ཐོན་སློབ་མ་ཚང་མ་ལས་ཞུགས་ཐུབ་ཡོད་པ། སྤྱི་ཕན་རང་བཞིན་གྱི་ལས་གནས་ཁ་གྲངས་4300ཉོ་སྒྲུབ་བྱས་ཡོད་པ། ཞིང་འབྲོག་ཁུལ་གྱི་ངལ་ནུས་ལྷག་མ་མི་ཐེངས་ཁྲི་86ཁ་སྒྱུར་ལས་ཞུགས་ཐུབ་པ་བཅས་བྱུང་ནས་ཡོང་འབབ་སྒོར་དུང་ཕྱུར་18.5ཡན་ཟིན་པ་དང་། གྲོང་ཁྱེར་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་དེ་3.2%ནང་ཚོད་འཛིན་ཐུབ་ཡོད། སྤྱི་ཚོགས་ཀྱི་འགན་བཅོལ་ཁེབས་རྒྱ་ཕྱོགས་ཡོངས་ནས་ཆེ་རུ་སོང་ནས་གྲོང་ཁྱེར་གྲོང་རྡལ་གྱི་སྤྱི་ལ་དབང་བ་མིན་པའི་དཔལ་འབྱོར་རྩ་འཛུགས་ཀྱི་ཚན་པ་དང་དེའི་ལས་ཀ་བྱེད་མཁན་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ཁེར་རྐྱང་བཟོ་ཚོང་ཐེམ་དུད། སྐབས་བསྟུན་ལས་ཞུགས་མི་སྣ་སོགས་འགན་བཅོལ་གྱི་ཁོངས་སུ་ཞུགས་རྒྱུར་འཚམ་པའི་མི་སྣའི་རིགས་སྤྱི་ཚོགས་འགན་བཅོལ་གྱི་ཁོངས་སུ་བཅུག་ཡོད་པ་དང་། ཁྱིམ་ཚང་གི་ཡོང་འབབ་སྒོར་1450ལས་དམའ་བའི་གྲོང་གསེབ་ཡུལ་མི་ཚང་མ་འགན་སྲུང་བྱེད་ཁོངས་སུ་བཅུག་ཡོད་པ། 《གྲོང་གསེབ་གསར་པའི་སྤྱི་ཚོགས་ཀྱི་རྒན་གསོའི་འགན་བཅོལ་ལག་བསྟར་བྱེད་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས 》བཏོན་ནས་སྲིད་ཇུས་ཀྱི་རིམ་ངོས་ནས་རྒན་དུས་འཚོ་རྟེན་ཡོད་པ་ཕྱོགས་ཡོངས་ནས་མངོན་འགྱུར་བྱུང་ཡོད། སྤྱི་ཚོགས་ཀྱི་འགན་བཅོལ་ཁག་ནང་ཞུགས་མཁན་མི་ཐེངས་བསྡོམས་ཁྲི་184.8ཟིན་ཡོད་། རིག་གནས་འཛུགས་སྐྱོང་དང་རིག་གནས་ཐོན་ལས་གོང་འཕེལ་ལ་སྐུལ་འདེད་ཤུགས་ཆེ་བཏང་བ་དང་། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བའི་མཛད་སྒོ་ཕུན་སུམ་ཚོགས་པའི་ངང་ལེགས་གྲུབ་བྱུང་བ། ཞིང་དུད་ཀྱི་དཔེ་དེབ་ཁང་ཁག་3331གསར་འཛུགས་བྱས་པ། ཤང་གྲོང་391གི་ཕྱོགས་བསྡུས་རིག་གནས་ས་ཚུགས་དང་ས་གནས་དང་གྲོང་ཁྱེར་ཁག་གི་རིག་གནས་ཆ་འཕྲིན་གྱི་ཐོན་ཁུངས་མཉམ་སྤྱོད་ལས་གཞིའི་ཉིང་ལག་ལྟེ་གནས་འཛུགས་སྐྲུན་བྱེད་རྒྱུའི་རྣམ་གྲངས་གསར་དུ་བཀོད་སྒྲིག་བྱས་པ། བོད་རྒྱ་སྐད་རིགས་གཉིས་སྤྱོད་ཀྱི་དྲ་ཚུགས་གཉིས་ཁྱོན་ཡོངས་ནས་ཤར་གཏོང་ཐུབ་པ་བཅས་བྱུང་ཡོད། རྩ་ཆེའི་རིག་དངོས་སྲུང་སྐྱོབ་དང་ཉམས་གསོའི་ལས་གཞི་བདེ་བླག་ངང་སྤེལ་བཞིན་ཡོད་པ་དང་། རང་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་ཁག་16རྒྱལ་ཁབ་རིམ་པའི་དུས་ཁག་གསུམ་པའི་སྲུང་སྐྱོབ་རྣམ་གྲངས་ཀྱི་ཁོངས་སུ་བཅུག་ཡོད། ལུས་རྩལ་བྱ་གཞག་གོང་འཕེལ་མྱུར་པོ་སོང་ནས་བོད་ཀྱི་རྩལ་འགྲན་ལུས་རྩལ་གྱི་འཛམ་གླིང་གི་ཨང་དང་པོ་ཐོག་མར་ཐོན་ཡོད།
——ཚན་རྩལ་བྱ་གཞག་གོང་འཕེལ་ཕྱིན་ཡོད། ཐོན་ཁུངས་ཀྱི་ཁྱད་ཡོན་ལ་དམིགས་པ་དང་ཐོན་ལས་ཀྱི་ཁྱད་ཆོས་གཙོར་བཟུང་བྱས་ཏེ་ཚན་རྩལ་ཞིབ་འཇུག་མ་དངུལ་སྒོར་དུར་ཕྱུར་1.5བཀོད་སྒྲིག་བྱས་ནས་མེ་སྟག་ཚན་རྩལ་དང་། ཚན་རྩལ་ལ་བརྟེན་ནས་དམངས་ཕྱུག་རྫོང་དར། ཚན་རྩལ་ཆེད་མངག་པ་སོགས་ཆེད་དོན་བྱེད་སྒོ་གཏིང་ཟབ་སྤེལ་ཡོད་པ་དང་། ཚན་རྩལ་ཐད་ཀྱི་སྦྱོང་བརྡར་སྤྲོས་རྒྱུ་དང་ཚན་རྩལ་ཁྱབ་གདལ་གཏོང་རྒྱུའི་ལས་ཀ་རྒྱ་ཁྱབ་ཏུ་སྤེལ་ཏེ་ཚན་རྩལ་ཁྱབ་སྤེལ་བྱེད་ཤུགས་དང་རང་བརྟེན་གསར་གཏོད་བྱེད་ནུས་ཟམ་མི་ཆད་པར་མཐོ་རུ་བཏང་ཡོད། གསར་གཏོད་ལས་སྟེགས་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ཅིང་། རྒྱལ་ཁབ་ཀྱིས་རང་ལྗོངས་ལ་རྒྱལ་ཁབ་དང་ས་གནས་མཉམ་འབྲེལ་བྱེད་པའི་ལས་གཞིའི་ལག་རྩལ་ལྟེ་གནས (ལས་གྲྭ་ཚོད་ལྟ་ཁང )3འཛུགས་རྒྱུར་གསར་དུ་ཆོག་མཆན་སྤྲད་གནང་བས་བོད (ཁྲེང་ཏུའུ )ཀྱི་ཚན་རྩལ་གསོ་ཆས་ཁེ་ལས་སུ་འཛུལ་ཞུགས་ཀྱིས་གསོ་སྤེལ་དོ་དམ་བྱེད་པའི་མ་ལག་སྔར་བས་འཐུས་ཚང་དུ་བཏང་ཡོད། “གསེར་ཉི་ཚན་རྩལ་ལས་གཞིའི ”རྣམ་གྲངས་སྤེལ་རྒྱུར་དམིགས་ནས་ནུས་ཁུངས་གསར་རིགས་ཀྱི་སྔོན་ཐོན་གོ་ཆོད་ལག་རྩལ་ནང་འདྲེན་གཙོ་བོ་བྱས་པ་དང་། ཞིབ་འཇུག་དཔེ་སྟོན་གཏིང་ཟབ་བྱས་པས་ལག་རྩལ་ནང་འདྲེན་བྱས་ནས་གསར་གཏོད་དང་། རྒྱུད་ཁོངས་འདུས་གྲུབ་ཀྱིས་གསར་གཏོད། རྒྱུད་ཁོངས་གཏན་འཇགས་ཡིན་མིན་གྱི་ཞིབ་འཇུག་སོགས་བྱེད་རྒྱུའི་ཐད་འགག་སྒྲོལ་གསར་པ་ཐུབ་པ་དང་། ལྗོངས་ཡོངས་ཀྱི་གློག་མེད་ས་ཁུལ་དུ་འོད་ཤུགས་གློག་ཁང་དང་དེ་བཞིན་རླུང་ནུས་དང་ཉི་ནུས་ཕན་གསབ་གློག་ཁང་བདེ་བླག་ངང་སྐྲུན་བཞིན་ཡོད།
(བཞི )གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་བྱུང་ནས་གོང་འཕེལ་གྱི་སྤུས་ཚད་ཇེ་ལེགས་སུ་སོང་ཡོད།
—— ཞིང་འབྲོག་ལས་ཐོན་ལས་ཅན་དུ་གོང་འཕེལ་གཏོང་བའི་གོམ་སྟབས་ཇེ་མགྱོགས་སུ་བཏང་ཡོད། ཞིང་འབྲོག་ལས་ཐོན་རྫས་བཟོ་སྣོན་ཁེ་ལས་ཀྱི་སྐབས་དགུ་པའི་ཀྲུང་གོའི་རྒྱལ་སྤྱི་ཞིང་ལས་ཐོན་རྫས་བརྗེ་རེས་འདུ་ཚོགས་འཚོགས་རྒྱུ་སྒྲིག་འཛུགས་བྱས་ནས་ཁེ་ལས་ཁག་3དུས་ཁག་ལྔ་པའི་རྒྱལ་ཁབ་རིམ་པའི་གཙོ་གནད་སྣེ་འདྲེན་ཁེ་ལས་ཀྱི་ཁོངས་སུ་འཇོག་རྒྱུའི་ཞུ་ཡིག་ཕུལ་ཡོད། ཞིང་འབྲོག་མང་ཚོགས་ཀྱི་ཆེད་ལས་མཉམ་ལས་ཁང་གོང་འཕེལ་གཏོང་རྒྱུ་དམ་འཛིན་ཤུགས་ཆེ་བྱས་པས་མིག་སྔར་ཐེམ་དུད་ཁ་གྲངས་618ཟིན་ཡོད་པ་དང་། མ་རྩ་སྤྱི་འབོར་སྒོར་དུང་ཕྱུར་5.29ཟིན་ནས་དུས་མཚུངས་ལས་ཁག་སོ་སོར་60.9%དང་66.1%འཕར་ཡོད། སྔོན་དཔག་ལྟར་ན། ལོ་ཧྲིལ་པོར་ལྗོངས་ཡོངས་ཀྱི་ཤང་གྲོང་ཁེ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་38.2ཟིན་ནས་དུས་མཚུངས་ལས་9.1%འཕར་ཡོད་པ་དང་། སྣ་མང་གཉེར་སྐྱོང་གི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་48ཟིན་ཏེ་དུས་མཚུང་ལས་6.3%འཕར་ཡོད། རང་སྐྱོང་ལྗོངས་རིམ་པའི་སྣེ་འདྲེན་ཁེ་ལས་ཁག་13གྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་17.4ཟིན་ནས་དུས་མཚུངས་ལས་13%འཕར་ཡོད།
—— བཟོ་ལས་ཁེ་ལས་ལ་ཐོན་འཚོང་གཉིས་འཕེལ་བྱུང་ཡོད། བཟོ་ལས་ཁེ་ལས་གཙོ་གྲས་ཀྱི་ཐོན་སྐྱེད་སྤུས་ཚད་དང་སྤྱི་འབོར་ཡོངས་ཁྱབ་ཏུ་མཐོ་རུ་ཕྱིན་ཡོད་པ་དང་། ལྗོངས་ཡོངས་ཀྱི་བཟོ་ལས་མགྱོགས་མྱུར་གོང་འཕེལ་ཕྱིན་ཡོད། རྒྱལ་ཁབ་ཀྱི་ཐོན་ལས་རོགས་དངུལ་སྒོར་དུང་ཕྱུར་1.1བཀོད་སྒྲིག་བྱས་ཏེ་བོད་ཀྱི་ཁེ་ལས་ཁག་52 དང་ལྷག་པར་དུ་ཁེ་ལས་འབྲིང་ཆུང་ཁག་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་ཤུགས་ཆེ་བྱས་ཡོད། སྔོན་དཔག་ལྟར་ན། གཞི་རྒྱ་ལྡན་པའི་བཟོ་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར་37མངོན་གྱུར་བྱུང་ཡོད་པ་དེ་དུས་མཚུངས་ལས་19.4%འཕར་ཡོད་པས་འཕར་ཚད་དུས་མཚུངས་ལས་བརྒྱ་ཆའི་གྲངས་གཞི་5.4མགྱོགས་སུ་སོང་ཡོད། བཟོ་ལས་ཀྱི་ཐོན་འཚོང་རྒྱུན་ལྡན་ངང་ཟུང་སྦྲེལ་ཐུབ་ཡོད་པས་སྔོན་དཔག་ལྟར་ན། གཞི་རྒྱ་ལྡན་པའི་བཟོ་ལས་ཐད་ཀྱི་ཕྱིར་ཚོང་རིན་ཐང་སྔ་ཕྱི་བསྡོམས་སྒོར་དུང་ཕྱུར་77ཟིན་ཏེ་དུས་མཚུངས་ལས་30%འཕར་བས་དུས་མཚུངས་ཀྱི་ཐོན་རྫས་རིན་ཐང་འཕར་ཚད་ལས་བརྒྱ་ཆའི་གྲངས་གཞི་10.3གྱིས་མཐོ་བ་ཡོད། བཟོ་ལས་ཀྱི་ཐོན་འཚོང་བྱེད་ཚད་98%ཟིན་ནས་སྔ་ལོའི་དུས་མཚུངས་ལས་བརྒྱ་ཆའི་གྲངས་གཞི་1.5མཐོ་རུ་ཕྱིན་ཡོད། གཞུང་ཁོངས་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་བརྟན་ལྷིང་ངང་འཕེལ་བཞིན་ཡོད་པས་སྔོན་དཔག་ལྟར་ན། གཞུང་ཁོངས་རྒྱུ་ནོར་ཨུ་ལྷན་གྱིས་ལྟ་འདོམས་བྱས་པའི་ཁེ་ལས་ལ་ལས་གཉེར་ཡོང་འབབ་བསྡོམས་སྒོར་དུང་ཕྱུར་29.95ཟིན་རྒྱུ་ཡིན་པ་དང་། ཁེ་སྤོགས་སྒོར་དུང་ཕྱུར་5.5ཟིན་ཏེ་དུས་མཚུངས་ལས་ཁག་སོ་སོར་16.29%དང་31.88%འཕར་ཡོད།
—— སྡེ་གླིང་དཔལ་འབྱོར་མགྱོགས་མྱུར་གོང་འཕེལ་སོང་ཡོད། ལྷ་སའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་Aཁུལ་གྱི་འཆར་འགོད་ཐད་སྤྱོད་རྒྱུའི་ས་ཆ་95%ལ་རྣམ་གྲངས་བཙུགས་ཟིན་པ་དང་གཞིས་ཆགས་ཁེ་ལས་ཐེམ་དུད་ཁག་67ཟིན་ཡོད། ཟླ་11བར་དེབ་སྐྱེལ་ཐོ་བཀོད་ཁེ་ལས་ཐེམ་དུད་སྔ་ཕྱི་བསྡོམས་427དང་། དེབ་སྐྱེལ་ཐོ་བཀོད་མ་དངུལ་སྒོར་དུང་ཕྱུར་58.82 ཁྲལ་འབབ་སྒོར་དུང་ཕྱུར་ 13.6གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་སྒོར་དུང་ཕྱུར་34བཅས་ཟིན་ཡོད་པ་དང་ལྷག་པར་དུ་ནས་ཀྱི་སྦི་རག་དང་ཚགས་ཤ་སྐམ་པོ་སོགས་ཁྱད་ལྡན་ཐོན་རྫས་རིགས་ལ་ཁྲོམ་ར་ནས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། སྟོད་ལུང་བདེ་ཆེན་དང་ཆུ་ཤུར་གྱི་བཟོ་ལས་སྡེ་གླིང་ཁུལ་འཛུགས་སྐྲུན་མགྱོགས་མྱུར་བྱེད་བཞིན་ཡོད་པ་དང་། སྟག་རྩེའི་བཟོ་ལས་སྡེ་གླིང་ཁུལ་དུ་བཟའ་སྨན་འཐུང་གསུམ་གྱི་ཐོན་རྫས་དང་། མི་རིགས་ལག་ཤེས་བཟོ་ལས། ཞིང་འབྲོག་ལས་ཐོན་རྫས་བཟོ་སྣོན་ཆ་ཚང་། ནུས་ཁུངས་གསར་རིགས། འཛུགས་སྐྲུན་རྒྱུ་ཆ་འདྲེན་སྐྱེལ་སོགས་ཐོན་ལས་ཁོངས་ཁག་ཆེ་མོ་ལྔ་ཐོག་མར་ཆགས་ནས་སྔ་ཕྱི་བསྡོམས་བཟོ་ལས་ཀྱི་མ་འཇོག་སྒོར་དུང་ཕྱུར་11ལེགས་གྲུབ་བྱུང་བ་དང་། སྤྱིའི་ཐོན་བཟོའི་སྒོར་དུང་ཕྱུར་2.83ཟིན་ཡོད་པ་མ་ཟད། རྣམ་གྲངས་དང་གཞི་རྟེན་འཛུགས་སྐྲུན་སོགས་ཕྱོགས་བསྡུས་ནུས་པ་རྩ་བའི་ཆར་འཐུས་ཚང་དུ་བཏང་ཡོད།
—— ཡུལ་སྐོར་ལས་རིགས་ཀྱིས་ཞབས་ཞུ་ལས་རིགས་དང་འཛད་སྤྱོད་འཕར་སྣོན་ཤུགས་ཆེར་འགྲོ་རྒྱུར་སྐུལ་ཁྲིད་བྱས་ཡོད། ལྗོངས་ཡོངས་ཀྱི་ཞབས་ཞུའི་ལས་རིགས་འཕར་སྣོན་ཤུགས་ཆེ་འགྲོ་བའི་འཕེལ་ངོ་བཟང་པོ་ཞིག་ཐོན་ཡོད། སྔོན་དཔག་ལྟར་ན། ལོ་ཧྲིལ་པོར་ལྗོངས་ཡོངས་སུ་སྔ་ཕྱིར་བསྡོམས་རྒྱལ་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་850ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་22.1%འཕར་ཡོད་པ་དང་། ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་95ཟིན་ནས་དུས་མཚུངས་ལས་33%འཕར་བས་ལྗོངས་ཡོངས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་གི་བསྡུར་ཚད་15.7%ཟིན་ཡོད་པ་དེ་2010ལོ་ལས་བརྒྱ་ཆའི་གྲངས་གཞི་1.7མཐོ་རུ་ཕྱིན་ཡོད། སྤྱི་པའི་ཞབས་ཞུའི་འགྲོ་གྲོན་དང་ཞིང་འབྲེལ་ཡིད་རྟོན་དངུལ་བུན་གཏོང་རྒྱུར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཛད་སྤྱོད་འཕར་སྣོན་ཡོང་བར་སྐུལ་སྤེལ་ནུས་ལྡན་བཏང་ཡོད། སྔོན་དཔག་ལྟར་ན། ལོ་ཧྲིལ་པོར་ནོར་སྲིད་ཀྱི་འགྲོ་གྲོན་སྒོར་དུང་ཕྱུར་750ལེགས་གྲུབ་བྱུང་བ་དེ་དུས་མཚུངས་ལས་36.1%འཕར་ཡོད། 2011ལོའི་ལོ་མཇུག་བར་ལྗོངས་ཡོངས་ཀྱི་དངུལ་རྩ་ལས་ཁུངས་ལ་མི་དམངས་ཤོག་སྒོར་དང་ཕྱི་དངུལ་ཁག་བཅོལ་ལྷག་སྒོར་དུང་ཕྱུར་1710ཟིན་ཏེ་དུས་མཚུངས་ལས་31.87%འཕར་ཡོད་པ་དང་། ཡིད་རྟོན་དངུལ་བུན་ཁག་གི་ལྷག་གྲངས་སྒོར་དུང་ཕྱུར་390ཟིན་ནས་དུས་མཚུངས་ལས་29.22%འཕར་ཡོད་པ། ཞིང་འབྲེལ་ཡིད་རྟོན་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་81ཟིན་ཡོད་པ་དེ་ལོ་འགོ་ལས་སྒོར་དུང་ཕྱུར་20.05འཕར་ནས་འཕར་ཚད་33.9%ཟིན་ཡོད། ཁྱིམ་སྤྱོད་གློག་ཆས་དང་། མོ་ཊ། སྦག་སྦག ཁྱིམ་ཆས་བཅས་གཤམ་གཏོང་བྱེད་རྒྱུའི་སྲིད་ཇུས་དོན་འཁྱོལ་ནུས་ལྡན་བྱུང་ཡོད་པ་དང་། འཛད་སྤྱོད་ཆེ་རིགས་སྔར་བས་སྲ་བརྟན་བྱུང་ཡོད་པས་སྔོན་དཔག་ལྟར་ན། ལྗོངས་ཡོངས་ཀྱི་སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་བྱེད་འབོར་སྒོར་དུང་ཕྱུར་218ལེགས་གྲུབ་བྱུང་ནས་17.6%འཕར་ཡོད།
(ལྔ ) འབྱུང་ཁམས་ལེགས་སྐྱོང་དང་ཁོར་ཡུག་སྲུང་སྐྱོང་ཏན་ཏིག་བྱས་པ་དང་ནུས་རྒྱུ་གྲོན་ཆུང་དང་བཙོག་སྐྱོན་ཉུང་གཏོང་ནུས་ལྡན་བྱས་ཡོད།
—— འབྱུང་ཁམས་སྲུང་བཅད་སྲུང་སྐྱོབ་དང་ལེགས་སྐྱོང་འཆར་འགོད་ཀྱི་རྣམ་གྲངས་ལག་བསྟར་ཇེ་མགྱོགས་སུ་བཏང་ཡོད། བོད་ཀྱི་འབྱུང་ཁམས་སྲུང་བཅད་སྲུང་སྐྱོབ་དང་ལེགས་སྐྱོང་གི་ཆེད་དམིགས་མ་དངུལ་སྒོར་དུང་ཕྱུར་3ཙམ་དོན་འཁྱོལ་བྱུང་ནས་ཨ་བྲ་དང་། གནོད་འབུ། དུག་རྩྭ་བཅས་ཀྱི་གནོད་འཚེ་འགོག་བཅོས་བྱས་པ་མུའུ་ཁྲི་1196ཟིན་པ་དང་། བྱེ་སྐྱོན་འགོག་བཅོས་མུའུ་ཁྲི་33.33ཟིན་པ། ཤིང་འཛུགས་ནགས་གསོ་དང་རི་རྒྱ་བསྡམས་ནས་ནགས་གསོ་བྱེད་ཁྱོན་མུའུ་ཁྲི་70.06ལེགས་གྲུབ་བྱས་པ། མི་ཐབས་ཀྱིས་རྩྭ་མུའུ་ཁྲི་24.33འདེབས་པ་བཅས་བྱས་ཡོད། སྲུང་སྐྱོབ་ཁུལ་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱེད་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་ཅིང་། ནག་ཆུ་ལྷ་རི་རྫོང་གི་སྨི་ཏི་ཁ་དང་གཞིས་རྩེའི་གྲོང་འདབས་ཀྱི་འདམ་ར་སྲུང་སྐྱོབ་ལས་གྲྭ་སྤེལ་འགོ་ཚུགས་ཡོད་པ་དང་། བྱང་ཐང་གི་རྒྱལ་ཁབ་རིམ་པའི་སྲུང་སྐྱོབ་ཁུལ་གྱི་དུས་ཁག་གཉིས་པའི་ལས་གྲྭ་ཁྱོན་ཡོངས་ནས་ལས་མཇུག་སྒྲིལ་བ། ཇོ་མོ་གླང་མ་དང་། སྨར་ཁམས་ཡུན་ནན་གྱི་སྤྲེའུ་སྤུ་སེར། ཡར་ཀླུང་གཙང་པོའི་དཀྱིལ་རྒྱུད་རོང་ཁུལ་གྱི་ཁྲུང་ཁྲུང་སྐེ་ནག་སོགས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་ཁོངས་དང་ནུས་ཁུལ་མཚམས་དབྱེ་ལེགས་སྒྲིག་བྱེད་རྒྱུར་སྐུལ་འདེད་བཏང་བ། ཀོང་པོའི་རང་སྐྱོང་ལྗོངས་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་ཁོངས་དང་ནུས་ཁུལ་མཚམས་དབྱེ་ལེགས་སྒྲིག་བྱས་པ། རྒྱལ་ཁབ་ཀྱི་གཙོ་གནད་སྤྱི་ཕན་ནགས་གླིང་སྤྱི་ཆིང་ཁྲི་1011བདག་སྐྱོང་གཙོ་བོར་བྱས་ནས་ཞིང་འབྲོག་མང་ཚོགས་ལ་ཐད་ཀར་ཡོང་འབབ་སྒོར་དུང་ཕྱུར་4.55འཕར་སྣོན་བྱུང་ཡོད། རྩྭ་ཐང་འབྱུང་ཁམས་སྲུང་སྐྱོབ་ཀྱི་ཁ་གསབ་རོགས་དངུལ་དང་བྱ་དགའ་སྤྲོད་ལམ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་ཁ་གསབ་རོགས་དངུལ་དང་བྱ་དགའི་མ་དངུལ་སྒོར་དུང་ཕྱུར་20.36དོན་འཁྱོལ་བྱས་ཡོད།
——ནུས་རྒྱུ་གྲོན་ཆུང་དང་བཙོག་སྐྱོན་ཉུང་གཏོང་བྱེད་རྒྱུ་དམ་འཛིན་ཤུགས་ཆེ་བྱས་ཡོད། “ལོ་ལྔ་ཚན་བཅུ་གཅིག་པའི ”རིང་གི་ཁོར་ཡུག་སྲུང་སྐྱོང་བྱེད་ཕྱོགས་ཀྱི་འཆར་འགོད་ལ་མཐའ་མཇུག་དཔྱད་བསྡུར་བྱས་ནས་རིམ་པ་ལེགས་གྲས་སུ་གཏན་འཁེལ་བྱུང་ཡོད་པ་དང་། “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་ནུས་རྒྱུ་གྲོན་ཆུང་གི་དམིགས་ཚད་ཚོད་རྩིས་དང་བཙོག་དངོས་གཙོ་གྲས་ཀྱི་སྤྱི་འབོར་ཚོད་འཛིན་བྱེད་པའི་དམིགས་ཚད་ཞིབ་དཔྱད་གཏན་འཁེལ་བྱེད་རྒྱུ་ལེགས་གྲུབ་བྱུང་ཡོད། 《བོད་རང་སྐྱོང་ལྗོངས་ཀྱི་ནུས་རྒྱུ་གྲོན་ཆུང་བྱེད་པའི་དམིགས་ཚད་འགན་འཁྲིར་དཔྱད་གདེང་དཔྱད་ཞིབ་བྱེད་རྒྱུའི་གནས་སྐབས་ལག་བསྟར་བྱ་ཐབས 》དང་། 《བོད་རང་སྐྱོང་ལྗོངས་ཀྱི་སྤྱི་པའི་ལས་ཁུངས་ཀྱི་ནུས་རྒྱུ་གྲོན་ཆུང་བྱ་ཐབས 》བཟོ་འགོད་པར་འགྲེམས་བྱས་པ་དང་། 《བོད་རང་སྐྱོང་ལྗོངས་ཀྱི “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་ནུས་རྒྱུ་གྲོན་ཆུང་དང་བཙོག་སྐྱོན་ཉུང་གཏོང་གི་ཕྱོགས་བསྡུས་རང་བཞིན་གྱི་ལས་དོན་སྤེལ་རྒྱུའི་ལག་བསྟར་ཇུས་གཞི 》འཆར་ཟིན་བཀོད་ཡོད། “གཉིས་མཐོའི ”རྣམ་གྲངས་ལ་ཞིབ་མཆན་འགོད་རྒྱུར་ཚད་བཀག་བཟོས་ཡོད་ཅིང་། སྔ་ཕྱིར་བསྡོམས་ནུས་རྒྱུ་གྲོན་ཆུང་གི་གློག་སྒྲོན་ཐོན་རྫས་ཁྲི་304ཁྱབ་གདལ་བཏང་བ་དང་། སྦག་བཙོག་མེད་པའི་ཐོན་སྐྱེད་དཔེ་སྟོན་རྣམ་གྲངས་ཀྱི་ཁ་གསབ་རོགས་དངུལ (བྱ་དགའ )སྒོར་ཁྲི་1770དོན་འཁྱོལ་བྱས་ཡོད། ཨར་སྐྲུན་རྒྱུ་ཆ་སོགས་ནུས་རྒྱུ་ཟད་གྲོན་ཆེ་བའི་ལས་རིགས་གཙོ་གྲས་ཀྱི་རྗེས་ལུས་ཡིན་པའི་ཐོན་སྐྱེད་ནུས་ཁུངས་མེད་པ་བཟོ་ཤུགས་ཆེ་རུ་བཏང་བ་དང་ཚ་ནུས་ལྷག་མས་གློག་འདོན་སོགས་ཀྱི་ལག་རྩལ་གསར་པ་ཁྱབ་གདལ་དང་བེད་སྤྱོད་བྱེད་རྒྱུ་ཇེ་མགྱོགས་སུ་བཏང་ཡོད། སྔ་ཕྱིར་བསྡོམས་རྒྱལ་ཁབ་ཀྱི་མ་འཇོག་སྒོར་དུང་ཕྱུར་5.6དོན་འཁྱོལ་བྱུང་ནས་“རྫབ་རྫིང་གཅིག་དང་། བཟོ་བཅོས་གསུམ། སྔོ་ཚལ་དྲོད་ཁང་གཅིག ”བཅས་ཀྱི་རྫབ་རླངས་ཁྲི་18.5ལེ་ལག་ཚང་སྒྲིག་བཟོ་རྒྱུའི་ཐོག་སྤྱད་པ་དང་། གཙོ་གནད་གྲོང་ཁྱེར་དུ་བོགས་གཏོང་མོ་ཊའི “རྡོ་སྣུམ་སོལ་རླངས་ལ་སྒྱུར་བའི ”ལག་རྩལ་སྒྱུར་བཀོད་བྱེད་རྒྱུ་ཁྱབ་གདལ་བཏང་སྟེ་ནུས་རྒྱུ་གྲོན་ཆུང་དང་ཁོར་ཡུག་ལ་བཙོག་སྐྱོན་ཉུང་དུ་འགྲོ་བ་བྱས་ཡོད། རྫས་འགྱུར་ལ་དབྱང་རླུངས་མཁོ་ཚད་དང་། ཨན་ཏན། དབྱང་གཉིས་མུ་ཟིའི་སྦྱར་བྱུང་། ཏན་དབྱང་སྦྱར་བྱུང་བཅས་དངོས་རྒྱུ་གློད་ཚད་དེ་ལོ་གོང་མའི་དུས་མཚུངས་དང་རྩ་བའི་ཆར་འདྲ་མཚུངས་བྱུང་ཡོད། སྔོན་དཔག་ལྟར་ན། ལོ་འཁོར་མོར་ས་གནས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་ནང་ནུས་རྒྱུའི་ཟད་གྲོན་དེ་བརྒྱ་ཆའི་གྲངས་གཞི་2མར་ཆག་ཡོད།
—— ནུས་རྒྱུ་གྲོན་ཆུང་དང་ཁོར་ཡུག་ལ་གནོད་གཞི་ཇི་ཡོང་དཔྱད་བཤེར་ནན་པོ་བྱས་ཡོད། 《བོད་རང་སྐྱོང་ལྗོངས་ཀྱི་གཏན་འཇགས་རྒྱུ་ནོར་གྱི་ནུས་རྒྱུ་གྲོན་ཆུང་བྱེད་རྒྱུར་ཚོད་སྐོར་ཞིབ་བཤེར་བྱེད་རྒྱུའི་གནས་སྐབས་ལག་བསྟར་བྱ་ཐབས 》བཟོས་ནས་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་འཆར་འགོད་རྣམ་གྲངས་འཛུགས་ཡུལ་འདེམས་རྒྱུ་དང་། ཁོར་ཡུག་ལ་ཤུགས་རྐྱེན་ཇི་ཡོང་ཚོད་སྐོར་བྱེད་རྒྱུ། ས་ཆ་བེད་སྤྱོད་གཏོང་རྒྱུར་སྔོན་བཤེར་བྱེད་རྒྱུ། ནུས་རྒྱུ་གྲོན་ཆུང་ཐད་ཚོད་སྐོར་བྱེད་རྒྱུ་སོགས་སྔོན་འགྲོའི་ཆ་རྐྱེན་ལ་ཞིབ་བཤེར་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་ནུས་རྒྱུ་གྲོན་ཆུང་བྱེད་རྒྱུར་ཚོད་སྐོར་བྱས་ཚུལ་དང་དེའི་ཞིབ་བཤེར་སྙན་དཔོད་བསམ་འཆར་དེ་དག་རྣམ་གྲངས་ལ་ཞིབ་བཤེར་མཆན་འགོད་དང་། ཞིབ་དཔྱད་ཆོག་མཆན། སྙན་དཔོད་ཞུ་བའམ་ཡང་ན་ལས་འགོ་འཛུགས་པ་བཅས་ཀྱི་སྔོན་འགྲོའི་ཆ་རྐྱེན་དང་དེ་བཞིན་རྣམ་གྲངས་འཆར་འགོད་དང་། ཨར་སྐྲུན། ལས་མཇུག་འགྲིལ་ནས་རྩིས་ལེན་བྱེད་པ་བཅས་ཀྱི་གལ་ཆེའི་གཞི་འཛིན་སར་བརྩིས་ནས “གཉིས་མཐོ ”དང་ཐོན་ནུས་ཚད་བརྒལ་ལས་རིགས་ཀྱི་རྣམ་གྲངས་གསར་པའི་རིགས་ཚོད་འཛིན་ནན་པོ་བྱས་ཡོད། མིག་སྔའི་བར་ནུས་རྒྱུ་གྲོན་ཆུང་བྱེད་རྒྱུར་ཚོད་སྐོར་དང་ཞིབ་བཤེར་བྱེད་འབོར་བསྡོམས་298གཉེར་སྒྲུབ་ཟིན་པ་དང་། ནུས་རྒྱུ་ཟད་ཚད་ཀྲོན་ཁྲི་6.9ཟིན་པའི་ཚད་ལྡན་རྡོ་སོལ་ལ་ཞིབ་བཤེར་བྱས་པར་བརྟེན་གསར་སྤེལ་འཛུགས་སྐྲུན་བྱེད་སྒོས་ཁོར་ཡུག་ལ་གནོད་སྐྱོན་བཟོ་རིགས་དང་སྦགས་བཙོག་དངོས་རིགས་གསར་གློད་བྱེད་པར་ཚོད་འཛིན་ནུས་ལྡན་བྱས་ཡོད།
(དྲུག )བསྒྱུར་བཅོས་སྒོ་དབྱེའི་གོམ་སྟབས་མགྱོགས་སུ་བཏང་ནས་གོང་འཕེལ་གཏོང་བའི་ཁོར་ཡུག་དེ་བས་ལེགས་སུ་བཏང་ཡོད།
—— མུ་མཐུད་ནས་བསྒྱུར་བཅོས་གཏིང་ཟབ་བྱས་ཡོད། ཤང་གྲོང་ལས་ཁུངས་དང་། གྲོང་གསེབ་ཀྱི་འགན་འབབ་སློབ་གསོ། རྫོང་དང་ཤང་གི་ནོར་སྲིད་ལམ་སྲོལ། གྲོང་གསེབ་ཀྱི་སྤྱི་པའི་ཞབས་ཞུའི་མ་ལག་སོགས་ཕྱོགས་བསྡུས་བསྒྱུར་བཅོས་ལ་སྐུལ་སྤེལ་ཏན་ཏིག་བཏང་ནས་རྫོང་དང་ཤང་ནོར་སྲིད་ཀྱི་མ་དངུལ་སྒྱུར་སྤྲོད་བྱེད་ཤུགས་ཆེ་རུ་བཏང་བ་དང་། གྲོང་གསེབ་ཀྱི་འགན་འབབ་སློབ་གསོ་ཕྱོགས་ཡོངས་ནས་སྤྱི་པའི་ནོར་སྲིད་འགན་སྲུང་བྱེད་ཁོངས་ནང་བཅུག་ཡོད་པ། གྲོང་ཚོའི་ལས་བྱེད་པའི་རྩ་བའི་ཐོབ་ཆ་དང་ལས་རྗེས་ལ་དཔྱད་ཞིབ་བྱེད་པའི་བྱ་དགའ་སྤྲོད་ལམ་བཙུགས་ཡོད། ཕྱོགས་ཡོངས་ནས་མཉམ་སྡེབ་ཀྱི་ནགས་ཚལ་བདག་དབང་ལམ་ལུགས་བསྒྱུར་བཅོས་བྱས་པ་དང་། རྩྭ་ཐང་འབྱུང་ཁམས་སྐྱོང་གསབ་ལམ་སྲོལ་དོན་འཁྱོལ་བྱས་ཡོད། སྨན་བཅོས་འཕྲོད་བསྟེན་ལམ་སྲོལ་བསྒྱུར་བཅོས་ཇེ་མགྱོགས་སུ་བཏང་ནས་རིན་མེད་སྨན་བཅོས་རྨང་གཞིར་བྱེད་པ་དང་། སྲིད་གཞུང་གི་མ་འཇོག་གཙོ་བོར་བཟུང་ནས་ཁྱིམ་ཚང་གི་རྩིས་ཁྲ་དང་། ནད་གཞི་ཆེ་རིགས་གཅིག་གྱུར་འཆར་འགོད་བྱེད་པ། སྨན་བཅོས་རོགས་སྐྱོབ་བྱེད་པ་བཅས་ཕན་ཚུན་ཟུང་འབྲེལ་བྱེད་པའི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ཕྱོགས་ཡོངས་ནས་འཛུགས་པ་དང་འཐུས་ཚང་དུ་ཟམ་མི་ཆད་པ་བཏང་བས་སྨན་བཅོས་རོགས་སྐྱོབ་བྱེད་རྒྱུ་དེ་རྒྱལ་ཡོངས་ཀྱི་སྔོན་དུ་གྲོང་ཁྱེར་གྲོང་གསེབ་གཞི་གཅིག་ཅན་དུ་གྱུར་ཐུབ་པ་དང་སྤྱི་ཚོགས་ཡོངས་ལ་ཁྱབ་ཐུབ་པ་བྱུང་ཡོད་པ་དང་། སྲིད་གཞུང་གིས་གཉེར་བའི་ལྗོངས་ཡོངས་ཀྱི་གཞི་རིམ་སྨན་བཅོས་ལས་ཁུངས་ཚང་མར་སྨན་རྫས་དང་མ་གནས་དབར་བར་ཁེ་མེད་པ་བྱུང་ནས་ནད་གཞི་ཆེ་རིགས་ལ་སྨན་ཡོན་ཁ་གསབ་སྤྲོད་རྒྱུའི་འགན་བཅོལ་ལམ་ལུགས་བཙུགས་ཡོད། རྒྱལ་ཁབ་ཀྱི་སྨན་བཅོས་བསྒྱུར་བཅོས་གཞུང་ལས་ཁང་གིས་རང་ལྗོངས་ཀྱི་སྨན་བཅོས་བསྒྱུར་བཅོས་ལས་ཀར་གདེང་འཇོག་མཐོ་པོ་གནང་བ་མ་ཟད། བོད་ཀྱིས་རང་སོ་སོའི་གནས་ཚུལ་ལ་གཞིགས་ཏེ་དམིགས་བསལ་སྲིད་ཇུས་དང་བྱ་ཐབས་བཟོ་རྒྱུར་རྒྱབ་སྐྱོར་གནང་ཡོད། ལྗོངས་ཡོངས་ཀྱི་རྫོང་ཁག་ཚང་མར་སྲིད་ཇུས་རང་བཞིན་གྱི་ཞིང་འབྲེལ་འགན་བཅོལ་ཁྱབ་སྤེལ་བཏང་ནས་ལྗོངས་ཡོངས་ཀྱི་ཞིང་འབྲོག་མང་ཚོགས་ཚང་མར་ཕན་པ་ཐོབ་ཡོད། རྣམ་གྲངས་གཙང་སེལ་ལ་སྲིད་འཛིན་གྱིས་ཞིབ་མཆན་འགོད་པའི་ལས་དོན་ཧུར་ཐག་སྤེལ་ནས་མ་འཇོག་གི་ཞིབ་མཆན་འགོད་དབང་གཤམ་སྤྲོད་བྱས་ཡོད། རྒྱལ་ལམ་བདག་སྐྱོང་ལམ་སྲོལ་བསྒྱུར་བཅོས་བྱེད་རྒྱུ་དེ་གོ་རིམ་ལྡན་པའི་ངང་སྤེལ་ཡོད། གཞུང་ཁོངས་ཁེ་ལས་བསྒྱུར་བཅོས་གཏིང་ཟབ་ཏུ་བྱས་ཏེ་བོད་ལྗོངས་ཀྲུང་ཤིང་ཚོང་དོན་ཚོགས་ཚོ་འགན་འཁྲི་ཚད་ཡོད་ཀུང་སིའི་སྒོ་བན་དངོས་སུ་བཀལ་ཡོད་པ་དང་། བོད་ལྗོངས་དངུལ་ཁང་དང་བོད་ལྗོངས་མཁའ་འགྲུལ་ཀུང་སི་དངོས་སུ་བཙུགས་ཡོད། ཁྲོམ་འགྲེམས་བྱས་པའི་བོད་ལྗོངས་གཏེར་ལས་དང་བོད་ལྗོངས་ཡུལ་སྐོར་ཀུང་སི་གཉིས་ཁྲོམ་རའི་ཐོག་སླར་ཡང་མ་དངུལ་བསྡུ་གཏོང་ཐུབ་ཡོད། བོད་ལྗོངས་5100ཆུའི་ཐོན་ཁུངས་ཀྱི་མ་རྐང་སྟངས་འཛིན་ཚད་ཡོད་ཀུང་སིས་ཤང་ཀང་དུ་སྒོ་བན་བཀལ་ནས་ཁྲོམ་རར་ཞུགས་ཐོག་ཧྥུའུ་པང་དངུལ་རྩ་སྟངས་འཛིན་དང་། མཱ་ཏིང་ཐེབས་རྩ། མའོ་ཐའེ་ཨ་རག་མ་རྐང་སོགས་རྒྱལ་ཕྱི་རྒྱལ་ནང་གི་རྐང་བདག་ཆེ་མོ་གྲུབ་འབྲས་ཐོབ་པའི་ངང་ནང་འདྲེན་ཐུབ་པ་དེས་བོད་ཀྱི་ཁེ་ལས་ཐེངས་དང་པོ་རྒྱལ་སྤྱིའི་མ་རྩའི་ཁྲོམ་རའི་ཐོག་བསྐྱོད་ཐུབ་པ་མཚོན་ཡོད།
—— སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གོང་འཕེལ་ཤུགས་ཆེ་བཏང་ཡོད། སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གྱི་ཚོགས་ཆེན་སྐོང་ཚོགས་བྱས་ནས “ཐེམ་པ་དམའ་བ་དང་། མ་མེད་དེབ་སྐྱེལ། ཁྲལ་ཡང་བ། སྐྱོར་ཤུགས་ཆེ་བ། ཞིབ་བཤེར་ཉུང་བ། སྐུལ་སྤེལ་ལ་མཐོང་ཆེན ”བཅས་ཀྱི་སྲིད་ཇུས་དུས་ཐོག་ཏུ་དོན་འཁྱོལ་བྱས་པས་ལྗོངས་ཡོངས་ཀྱི་སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་ཁེ་ལས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་གཏོང་རྒྱུའི་སེམས་ཤུགས་ལྡབ་ཏུ་འཕར་བ་དང་། ཁྲོམ་རའི་གཙོ་རྐང་མྱུར་དུ་གོང་འཕེལ་ཡོང་བར་སྣེ་ཁྲིད་བྱས་ཡོད། 2011ལོའི་ཟླ་11པའི་ཟླ་མཇུག་བར་ལྗོངས་ཡོངས་ཀྱི་ཁྲོམ་རའི་གཙོ་རྐང་ཐེམ་དུད་ཁྲི་11.7འཕེལ་རྒྱས་བྱུང་ཡོད་པ་དང་ཐོ་འགོད་མ་རྩ་སྒོར་དུང་ཕྱུར་681.77ཟིན་ནས་དུས་མཚུངས་ལས་ཁག་སོ་སོར་8.48%དང་20.52%འཕར་ཡོད། དེའི་ནང་སྒེར་གཉེར་ཁེ་ལས་ཐེམ་དུད་8548ཡོད་པ་དང་ཐོ་འགོད་མ་རྩ་སྒོར་དུང་ཕྱུར་254.28ཟིན་ཏེ་དུས་མཚུངས་ལས་ཁག་སོ་སོར་17.57%དང་24.14འཕར་ཡོད། ཁེར་རྐྱང་བཟོ་ཚོང་ཐེམ་དུད་ཁྲི་10.2ཡོད་པ་དང་ཐོ་འགོད་མ་རྩ་སྒོར་དུང་ཕྱུར་35.46ཟིན་ནས་དུས་མཚུངས་ལས་ཁག་སོ་སོར་8.08%དང་17.69%འཕར་ཡོད། ལྗོངས་ཡོངས་སུ་རྟགས་ལེགས་ཚོང་རྟགས་གཏོད་པའི་འཐབ་ཇུས་ལ་མགྱོགས་མྱུར་སྐུལ་སྤེལ་བཏང་བས་ཐོ་བཀོད་ཚོང་རྟགས་བསྡོམས་2657ཟིན་ཡོད་པ་དང་དེའི་ནང་ཀྲུང་གོའི་གྲགས་ཅན་ཚོང་རྟགས་8ཡོད་པ་དང་། རང་སྐྱོང་ལྗོངས་ཀྱི་གྲགས་ཅན་ཚོང་རྟགས་53ཡོད།
—— མཉམ་ལས་དང་སྒོ་མོ་དབྱེ་རྒྱ་ཆེ་རུ་ཧུར་ཐག་བཏང་ཡོད། ག་སྦྱར་བོད་སྐྱོར་ལས་དོན་གང་མགྱོགས་དོན་འཁྱོལ་བྱས་ཤིང་། ག་སྦྱར་བོད་སྐྱོར་ཞིང་ཆེན (གྲོང་ཁྱེར )17གྱི “ལོ་ལྔ་ཚན་བཅུ་གཉིས་པའི ”ག་སྦྱར་བོད་སྐྱོར་གྱི་ཆེད་དོན་འཆར་འགོད་དང་ས་གནས (གྲོང་ཁྱེར )7གྱི་ག་སྦྱར་བོད་སྐྱོར་གྱི་སྤྱིའི་འཆར་འགོད་བཟོ་འགོད་ལས་དོན་ལེགས་གྲུབ་བྱུང་ཡོད་པ་དང་ཀྲུང་དབྱང་གི་ཁེ་ལས་ཁག་17གྱི་ག་སྦྱར་བོད་སྐྱོར་འཆར་འགོད་བཟོ་འགོད་བྱས་ཡོད། ལོ་ཧྲིལ་པོར་བོད་སྐྱོར་རྣམ་གྲངས་སྔ་ཕྱི་བསྡོམས་362དང་བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་24.66དོན་འཁྱོན་བྱས་ཡོད། ཚོང་དང་མ་རྩ་འདྲེན་འགུགས་ལས་དོན་ལ་སྔར་བས་ཤུགས་སྣོན་བརྒྱབ་ཅིང་། ཟླ་11པའི་ཟླ་མཇུག་བར་ཚོང་དང་མ་རྩ་འདྲེན་འགུགས་ཀྱི་རྣམ་གྲངས་ཁག་351དོན་འཁྱོལ་བྱས་པར་གྲོས་མཐུན་མ་དངུལ་སྒོར་དུང་ཕྱུར་369.8ཟིན་པ་དང་ལག་སྦྱོར་མ་དངུལ་སྒོར་དུང་ཕྱུར་78.1ཟིན་ཡོད། ཕྱི་དངུལ་རྣམ་གྲངས་ཁག་3ནང་འདྲེན་བྱས་པར་ལག་སྦྱོར་ཨ་སྒོར་ཁྲི་6470ཟིན་ཡོད། ཕྱི་ཕྱོགས་ཚོང་ལས་གོང་འཕེལ་མྱུར་པོ་བྱུང་ཞིང་། གཏེར་ཆུ་དང་། སྦི་རག ནས་ཆང་། བོད་རུམ་སོགས་ཕྱིར་གཏོང་ཐུབ་པའི་རྣམ་པ་བཟང་པོ་ཞིག་ཐོན་པ་དང་། གྲོ་མོའི་རིན་ཆེན་སྒང་མཐའ་མཚམས་ཁྲོམ་ར་བརྟན་པོའི་ངང་འཕེལ་རྒྱས་བྱུང་ཡོད་པས་ཕྱི་ཕྱོགས་དབར་དཔལ་འབྱོར་མཉམ་ལས་བྱེད་པའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་སོང་ཡོད།
(བདུན ) འཆར་འགོད་ཁྲིད་སྟོན་དང་འཁོར་རྒྱུག་ལེགས་སྒྲིག་ནུས་ལྡན་བྱས་སྟབས་གཞི་ཆེའི་སྟངས་འཛིན་གྱི་ཆུ་ཚད་སྔར་བས་མཐོ་རུ་སོང་ཡོད།
—— འཆར་འགོད་འབྲེལ་མཐུད་དང་ཁྲིད་སྟོན་བྱེད་རྒྱུར་དོ་སྣང་བྱས་ཡོད། ང་ཚོས་ཚན་རིག་དང་མཐུན་པའི་ངང་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུར་ཁྲིད་སྟོན་ཏན་ཏིག་བྱེད་ཕྱིར་རང་སྐྱོང་ལྗོངས་ཀྱི་ལས་རིགས་ཁག་དང་སྡེ་ཚན་ཁག་གིས་ཆེད་དོན་འཆར་འགོད་བཟོ་འགོད་ཧུར་ཐག་བྱས་པ་དང་རང་ལྗོངས་ཀྱི “ལོ་ལྔ་ཚན་བཅུ་གཉིས་པའི ”རྣམ་གྲངས་འཆར་འགོད་ཀྱི་ཇུས་གཞི་དོན་འཁྱོལ་བྱེད་རྒྱུ་དང་ཟུང་འབྲེལ་བྱས་ནས་ཚན་རིག་དང་མཐུན་པའི་ངང་གོང་འཕེལ་གྱི་བསམ་གཞི་བཏོན་པ་དང་། གོང་འཕེལ་ལ་འདེགས་སྐྱོར་བྱེད་པའི་རྣམ་གྲངས་ཆེ་རིགས་བཀོད་སྒྲིག་ལུགས་མཐུན་བྱས་ཡོད། མིག་སྔར་རང་སྐྱོང་ལྗོངས་ཀྱི་སྡེ་ཚན་ཁག་གིས་བཟོ་འདོན་བྱས་པའི་ཆེད་དོན་འཆར་འགོད་ཁག་70སྤེལ་བཞིན་པའི་སྒང་ཡིན་པ་དང་། སང་ལོ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་རྒྱུ་རེད།
—— དཔལ་འབྱོར་འཁོར་རྒྱུགས་ལེགས་སྒྲིག་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ཡོད། ང་ཚོས་དཔལ་འབྱོར་འཁོར་རྒྱུགས་ལ་དབྱེ་ཞིབ་བྱེད་པའི་མཉམ་ཞུགས་ཚོགས་འདུའི་ལམ་ལུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་དཔལ་འབྱོར་འཁོར་རྒྱུགས་ཁྲོད་དུ་ཐོན་པའི་དཀའ་ངལ་དང་གནད་དོན་རིགས་ལ་ཕྱི་རོལ་ཡུལ་དང་མཐུན་པའི་གསལ་ཞུ་བྱས་པ་དང་། ལྷག་པར་དུ “ལོ་ལྔ་ཚན་བཅུ་གཉིས་པ ”འགོ་ཡག་པོ་འཛུགས་རྒྱུ་འགན་ལེན་བྱེད་ཆེད་ནོར་སྲིད་ཀྱི་གཏོང་སྒོའི་མྱུར་ཚད་དང་། དངུལ་ཁང་གི་ཡིད་རྟོན་དངུལ་བུན་དོ་དམ། མ་འཇོག་རྣམ་གྲངས་རག་ཐབས། ཟོག་གོང་བརྟན་འཇགས་ཡོང་བ་སོགས་བྱེད་རྒྱུའི་གཞི་ཆེའི་བཏང་འཛིན་བྱེད་ཡུལ་ཐད་དམིགས་བཀར་རང་བཞིན་གྱི་བཏང་འཛིན་བྱེད་ཕྱོགས་ཀྱི་གྲོས་འཆར་བཏོན་ནས་དཔལ་འབྱོར་བརྟན་ཞིང་ཅུང་མྱུར་པོའི་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད།
—— ཟོག་གོང་བརྟན་འཇགས་ཡོང་བའི་ལས་དོན་དམ་འཛིན་ཡག་པོ་བྱས་ཡོད། ཟོག་གོང་བརྟན་འཇགས་ཡོང་བའི་སྤྱིའི་ཆུ་ཚད་དེ་གཞི་ཆེའི་བཏང་འཛིན་གྱི་ལས་འགན་ཨང་དང་པོར་བརྩིས་ནས་ཁྲོམ་རའི་ཟོག་གོང་ལ་བཏང་འཛིན་བྱེད་པའི་མཉམ་ཞུགས་ཚོགས་འདུའི་ལམ་ལུགས་དང་། སྤྱི་ཚོགས་ཀྱི་རོགས་སྐྱོབ། འགན་སྲུང་གི་ཚད་གཞི་བཅས་དང་ཟོག་གོང་འཕར་བའི་དབར་འབྲེལ་མཐུད་མཉམ་འགུལ་བྱེད་པའི་ལམ་སྲོལ་གསར་འཛུགས་བྱས་ཏེ་ཁ་གསབ་དོན་འཁྱོལ་ཐུབ་པ་བྱས་ཡོད། གློག་རིན་དང་། རིག་དངོས་གནས་ལྗོངས་ཁུལ་གྱི་སྒོ་འཛིན་གྱི་གོང་ཚད། སྨན་བཅོས་ཞབས་ཞུའི་རིན་བསྡུ་བཅས་གོང་ཚད་སྙོམས་སྒྲིག་རྣམ་གྲངས་བཟོ་འདོན་བྱེད་རྒྱུ་གནས་སྐབས་ཕྱིར་འགྱངས་བྱས་པ་དང་། ཁྲོམ་རར་ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་ཞིང་། ཟོག་གོང་ཐད་ཀྱི་ཁྲིམས་འགལ་གྱོད་གཞི་འདྲ་མིན་ཁག་55རྩད་བཤེར་ཐག་གཅོད་བྱས་ཏེ་གྱོད་གཞི་གཉེར་སྒྲུབ་མཐའ་སྡོམ་བྱེད་ཚད་100%ཟིན་པས་ནུས་ཤུགས་ཡོད་རྒུས་ཟོག་གོང་བརྟན་འཇགས་ཐུབ་པ་བྱས་ཡོད།
—— དངོས་ཟོག་གྲབས་གསོག་དང་མཁོ་འདོན་བྱེད་རྒྱུ་དོན་འཁྱོལ་བྱས་ཡོད། “འབྲུ་རིགས ”ལ་ཀྲུའུ་ཞིས་འགན་འཁུར་བའི་ལམ་ལུགས་དང་། “ཤ་མར་ཚལ་གསུམ ”ལ་གྲོང་སྤྱིས (ཀྲོན་ཡོན )འགན་འཁུར་བའི་ལམ་ལུགས་དོན་འཁྱོལ་ཧུར་ཐག་བྱས་ནས་སྒོ་རྩིས་ཚོང་ཁང་གིས་ཞིང་ཞོར་ཐོན་རྫས་ཐད་ཀར་ཉོ་སྒྲུབ་བྱེད་རྒྱུར་སྐུལ་ལྕག་བཏང་བ་དང་། “ཞིང་ཁྲོམ་ཐད་འབྲེལ ”བྱེད་རྒྱུར་སྐུལ་སྤེལ་གང་མགྱོགས་བཏང་ནས་ལྗོངས་ཡོངས་ཀྱི་ཚོང་ཟོག་གཙོ་གྲས་དང་། ཕོན་ཆེའི་ཞིང་ལས་ཐོན་རྫས། ཡུལ་མིའི་འཚོ་བའི་མཁོ་རྫས་བཅས་བཀོད་གཏོང་བྱེད་ཤུགས་ཆེ་རུ་བཏང་ཡོད། ནས་ཉོ་སྒྲུབ་ཀྱི་གོང་ཚད་དམའ་ཤོས་དེ་སྔར་བས་མཐོ་རུ་བཏང་བས་ཡུལ་མིའི་འཚོ་བའི་མཁོ་རྫས་རིགས་གྲབས་གསོག་བྱེད་འབོར་མང་དུ་ཕྱིན་ཡོད། ཟླ་9པའི་ཟླ་མཇུག་བར་རྒྱལ་ཁབ་ཀྱིས་འཚོང་རྒྱུར་ཁ་ཕྱོགས་གཏན་འཁེལ་བྱས་པའི་གྲོ་སྤྱི་རྒྱ་ཁྲི་940ཉོ་སྒྲུབ་ནང་འཇུག་བྱས་པ་དང་། གྲོ་ཞིབ་སྤྱི་རྒྱ་ཁྲི་1688(ཁེ་ལས་རང་ཉིད་ཀྱིས་གྲོ་ཉོས་ནས་གྲོ་ཞིབ་བཟོ་སྣོན་བྱས་པ་ཚུད )བཟོ་སྣོན་བྱས་པ་མ་ཟད། དུས་ཐོག་ཏུ་ཁྲོམ་རའི་ཐོག་བཏང་བས་ཁྲོམ་རར་མཁོ་སྤྲོད་ཐུབ་པ་བྱུང་ཡོད།
(བརྒྱད ) རྨང་རྩ་གཉིས་བརྟན་ཡོང་རྒྱུར་དམ་འཛིན་ཤུགས་ཆེ་བྱས་ཏེ་མཆོང་སྐྱོད་ལྟ་བུའི་གོང་འཕེལ་ཡོང་རྒྱུར་ཁོར་ཡུག་བཟང་པོ་ཞིག་ཏན་ཏིག་བཏོད་ཡོད།
—— གཞི་རིམ་འཛུགས་སྐྱོང་ལོ་དང་རྨང་བརྟན་དམངས་ཕན་བྱེད་སྒོ་ཏན་ཏིག་སྤེལ་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་གཞི་རིམ་འཛུགས་སྐྱོང་ལོའི་བྱེད་སྒོ་དོན་འཁྱོལ་ཡག་པོ་བྱེད་པའི་རྨང་གཞིའི་ཐོག་སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་ནས་དུས་ཐོག་ཏུ་ཕུལ་བྱུང་འཇོན་ཐང་ཆེ་བའི་ལས་བྱེད་པ་ཁྲི་2ལྷག་ཙམ་སྐོང་འཐེན་གྱིས་ལས་དོན་རུ་ཁག་བཙུགས་ཏེ་ལྗོངས་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ (གྲོང་མི་ཨུ་ལྷན )5451ལ་བཅའ་སྡོད་བྱེད་རྒྱུའི་མངག་གཏོང་བྱས་ཏེ་ལས་དོན་སྤེལ་རོགས་བྱས་ཡོད། ད་བར་མ་དངུལ་བསྡོམས་སྒོར་དུང་ཕྱུར་5.5དོན་འཁྱོལ་བྱས་ནས་གཞི་རིམ་ནང་གི་གཞི་རིམ་ཡིན་པ་དང་། དགོས་གལ་ཆེ་ཤོས་ཡིན་པ། ཁ་ཚ་དགོས་གཏུག་ཡིན་པ་བཅས་ཀྱི་གནད་དོན་ཐག་གཅོད་ཤུགས་ཆེ་བྱས་པས་གཞི་རིམ་གྱི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་སོང་ཡོད།
—— དགོན་སྡེའི་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱས་ཡོད། དགོན་སྡེ་ཞི་མཐུན་བརྟན་ལྷིང་ཡོང་བའི་ནུས་པ་རྒྱུན་ཐོན་ལམ་སྲོལ་གསར་འཛུགས་དང་འཐུས་ཚང་དུ་གཏོང་རྒྱུ་དེ “གྲོང་ཚོ་ཀུན་ཁྱབ ”ལས་གཞི་དང་ཟུང་འབྲེལ་བྱས་ཏེ་དགོན་སྡེར་ཆུ་དང་། གློག ལམ། འཕྲིན་གཏོང་། རླུང་འཕྲིན་བཪྙན་འཕྲིན་སོགས་ཤར་གཏོང་ཐུབ་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ནས་ཞབས་ཞུའི་དྲ་རྒྱ་འཐུས་སྒོ་ཚང་པོ་བཟོས་ཡོད། དགོན་སྡེའི་སྤྱི་ཚོགས་འགན་སྲུང་གི་ལས་དོན་གང་མགྱོགས་སྤེལ་ཏེ་གནས་སྐབས་ཀྱི་ལག་བསྟར་བྱ་ཐབས་བཟོས་པ་དང་། སྤྱི་ཚོགས་འགན་སྲུང་གི་སྲིད་ཇུས་དོན་འཁྱོལ་བྱས་ནས་ཧྲིལ་ལོ་18ལོན་ཕྱིན་ཐེམ་ཐོའི་ཚད་བཀག་མེད་པར་རང་མོས་ཀྱི་རྩ་དོན་གཞིར་བཟུང་ཚང་མ་རང་གནས་སའི་དགོན་སྡེར་སྤྱི་ཚོགས་འགན་སྲུང་གི་འགན་བཅོལ་ནང་ཞུགས་ཆོག་པ་བཟོས་ཡོད།
—— གོང་འཕེལ་གྱི་ཁོར་ཡུག་ལེགས་སུ་ཤུགས་ཆེ་བཏང་ཡོད། སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་འགྲིམ་འགྲུལ་དང་། སྤྱི་པའི་འདུ་འཛོམས་བྱེད་ས། གཏེར་རི། ཨར་སྐྲུན། ཉེན་ཆེའི་རྫས་འགྱུར་དངོས་རིགས་སོགས་གཙོ་གནད་ལས་རིགས (ཁྱབ་ཁོངས )ནང་“རྣམ་གྲངས་ཁག་ལྔར ”ཆེད་དོན་བཅོས་སྒྲིག་བྱས་ཏེ་ཉེན་ཁ་ཡོང་གཞི་རྩད་བཤེར་དང་། ཐོན་སྐྱེད་ཀྱི་སྒྲིག་ཁྲིམས་ཚད་ལྡན་བཟོས་ཡོད། སྤྱི་ཚོགས་ཀྱི་འགལ་ཟླའི་རིགས་ཧུར་ཐག་སེལ་ནས་ཉེན་རྟོག་ལས་དོན་གྱི་དམངས་ཕན་ཞབས་ཞུའི་ས་ཚུགས་འཆར་འགོད་འཛུགས་སྐྲུན་བྱས་པ་དང་། ཞིང་པ་འབྲོག་པའི་ལས་མིར་ངལ་རྩོལ་གན་རྒྱ་འཇོག་ཏུ་འཇུག་རྒྱུ་གཙོ་གནད་དུ་བཟུང་བའི “དཔྱིད་ཀྱི་དྲོ་སྐྱིད་ལས་སྒོ ”ནན་ཏན་གྱིས་སྤེལ་ནས་ངལ་རྩོལ་གྱི་རྩོད་ཪྙོག་འདུམ་སྒྲིག་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བ་དང་། ངལ་རྩོལ་གྱི་འབྲེལ་བ་སྔ་བས་ཞི་མཐུན་དུ་འགྱུར་བ་བྱེད་རྒྱུར་སྐུལ་སྤེལ་བཏང་སྟེ་འགལ་ཟླ་འབྱུང་རྩ་ནས་སྔོན་འགོག་དང་ཉུང་དུ་བཏང་ཐོག་མཆོང་སྐྱོད་ལྟ་བུའི་གོང་འཕེལ་གཏོང་རྒྱུར་ཞི་མཐུན་བརྟན་ལྷིང་གི་སྤྱི་ཚོགས་ཀྱི་ཁོར་ཡུག་ཅིག་བཏོད་ཡོད། 2011ལོར་ལྗོངས་ཡོངས་སུ་ངལ་རྩོལ་བ་བསྡོམས་མི་གྲངས་5000ལྷག་ཙམ་ལ་གླ་ཕོགས་སོགས་ཀྱི་ཐོབ་ཆ་སྒོར་ཁྲི་2600ལྷག་ཙམ་གསབ་སྤྲོད་བྱས་ཡོད།
གཉིས། 2012ལོའི་དཔལ་འབྱོར་གོང་འཕེལ་གཏོང་བའི་ཁོར་ཡུག་གི་སྤྱི་ཡོངས་ཚོད་དཔག
2012ལོར་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུར་ཕན་པའི་ཆ་རྐྱེན་མང་པོ་ཡོད་པ་དང་འགུལ་ཤུགས་ཀྱང་ལྡེང་ངེས་ཡོད་པས་གོང་འཕེལ་གྱི་གོ་སྐབས་ཆེན་པོ་བཞི་ཡོད་པ་སྟེ། གཅིག་ནི་ཀྲུང་དབྱང་གིས་རྒྱབ་སྐྱོར་བྱེད་ཤུགས་ཆེ་བ། བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་སྔ་ཕྱི་བར་གསུམ་དུ་བོད་ཀྱི་ལས་དོན་ལ་རྒྱབ་སྐྱོར་བྱེད་རྒྱུར་མཐོང་ཧ་ཅང་ཆེན་པོ་གནང་གི་ཡོད་པ་དང་། ཀྲུང་དབྱང་ཆབ་སྲིད་ཅུད་ཀྱིས་བོད་ཀྱི་ལས་དོན་སྐོར་ལ་ཆེད་དོན་ཞིབ་འཇུག་ཐེངས་མང་གནང་ནས་བོད་ཀྱི་འཛུགས་སྐྲུན་དང་གོང་འཕེལ་གྱི་འཆར་གཞི་ཆེ་མོ་བཀོད་པ་དང་ཁ་ཕྱོགས་གསལ་པོ་སྟོན་གནང་ཡོད། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་གཙོ་བོས་སྣེ་ཁྲིད་དེ་གོང་ལ་ངོ་བཅར་སྙན་ཞུ་དང་འབྲེལ་མཐུད་བྱས་པ་དང་རྒྱལ་ཁབ་འབྲེལ་ཡོད་པུའུ་ཨུད་ཁག་གིས་བོད་ཀྱི་ལས་དོན་ལ་མཐོང་ཆེན་ཚད་མེད་གནང་བ་མ་ཟད། རྒྱབ་སྐྱོར་ཡང་ཤུགས་ཆེ་གནང་གི་ཡོད། གཉིས་ནི་ལོ་རྒྱུས་ཀྱི་གོ་སྐབས་བཟང་པོ་འཕྲད་པ། ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་90འཁོར་བ་དང་། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བ། ཀྲུང་དབྱང་གིས་ཕྱོགས་ཡོངས་ནས “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་དང་ནུབ་བརྒྱུད་ཐོན་འབྱེད་ཆེ་མོའི་གོང་འཕེལ་གྱི་འཐབ་ཇུས་ཕྱོགས་ཡོངས་ནས་ལག་བསྟར་གཏིང་ཟབ་གནང་བ། རང་སྐྱོང་ལྗོངས་ཀྱིས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པ་ཚོགས་རྒྱུ་ལེགས་གྲུབ་བྱུང་བ་བཅས་ཀྱིས་བོད་ཀྱི་མཆོང་སྐྱོད་ལྟ་བུའི་གོང་འཕེལ་གཏོང་རྒྱུ་དང་ཡུན་རིང་བདེ་འཁོད་ཡོང་བ་བྱེད་རྒྱུའི་དམིགས་ཚད་གསལ་སྟོན་དང་འགན་སྲུང་ཤུགས་ཆེ་བྱས་ཡོད། གསུམ་ནི་གོང་འཕེལ་གཏོང་བའི་རྨང་གཞི་བརྟན་དུ་ཇེ་མགྱོགས་སུ་བཏང་བ། ལོ་60རིང་གི་གོང་འཕེལ་དང་ལྷག་པར་དུ “ལོ་ལྔ་ཚན་བཅུ་གཅིག་པའི ”རིང་གི་མཆོང་སྐྱོད་ལྟ་བུའི་གོང་འཕེལ་བྱུང་བ་ནས “ལོ་ལྔ་ཚན་བཅུ་གཉིས་པའི ”འགོ་ཡག་པོ་བཙུགས་ཐུབ་པ་དེས་2012ལོ་དང་ཐ་ན “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་མུ་མཐུད་མཆོང་སྐྱོད་ལྟ་བུའི་གོང་འཕེལ་ཡོང་བར་སྲ་ཞིང་བརྟན་པའི་རྨང་གཞི་བཏིང་ཡོད། བཞི་ནི་གཟིགས་སྐྱོང་སྲིད་ཇུས་ཀྱིས་འདེགས་སྐྱོར་བྱེད་ཤུགས་ཆེ་བ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པས་སྔར་ལས་ལྷག་པའི་སྒོ་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་ཁ་གསལ་བཟོས་གནང་ཡོད་པ་དང་། བོད་སྐྱོར་ཞིང་ཆེན (གྲོང་ཁྱེར )གྱི་ལོ་འཁོར་མོར་བོད་སྐྱོར་ཀྱི་མ་འཇོག་དངོས་གཞིའི་ལས་འབོར་གྱི་བླང་བྱ་གཏན་འཁེལ་བྱས་པ་དེ་ད་ལྟ་ལག་བསྟར་བྱེད་མུས་ཀྱི་ལམ་སྲོལ་འོག་ལོ་འཁོར་གོང་མའི་ས་གནས་ཀྱི་སྤྱིར་བཏང་སྔོན་རྩིས་ཡོང་འབབ་ཀྱི་1‰ལྟར་བཀོད་སྒྲིག་བྱས་པ་དང་། རྒྱལ་ཁབ་ནས་ཆོག་མཆན་གནང་བའི 《“ལོ་ལྔ་ཚན་བཅུ་གཉིས་པའི ”རིང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་འཛུགས་སྐྲུན་རྣམ་གྲངས་ལ་རྒྱབ་སྐྱོར་བྱེད་རྒྱུའི་འཆར་འགོད་ཇུས་གཞི 》ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་བོད་ལྗོངས་འདི་ཉིད་ཚན་རིག་དང་མཐུན་པའི་ངང་གོང་འཕེལ་ཡོང་བར་འདེགས་སྐྱོར་ཤུགས་ཆེ་བྱས་ཡོད།
དུས་བབ་བཟང་པོ་མཐོང་ཐུབ་པ་དང་དུས་མཚུངས་ང་ཚོས་ངེས་པར་དུ་མིག་སྔའི་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་ཁྲོད་འཕྲད་པའི་དམིགས་བསལ་འགལ་ཟླ་དང་དཀའ་ངལ་འགའ་ཡང་ངོས་འཛིན་ཐུབ་པ་དགོས་ཤིང་། དེའི་གཙོ་བོའི་མངོན་ཚུལ་ནི། རང་ལྗོངས་ཀྱི་དཔལ་འབྱོར་གྱིས་གཞན་ལ་བརྟེན་ཤུགས་ཆེ་དྲག་པ་དང་། ཕྱི་ངོས་དཔལ་འབྱོར་གྱི་ཁོར་ཡུག་འགྱུར་ལྡོག་འགྲོ་བ་དེ་ཟོག་གོང་དང་། སྐྱེད་ཀ མཁོ་འདོན། མ་འཇོག་སོགས་བརྒྱུད་ནས་རང་ལྗོངས་ལ་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་དེར་སྣང་ཆུང་གཏན་ནས་བྱེད་རྒྱུ་མེད། གཅིག་ནི་ཟོག་གོང་འཕར་བའི་རྐྱེན་རྩ་རྦད་དེ་མེད་པ་བཟོས་ཐུབ་མེད་པ་དང་། ཟོག་གོང་འཕར་བའི་རྐྱེན་རྩ་གསར་པའི་བསྡུར་ཚད་རིམ་བཞིན་མཐོ་རུ་འགྲོ་བཞིན་ཡོད་པས་རིན་གོང་གཏན་འཇགས་དང་དམངས་འཚོ་འགན་ལེན་བྱེད་རྒྱུའི་ལས་འགན་ཧ་ཅང་ལྕི་པོ་ཡོད། གཉིས་ནི་ནོར་སྲིད་ནས་བརྟན་ལྷིང་འགན་སྲུང་དང་། ཞི་མཐུན་ལ་སྐུལ་འདེད། དམངས་འཚོར་ཕན་འདོགས་པ་བཅས་བྱེད་རྒྱུའི་ཐད་ཀྱི་གཏོང་སྒོའི་ཁུར་པོ་ལྕི་ཙམ་ཡོད། གསུམ་ནི་དམངས་ཁྲོད་ཀྱི་མ་འཇོག་དང་གྲོང་ཁྱེར་གྲོང་གསེབ་ཀྱི་ཡུལ་མིའི་འཛད་སྤྱོད་ཀྱིས་དཔལ་འབྱོར་འཕར་སྣོན་ལ་ལེགས་སྐྱེས་འབུལ་ཚད་སྔར་བཞིན་ཞན་ཙམ་ཡིན། བཞི་ནི་ཁེ་ལས་འབྲིང་ཆུང་དང་ལྷག་པར་དུ་ཆུང་རིགས་དང་ཆེས་ཆུང་བའི་ཁེ་ལས་གོང་འཕེལ་འགྲོ་འགོར་པོ་ཡིན་པ་དང་། མ་དངུལ་བསྡུ་གཏོང་དཀའ་བ། མ་དངུལ་ཐད་ཀྱི་མ་གནས་མཐོ་བ་བཅས་ཀྱི་གནད་དོན་མངོན་གསལ་དོད་པོ་ཡོད། ལྔ་ནི་ཁྱད་ལྡན་ཐོན་ལས་ཀྱི་གཞི་ཁྱོན་ཆུང་བ་དང་། ནང་འདྲེན་ཁེ་ལས་ཀྱི་སྤུས་ཚད་མཐོ་པོ་མེད་པ། དངོས་གཞིའི་དཔལ་འབྱོར་གྱི་རྟགས་ལེགས་ཀྱི་ཤུགས་རྐྱེན་དེ་ཙམ་ཆེན་པོ་མེད་པ་བཅས་ཀྱི་རྐྱེན་པས་ཡུལ་སྐོར་ལས་རིགས་གང་མགྱོགས་འཕར་བ་བརྒྱུད་གོང་འཕེལ་གཏོང་རྒྱུར་བཅུར་འགག་གི་ཚོད་འཛིན་དེ་བས་མངོན་གསལ་དོད་པོ་ཡོད།
གསུམ། 2012ལོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་སྤྱིའི་བླང་བྱ་དང་སྔོན་དཔག་དམིགས་ཚད།
2012ལོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་སྤྱིའི་བླང་བྱ་ནི། ཏང་གི་ཚོགས་ཆེན་བཅུ་བདུན་པ་དང་། སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ། དྲུག་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་“མཚོན་བྱེད་གསུམ ”གྱི་གལ་ཆེའི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་ཀྲུང་གོ་གུང་ཁྲན་ཏང་དབུ་བཪྙེས་ནས་ལོ་90འཁོར་བའི་ཚོགས་ཆེན་ཐོག་གནང་བའི་གལ་ཆེའི་གསུང་བཤད་དང་བོད་ཀྱི་ལས་དོན་སྐོར་གྱི་གལ་ཆེའི་མཛུབ་སྟོན་རབ་དང་རིམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་དང་ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་གིས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་རྟེན་འབྲེལ་བྱེད་སྒོར་ཞུགས་སྐབས་སུ་གནང་བའི་གལ་ཆེའི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བཅས་བྱེད་རྒྱུ་མ་ཟད་ཀྲུང་དབྱང་གི་གཞི་ཆེའི་དཔལ་འབྱོར་སྲིད་ཇུས་ནན་ཏན་གྱིས་ལག་བསྟར་བྱས་ནས་ཚན་རིག་དང་མཐུན་པའི་གོང་འཕེལ་གཏོང་རྒྱུ་བརྗོད་བྱ་གཙོ་བོར་བྱེད་པ་དང་། དཔལ་འབྱོར་གོང་འཕེལ་གཏོང་སྟངས་སྒྱུར་རྒྱུ་གཙོ་རྐང་དུ་བྱེད་པ། ནང་མཁོ་རྒྱ་ཆེར་གཏོང་རྒྱུ་དེ་ཐབས་ཇུས་གཙོ་བོར་འཛིན་པ་བཅས་བྱས་ཏེ་དཔལ་འབྱོར་བརྟན་ཞིང་ཅུང་མགྱོགས་པའི་སྒོ་ནས་གོང་འཕེལ་ཡོང་བ་དང་། དཔལ་འབྱོར་གྱི་གྲུབ་ཆ་ལེགས་སྒྲིག དངུལ་ལོར་འགྲེམས་ཐལ་ཤོར་བའི་ཐད་ལ་སྔོན་དཔག་དོ་དམ་བཅས་བྱེད་རྒྱུའི་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ་བརྟན་པོའི་ངང་གོང་འཕེལ་མྱུར་པོ་ཡོང་བ་བྱེད་རྒྱུའི་ལས་ཀའི་སྤྱིའི་གཙོ་དོན་ཁོང་དུ་ཆུད་པ་བྱས་ཐོག་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་བརྟན་ལྷིང་སྲུང་སྐྱོང་དང་། འཕར་སྣོན་ལ་སྐུལ་སྤེལ། ཟོག་གོང་ཚོད་འཛིན། བསྒྱུར་བཅོས་དམ་འཛིན། སྒོ་མོ་རྒྱ་ཆེར་འབྱེད་པ། དམངས་འཚོར་ཕན་སྦྱར་བཅས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་གཏོང་རྒྱུའི་འཕེལ་ངོ་བཟང་པོ་རྒྱུན་འཁྱོངས་དང་། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་རྒྱུ་རྒྱུན་འཁྱོངས་བྱས་ཐོག་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་འགྲོ་བའི་གཡུར་ཟའི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་སྐོང་ཚོགས་བྱེད་རྒྱུར་བསུ་བ་ཞུ་དགོས།
2012ལོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་གཙོ་བོའི་སྔོན་དཔག་དམིགས་ཚད་ནི། ས་གནས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་12%ཡན་འཕར་བ་བྱེད་རྒྱུ་དང་། ས་གནས་ནོར་སྲིད་ཀྱི་སྤྱིར་བཏང་སྔོན་རྩིས་ཀྱི་ཡོང་འབབ་15%ཡན་འཕར་བ་བྱེད་རྒྱུ། གྲོང་ཁྱེར་གྲོང་རྡལ་གྱི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་7.5%ཡན་འཕར་བ་བྱེད་རྒྱུ། ཞིང་འབྲོག་མང་ཚོགས་ཀྱི་མི་རེའི་ཆ་སྙོམ་འབབ་སྨར་13%ཡན་འཕར་བ་བྱེད་རྒྱུ། སྤྱི་ཚོགས་ཧྲིལ་པོའི་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་18%ཡན་འཕར་བ་བྱེད་རྒྱུ། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་སྤྱི་འབོར་18%ཡན་འཕར་བ་བྱེད་རྒྱུ། ཕྱིར་གཏོང་ནང་འདྲེན་གྱི་སྤྱི་འབོར་12%ཡན་འཕར་བ་བྱེད་རྒྱུ། གྲོང་ཁྱེར་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་3.0%ནང་ཚུན་དུ་ཚོད་འཛིན་ཐུབ་པ་བྱེད་རྒྱུ། ཡུལ་མིའི་འཛད་སྤྱོད་ཟོག་གོང་འཕར་ཚད་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ནང་ཚོད་འཛིན་ཐུབ་པ་བྱེད་རྒྱུ་བཅས་ཡིན།
བཞི། 2012ལོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་ལས་འགན་གཙོ་བོ་དང་བྱ་ཐབས།
2012ལོ་ནི “ལོ་ལྔ་ཚན་བཅུ་གཉིས་པའི ”སྔ་རྗེས་རྒྱུན་མཐུད་ཀྱི་འགག་རྩའི་ལོ་ཞིག་ཡིན་ལ། རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་ལོ་དང་པོ་དེའང་ཡིན། ང་ཚོས་གནད་ཆེ་གཙོར་བཟུང་དང་། གཅིག་འགྱུར་འཆར་འགོད། བྱ་ཐབས་ཤུགས་ཆེར་གཏོང་བ། དོན་འཁྱོལ་བྱེད་རྒྱུར་དམ་འཛིན་བཅས་བྱས་ནས “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་མཆོང་སྐྱོད་ལྟ་བུའི་གོང་འཕེལ་གཏོང་རྒྱུའི་འཕེལ་ངོ་བཟང་པོ་མུ་མཐུད་རྒྱུན་འཁྱོངས་ཐུབ་པའི་འགན་ལེན་བྱེད་དགོས།
(གཅིག ) འགག་གནད་སྒྲོལ་ཐུབ་པ་བྱས་ཏེ་སྲིད་ཇུས་དང་བྱ་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས།
རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་ནན་ཏན་བྱེད་དགོས། ཚོགས་འདུའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱེད་རྒྱུ་དེ་མིག་སྔ་དང་ཕྱིས་འབྱུང་དུས་སྐབས་ཤིག་རིང་གི་དོན་ཆེན་ཨང་དང་པོར་བརྩིས་ཏེ་དམ་འཛིན་བྱེད་རྒྱུ་དང་། དོན་སྙིང་ལ་གོ་བ་ཟབ་ལེན། སྙིང་བཅུད་ཁོང་དུ་ཆུད་པ་བཅས་བྱས་ནས་བསམ་བློ་དང་བྱ་སྤྱོད་དེ་ལྗོངས་ཏང་ཨུད་ཀྱི་ཇུས་ཐག་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ་ཚོགས་འདུས་བཏོན་པའི “ངེས་པར་དུ་བརྒྱད་དང་། རྒྱུན་འཁྱོངས་བྱེད་དགོས་པ་བཞི། གོ་སྐབས་ཆེ་མོ་བཞི། ལས་དོན་ཁག་བརྒྱད ”བཅས་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་དང་ཕན་འབྲས་དངོས་ཐོན་པ་བྱེད་དགོས།
ཀྲུང་དབྱང་གི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་དགོས། ཀྲུང་དབྱང་གིས་རང་ལྗོངས་ལ་གནང་བའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་བློ་ལ་བརྟན་པོར་བཟུང་ནས་ཀྲུང་དབྱང་གིས་གཏན་ལ་ཕབ་ཀྱང་དོན་འཁྱོལ་བྱས་མེད་པའི་སྲིད་ཇུས་ཀྱི་དོན་ཚན་རེ་རེ་བཞིན་ལ་ཞིབ་འཇུག་དང་། ནང་དོན་རེ་རེ་བཞིན་ལེགས་སྒྲིག་བྱེད་དགོས། ཀྲུང་དབྱང་དང་། རྒྱལ་ཁབ་ཀྱི་པུའུ་ཨུད་ཁག བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར། ཁེ་ལས་བཅས་དབར་སྙན་སེང་ཞུ་རྒྱུ་དང་འབྲེལ་མཐུད་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ལྗོངས་ནང་ཁོངས་ཀྱི་འབྲེལ་ཡོད་སྲིད་ཇུས་ཀྱི་ལེ་ལག་ཚང་སྒྲིག་གི་བྱ་ཐབས་དང་ལག་བསྟར་བྱ་ཐབས་གང་མྱུར་དུ་བཟོ་འགོད་ཀྱིས་ལོ་མཇུག་གི་གོང་དུ་གལ་ཆེའི་གྲུབ་འབྲས་ཐོབ་པའི་འབད་བརྩོན་བྱས་ཐོག་གཟིགས་སྐྱོང་སྲིད་ཇུས་ཚང་མ་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་དང་གང་མགྱོགས་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས།
དམངས་ཕན་སྲིད་ཇུས་དང་བྱ་ཐབས་ཁག་དོན་འཁྱོལ་གང་ལེགས་བྱེད་དགོས། “ཁྱིམ་སྤྱོད་གློག་ཆ་དང་འཛིན་ཆས་གཤམ་གཏོང ”སྲིད་ཇུས་མུ་མཐུད་ལག་བསྟར་དང་། ཁ་གསབ་སྲིད་ཇུས་དང་བྱ་ཐབས་ཁག་དོན་འཁྱོལ། ཞིང་ལས་ཐད་ཁ་གསབ་སྤྲོད་རྒྱུའི་སྲིད་ཇུས་སྔར་བས་འཐུས་ཚང་དུ་གཏོང་ཐུབ་པ་བཅས་བྱས་ནས་དམངས་འཚོའི་སྐོར་གྱི་སྲིད་ཇུས་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་ནས་ཞིང་འབྲོག་མང་ཚོགས་ལ་ལས་ཞུགས་རྩལ་ནུས་སྦྱོང་བརྡར་སྤྲོས་རྒྱུར་རྒྱབ་སྐྱོར་དང་། ཞིང་འབྲོག་མང་ཚོགས་ཀྱི་ཞིང་ལས་ཐོན་ལས་མིན་པའི་ཡོང་འབབ་འཕར་སྣོན་ཡོང་བ་བྱེད་དགོས། གྲོང་ཁྱེར་གྲོང་རྡལ་གྱི་ལས་བཟོའི་གླ་ཕོགས་རྒྱུན་གཏན་ཐོག་འཕར་སྣོན་ཡོང་བའི་ལམ་སྲོལ་གསར་འཛུགས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། སྡོད་ཁང་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། སྡོད་ཁང་གི་སྤྱི་གསོག་མ་དངུལ་གྱི་དངུལ་བུན་སྲིད་ཇུས་དང་མོ་ཊ་ཉོ་ཁྲལ་སྐོར་གྱི་གཟིགས་སྐྱོང་སྲིད་ཇུས་མུ་མཐུད་དོན་འཁྱོལ་བྱས་ཏེ་སྡོད་ཁང་དང་མོ་ཊ་སོགས་ཐད་ཀྱི་འཛད་སྤྱོད་བརྟན་པོ་ཡོང་བ་དང། སྤྱི་ཚོགས་ཀྱི་ཡིད་རྟོན་མ་ལག་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་འཛད་སྤྱོད་ཐད་ཀྱི་ཡིད་རྟོན་དངུལ་བུན་གཏོང་རྒྱ་ཆེ་རུ་ཧུར་ཐག་གཏོང་དགོས། སྔོན་དཔག་གི་འཛད་སྤྱོད་བརྟན་པོ་ཡོང་བ་བྱས་ཁར་འཛད་སྤྱོད་ཀྱི་མཁོ་དགོས་རྒྱ་ཆེར་གཏོང་གང་ཐུབ་བྱེད་དགོས། ཞིང་འབྲོག་མང་ཚོགས་ཀྱི་འཛད་སྤྱོད་ལ་སྐུལ་ལྕག་གཏོང་རྒྱུའི་སྲིད་ཇུས་དོན་འཁྱོལ་བྱས་ཏེ་ཞིང་འབྲོག་ཁུལ་གྱི་འཛད་སྤྱོད་དྲ་ཚུགས་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་ནས་འཛད་སྤྱོད་ཀྱིས་དཔལ་འབྱོར་འཕར་སྣོན་ཡོང་བར་ལེགས་སྐྱེས་འབུལ་ཚད་མཐོ་རུ་གཏོང་དགོས།
(གཉིས )མ་དངུལ་འཇོག་ཤུགས་ཆེ་རུ་བཏང་ནས་སྤྱི་ཚོགས་དང་དམངས་འཚོའི་བྱ་གཞག་འཕེལ་རྒྱས་གཏོང་རྒྱུར་ཤུགས་སྣོན་རྒྱག་རྒྱུ།
“ཐུབ་པ་གསུམ་དང་འགན་སྲུང་གཉིས ”གཙོ་གནད་དུ་བྱེད་པའི་སྤྱི་ཚོགས་བྱ་གཞག་གོང་འཕེལ་ཇེ་མགྱོགས་སུ་གཏོང་དགོས། ལས་ཞུགས་ཐུབ་པ་དང་། སྨན་བཅོས་བྱེད་ཐུབ་པ། སློབ་གྲྭར་ཞུགས་ཐུབ་པ་བཅས་བྱེད་རྒྱུའི་ལས་ཀར་མཐོང་ཆེན་བྱས་ནས་ལས་ཞུགས་ཀྱི་ཐབས་ལམ་རྒྱ་ཆེར་གཏོད་རྒྱུ་དང་། ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ལྷག་མ་ཁ་སྒྱུར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ལས་ཞུགས་ཐད་ཀྱི་བོད་སྐྱོར་ལས་དོན་ཡག་པོ་སྒྲུབ་རྒྱུ། སྐྱེ་ཁུངས་བོད་ནས་ཡིན་པའི་ལོ་དེ་གར་ཐོན་པའི་སློབ་ཆེན་སློབ་མ་ཚང་མ་ལས་ཞུགས་ཐུབ་པ་བཅས་བཟོ་དགོས། སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་སྒྲུབ་ནུས་ཆེ་རུ་བཏང་ནས་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་ཨང་གསུམ་པ་བསྐྲུན་ནས་སྨན་བཅོས་ལས་གཉེར་བྱེད་འགོ་འཛུགས་བཞིན་ཡོད་པ་དང་། རང་སྐྱོང་ལྗོངས་མ་བུ་འཕྲོད་སྦྱོར་ཁང་ཨར་སྐྲུན་གྱི་ལས་འགོ་འཛུགས་ཐུབ་པའི་བརྩོན་ལེན་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་རོགས་སྐྱོབ་ལམ་ལུགས་ཚགས་ཚུད་དུ་གཏོང་དགོས། ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ་འཛུགས་སྐྱོང་བྱེད་རྒྱུ་དམ་འཛིན་ཡག་པོ་བྱས་ཐོག་འགན་བབས་སློབ་གསོའི་སློབ་གྲྭ་ཚད་ལྡན་དུ་འཛུགས་སྐྲུན་བྱེད་རྒྱུར་སྐུལ་འདེད་བཏང་སྟེ་འགན་བབས་སློབ་གསོའི་གྲུབ་འབྲས་སྔར་བས་སྲ་བརྟན་གཏོང་བ་དང་མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་ན་འདྲེས་སློབ་ཞུགས་བྱེད་ཚད་70%ཟིན་པ་དང་སྐད་གཉིས་སློབ་ཁྲིད་ལས་ཀར་མུ་མཐུད་ཤུགས་སྣོན་རྒྱག་དགོས་པ་དང་། སློབ་ཡོན་སྤྲོད་མི་དགོས་པའི་སློབ་གསོའི “འགན་ལེན་གསུམ ”གྱི་སྲིད་ཇུས་དང་སློབ་ཞུགས་རོགས་དངུལ་ལམ་ལུགས་དོན་འཁྱོལ་ཡག་པོ་བྱེད་པ་དང་། “འགན་ལེན་གསུམ ”དང་སློབ་ཞུགས་རོགས་དངུལ་ཁ་གསབ་སྤྲོད་རྒྱུའི་ཚད་གཞི་མཐོ་རུ་བཏང་ནས་གཞི་རྩའི་སྤྱི་པའི་ཞབས་ཞུ་སྒྲུབ་ཚད་མཐོ་རུ་གཏོང་དགོས། སྤྱི་ཚོགས་འགན་སྲུང་བྱེད་ནུས་སྔར་བས་མཐོ་རུ་བཏང་སྟེ་སྤྱི་ཚོགས་ཀྱི་རོགས་སྐྱོབ་དང་འགན་སྲུང་བྱེད་པའི་ཚད་གཞི་དེ་ཟོག་གོང་འཕར་ཚུལ་དང་ག་སྦྱར་མཉམ་འགུལ་ཐུབ་པའི་ལམ་སྲོལ་གྱི་ཇུས་གཞི་དོན་འཁྱོལ་ནན་ཏན་བྱས་ཏེ་འགན་བཅོལ་ཆེན་པོ་ལྔ་རྨང་གཞིར་བྱེད་པ་དང་གྲོང་ཁྱེར་དང་གྲོང་རྡལ་གཅིག་གྱུར་གྱིས་འཆར་འགོད་བྱེད་པའི་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་བཏང་ནས་སྤྱི་ཚོགས་ཐོག་གི་ཉམས་ཞན་རིགས་གྲས་མི་སྣར་བསྒྱུར་བཅོས་དང་གོང་འཕེལ་གྱི་གྲུབ་འབྲས་མཉམ་དུ་ལོངས་སྤྱོད་ཐུབ་པ་བྱེད་དགོས། སྤྱི་པའི་རིག་གནས་སྒྲིག་ཆས་ཀྱི་དྲ་རྒྱ་སྔར་བས་ཚགས་ཚུད་དུ་བཏང་ནས་བོད་ལྗོངས་ཟློས་གར་ཁང་དང་། ས་གནས་དང་གྲོང་ཁྱེར་གྱི་དཔེ་མཛོད་ཁང་། མང་ཚོགས་སྒྱུ་རྩལ་ཁང་། རྟེན་རྫས་བཤམས་སྟོན་ཁང་སོགས “ལོ་ལྔ་ཚན་བཅུ་གཉིས་པའི ”གཙོ་གནད་རིག་གནས་སྒྲིག་ཆས་ཀྱི་འཛུགས་སྐྲུན་རྣམ་གྲངས་ཕྱོགས་ཡོངས་ནས་ལས་འགོ་འཛུགས་རྒྱུ་དང་། མུ་མཐུད་གཙོ་གནད་རིག་དངོས་སྲུང་སྐྱོབ་དང་ཉམས་གསོ་བྱེད་རྒྱུའི་ལས་གཞི་ལག་བསྟར་བྱས་ཏེ་སྤྱི་པའི་རིག་གནས་ཐོན་རྫས་ཐོན་སྐྱེད་དང་མཁོ་འདོན་བྱེད་ནུས་ཆེ་རུ་བཏང་ཐོག་སྤྱི་པའི་རིག་གནས་ཀྱི་ཟེར་འགྱེད་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། རིག་གནས་གསར་གཏོད་དང་། གློག་བཪྙན་བཪྙན་འཕྲིན་བཟོ་སྐྲུན། འཁྲབ་ཚན་རོལ་རྩེད་སོགས་ཀྱི་རིག་གནས་ཐོན་ལས་ཀྱི་རྣམ་གྲངས་ཐད་ལ་རྒྱབ་སྐྱོར་ཤུགས་ཆེ་བྱེད་དགོས།
“ཤར་གཏོང་ཐུབ་པ་དྲུག ” གཙོ་གནད་དུ་བྱེད་པའི་ཞིང་འབྲོག་ཁུལ་གྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་བཅོས་ཤུགས་ཆེ་བྱེད་རྒྱུ། “ཞིང་དུད་ལ་བརྒྱད་འཛོམས་པ་བཟོ་རྒྱུའི་ལས་གཞི ”གཅིག་གྱུར་ཐོག་འཆར་འགོད་བཟོས་ནས་ལྗོངས་ཡོངས་ཀྱི་ཐེམ་དུད་400458ལ་རླུང་འཕྲིན་བཪྙན་འཕྲིན་ཁྱིམ་ཚང་ཀུན་ཁྱབ་ཐུབ་པ་བྱས་ཏེ་ཁེབས་ཚད་83%ཟིན་པ་དང་གློག་སྤྱོད་མཁན་མི་གྲངས་ཁྲི་273.4ཟིན་པ་བྱེད་རྒྱུ། རྒྱལ་ཁབ་ནས་གནོད་འཚེ་བྱུང་རྗེས་བསྐྱར་སྐྲུན་བྱེད་རྒྱུར་རྒྱབ་སྐྱོར་རག་ཐབས་བརྩོན་ལེན་ཤུགས་ཆེ་བྱས་ཏེ་འབྱུང་ཁམས་ཁོར་ཡུག་ལ་བལྟོས་ནས་གནས་སྤོ་བྱེད་རྒྱུ་དང “ཞིང་ལས་ལ་ཤུགས་སྣོན་དང་ཞིང་པར་ཕན་སྦྱར་ཐོབ་པའི་སྲིད་ཇུས ”ནུས་ལྡན་ངང་མཐུད་འབྲེལ་བྱེད་རྒྱུའི་ལས་ཀ་ཡག་པོ་བསྒྲུབས་ཏེ་རྩ་བ་ནས་ཞིང་འབྲོག་ཁུལ་གྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་བཅོས་བཏང་སྟེ་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཡོང་བ་བྱེད་དགོས། ཨར་ལས་འཛུགས་སྐྲུན་ལ་དོ་དམ་ནན་པོ་བྱེད་པ་དང་ལྷག་པར་དུ་འོས་སྐུལ་ཉོ་སྒྲུབ་བྱེད་རིགས་དང་། མ་དངུལ་བེད་སྤྱོད་གཏོང་རིགས་སོགས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་རིགས་ལ་ལྟ་སྡོམ་ནན་པོ་བྱས་ནས་ཞིང་ལས་དང་འབྲེལ་བའི་མ་དངུལ་བེད་སྤྱོད་གཏོང་བའི་ཐད་སྒྲིག་འགལ་ཁྲིམས་འགལ་གྱི་བྱ་སྤྱོད་རིཌ་གཏན་འགོག་མཐའ་གཅིག་ཏུ་བྱེད་དགོས།
ཀྲུང་དབྱང་གི་དབུལ་སྐྱོར་གསར་སྤེལ་ལས་དོན་ཚོགས་འདུའི་བླང་བྱ་གཞིར་བཟུང 《ཀྲུང་གོའི་གྲོང་གསེབ་ཀྱི་དབུལ་སྐྱོར་གསར་སྤེལ་རྩ་གནད (2011ལོ་-2020ལོ་བར )》ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་ལས་ཀའི་གཙོ་གནད་མངོན་ཆེར་བཟུང་བ་དང་། འགག་རྩའི་གནད་དོན་ཐག་གཅོད་ཀྱིས་སྲིད་ཇུས་འགན་སྲུང་མ་ལག་འཐུས་ཚང་དུ་བཏང་ཐོག་དབུལ་སྐྱོར་འགག་སྒྲོལ་བྱེད་རྒྱུར་སྐུལ་འདེད་བཏང་ནས་ཞིང་འབྲོག་ཁུལ་གྱི་དབུལ་པོའི་མི་འབོར་རིགས་དབུལ་འགྲོལ་ཕྱུག་འགྱུར་གང་མགྱོགས་ཐུབ་པ་བྱེད་དགོས།
བདེ་འཁོད་ལས་གཞིར་སྐུལ་སྤེལ་ཏན་ཏིག་གཏོང་རྒྱུ། དུད་ཚང་59575ཡི་ཞིང་འབྲོག་མང་ཚོགས་ཀྱི་བདེ་འཁོད་ལས་གཞི་མུ་མཐུད་འཛུགས་སྐྲུན་བྱེད་རྒྱུ་དང་། སྲིད་འཛིན་གྲོང་ཚོ་1000གི་མིའི་འཚོ་སྡོད་ཁོར་ཡུག་ལེགས་སྐྱོང་དང་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་ལས་གཞི་མུ་མཐུད་ལག་བསྟར་བྱས་ཐོག་ཚན་རིག་དང་མཐུན་པའི་འཆར་འགོད་བཟོ་བ་དང་། ལུགས་དང་མཐུན་པའི་ཇུས་འགོད་འདིང་བ། ལག་བསྟར་ཇེ་མགྱོཌ་སུ་གཏོང་བ། སྤུས་ཚད་འགན་ལེན་ཐུབ་པ་བཅས་ཀྱི་སྤྱིའི་བླང་བྱ་མཐའ་འཁྱོངས་བྱས་ཏེ་ཉམས་མྱོང་འདོན་སྤེལ་བྱེད་དགོས་ལ་བྱེད་ནུས་དང་ཁྱད་ལྡན་ལའང་དོ་སྣང་བྱས་ཏེ་རྣམ་པ་དང་བཀོད་ཁྱབ་ཐད་འགག་སྒྲོལ་གསར་པ་ཡོང་བ་བྱེད་རྒྱུ།
(གསུམ )རང་འགན་འཁུར་ལེན་གྱིས་རྣམ་གྲངས་ཀྱི་མ་དངུལ་དོན་འཁྱོལ་བྱེད་པའི་གོམ་སྟབས་མགྱོགས་སུ་གཏོང་རྒྱུ། རྣམ་གྲངས་ཀྱི་སྔོན་གྲབས་ལས་ཀར་ཚད་མཐོའི་མཐོང་ཆེན་བྱེད་རྒྱུ།
རྣམ་གྲངས་ཀྱི་སྔོན་གྲབས་ལས་ཀ་དེ་རྣམ་གྲངས་རག་ཐབས་དང་མ་དངུལ་དོན་འཁྱོལ་ཐུབ་པའི་དམ་འཛིན་བྱེད་ས་གཙོ་གནད་དུ་བརྩིས་ནས་ལས་ཀ་གཏིང་ཟབ་ལ་ཞིབ་ཚགས་པ་དང་། ཚགས་ཚུད་པ་ཞིག་བྱས་ཏེ་ཐེངས་གཅིག་རང་ཐོག་རྣམ་གྲངས་ཀྱི་སྔོན་འགྲོར་ཞིབ་མཆན་ཐོབ་པ་བྱེད་དགོས། མ་དངུལ་རག་ཐབས་བྱེད་རྒྱུ་དང་རྣམ་གྲངས་མཐུད་འབྲེལ་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུ། ལོ་འཁོར་འཆར་གཞིའི་བླང་བྱ་གཞིར་བཟུང་སྤུས་ཚད་ཡག་ཏུ་གཏོང་བ་དང་། ཡག་ཐོག་ཡག་བརྩེགས་ཀྱིས་མ་དངུལ་རག་ཐབས་དང་རྣམ་གྲངས་ཆོག་མཆན་ཞུ་བའི “སྦྲེལ་མཐུད་གཉིས ”ཀྱི་ལས་ཀའི་ལམ་སྲོལ་ཞིག་ཆགས་པ་བྱས་ནས་ནུས་ཤུགས་གང་ཡོད་ཀྱིས་གཞོགས་འདེགས་དང་། མཉམ་སྐུལ་ཐོག་ལོ་འཁོར་མ་དངུལ་འཇོག་ཚད་འཕར་སྣོན་ཡོང་རྒྱུར་འགན་ལེན་བྱེད་པ་དང་། བོད་སྐྱོར་རྣམ་གྲངས་ཀྱི་མ་དངུལ་དོན་འཁྱོལ་ཡག་པོ་ཡོང་བ་བྱེད་དགོས།
རྣམ་གྲངས་འཛུགས་སྐྲུན་ལ་དོ་དམ་བྱེད་རྒྱུར་མུ་མཐུད་དམ་འཛིན་ཡག་པོ་བྱེད་རྒྱུ། འགོ་ཁྲིད་ཀྱི་འགན་འཁྲིའི་ལམ་ལུགས་དང་། རྣམ་གྲངས་ཀྱི་ཁྲིམས་ཚན་ལམ་ལུགས། འོས་སྐུལ་འོས་དཔོད་ལམ་ལུགས། ལས་གྲྭའི་ལྟ་འདོམས་ལམ་ལུགས་། གན་རྒྱའི་དོ་དམ་ལམ་ལུགས་བཅས་ལག་བསྟར་ནན་པོ་བྱས་ཏེ་ལྟ་སྐུལ་ཞིབ་བཤེར་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་རྣམ་གྲངས་ཀྱི་སྤུས་ཚད་དང་མ་དངུལ་བེད་སྤྱོད་ཡག་པོ་ཐུབ་རྒྱུ་འགན་ལེན་བྱེད་རྒྱུ། མུ་མཐུད་ལྷ་གཞིས་ལྕགས་ལམ་དང་། རྫམ་ཆུ་ཤུགས་གློག་ཁང་། ཕོད་མདོ་ཆུ་བེད་ལྟེ་གནད་ལས་གཞི། མེ་ཏོག་གཞུང་ལམ་སོགས་སྐྲུན་བཞིན་པའི་རྣམ་གྲངས་དམ་འཛིན་ཡག་པོ་བྱེད་རྒྱུ་དང་། གྲོང་གསེབ་ཀྱི་ཆུ་དང་། ལམ། གློག རྫབ་རླངས། ཁང་པ་སོགས་དམངས་འཚོའི་ལས་གཞི་དང་ཞིང་འབྲོག་ལས་ཀྱི་རྨང་གཞིའི་སྒྲིག་བཀོད། ཚན་སློབ་རིག་འཕྲོད་དང་ལས་ཞུགས། འགན་སྲུང་རང་བཞིན་གྱི་སྡོད་ཁང་སོགས་ཀྱི་དམངས་འཚོའི་རྣམ་གྲངས་དང་ཁྱད་ལྡན་ཐོན་ལས་དང་། འབྱུང་ཁམས། གཞི་རིམ་སྲིད་དབང་བཅས་ཀྱི་རྣམ་གྲངས་གང་མགྱོགས་ལག་བསྟར་བྱེད་རྒྱུ། ལྷ་ཉིང་ལྕགས་ལམ་དང་། ཡུན་བོད་གཞུང་ལམ་གྱི་བགྲོད་ལམ་གསར་པ། ལ་ལྷོ་ཆུ་བེད་ལྟེ་གནད་དང་ལེ་ལག་ཆུ་འདྲེན་ཁུལ་གྱི་ལས་གཞི། ལྷ་ས་གོང་དཀར་གནམ་ཐང་གི་འགྲུལ་ཚུགས་ཁུལ་ཉམས་བཟོ་རྒྱས་སྐྲུན་བྱེད་པའི་ལས་གཞི། ལྷ་ས་གྲོང་ཁྱེར་གྱི་གྲོང་ཁུལ་དྲོད་རླངས་མཁོ་འདོན་ལས་གཞི། བོད་རང་སྐྱོང་ལྗོངས་ཏང་སྲིད་ཚོགས་ཁང་ལྟེ་གནས། ཀྲུང་གོ་གུང་ཁྲན་ཏང་བོད་ལྗོངས་ལོ་རྒྱུས་དྲན་གསོ་ཁང་། བོད་ཀྱི་ལས་བྱེད་པའི་ལུས་གསོའི་རྟེན་གཞི་བཅས་སྐྲུན་རྒྱུ་དང་། དེ་བཞིན་སོལ་བ་ལུང་དང་། རྒྱ་ཚ། ལྕེ་ཤོད། དྭགས་པོ། ཨ་ཆེན་ཆུ་ཤུགས་གློག་ཁང་སོགས་ཀྱི་རྣམ་གྲངས་སྔོན་གྲབས་ལས་ཀའི་མྱུར་ཚད་ཇེ་མགྱོགས་སུ་བཏང་སྟེ་གང་མགྱོགས་ལས་འགོ་འཛུགས་རྒྱུའི་འགན་ལེན་བྱེད་རྒྱུ།
འཛུགས་སྐྲུན་གྱི་ཁོར་ཡུག་ལེགས་སྒྱུར་བྱེད་རྒྱུར་ཤུགས་རྒྱག་རྒྱུ། རྣམ་གྲངས་འཛུགས་སྐྲུན་གྱི་ཁོར་ཡུག་དོ་དམ་བྱེད་རྒྱུར་ཚད་མཐོའི་མཐོང་ཆེན་དང་ཤུགས་སྣོན་བརྒྱབ་ནས་དྲང་གཞག་དྲང་བདེན་གྱི་སྒོ་ནས་མང་ཚོགས་ཀྱི་ལུགས་མཐུན་ཞུ་རེ་ཐག་གཅོད་བྱེད་རྒྱུ་དང་། ཁྲིམས་ལུགས་གཞིར་བཟུང་ལས་གྲྭའི་འཛུགས་སྐྲུན་ལ་འགོག་རྐྱེན་དང་གནོད་སྐྱོན་གཏོང་བའི་བྱ་སྤྱོད་རིགས་ལ་རྡུང་རྡེག་ནན་པོ་བཏང་སྟེ་དཔལ་འབྱོར་གོང་འཕེལ་གཏོང་རྒྱུར་སྤྱི་ཚོཌ་ཀྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་རྒྱུ།
(བཞི ) ཁྱད་ལྡན་ཐོན་ལས་གོང་འཕེལ་ཇེ་མགྱོགས་སུ་གཏོང་རྒྱུར་རོགས་སྐྱོར་ཤུགས་ཆེ་བྱེད་རྒྱུ། ཐོན་ལས་དང་པོ་གོང་མཐོར་གཏོང་རྒྱུ།
སྲིད་ཇུས་ཐོག་ནས་རོགས་སྐྱོར་དང་ཆེད་དམིགས་རྣམ་གྲངས་ཐོག་ནས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་ཞིང་ལས་ལ་ཤུགས་སྣོན་དང་ཞིང་ཕན་སྲིད་ཇུས་དོན་འཁྱོལ་ཧུར་ཐག་བྱས་ནས་འདེབས་འཛུགས་གྲུབ་ཆ་བཀོད་སྒྲིག་ལུགས་མཐུན་བྱེད་རྒྱུ་དང་འབྲོག་ལས་གོང་འཕེལ་བརྟན་པོ་ཡོང་བ་བྱས་ཐོག ཞིང་འབྲོག་ལས་དེང་རབས་ཅན་དུ་འགྱུར་རྒྱུའི་གོམ་སྟབས་མགྱོགས་སུ་གཏོང་དགོས། གྲོང་ཁྱེར་ཉེ་འདབས་ཀྱི་སྔོ་ཚལ་རྟེན་གཞི་སྐྲུན་རྒྱུར་གོང་འཕེལ་ཤུགས་ཆེར་བཏང་སྟེ་སྔོ་ཚལ་གྱི་སྣ་རིགས་མང་དུ་གཏོང་རྒྱུ་དང་། གནོད་མེད་སྤུས་ཀ་དག་ཏུ་བཏང་ནས་ཁྲོམ་རར་འདྲེན་གཏོང་བྱེད་ནུས་ཆེ་རུ་གཏོང་རྒྱུར་ཤུགས་རྒྱག་རྒྱུ། ནགས་ལས་དཔལ་འབྱོར་གོང་འཕེལ་ཤུགས་ཆེ་བཏང་སྟེ་འབྱུང་ཁམས་སྲུང་སྐྱོབ་དང་ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་མཉམ་བཟུང་ཐུབ་རྒྱུར་སྐུལ་སྤེལ་གཏོང་རྒྱུ།
ཐོན་ལས་གཉིས་པ་རྒྱ་ཆེར་གཏོང་རྒྱུ། ཐབས་ཇུས་རང་བཞིན་གྱི་འདེགས་སྐྱོར་ཐོན་ལས་ཁག་ཅིག་སྐྱེད་བསྲིང་གང་མགྱོགས་བྱས་ཏེ་མ་འཇོག་གི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། རྒྱལ་ཁབ་ནས་མ་འཇོག་དང་། ཚོང་དང་མ་རྩ་འདྲེན་འགུག་ཟུང་འབྲེལ། སྲིད་གཞུང་གིས་རོགས་སྐྱོར་དང་སྤྱི་ཚོགས་ཀྱིས་ཐེ་ཞུགས་བྱེད་པ་གཉིས་ཟུང་འབྲེལ་བྱེད་པ་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས་གཏེར་ཁའི་ཐོན་ཁུངས་དང་། ནུས་ཁུངས། བོད་ལུགས་གསོ་རིག་དང་བོད་སྨན་ལས་རིགས་སོགས་དགེ་སྟོབས་ཆེ་བའི་ཁྱད་ལྡན་ཐོན་ལས་གསར་སྤེལ་བྱེད་རྒྱུའི་ཐད་མ་དངུལ་འཇོག་ཤུགས་ཆེ་རུ་བཏང་སྟེ་ཁེ་ལས་སྟོབས་ཆེར་གཏོང་བ་དང་། ཐོན་རྫས་སྤུས་ལེགས་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་བཏང་ནས་རང་བརྟེན་གོང་འཕེལ་གཏོང་ནུས་རྒྱུན་ཆད་མེད་པར་ཤུགས་ཆེར་གཏོང་རྒྱུ། ལྷ་སའི་རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་Bཁུལ་འཛུགས་སྐྲུན་ཤུགས་ཆེ་བྱེད་པ་དང་། Aཁུལ་དང་Bཁུལ་གྱི་འཛུགས་སྐྲུན་དང་གོང་འཕེལ་གཏོང་རྒྱུར་གཅིག་གྱུར་འཆར་འགོད་བྱེད་རྒྱུ། བོད་དབུས་རྒྱུད་ཀྱི་དགེ་སྟོབས་ཆེ་བའི་ཁྱད་ལྡན་ཐོན་ལས་དང་མཚོ་བོད་ལྕགས་ལམ་ལམ་རྒྱུད་ཀྱི་དགེ་སྟོབས་ཆེ་བའི་ཐོན་ལས་ལ་རོགས་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་རྒྱུ། གོར་མོའི་བོད་མཚོའི་བཟོ་ལས་སྡེ་གླིང་ཁུལ་གྱི་སྔོན་གྲབས་ལས་ཀ་ཇེ་མགྱོགས་སུ་གཏོང་རྒྱུ།
ཐོན་ལས་གསུམ་པ་སྟོབས་ཆེར་གཏོང་རྒྱུ། ཡུལ་སྐོར་ལས་རིགས་དང་རིག་གནས་ཐོན་ལས་སྒྲིལ་བཅོས་བྱེད་པའི་གོང་འཕེལ་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས་ནང་དངོས་མཐུན་རྐྱེན་དང་ཕྱི་དངོས་མཐུན་རྐྱེན་ལེགས་བཅོས་ཤུགས་ཆེ་བྱས་ཐོག་སྒྲིག་སྲོལ་དང་ལམ་སྲོལ་མཐུན་སྦྱོར་བཟོས་ནས་ཡུལ་སྐོར་ནམ་དུས་ཡག་ཤོས་ཀྱི་སྐབས་སུ “བོད་དུ་ཡོང་མི་ཐུབ་པ་དང་། གྲམ་མི་ཐུབ་པ། མཐོང་མི་ཐུབ་པ། ཕྱི་ལ་འགྲོ་མི་ཐུབ་པ ”བཅས་ཀྱི་བཅུར་འགག་དང་ཚོད་འཛིན་ཐེབས་པའི་གནད་དོན་ཐག་གཅོད་ཡག་པོ་བྱས་ཏེ “རྩེ་སོན་དང་། སྤུས་དག ཁྱད་ལྡན ”བཅས་ཀྱི་ཡུལ་སྐོར་གོང་འཕེལ་གཏོང་ལམ་རྒྱུན་འཁྱོངས་བྱས་ནས་ཡུལ་སྐོར་སྣེ་ལེན་ཞུ་རྒྱུའི་མི་ཐེངས་ཁྲི་1000བརྒལ་བ་དང་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་120ཟིན་པའི་འབད་བརྩོན་བྱས་ཏེ་འཛམ་གླིང་ཡུལ་སྐོར་དམིགས་ས་གཙོ་བོའི་བག་ཆགས་འཇོག་ཤུགས་དང་སྐུལ་ཁྲིད་བྱེད་ནུས་ཆེ་རུ་བཏང་ནས་ཚོང་ལས་ཉོ་ཚོང་འཁོར་རྒྱུག་སོགས་ཞབས་ཞུའི་ལས་རིགས་ཕྱོགས་ཡོངས་ནས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།
(ལྔ )སྒུལ་ཤུགས་གསར་གཏོད་བྱས་ནས་ཚན་རྩལ་ཡར་ཐོན་ཡོང་རྒྱུར་སྐུལ་སྤེལ་ཇེ་མགྱོགས་སུ་གཏོང་རྒྱུ།
ལས་སྟེགས་སྐྲུན་ནས་ཁེ་ལས་དང་། ཚན་ཞིབ་ཚན་པ། མཐོ་རིམ་སློབ་གྲྭ་ཆེ་ཁག་སོགས་ཕྱོགས་གང་ཐད་ཀྱི་ནུས་ཁུངས་སྒྲིལ་བཅོས་བྱས་ནས་ལག་རྩལ་གསར་གཏོད་ཀྱི་ལས་སྟེགས་དང་། གྲུབ་འབྲས་དངོས་འགྱུར་གྱི་ལས་སྟེགས། ཆབ་སྲིད་ཞབས་ཞུའི་ལས་སྟེགས་བཅས་གང་མགྱོགས་སྐྲུན་དགོས། གཙོ་གནད་ཚོད་ལྟ་ཁང་དང་། ལས་གྲྭའི་ལག་རྩལ་ལྟེ་གནས། ཚན་རྩལ་གསོ་ཆས། ཚན་རྩལ་མཐོ་བའི་ཐོན་ལས་གླིང་ཁུལ་དང་དཔེ་སྟོན་རྟེན་གཞི་འཛུགས་སྐྲུན་བྱེད་རྒྱུ་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་ཚན་རྩལ་ཁེ་ལས་ཁག་གཅིག་སྐྱེད་བསྲིང་བྱེད་རྒྱུར་རོགས་སྐྱོར་བྱེད་དགོས།
ཆེད་དོན་རྣམ་གྲངས་འགག་སྒྲོལ་བྱས་ནས་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་དང་། སྐྱེ་དངོས་ཐོན་ལས། བོད་ལུགས་གསོ་རིག་དང་བོད་སྨན་ལས་རིགས། ནུས་རྒྱུ་གསར་པ། མདོག་ལྡན་ལྕགས་རིགས་ལས་རིགས་སོགས་ཀྱི་ཐད་ལ་ཞིབ་འཇུག་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང་། གསེར་གཡག་ཚན་རྩལ་ལས་གཞི་དང་། གསེར་ཉིའི་ཚན་རྩལ་ལས་གཞི། འབྱུང་ཁམས་སྲུང་བཅད་སོགས་ཚན་རྩལ་ཆེད་དོན་རྣམ་གྲངས་ཆེ་གྲས་ལག་བསྟར་བྱེད་རྒྱུ་དང་། ཆེད་དོན་ལག་རྩལ་ཚོགས་པ་སྒྲིག་བཙུགས་བྱས་ནས་ཚན་རྩལ་འགག་སྒྲོལ་དང་ལྟེ་བའི་ལག་རྩལ་ཁག་གཅིག་འགག་སྒྲོལ་ཐུབ་པ་བྱས་ཐོག་གཙོ་གནད་ལག་རྩལ་གྱི་བཅུར་བཀག་ཁག་གཅིག་ཐག་གཅོད་ཐུབ་པ་བྱེད་དགོས།
དངོས་སྒྱུར་ལ་སྐུལ་འདེད་བཏང་ནས་ཚན་རྩལ་གྲུབ་འབྲས་དངོས་སྒྱུར་བེད་སྤྱོད་གང་མགྱོགས་ཐུབ་པ་བྱས་ནས་ཞིང་འབྲོག་ལས་དང་། འདེགས་སྐྱོར་ཐོན་ལས། དམངས་འཚོ། འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་ལེགས་སྐྱོང་བྱེད་རྒྱུ་སོགས་ཀྱི་ཁྱབ་ཁོངས་སུ་བེད་སྤྱོད་དང་རྨང་གཞིའི་ཞིབ་འཇུག་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང་། ནས་ཀྱི་སོན་བཟང་དང་། འབྲི་གཡག་གསོ་འཕེལ། ལུག་དང་བ་གླང་གི་རྒྱུད་པ་བཟང་དུ་གཏོང་རྒྱུ་བཅས་ཀྱི་ཚན་རྩལ་གྲུབ་འབྲས་མུ་མཐུད་ཁྱབ་སྤེལ་ཤུགས་ཆེ་བཏང་སྟེ་གྲུབ་འབྲས་དངོས་སྒྱུར་བྱེད་པའི་དུས་འཁོར་ཐུང་དུ་བཏང་ཐོག་ཚན་རྩལ་གྲུབ་འབྲས་དངོས་སྒྱུར་དང་བེད་སྤྱོད་ཐུབ་རྒྱུའི་ནུས་པ་རྒྱུན་ཐོན་གྱི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་ཚན་རྩལ་གྱི་ལེགས་སྐྱེས་འབུལ་ཚད་རིམ་བཞིན་མཐོ་རུ་གཏོང་རྒྱུ།
ཁྱབ་སྤེལ་རྒྱ་ཆེ་བཏང་ནས་ཚན་རྩལ་རྣམ་གྲངས་འདྲ་མིན་རིགས་ལག་བསྟར་གྱིས་ཚན་རྩལ་ཁྱབ་གདལ་རྟེན་གཞི་སྐྲུན་རྒྱུ་དང་། ཚན་རྩལ་དཔེ་སྟོན་དུད་ཚང་དང་ཚན་རྩལ་ཕྱུག་འགྱུར་སྣེ་ཁྲིད་མི་སྣ་གསོ་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཞིང་འབྲོག་ལས་དང་དམངས་འཚོའི་ཁྱབ་ཁོངས་ནང་སྔོན་ཐོན་གོ་ཆོད་ལག་རྩལ་དང་སྒྲིག་ཆས་གསར་པ་ཁྱབ་གདལ་ཤུགས་ཆེ་གཏོང་རྒྱུ་དང་། ཚན་རྩལ་ཁྱབ་སྤེལ་གཏོང་ཤུགས་ཆེ་རུ་བཏང་སྟེ་མུ་མཐུད་ཚན་རྩལ་གཤམ་གཏོང་དང་རྒྱུན་སྤྱོད་ཚན་རྩལ་ཤེས་བྱ་ཁྱབ་སྤེལ་བཏང་ཐོག་ཤེས་ལྡན་པ་གསོ་སྐྱོང་དང་། ནང་འདྲེན། བེད་སྤྱོད་བཅས་བྱེད་པའི་ངར་སྐུལ་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་ཚན་རྩལ་ཁྱབ་ཚད་གང་མགྱོགས་ཆེ་རུ་གཏོང་རྒྱུ།
(དྲུག )གཙོ་གནད་མངོན་ཆེར་བཟུང་ནས་བསྒྱུར་བཅོས་གཏིང་ཟབ་བྱེད་པ་དང་སྒོ་དབྱེ་རྒྱ་ཆེར་དབྱེ་རྒྱུ།
མུ་མཐུད་ཞིང་འབྲོག་ཁུལ་གྱི་ཕྱོགས་བསྡུས་བསྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་ཕྱུགས་རིགས་སྨན་པའི་ལམ་སྲོལ་དང་། མཉམ་སྡེབ་ནགས་ཚལ་བདག་དབང་ལམ་ལུགས། རྩྭ་ཐང་གི་འབྱུང་ཁམས་སྐྱོང་གསབ་ལམ་སྲོལ། གྲོང་གསེབ་ཀྱི་ཆུ་བེད་དང་ཆུ་གློག་དོ་དམ་ལམ་སྲོལ་བཅས་བསྒྱུར་བཅོས་བྱེད་རྒྱུར་སྐུལ་འདེད་ཇེ་མགྱོགས་སུ་གཏོང་རྒྱུ་དང་། གཞུང་ཁོངས་ཁེ་ལས་བསྒྱུར་བཅོས་ཇེ་མགྱོགས་སུ་གཏོང་རྒྱུ། ཡུལ་སྐོར་དང་། ཟོག་འགྲེམས། ཆུ་གློག ནུས་རྒྱུ་གསར་པ། འབྱུང་འཕྲོད་བཟའ་འཐུང་ལས་རིགས། རིག་གནས་ལས་རིགས། ནུས་རྒྱུ་བསྲི་ཚགས་དང་ཁོར་ཡུག་སྲུང་སྐྱོང་སོགས་ཁྱབ་ཁོངས་ཀྱི་ཐོན་ལས་ཚོགས་པ་འཛུགས་སྐྱོང་བྱེད་པའི་ལས་ཀ་ཇེ་མགྱོགས་སུ་སྤེལ་རྒྱུ། སྨན་རྫས་འཕྲོད་བསྟེན་ལམ་སྲོལ་བསྒྱུར་བཅོས་དང་སློབ་གསོའི་ལམ་སྲོལ་བསྒྱུར་བཅོས་བྱེད་རྒྱུར་མུ་མཐུད་དམ་འཛིན་ཡག་པོ་བྱེད་རྒྱུ་དང་། སྤྱི་ཕན་རང་བཞིན་གྱི་རིག་གནས་བྱ་གཞག་ཚན་པའི་ནང་ཁོངས་ཀྱི་ལམ་སྲོལ་བསྒྱུར་བཅོས་བྱེད་རྒྱུ་དང་གཉེར་སྐྱོང་རང་བཞིན་གྱི་རིག་གནས་ཚན་པ་དེ་ཁེ་ལས་སུ་འགྱུར་རྒྱུའི་ལམ་ལུགས་བསྒྱུར་བཅོས་བྱེད་རྒྱུ་བརྟན་པོའི་ངང་སྐུལ་སྤེལ་ཧུར་ཐག་བཏང་ནས་རིག་གནས་དར་སྤེལ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། ཡོང་འབབ་བགོ་འགྲེམས་ལམ་ལུགས་བསྒྱུར་བཅོས་གཏིང་ཟབ་བྱས་ནས་ཟམ་མི་ཆད་པར་གོང་འཕེལ་གཏོང་རྒྱུའི་ནང་གནས་མཐུན་རྐྱེན་ལེགས་སུ་གཏོང་རྒྱུ།
སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གོང་འཕེལ་ཇེ་མགྱོགས་སུ་གཏོང་རྒྱུ། སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གོང་འཕེལ་གཏོང་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་འཆར་འགོད་ནང་བཅུག་ནས “གློད་གཏོང་ལྔ་དང་རྒྱབ་སྐྱོར་དྲུག ”གི་ལས་དོན་ཏན་ཏིག་བསྒྲུབས་ནས་སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་དེ་བང་རིམ་མང་བ་དང་རྣམ་པ་མང་བའི་ཕྱོགས་སུ་གོང་འཕེལ་གཏོང་རྒྱུར་ཁྲིད་སྟོན་དང་ངར་སྐུལ་བྱེད་རྒྱུ་དང་། ཆེད་སྤྱོད་མ་དངུལ་དང་། དངུལ་ཁང་གི་ཡིད་རྟོན་དངུལ་བུན། དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་ལམ་ཡང་ན་བཟོ་ལས་སྡེ་གླིང་ལ་ས་ཆ་འདོན་སྤྲོད་བྱེད་རྒྱ་ཆེ་རུ་བཏང་ནས་དེ་བས་ལྷུག་གཏོང་གི་ཁོར་ཡུག་ཅིག་གསར་གཏོད་བྱེད་རྒྱུ།
སྒོ་མོ་དབྱེ་རྒྱ་ཆེ་རུ་ཧུར་ཐག་གཏོང་རྒྱུ། མུ་མཐུད་ཕྱི་ཕྱོགས་ཉོ་ཚོང་གི་སྲིད་ཇུས་ལག་བསྟར་བྱས་ནས་འབྲེལ་ཡོད་རྒྱལ་ཁབ་ལ་འགག་སྒོའི་དཔྱ་ཁྲལ་མི་བསྡུ་བའི་ཐོབ་ཐང་སྤྲོད་རྒྱུའི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་རྒྱུ་དང་། མཐའ་མཚམས་ཀྱི་ཉོ་ཚོང་བྱེད་སྐབས་མི་དམངས་ཤོག་སྒོར་གྱི་དུས་རྩིས་བྱེད་པའི་ཚོད་ལྟའི་ལས་ཀ་ཡག་པོ་སྒྲུབ་རྒྱུ། མུ་མཐུད་སྲིད་ཇུས་ཀྱི་རོགས་སྐྱོར་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་རང་ལྗོངས་ཀྱི་གསར་དར་ཉོ་ཚོང་གཙོ་གྲས་སྐྱོང་སྤེལ་ཡག་པོ་བྱས་ཏེ་མཐའ་མཚམས་མང་ཚོགས་ཀྱི་ཚོང་འབྲེལ་གྱི་ཚོང་ཟོག་འདྲེན་གཏོང་བྱེད་རྒྱ་ཆེ་རུ་བཏང་ནས་མཐའ་མཚམས་ཀྱི་ཉོ་ཚོང་དང་རང་བཟོས་ཐོན་རྫས་ཟམ་མི་ཆད་པར་ཕྱིར་གཏོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། མུ་མཐུད་འགག་སྒོའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་ཨེ་ཤེ་ཡའི་ལྷོ་མའི་སྐམ་སའི་ཚོང་འགྲུལ་བགྲོད་ལམ་ཆེ་མོ་རྒྱ་ཆེར་གཏོད་རྒྱུར་སྐུལ་འདེད་གཏོང་རྒྱུ།
ཁུལ་ཁོངས་དཔལ་འབྱོར་མཉམ་ལས་བྱེད་རྒྱུར་དམ་འཛིན་བྱེད་རྒྱུ། མུ་མཐུད་རོགས་སྐྱོར་དང་ལེན་ཞུ་བའི་ལས་ཀ་ཡག་པོ་བསྒྲུབས་ནས་རོགས་སྐྱོར་བྱེད་ལམ་ཚགས་ཚུད་དུ་བཏང་སྟེ་བོད་སྐྱོར་མ་དངུལ་80%ཡན་གཞི་རིམ་ལ་འཁྱོག་གཟིགས་དང་། དེ་བས་མང་བའི་རོགས་སྐྱོར་ཐོན་ཁུངས་གཞི་རིམ་དུ་དོན་འཁྱོལ་ཡོང་བ་དང་ཞིང་འབྲོག་ཁུལ་དུ་བཀོད་སྒྲིག་བྱས་ནས་དུས་རབས་གསར་པའི་བོད་སྐྱོར་ལས་ཀར་གྲུབ་འབྲས་གསར་པ་ཐོབ་རྒྱུའི་འགན་ལེན་བྱེད་དགོས། ཁུལ་ཁོངས་དཔལ་འབྱོར་མཉམ་ལས་བྱེད་པའི་གོམ་སྟབས་མགྱོགས་སུ་བཏང་ནས་རང་ལྗོངས་ཀྱིས་ཀྲུང་དབྱང་གི་རྒྱལ་ཁབ་པུའུ་ཨུད་དང་། ཀྲུང་དབྱང་ཁེ་ལས། དེ་བཞིན་ནང་སའི་ཞིང་ལྗོངས་བཅས་དབར་བཞག་པའི་འབྲེལ་ཡོད་ཐབས་ཇུས་ཀྱི་གྲོས་དོན་དོན་འཁྱོལ་ཡག་པོ་ཡོང་བ་བྱས་ཐོག་རང་ལྗོངས་ཀྱི་མཉམ་ལས་བྱས་པ་ལས་བྱུང་བའི་ཐུན་མོང་གི་ཁེ་ཕན་ལོངས་སྤྱོད་བྱེད་ཚད་མཐོ་རུ་གཏོང་རྒྱུ།
(བདུན ) ངེས་གནས་གཏན་འཁེལ་ཁ་གསལ་བཟོས་ནས་ཁུལ་ཁོངས་ཀྱི་འཐབ་ཇུས་ཀྱི་ཁྱད་འཕཌ་མངོན་ཐུབ་པ་བྱེད་རྒྱུ།
བོད་དབུས་རྒྱུད་ས་ཁུལ་གྱི་ཁྱད་འཕགས་འདོན་སྤེལ་གང་ལེགས་བྱས་ཏེ་དེ་བས་ཤར་བགྲོད་ཐུབ་པ་དང་། སྟབས་བདེ་བ། གོ་ཆོད་པ་བཅས་ཀྱི་ལྗོངས་ཕྱི་ནང་གཉིས་ཀར་མཉམ་ལས་བྱེད་པ་དང་སྒོ་མོ་དབྱེ་བའི་ཐབས་རྣམ་ཞིག་འཚོལ་ཞིབ་ཧུར་ཐག་བྱས་ནས་ལྗོངས་ནང་ཁུལ་གྱི་ཁྱད་ལྡན་ཐོན་ལས་གོང་འཕེལ་གཏོང་རྒྱུ་དང་། ལྗོངས་ཕྱིའི་ཁྲོམ་ར་དང་། ལག་རྩལ། མ་དངུལ། དོ་དམ་སོགས་ཀྱི་མཐུན་རྐྱེན་འབྲེལ་མཐུད་ནུས་ལྡན་ཐུབ་རྒྱུར་སྐུལ་འདེད་བཏང་ཐོག་ཁྱད་ཡོན་གསབ་རེས་དང་ཐུན་མོང་དུ་གོང་འཕེལ་འགྲོ་བ་བྱེད་དགོས། བོད་ཤར་རྒྱུད་ས་ཁུལ་གྱི་ས་གཤིས་ཐོན་ཁུངས་ཀྱི་ཁྱད་འཕགས་འདོན་སྤེལ་གང་ལེགས་བྱས་ནས་འབྱུང་འཕྲོད་ཡུལ་སྐོར་ཐོན་རྫས་དང་། གཏེར་ཐོན་དང་ཆུ་ནུས་ཐོན་ཁུངས་ཞིབ་འཇུག་གསར་སྤེལ་ཇེ་མགྱོགས་སུ་གཏོང་བ་དང་། དུས་མཚུངས་ཁྲེན་ཏུའུ་དང་ཁྲུང་ཆིང་གི་དཔལ་འབྱོར་ཁུལ་དུ་བསྡུ་བའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས་སྟབས་བདེ་ལ་གོ་ཆོད་པའི་འགྲིམ་འགྲུལ་ནུས་ཁུངས་ལྟེ་གནད་སྐྲུན་རྒྱུ། འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་དང་དཔལ་འབྱོར་གོང་འཕེལ་གཏོང་རྒྱུ་གལ་ཆེ་མཉམ་དུ་འཛིན་པར་དམིགས་ནས་མཐའ་མཚམས་ཁུལ་གྱི་ཚོང་དོན་གྱི་དགེ་མཚན་འདོན་སྤེལ་ཧུར་ཐག་བྱས་ཏེ་བོད་ནུབ་རྒྱུད་ས་ཁུལ་གྱི་ཅུང་འཐུས་སྒོ་ཚང་བའི་མཐའ་མཚམས་ཀྱི་ཉོ་ཚོང་ཁྲོམ་རའི་མ་ལག་ཧུར་ཐག་སྐྲུན་རྒྱུ། བོད་བྱང་ཐང་གི་གནོད་འཚེ་སྔོན་འགོག་བྱེད་པའི་མ་ལག་སྐྲུན་རྒྱུར་ཤུགས་སྣོན་རྒྱག་རྒྱུ། མཐའ་མཚམས་ས་ཁུལ་དང་ལྟེ་བའི་ས་ཁུལ་གོང་འཕེལ་གཏོང་རྒྱུ་གཅིག་གྱུར་ཐོག་མཐུན་སྦྱོར་ཡག་པོ་ཡོང་བ་བྱས་ཏེ་ཚན་རིག་དང་མཐུན་པའི་འཆར་འགོད་བཟོ་བ་དང་། མ་འཇོག་བྱེད་ཤུགས་ཆེ་རུ་བཏང་ནས་མཐའ་མཚམས་ས་ཁུལ་གྱི་གོང་འཕེལ་ཇེ་མགྱོགས་སུ་གཏོང་རྒྱུ་དང་རྒྱུན་མཐུད་བདེ་འཇགས་བརྟན་ལྷིང་ཐུབ་རྒྱུར་སྐུལ་སྤེལ་གཏོང་དགོས།
(བརྒྱད )འགན་འཁྲི་དོན་འཁྱོལ་གྱིས་གངས་ལྗོངས་ས་མཐོའི་དྭངས་གཙང་གི་རི་ཆུ་ཀླུང་གསུམ་བརྟན་གནས་ཐུབ་པ་བྱེད་རྒྱུ།
འབྱུང་ཁམས་འཛུགས་སྐྱོང་དང་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུར་མཐོང་ཆེན་བྱེད་རྒྱུ། 《བོད་ཀྱི་འབྱུང་ཁམས་སྲུང་བཅད་སྲུང་སྐྱོབ་དང་འཛུགས་སྐྲུན་བྱེད་རྒྱུའི་འཆར་འགོད 》ཀྱི་ལས་གཞི་ཆེན་པོ་10མུ་མཐུད་ལག་བསྟར་བྱས་ཏེ་ཚན་རིག་དང་མཐུན་པའི་སྒོ་ནས་འབྱུང་ཁམས་ཁོར་ཡུག་ལ་བལྟོས་ནས་གནས་སྤོ་བྱེད་པའི་ལས་གཞི་ལག་བསྟར་བྱེད་རྒྱུ་དང་། ནགས་ཚལ་ཐོན་ཁུངས་ཀྱི་རིགས་གཉིས་པའི་བརྟག་དཔྱད་ལག་བསྟར་བྱེད་འགོ་བཙུགས་ནས་ནགས་ཚལ་གྱི་འབྱུང་ཁམས་ཕན་འབྲས་སྐྱོང་གསབ་ཐེབས་རྩ་དང་། རྩྭ་ཐང་འབྱུང་ཁམས་སྲུང་སྐྱོབ་བྱེད་རྒྱུར་ཁ་གསབ་རོགས་དངུལ་གྱི་བྱ་དགའ་སྤྲོད་པའི་ལམ་སྲོལ། རྒྱལ་ཁབ་ཀྱི་གཙོ་གནད་འབྱུང་ཁམས་སྙོམས་ཁུལ་ལ་མ་དངུལ་སྒྱུར་སྤྲོད་བྱེད་པ་སོགས་ཀྱི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱས་ཏེ་འབྱུང་ཁམས་ཕན་འབྲས་སྐྱོང་གསབ་དང་ཐོན་ཁུངས་གསར་སྤེལ་གྱི་འབྱུང་ཁམས་སྐྱོང་གསབ་བྱེད་པའི་ཚོད་ལྟ་བྱེད་ལམ་འཚོལ་ཞིབ་བྱས་ཏེ་ཕྱོགས་ཡོངས་ནས་གཏེར་འདོན་ཁོར་ཡུག་བཅོས་སྒྲིག་དང་འབྱུང་ཁམས་སླར་གསོ་བྱེད་པའི་འགན་འཁྲིའི་ལམ་སྲོལ་འཛུགས་རྒྱུ། གཙོ་བོའི་བྱེད་ནུས་ཐོན་ཁུལ་དང་། གཞུང་ཁོངས་ས་ཞིང་ཕྱོགས་བསྡུས་བེད་སྤྱོད་དང་བཅོས་སྒྲིག་འཆར་འགོད་བཟོ་རྒྱུར་ཤུགས་སྣོན་རྒྱག་རྒྱུ། ནུས་རྒྱུ་བསྲི་ཚགས་དང་ཁོར་ཡུག་ལ་གནོད་གཞི་ཇི་ཡོང་ཚོད་སྐོར་བྱེད་རྒྱུར་ཞིབ་བཤེར་ནན་པོ་བྱེད་རྒྱུ། གཙོ་གནད་ཁེ་ལས་ཀྱི་ལག་རྩལ་བསྒྱུར་བཅོས་བྱེད་རྒྱུར་རྒྱབ་སྐྱོར་བྱས་ཏེ་རྗེས་ལུས་ཀྱི་ཐོན་སྐྱེད་བྱེད་ནུས་ཇེ་མགྱོགས་སུ་དོར་ནས་ནུས་རྒྱུ་ཟད་གྲོན་ཆེ་བ་དང་བཙོག་སྐྱོན་དངོས་རིགས་བཤང་འབུད་མང་བའི་ལས་རིགས་ཚོད་འཛིན་ནན་པོ་བྱས་ནས་ཚན་པའི་ཐོན་སྐྱེད་སྤྱིའི་རིན་ཐང་གི་ཟད་གྲོན་བྱུང་ཚད་དང་བཙོག་སྐྱོན་དངོས་རིགས་བཤངས་འབུད་ཚད་ལས་མི་བརྒལ་བ་འགན་ལེན་བྱེད་རྒྱུ་དང་། ནུས་རྒྱུ་བསྲི་ཚགས་དང་བཙོག་སྐྱོན་ཉུང་གཏོང་གི་ལས་ཀ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་རང་ལྗོངས་ཀྱི་ནུས་རྒྱུ་བསྲི་ཚགས་དང་བཙོག་སྐྱོན་ཉུང་གཏོང་གི་ཕྱོགས་བསྡུས་རང་བཞིན་གྱི་ལས་ཀའི་ཇུས་གཞི་གང་མགྱོགས་ལེགས་གྲུབ་བྱེད་པ་དང་ཆབས་ཅིག་དུས་ཐོག་ཏུ “ལོ་ལྔ་ཚན་བཅུ་གཉིས་པའི་”རིང་གི་རང་ལྗོངས་ཀྱི་ནུས་རྒྱུ་བསྲི་ཚགས་དང་བཙོག་སྐྱོན་ཉུང་གཏོང་གི་དམིགས་ཚད་ལས་འགན་ཁག་བགོས་གཤམ་སྤྲོད་བྱེད་རྒྱུ། ཐོན་སྐྱེད་འཕྲོད་སྦྱོར་དང་ནུས་རྒྱུ་གྲོན་ཆུང་གི་རྒྱུ་ཆ་བེད་སྤྱོད་གཏོང་རྒྱུར་སྐུལ་སྤེལ་བཏང་ནས་བཙོག་སྐྱོན་ཉུང་གཏོང་གི་རྣམ་གྲངས་ལས་གཞི་འཕྲལ་མར་དོན་འཁྱོལ་བྱས་ཏེ་ནུས་རྒྱུ་བསྲི་ཚགས་དང་བཙོག་སྐྱོན་ཉུང་གཏོང་གི་དམིགས་ཚད་མངོན་འགྱུར་ཡོང་རྒྱུར་འགན་ལེན་བྱེད་རྒྱུ།
(དགུ )སྟངས་འཛིན་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་དཔལ་འབྱོར་རྒྱུན་མཐུད་དང་བརྟན་པོའི་ངང་འཁོར་རྒྱུག་ཐུབ་པའི་འགན་ལེན་བྱེད་རྒྱུ། དཔལ་འབྱོར་གྱི་གནས་བབ་བཏང་འཛིན་བྱེད་རྒྱུ། རྒྱལ་ཁབ་ཀྱི་གཞི་ཆེའི་དཔལ་འབྱོར་སྲིད་ཇུས་ཀྱི་ཁ་ཕྱོགས་བང་འཛིན་བྱས་ནས་སྐབས་འཕྲལ་དུ་ཁ་གཏད་གཅོག་ཐབས་འདོན་རྒྱུ་དང་། དཔལ་འབྱོར་འཁོར་རྒྱུག་བྱེད་ཚུལ་དང་སྲིད་ཇུས་ལག་བསྟར་བྱེད་པའི་ཕན་འབྲས་ལ་གཞིགས་ནས་དམིགས་ས་ཡོད་པའི་སྒོ་ནས་སྲིད་ཇུས་བྱ་ཐབས་ཚགས་ཚུད་དུ་བཏང་སྟེ་དཔལ་འབྱོར་ལེགས་ཤིང་མྱུར་བའི་སྒོ་ནས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ།
ནོར་སྲིད་སྲིད་ཇུས་ཀྱི་ཕན་ནུས་འདོན་སྤེལ་ཡག་པོ་བྱེད་རྒྱུ། དུས་ཚིགས་དང་ལོ་འཁོར་གྱི་དཔལ་འབྱོར་གནས་བབ་ལ་གཞིགས་ནས་ནོར་སྲིད་ཀྱི་གཏོང་སྒོ་མང་ཉུང་དང་། གཏོང་ཕྱོགས། གཏོང་ཤུགས་བཅས་དུས་ཐོག་ཏུ་ལེགས་སྒྲིག་བྱས་ཏེ་ནོར་སྲིད་མ་དངུལ་གྱིས་རང་ལྗོངས་ཀྱི་གཞི་ཆེའི་དཔལ་འབྱོར་ལ་གཙོ་ཁྲིད་རང་བཞིན་གྱི་སྙོམས་སྒྲིག་བྱེད་ནུས་འདོན་སྤེལ་གང་ལེགས་ཀྱིས་དཔལ་འབྱོར་འཕར་ཆག་ཆེ་བའི་གནས་ཚུལ་རིགས་མི་ཐོན་པ་བྱས་ཏེ་གོང་འཕེལ་བརྟན་ལ་མྱུར་པོ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ།
རིན་གོང་སྟངས་འཛིན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། སྤྱི་ཚོགས་ཀྱི་རོགས་སྐྱོབ་དང་འགན་སྲུང་གི་ཚད་གཞི་དེ་ཟོག་གོང་འཕར་ཚད་དང་མཐུད་འབྲེལ་མཉམ་འགུལ་ཐུབ་པའི་ལམ་སྲོལ་དོན་འཁྱོལ་གང་མགྱོགས་བྱས་ཏེ་རིན་གོང་སྙོམས་སྒྲིག་ཐེབས་རྩ་དང་བཏང་འཛིན་བྱེད་ཐབས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་ཁྲོམ་རའི་མཁོ་འདོན་དང་རིན་གོང་བརྟན་པོ་ཡོང་བའི་འཕྲལ་སྡོམ་སྔོན་ཇུས་ཚགས་ཚུད་དོན་འཁྱོལ་ཡོང་བའི་འགན་སྲུང་བྱེད་རྒྱུ་དང་། རིན་གོང་ལྟ་སྐུལ་དང་ཞིབ་བཤེར་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་གྲོང་མིའི་འཛད་སྤྱོད་ཀྱི་རིན་གོང་འཕར་ཚད་དེ་མང་ཚོགས་ཀྱིས་ཐེག་ཐུབ་པའི་ཁྱབ་ཁོངས་ནང་ཚོད་འཛིན་བྱེད་རྒྱུ།
དངོས་ཟོག་གྲབས་གསོག་བྱེད་རྒྱུ་སྙོམས་སྒྲིག་འོས་འཚམ་བྱེད་རྒྱུ། གལ་ཆེའི་ཚོང་ཟོག་གྲབས་གསོག་བྱེད་པའི་ལམ་ལུགས་དང་ཞིང་ལས་ཐོན་ཟོག་གཙོ་གྲས་སྐབས་འཕྲལ་དུ་གསོག་ཉར་བྱེད་པའི་ལམ་ལུགས་ཚགས་ཚུད་བཟོས་ཏེ་མང་ཚོགས་ཀྱི་འཚོ་བ་དང་ཐད་ཀར་འབྲེལ་བ་ཡོད་པའི་གལ་ཆེའི་ཚོང་ཟོག་གྲབས་གསོག་བྱེད་ཚད་མཐོ་རུ་གཏོང་རྒྱུ་དང་། བོད་དུ་ཕྱིར་གཏོང་ནང་འདྲེན་བྱེད་པའི་དངོས་ཟོག་གཏོང་འདྲེན་ཡག་པོ་བྱས་ཏེ་ཁྲོམ་རའི་བཏང་འཛིན་བྱེད་ནུས་ཆེ་རུ་གཏོང་རྒྱུ།
(བཅུ ) རྨང་གཞི་བརྟན་དུ་བཏང་ནས་ཞི་མཐུན་བོད་ལྗོངས་འཛུགས་སྐྱོང་བྱེད་རྒྱུར་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུ།
སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པའི་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུ། མིག་སྔར་གཞི་ཚུགས་པ་དང་། ཕུགས་ལ་རྒྱང་ལྟ་བྱས་ནས་རྟོག་ཞིབ་དང་རིགས་པས་ཁུངས་སྐྱེལ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ས་གནས་དེ་གར་གོང་འཕེལ་གྱི་བསམ་གཞི་གསལ་པོ་བཟོ་རྒྱུའི་རོགས་རམ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ས་གནས་དེ་གའི་གོང་འཕེལ་དང་བརྟན་ལྷིང་ལ་སྐུལ་སྤེལ་གཏོང་བའི་རྣམ་གྲངས་ཀྱི་ཇུས་གཞི་འདོན་རྒྱུ། མིག་སྔར་ཁ་ཚ་དགོས་གཏུགས་སུ་གྱུར་བའི་དཀའ་ངལ་དང་གནད་དོན་ཐག་གཅོད་ཡག་པོ་བྱེད་རྒྱུར་ཤུགས་བརྒྱབ་ནས་གཞི་རིམ་གོང་འཕེལ་དང་བརྟན་ལྷིང་ཡོང་རྒྱུར་གནོད་པའི་ཉམས་ཞན་ལྷུ་ཚིགས་དང་བཅུར་བཀག་ཐེབས་གཞིའི་གནད་དོན་རྩ་བ་རང་ནས་ཐག་གཅོད་བྱས་ཐོག་རྒྱུན་མཐུད་གོང་འཕེལ་དང་དེ་བས་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་རྒྱུ།
ཞི་མཐུན་གྱི་དགོན་སྡེ་སྐྲུན་རྒྱུ་དམ་འཛིན་ཡག་པོ་བྱེད་རྒྱུ། དགོན་སྡེའི་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱེད་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་ཇུས་གཞི་དང་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་“དགུ་ཡོད ”བླང་བྱ་ལྟར་ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་བཟོ་བ་དང་གཅིག་གྱུར་ངང་སྐུལ་འདེད་བཏང་སྟེ་དགོན་སྡེའི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་འཛུགས་སྐྲུན་ཇེ་མགྱོགས་སུ་འཐུས་སྒོ་ཚང་དུ་གཏོང་རྒྱུ།
ཉེན་མེད་ཐོན་སྐྱེད་བྱེད་རྒྱུ་དམ་འཛིན་ཡག་པོ་བྱས་ཏེ་གློ་བུར་དུ་ཐོན་པའི་དོན་རྐྱེན་ལ་ཁ་གཏད་ཡག་པོ་གཅོག་རྒྱུ། ཉེན་མེད་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་དང་འགན་འཁྲི་བདའ་འདེད་གཏོང་བའི་ལམ་ལུགས་ཚགས་ཚུད་དུ་བཏང་ནས་གཙོ་གནད་ཁྱབ་ཁོངས་དང་ལས་རིགས་ལ་ལྟ་སྡོམ་དང་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ་ཁྱོན་ཡོངས་ནས་རྐྱེན་རྩ་ཐོན་བཟོ་ཡོད་རིགས་མེད་པ་བཟོས་ཐོག་ཐོན་སྐྱེད་ཐད་ཀྱི་ལས་འཛོལ་ཐོན་རིགས་དང་མི་ཤི་ཚད “གཉིས་ཀ་ཆག ”ཐུབ་པའི་འགན་ལེན་བྱེད་རྒྱུ་དང་། བདེ་འཇགས་ལས་འཛོལ་ཚབས་ཆེའི་རིགས་མཐའ་གཅིག་ཏུ་བཀག་འགོག་ནན་པོ་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ལ་ཉེན་མེད་བདེ་འཇགས་ཡོང་རྒྱུའི་འགན་ལེན་བྱེད་རྒྱུ། གློ་བུར་དུ་ཐོན་པའི་དོན་རྐྱེན་ལ་ཁ་གཏད་ཡག་པོ་བཅག་ནས་ནན་ཏན་ངང་གནོད་འགོག་གེགས་སེལ་གྱི་འཆར་འགོད་དང་གནོད་འཚེར་འཕྲལ་སྡོམ་བྱེད་པའི་སྔོན་ཇུས་ཡག་པོ་བཟོ་དགོས། ས་ཞིང་བསྡུ་སྤྱོད་དང་བཤིག་སྤོ་བྱེད་པར་གུན་གསབ་སྤྲོད་པ་དང་། ཞིང་འབྲོག་ལས་མིའི་གླ་ཕོགས་སོགས་ཀྱི་གནད་དོན་ཐག་གཅོད་ཡག་པོ་ཡོང་བ་བྱེད་རྒྱུ།
འཐུས་མི་རྣམ་པ། 2012ལོ་ནི་“ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ལག་བསྟར་བྱེད་པའི་འགག་རྩའི་ལོ་ཞིག་ཡིན་པས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་སྐུལ་འདེད་ཇེ་མགྱོགས་སུ་གཏོང་རྒྱུ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ཀྱི་རྨང་གཞི་བརྟན་དུ་གཏོང་རྒྱུར་གལ་ཆེའི་དོན་སྙིང་ལྡན་ཡོད། ང་ཚོས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པ་དང་། ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ཚོགས་འདུ་ཐེངས་ལྔ་པ་བཅས་ཀྱི་ཇུས་གཞི་དང་བཀོད་སྒྲིག་གཞིར་བཟུང་གོ་སྐབས་དམ་འཛིན་དང་། གསར་གཏོད་བྱེད་ཕོད་པའི་སྒོ་ནས་“ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ལག་བསྟར་གཏིང་ཟབ་བྱེད་རྒྱུ་དང་། རང་ལྗོངས་ཀྱི་ཚན་རིག་དང་མཐུན་པའི་གོང་འཕེལ་དང་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་སྐུལ་སྤེལ་ཧུར་ཐག་བཏང་ནས་ལོ་འཁོར་གྱི་དམིགས་ཚད་ཁག་མངོན་འགྱུར་ཡོང་རྒྱུའི་འགན་ལེན་བྱས་ཏེ་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་སྐོང་ཚོགས་བྱེད་རྒྱུར་བསུ་བ་ཞུ་དགོས།
འགན་འཁུར་རྩོམ་སྒྲིག་པ། admin
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣