དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • བོད་རང་སྐྱོང་ལྗོངས་ཀྱི་2011ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2012ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་གཞིའི་འཆར་ཟིན་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཞིབ་བཤེར་བྱས་འབྲས་སྙན་ཞུ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན། རྡོ་རྗེ་ཚེ་རིང་གིས།

        རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ཚོགས་འདུ་ཐེངས་ལྔ་པའི་ཀྲུའུ་ཞི་ཚོགས་པ་ལ།

        བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་ཚོགས་འདུ་ཐེངས་ལྔ་པའི་ཐོག་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ནས་བཏོན་པའི 《བོད་རང་སྐྱོང་ལྗོངས་ཀྱི་2011ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2012ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་གཞིའི་འཆར་ཟིན་སྐོར་གྱི་སྙན་སྒྲོན 》དང་བོད་རང་སྐྱོང་ལྗོངས་ཀྱི་2012ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་གཞིའི་འཆར་ཟིན་ལ་གྲོས་ཞིབ་བྱས་པ་རེད། རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་འཆར་གཞིའི་སྙན་སྒྲོན་དང་འཆར་གཞིའི་འཆར་ཟིན་ལ་ཐོག་མའི་ཞིབ་བཤེར་བྱས་པའི་རྨང་གཞིའི་ཐོག་འཐུས་མི་ཚོགས་པ་ཁག་དང་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་ནས་གྲོས་ཞིབ་བྱས་པའི་བསམ་འཆར་གཞིར་བཟུང་ཡང་བསྐྱར་ཞིབ་བཤེར་བྱས་ཡོད། ད་ལྟ་ཞིབ་བཤེར་བྱས་འབྲས་སྙན་སེང་ཞུ་རྒྱུ་གཤམ་གསལ།

        ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་ངོས་འཛིན་བྱས་པར། 2011ལོར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་དེ་ཏང་ཀྲུང་དབྱང་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་མཛད་ཇུས་བཀོད་སྒྲིག་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ཚོགས་འདུ་ཐེངས་བཞི་པས་ཆོག་མཆན་སྤྲད་པའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་འཆར་གཞི་དོན་འཁྱོལ་དམ་འཛིན་ནན་ཏན་གྱིས་བྱས་ཡོད། དཔལ་འབྱོར་འཁོར་སྐྱོད་བྱེད་པའི་ཐད “འགོ་འཛུགས་ས་མཐོ་ཞིང་བརྟན་པོའི་ངང་གོང་འཕེལ་བྱུང་བ་དང་། སྤུས་ཚད་ལེགས་པོ་བྱུང་བ། དམངས་འཚོ་ལེགས་བཅོས་བྱུང་བ ”བཅས་ཀྱི་ཁྱད་ཆོས་མངོན་པ་དང་། དཔལ་འབྱོར་གོང་འཕེལ་གཏོང་བའི་ནང་ཐོན་གྱི་འགུལ་ཤུགས་ཆེ་རུ་སོང་སྟེ་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་འགྲོ་བའི་འཕེལ་ངོ་བཟང་པོ་རྒྱུན་འཁྱོངས་ཐུབ་པ་དང་ལོ་ལྔ་ཚན་བཅུ་གཉིས་པའི་འགོ་ཡག་པོ་ཞིག་འཛུགས་ཐུབ་པ་བྱུང་ཡོད། སྔོན་དཔག་ལྟར་ན་ལྗོངས་ཡོངས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར་605ཟིན་ནས་དུས་མཚུངས་དང་བསྡུར་ན་12.6%འཕར་རྒྱུ་ཡིན་པ་དང་། ས་གནས་ནོར་སྲིད་ཀྱི་སྤྱིར་བཏང་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་54.7ཟིན་ནས་49.2%འཕར་རྒྱུ་ཡིན་པ། ཁྲལ་འབབ་སྒོར་དུང་ཕྱུར་95 ཟིན་ནས་87.5%འཕར་རྒྱུ་ཡིན་པ། ཡུལ་མིའི་འཛད་སྤྱོད་རིན་གོང་དུས་མཚུངས་དང་བསྡུར་ན་5%ནང་ཚུད་དུ་ཚོད་འཛིན་ཐུབ་པ། གཞི་ཁྱོན་ལྡན་པའི་བཟོ་ལས་ཁེ་ལས་ཀྱི་འཕར་ཐང་19%འཕར་བ། ཡུལ་སྐོར་མི་ཐེངས་ཁྲི་850ལ་སྣེ་ལེན་ཞུས་པ་དང་། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་95ཟིན་རྒྱུ་ཡིན་པ། ལོ་ཧྲིལ་པོར་ཕྱིར་གཏོང་ནང་འདྲེན་གྱི་ཉོ་ཚོང་བྱས་འབོར་ཨ་སྒོར་དུང་ཕྱུར་10ལས་བརྒལ་རྒྱུ་ཡིན་པ། ཞིང་འབྲོག་མང་ཚོགས་མི་རེའི་ཆ་སྙོམས་འབབ་སྨར་སྒོར་4700ཟིན་ནས་13.6%འཕར་རྒྱུ་ཡིན་པ། གྲོང་ཁྱེར་གྲོང་རྡལ་གྱི་གྲོང་མིའི་ལག་ཐོག་ཡོང་འབབ་སྒོར་16148ཟིན་ནས་7.8%འཕར་རྒྱུ་ཡིན་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་3.2%ནང་ཚུན་དུ་ཚོད་འཛིན་ཐུབ་རྒྱུ་ཡིན་པ། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་དང་སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་ཟོག་སིལ་ཚོང་སྤྱི་འབོར་ཁག་སོ་སོར་16.6%དང་17.6%འཕར་རྒྱུ་ཡིན་པ་བཅས་རེད། དཔལ་འབྱོར་འཕར་ཤུགས་ཆེ་བ་དང་། མ་འཇོག་འཕར་ཚད་མགྱོགས་པ། འཛད་སྤྱོད་བརྟན་པོའི་ངང་འཕར་བ། ཁྲོམ་ར་རྒྱུན་མཐུད་ནས་འཁྲུག་པོ་བྱུང་བ། ཕྱིར་གཏོང་ནང་འདྲེན་འཕར་ཚད་ཆེ་བ། ཡུལ་སྐོར་ལས་རིགས་གོང་འཕེལ་མྱུར་བ། ནོར་ཁྲལ་ཡོང་འབབ་ཧ་ཅང་མགྱོགས་པོའི་ངང་འཕར་བ། བོད་ཀྱི་ཐེམ་ཁོངས་ཡིན་པའི་ལོ་དེ་གར་ཐོན་པའི་མཐོ་རིམ་སློབ་ཐོན་སློབ་མ་ཚང་མ་ལས་ཞུགས་ཐུབ་པ། མི་དམངས་ཀྱི་འཚོ་བ་མུ་མཐུད་ལེགས་བཅོས་བྱུང་བ། སྤྱི་ཚོགས་ཀྱི་བྱ་གཞག་ཁག་ཕྱོགས་ཡོངས་ནས་གོང་འཕེལ་བྱུང་བ་བཅས་དང་། ཕྱོགས་མཚུངས་རིག་པ་དྭངས་གསལ་གྱིས་མཐོང་དགོས་པར། རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་འགྲོ་བར་སྔར་བཞིན་མངོན་གསལ་དོད་པའི་དཀའ་ངལ་དང་གནད་དོན་ཁ་ཤས་ལྷག་ཡོད་པ་སྟེ། དཔལ་འབྱོར་འཁོར་སྐྱོད་ལ་གཏན་འཁེལ་ཐབས་མེད་པའི་རྒྱུ་རྐྱེན་མང་དུ་འགྲོ་བ་དང་། ཟོག་གོང་འཕར་ཚད་སྔོན་དཔག་གི་དམིགས་ཚད་ལས་བརྒལ་བ། ནང་འཇུག་རྣམ་པའི་དངུལ་ལོར་འགྲེམས་ཐལ་ཤོར་བའི་དཀའ་ངལ་ཆེ་རུ་སོང་བ། ཁེ་ལས་འབྲིང་ཆུང་གོང་འཕེལ་གཏོང་རྒྱུ་དང་། དཔལ་འབྱོར་གྲུབ་ཆ་ལེགས་སྒྲིག་བྱེད་རྒྱུ། ནང་ཐོན་སྒུལ་ཤུགས་ཆེ་རུ་གཏོང་རྒྱུ་བཅས་ཀྱི་ལས་འགན་སྔར་བཞིན་དཀའ་ཚེགས་ཆེ་བ་བཅས་ཡིན།

        ནོར་སྲིད་དཔལ་འབྱོར་ཨུ་ལྷན་གྱིས། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་བཏོན་པའི་2012ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་གཞིའི་སྙན་སྒྲོན་དང་འཆར་གཞིའི་འཆར་ཟིན་དེར། ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་དྲུག་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པ། རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཐོག ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་གོང་འཕེལ་གཏོང་བའི་ལམ་བུའི་ཐོག་སྐྱོད་རྒྱུ་མཐའ་འཁྱོངས་ཀྱིས་དཔལ་འབྱོར་འཛུགས་སྐྲུན་བྱེད་རྒྱུ་ལྟེ་བར་འཛིན་པ་དང་། དམངས་ཀྱི་འཚོ་བ་འགན་སྲུང་དང་ལེགས་བཅོས་བྱེད་རྒྱུ་དེ་ཐོག་མའི་དམིགས་ས་དང་དོན་ལ་བབས་སར་བརྩི་བ། “བརྟན་པོའི་ངང་ནས་གོང་འཕེལ་མྱུར་པོ་ཡོང་བ ”བཅས་ཀྱི་སྤྱིའི་བླང་བྱ་གནད་འཕིགས་སྟངས་འཛིན་བྱས་ཐོག རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་བཏོན་པའི “ཐོན་ལས་དང་པོ་གོང་མཐོར་གཏོང་བ་དང་། ཐོན་ལས་གཉིས་པ་རྒྱ་ཆེར་གཏོང་བ། ཐོན་ལས་གསུམ་པ་སྟོབས་ཆེར་གཏོང་བ ”བཅས་ཀྱི་སྤྱིའི་བླང་བྱར་དམ་པོར་དམིགས་ཏེ། གཞི་ཆེའི་དཔལ་འབྱོར་སྲིད་ཇུས་རྒྱུན་མཐུད་པ་དང་བརྟན་གནས་ཡོང་བའི་ཐོག མཛུབ་ཁྲིད་བསམ་བློ་ཁ་གསལ་བ་དང་། གཙོ་གནད་མངོན་ཆེར་བཟུང་བ། བྱ་ཐབས་ནུས་པ་ལྡན་པ་བཅས་བྱུང་བའི་ངོས་འཛིན་བྱས་ཡོད། ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ཚོགས་འདུ་ཐེངས་ལྔ་པའི་ཐོག་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་བཏོན་པའི 《བོད་རང་སྐྱོང་ལྗོངས་ཀྱི་2011ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་འགོད་ལག་བསྟར་བྱས་ཚུལ་དང་2012ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་གཞིའི་འཆར་ཟིན་སྐོར་གྱི་སྙན་སྒྲོན 》ལ་ཆོག་མཆན་སྤྲོད་རྒྱུ་དང་། 2012ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་གཞིའི་འཆར་ཟིན་ལ་ཆོག་མཆན་སྤྲོད་རྒྱུའི་གྲོས་འཆར་བཏོན་ཡོད། 2012ལོ་ནི “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ལག་བསྟར་བྱེད་པའི་སྔ་འཛིན་རྗེས་མཐུད་ཀྱི་ལོ་ཞིག་ཡིན་ཞིང་། 2012ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་འགོད་ནང་གི་དཔལ་འབྱོར་དམིགས་ཚད་ཁག་ལེགས་སྒྲུབ་ཐུབ་ཆེད་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་གྲོས་འཆར་བཏོན་པར།

        གཅིག མ་འཇོག་བྱེད་ཤུགས་ཆེ་རུ་ཏན་ཏིག་བཏང་ནས་དཔལ་འབྱོར “བརྟན་པོའི་ངང་གོང་འཕེལ་མྱུར་པོ་ཡོང་བའི ”འགན་ལེན་བྱེད་དགོས། སྲིད་གཞུང་གིས་མ་འཇོག་གི་མགྱོགས་མདའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་སྤྱི་ཚོགས་ཀྱིས་མ་འཇོག་བྱེད་རྒྱུར་ཁྲིད་སྟོན་དང་སྣེ་ཁྲིད་བྱེད་དགོས། ཀྲུང་དབྱང་གི་རྒྱབ་སྐྱོར་དང་ག་སྦྱར་རོགས་སྐྱོར་ཞིང་གྲོང་དང་། དེ་བཞིན་ཀྲུང་དབྱང་ཁེ་ལས་ཀྱི་རོགས་སྐྱོར་དང་སྤྱི་ཚོགས་ཀྱི་མ་འཇོག་བྱས་པའི་མ་དངུལ་རྣམས་གཅིག་སྡུད་ཐོག་གཏོང་བའི་ཕན་འབྲས་ཐོན་པ་བྱས་ཏེ་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་གཞི་ཁྱོན་ཆེ་རུ་གཏོང་དགོས། “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ཀྱི་གཙོ་གནད་རྣམ་གྲངས་226དོན་འཁྱོལ་བྱེད་པའི་མྱུར་ཚད་མགྱོགས་སུ་གཏོང་རྒྱུར་སྐུལ་སྤེལ་བཏང་ནས་རྣམ་གྲངས་ཀྱི་སྔོན་གྲབས་ལས་དོན་ཁག་སྔ་ཙམ་དང་། གཏིང་ཟབ་པ། ཞིབ་ཚགས་པ་བཅས་ཡོང་བ་བྱས་ཐོག རྣམ་གྲངས་འཛུགས་སྐྲུན་ཐད་སྐས་རིམ་བཞིན་སྐུལ་སྤེལ་དང་སྒྲིལ་འགུལ་གོང་འཕེལ་ཡོང་བ་བྱས་ནས་དཔལ་འབྱོར་གོང་འཕེལ་གཏོང་རྒྱུའི་རྨང་གཞི་སྔར་བས་བརྟན་དུ་གཏོང་དགོས། སྡེ་ཚན་དང་ལས་རིགས་ཁག་གི “ལོ་ལྔ་ཚན་བཅུ་གཉིས་པའི ”གོང་འཕེལ་འཆར་འགོད་བཟོ་འགོད་ཞིབ་བཤེར་བྱེད་པའི་མྱུར་ཚད་མགྱོགས་སུ་བཏང་ནས་སྡེ་ཚན་དང་ལས་རིགས་ཁག་གོང་འཕེལ་གཏོང་རྒྱུའི་ཚན་རིག་རང་བཞིན་དང་། གཅིག་གྱུར་འཆར་འགོད་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་ཤུགས་ཆེར་གཏོང་བ་དང་གོང་འཕེལ་གཏོང་ནུས་ཆེ་རུ་གཏོང་དགོས། མ་འཇོག་གིས་འཛད་སྤྱོད་ལ་མཐུན་སྦྱོར་སྐུལ་ཁྲིད་བྱེད་རྒྱུ་རྒྱུན་འཁྱོངས་ཀྱིས་འཛད་སྤྱོད་ལ་ངར་སྐུལ་བྱེད་པའི་སྲིད་ཇུས་དང་བྱ་ཐབས་བཟོས་ནས་འཐུས་ཚང་དུ་སྔར་ལས་ལྷག་པ་བཏང་སྟེ་འཛད་སྤྱོད་ཀྱི་དགོས་མཁོ་རྒྱ་ཆེར་གཏོང་རྒྱུའི་ནུས་པ་རྒྱུན་ཐོན་གྱི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས། རྒྱལ་དམངས་ཀྱི་ཡོང་འབབ་བགོ་བགྲེམས་བྱེད་པའི་གྲུབ་ཆ་ལེགས་སྒྲིག་དང་སྤྱི་ཚོགས་འགན་སྲུང་ལམ་ལུགས་ཚགས་ཚུད་དུ་གཏོང་རྒྱུ་ནས་འགོ་བཙུགས་ཏེ་ངལ་རྩོལ་པའི་གླ་ཕོགས་ཡོང་འབབ་དང་ཡུལ་མིའི་ཡོང་འབབ་མང་དུ་བཏང་ནས་གྲོང་ཁྱེར་གྲོང་གསེབ་ཀྱི་ཡུལ་མིའི་འཛད་སྤྱོད་བྱེད་ནུས་ཆེ་རུ་གཏོང་དགོས། “གྲོང་ཁྲི་ཤང་སྟོང་གི་ཁྲོམ་རའི་ལས་གཞི ”སྐུལ་སྤེལ་ཤུགས་ཆེ་བཏང་ནས་ཞིང་འབྲོག་མང་ཚོགས་ཀྱི་འཛད་སྤྱོད་བྱེད་རྒྱ་སྔར་བས་ཆེ་རུ་གཏོང་དགོས།

        གཉིས། “ཞིང་གསུམ ”ལས་དོན་ལ་ཤུགས་སྣོན་གང་ལེགས་བརྒྱབ་ནས་ཞིང་འབྲོག་ཁུལ་གྱི་དཔལ་འབྱོར་གོང་འཕེལ་གཏོང་རྒྱུའི་གསོན་ཤུགས་ཆེ་རུ་གཏོང་དགོས། རིམ་ཁག་སྲིད་གཞུང་གིས་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་རྒྱུར་དམ་པོར་དམིགས་ནས་ཞིང་འབྲོག་ལས་ལ་ཤུགས་སྣོན་དང་། ཞིང་འབྲོག་པར་ཕན་སྦྱར། ཞིང་འབྲོག་པ་ཕྱུག་འགྱུར་ཡོང་བ་བཅས་ཀྱི་སྲིད་ཇུས་ཚགས་ཚུད་དུ་བཏང་ཐོག ནོར་སྲིད་ཀྱིས་“ཞིང་གསུམ ”ཐད་ལ་སྤྱོད་རྒྱུའི་གཏོང་སྒོ་མང་དུ་གཏོང་བ་དང་སྲིད་གཞུང་གི་གཏན་འཇགས་རྒྱུ་ནོར་གྱིས་ཞིང་འབྲོག་ཁུལ་ལ་གཏོང་ཆ་གཏོང་ཤུགས་ཆེ་རུ་བཏང་སྟེ་ཞིང་འབྲོག་ལས་ཐོན་འཕར་ཡོང་བ་དང་། ཞིང་འབྲོག་མང་ཚོགས་འབབ་འཕར་ཡོང་བ། ཞིང་འབྲོག་ཁུལ་གོང་འཕེལ་ཡོང་བ་བཅས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། “འབྲུ་རིགས ”དང་“ཤ་མར་ཚལ་གསུམ ”ཞིང་ཆེན་གྱི་ཧྲེང་ཀྲང་(གྲོང་ཁྱེར་གྱི་གྲོང་སྤྱི )ཡིས་འགན་འཁུར་བའི་ལམ་ལུགས་དོན་འཁྱོལ་བྱེད་དགོས། ཆུ་བེད་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་རྒྱུར་དམ་འཛིན་བྱས་ནས་ས་ཞིང་འདེབས་ཁྱོན་དང་རྩྭ་རར་ཆུ་འདྲེན་རྒྱ་སྔར་བས་ཆེ་རུ་གཏོང་དགོས། ཚན་རྩལ་ལ་བརྟེན་ནས་ཞིང་འབྲོག་ལས་དར་རྒྱས་གཏོང་རྒྱུའི་འཐབ་ཇུས་མཐའ་འཁྱོངས་ཀྱིས་ཞིང་འབྲོག་ལས་ཀྱི་ཚན་རྩལ་འགག་སྒྲོལ་དང་རང་བརྟེན་གསར་གཏོད་ནུས་པ་ཆེ་རུ་བཏང་སྟེ་ཞིང་འབྲོག་ལས་ཀྱི་ཚན་རྩལ་ཁྱབ་གདལ་གང་མགྱོགས་གཏོང་དགོས། ཀྲུང་དབྱང་ནས་བོད་དེ་མུ་མཐུད་གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་རོགས་སྐྱོར་བྱེད་ཁོངས་སུ་འཇུག་པའི་གོ་སྐབས་བེད་སྤྱོད་གང་ལེགས་བཏང་ནས་དབུལ་སྐྱོར་གྱི་ཚད་གཞི་མཐོ་རུ་གཏོང་རྒྱུ་དང་། དབུལ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། རང་ལྗོངས་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་འབབ་སྨར་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དང་ཧེ་བག་གང་མགྱོགས་ཆུང་དུ་གཏོང་ཐུབ་པ་བཅས་བྱེད་དགོས།

        གསུམ། དམངས་འཚོ་ལེགས་བཅོས་གང་ལེགས་བྱས་ནས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་བ་བྱེད་དགོས། རིམ་ཁག་སྲིད་གཞུང་གིས་སློབ་ཞུགས་དང་། སྨན་བཅོས། ལས་ཞུགས། སྤྱི་ཚོགས་འགན་སྲུང་། སྡོད་ཁང་འགན་སྲུང་བཅས་བྱེད་རྒྱུ་དེ་དམངས་འཚོ་ལེགས་བཅོས་དང་སྤྱི་ཚོགས་བྱ་གཞག་གོང་འཕེལ་གཏོང་རྒྱུའི་གཙོ་གནད་དུ་བརྩི་དགོས། བྱ་གཞག་གསར་གཏོད་དང་ལས་ཞུགས་ཐད་ལ་དེ་བས་དགེ་མཚན་ལྡན་པའི་སྲིད་ཇུས་སྤྱད་ཐོག་སྤྱི་ཚོགས་ཞབས་ཞུའི་ལས་རིགས་མགྱོགས་མྱུར་སྔོན་དུ་གོང་འཕེལ་གཏོང་རྒྱུ་དེ་དཔལ་འབྱོར་གྱི་འཕར་གཞི་གསར་པར་བརྩི་རྒྱུ་དང་། སྡེ་ཁུལ་གྱི་ཞབས་ཞུ་དང་། རྒན་གསོའི་ཞབས་ཞུ། ཁྱིམ་ལས་ཞབས་ཞུ། དེ་བཞིན་ཆ་འཕྲིན་ཞབས་ཞུ་སོགས་དེང་དུས་ཀྱི་ཞབས་ཞུའི་ལས་རིགས་གོང་འཕེལ་ཤུགས་ཆེ་བཏང་ནས་ངལ་རྩོལ་པས་རང་བརྟེན་བྱ་གཞག་གཏོད་རྒྱུར་ཁྲིད་སྟོན་དང་སྐུལ་ལྕག་རོགས་སྐྱོར་བཅས་བྱེད་དགོས། ཁུལ་ཁོངས་གོང་འཕེལ་གཏོང་རྒྱུ་སྔར་བས་གཅིག་གྱུར་འཆར་འགོད་བྱས་ནས་སྤྱི་ཚོགས་ཀྱི་ཐོན་ཁུངས་གྲབས་གསོག་དང་སྒྲིལ་བཅོས་བྱས་ཏེ་སྤྱི་པའི་ཞབས་ཞུ་ཆ་མཚུངས་ཅན་ཡོང་བར་སྐུལ་སྤེལ་གཏོང་དགོས། སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་སྐྱོང་བྱེད་རྒྱུ་སྔར་བས་འཐུས་ཚང་དུ་བཏང་ནས་སྤྱི་ཚོགས་ཀྱི་འགན་སྲུང་ཆུ་ཚད་མཐོ་རུ་གཏོང་དགོས། ལས་ཞུགས་དང་། འགན་སྲུང་རང་བཞིན་གྱི་སྡོད་ཁང་། ཞིང་འབྲོག་མང་ཚོགས་ཀྱི་བདེ་འཁོད་ལས་གཞི། གནོད་ཕོག་མེད་པའི་བཟའ་བཅའ་སོགས་མི་དམངས་མང་ཚོགས་ཀྱི་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས། གཙོ་ཆེའི་དངོས་ཟོག་གྲབས་གསོག་ལམ་ལུགས་འཐུས་ཚང་དུ་བཏང་ནས་ཞིང་ཞོར་ཐོན་རྫས་འཁོར་རྒྱུགས་མ་ལག་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་སྤྱི་ཚོགས་ཀྱི་རོགས་སྐྱོབ་དང་འགན་སྲུང་ཚད་གཞི་དེ་ཟོག་གོང་འཕར་བ་དང་ག་སྦྱར་མཉམ་འགུལ་གྱི་ལམ་སྲོལ་སྔར་བས་ཚགས་ཚུད་དུ་བཏང་ནས་ཡོང་འབབ་དམའ་བའི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་སྲུང་བྱེད་དགོས། གཞན་ཡང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་བཏང་ནས་སྤྱི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་དང་མི་དམངས་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་ལེགས་སུ་བཏང་སྟེ་སྤྱི་ཚོགས་ཞི་མཐུན་ལ་སྐུལ་འདེད་གཏོང་དགོས།

        བཞི། ཁེ་ལས་འབྲིང་ཆུང་ལ་གཞོགས་སྐྱོར་བྱེད་ཤུགས་ཆེ་རུ་ཏན་ཏིག་བཏང་ནས་དཔལ་འབྱོར་གོང་འཕེལ་གཏོང་རྒྱུའི་ནང་ཐོན་གྱི་འགུལ་ཤུགས་ཆེ་རུ་གཏོང་དགོས། རྒྱལ་ཁབ་སྲིད་ཇུས་ཀྱི་ཆོག་འཐུས་ཁྱབ་ཁོངས་ནང་ཁྲལ་རིན་ཆག་ཡང་དང་རྩ་ཆག་གཏོང་རྒྱུ་དང་། ཁྲལ་འབབ་བསྡུ་འགོ་འཛུགས་ཚད་མཐོ་རུ་གཏོང་རྒྱུའི་བྱ་ཐབས་སྤྱད་ནས་ཁེ་ལས་འབྲིང་ཆུང་ལ་གཞོགས་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་དགོས། ནོར་སྲིད་མ་དངུལ་གྱིས་ཁེ་ལས་འབྲིང་ཆུང་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་ཁེ་ལས་འབྲིང་ཆུང་གོང་འཕེལ་གྱི་ཆེད་དམིགས་མ་དངུལ་གཞི་རྒྱ་ལོ་རེ་བཞིན་ཆེ་རུ་བཏང་ནས། “སྲིད་གཞུང་གིས་མཚམས་སྦྱོར་ལ་རྒྱབ་སྐྱོར་དང་། མཚམས་སྦྱོར་གྱིས་ཁེ་ལས་ལ་ཞབས་ཞུ་སྒྲུབ་རྒྱུ ”སོགས་ཀྱི་བྱ་ཐབས་གཞིར་བཟུང་ཁེ་ལས་འབྲིང་ཆུང་ལ་ཕན་པ་ཐོབ་རྒྱ་ཆེ་རུ་གཏོང་དགོས། ནོར་སྲིད་ནས་ཁ་གསབ་རོགས་དངུལ་སྤྲོད་རྒྱུ་དང་། དངུལ་བུན་ལ་སྐྱེད་གསབ་བྱེད་པ་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྱུར་བྱེད་རྒྱུར་སྐུལ་འདེད་བཏང་སྟེ་ལག་རྩལ་བསྒྱུར་བཅོས་དང་། ནང་ཐོན་གོང་འཕེལ། རང་བརྟེན་གསར་གཏོད་བྱེད་ནུས་བཅས་ཆེ་རུ་གཏོང་དགོས། སྲིད་གཞུང་ཚན་པ་དང་དངུལ་རྩའི་ལས་ཁུངས་ཀྱིས་མཐུན་སྦྱོར་དང་འབྲེལ་མཐུད་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་ཁེ་ལས་འབྲིང་ཆུང་གི་མ་དངུལ་བསྡུ་གཏོང་བྱེད་དཀའ་བའི་གནད་དོན་ཞི་ལྷོད་དུ་གཏོང་རྒྱུའི་སྲིད་ཇུས་སྔར་བས་འཐུས་སྒོ་ཚང་དུ་བཏང་སྟེ་ཁེ་ལས་འབྲིང་ཆུང་ལ་གཏོང་བའི་དངུལ་བུན་ཁག་ཐེག་དང་བསྐྱར་དུ་ཁག་ཐེག་བྱེད་རྒྱུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས།

        ལྔ། ཁྱད་ལྡན་ཐོན་ལས་གོང་འཕེལ་ཇེ་མགྱོགས་སུ་བཏང་ནས་འཐབ་ཇུས་རང་བཞིན་གྱི་འདེགས་སྐྱོར་ཐོན་ལས་ལ་སྐུལ་སྤེལ་གཏོང་ནུས་འདོན་སྤེལ་གང་ལེགས་བྱེད་དགོས། རིམ་ཁག་སྲིད་གཞུང་གིས “ཐོན་ལས་དང་པོ་གོང་མཐོར་གཏོང་བ་དང་། ཐོན་ལས་གཉིས་པ་རྒྱ་ཆེར་གཏོང་བ། ཐོན་ལས་གསུམ་པ་སྟོབས་ཆེར་གཏོང་བའི ”སྤྱིའི་བླང་བྱ་གཞིར་བཟུང་གོང་འཕེལ་གཏོང་རྒྱུའི་སྙུགས་ཤེད་ཡོད་པ་དང་། རྟགས་ལེགས་ཀྱི་རིན་ཐང་ལྡན་པའི་འཐབ་ཇུས་རང་བཞིན་གྱི་འདེགས་སྐྱོར་ཐོན་ལས་ཁག་གཅིག་གང་མགྱོགས་སྐྱོང་སྤེལ་བྱེད་དགོས། མཐུན་རྐྱེན་བཟང་བའི་ཐོན་ཁུལ་གྱི་རྟེན་གཞི་འཛུགས་སྐྲུན་བྱེད་རྒྱུ་དམ་འཛིན་ཡག་པོ་བྱས་ནས་ཐོན་ལས་གླིང་ཁུལ་གང་མགྱོགས་སྐྲུན་ཐོག རང་ངོས་གོང་འཕེལ་གཏོང་ནུས་ཆེ་རུ་གཏོང་དགོས། ཡུལ་སྐོར་དེ་རིག་གནས་དང་འབྱུང་ཁམས་དང་ཕན་ཚུན་ཟུང་འབྲེལ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས་ཡུལ་སྐོར་ལས་རིགས་དེ་རིག་གནས་ཐོན་ལས་དང་སྒྲིལ་བཅོས་བྱེད་པའི་ཐོག་ནས་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་བཏང་སྟེ་ཡུལ་སྐོར་གྱི་ཕྱི་ནང་མཐུན་རྐྱེན་ལེགས་བཅོས་ཤུགས་ཆེ་བྱས་ནས་གལ་ཆེའི་འཛམ་གླིང་ཡུལ་སྐོར་བྱེད་གནས་ཡིན་པའི་བག་ཆགས་འཇོག་ཤུགས་དང་སྐུལ་ཁྲིད་བྱེད་ཤུགས་ཇེ་ཆེར་བཏང་ནས་ཁྱད་ལྡན་ཐོན་ལས་དང་གཙོ་རྟེན་ཐོན་ལས་མགྱོགས་མྱུར་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ཕྱི་ནང་གཉིས་ཀར་སྒོ་མོ་དབྱེ་རྒྱུ་རྒྱུན་འཁྱོངས་བྱས་ནས་མཐའ་མཚམས་ཀྱི་ཉོ་ཚོང་རྒྱ་ཆེར་བཏང་ཐོག རང་བཟོས་ཐོན་རྫས་ཕྱིར་གཏོང་བྱེད་རྒྱུར་སྐུལ་འདེད་གཏོང་དགོས། རང་ལྗོངས་ཀྱི་ཁྱད་ཆོས་ལྡན་པའི་ས་ཁང་ཐོན་ལས་ཁྲོམ་ར་མགྱོགས་མྱུར་གོང་འཕེལ་གཏོང་དགོས།

        དྲུག འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ལེགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ་རྒྱུན་མཐུད་གོང་འཕེལ་འགྲོ་ནུས་ཤུགས་ཆེར་གཏོང་དགོས། ནུས་རྒྱུ་ཟད་ཚད་ཆུང་དུ་གཏོང་རྒྱུ་དང་། ཐོན་ཁུངས་གྲོན་ཆུང་བྱེད་རྒྱུ། ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་བཅས་དམིགས་བསལ་གྱི་གནས་བབ་ཐོག་བཞག་ནས་ནུས་རྒྱུ་བསྲི་ཚགས་དང་བཙོག་སྐྱོན་ཉུང་གཏོང་གི་སྲིད་ཇུས་དང་བྱ་ཐབས་བཟོ་འགོད་དང་འཐུས་ཚང་དུ་བཏང་ཁར། ནུས་རྒྱུ་བསྲི་ཚགས་དང་བཙོག་སྐྱོན་ཉུང་གཏོང་གི་དམིགས་ཚད་འགན་འཁྲིར་དཔྱད་བསྡུར་བྱེད་ཤུགས་ཆེ་རུ་གཏོང་དགོས། འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ལེགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ་བོད་ཀྱི་འབྱུང་ཁམས་སྲུང་བཅད་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་འཆར་འགོད་མགྱོགས་མྱུར་ལག་བསྟར་བྱེད་རྒྱུ་དང་། འབྱུང་ཁམས་སྐྱོང་གསབ་ཀྱི་ནུས་པ་རྒྱུན་ཐོན་ལམ་སྲོལ་འཛུགས་རྒྱུ་དང་འཐུས་སྒོ་ཚང་དུ་བཏང་ནས་འབྱུང་ཁམས་ཁོར་ཡུག་བཟང་བ་དང་རྒྱུན་མཐུད་ནས་གོང་འཕེལ་འགྲོ་རྒྱུ་འགན་ལེན་བྱེད་དགོས། གོང་གསལ་གྱི་སྙན་ཞུར་གྲོས་ཞིབ་ཡོད་པ་ཞུ།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།