རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་པད་མ་འཕྲིན་ལས་ཀྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ཚོགས་འདུ་ཐེངས་ལྔ་པའི་ཐོག་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་མཛུབ་སྟོན་གནང་དོན། 2011ལོར། ང་ཚོས་མ་འཇོག་དང་འཛད་སྤྱོད་གཉིས་ཀར་སྐུལ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་བྱས་ཤིང་། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་དང་སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་ཟོག་སིལ་ཚོང་བྱས་འབོར་ཁག་སོ་སོར་སྒོར་དུང་ཕྱུར་500དང་སྒོར་དུང་ཕྱུར་200ལས་སྒྲོལ་ཡོད། བོད་ཀྱི “ལོ་ལྔ་ཚན་བཅུ་གཉིས་པའི ”དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་འཛུགས་སྐྲུན་རྣམ་གྲངས་ཀྱི་འཆར་འགོད་ཇུས་གཞིར་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་ཆོག་མཆན་ཐོབ་པ་དང་། “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ནང་གི་མ་འཇོག་དེ “ལོ་ལྔ་ཚན་བཅུ་གཅིག་པའི ”ལྡབ་2.5ཡིན་ཞིང་། རྣམ་གྲངས་113སྐྲུན་འགོ་བཙུགས་པ་དེས་འཆར་འགོད་ཀྱི་50%ཟིན་ཡོད། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་འབོར་སྒོར་དུང་ཕྱུར་540ཟིན་ཞིང་། དེའི་ནང་རྒྱལ་ཁབ་ཀྱིས་མ་དངུལ་སྒོར་དུང་ཕྱུར་281བཏང་བ་དེ་11%འཕར་བ་དང་། བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་24.66དོན་འཁྱོལ་བྱུང་བ་དེ་8.8%འཕར་ཡོད། མ་འཇོག་གི་འགན་སྲུང་ཤུགས་ཆེ་བྱུང་བར་བརྟེན་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ལེགས་བཅོས་མངོན་གསལ་དོད་པོ་བྱུང་ཡོད། ཤིན་བོད་གཞུང་ལམ་དང་ཁྲོན་བོད་གཞུང་ལམ་བཟོ་བཅོས་རྒྱ་སྐྱེད་ལས་གཞི་བདེ་བླག་ངང་སྤེལ་བཞིན་པ་དང་། རྫོང་5ལ་རྫོང་སྦྲེལ་སྣུམ་ནག་ལམ་བཟོ་འགོ་ཚུགས་པ། “རྨང་བརྟན་དམངས་ཕན་གྱི་གཞུང་ལམ་ཤར་བགྲོད་ཐུབ་པའི་འགག་སྒྲོལ་བྱ་སྤྱོད ”ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་པ། མེ་ཏོག་གི་གཞུང་ལམ་བདེ་བླག་ངང་བཟོ་བཞིན་ཡོད། གོང་དཀར་གནམ་ཐང་གི་མྱུར་སྐྱོད་གཞུང་ལམ་ཤར་གཏོང་ཐུབ་ནས་བོད་ལ་མྱུར་སྐྱོད་གཞུང་ལམ་མེད་པའི་ལོ་རྒྱུས་མཇུག་སྒྲིལ་བ་དང་། འཁོར་རིགས་ཤར་གཏོང་ཐུབ་པའི་ལམ་ཐག་སྤྱི་ལེ་4766མང་དུ་སོང་ཡོད། ལྷ་གཞིས་ལྕགས་ལམ་བཟོ་སྐྲུན་བདེ་བླག་ངང་བྱེད་བཞིན་ཡོད། གོང་དཀར་གནམ་ཐང་གི་འཕུར་སྐྱོད་ཁུལ་ལེགས་བཅོས་དང་ཆ་ལག་ཚང་སྒྲིག་བཟོ་བའི་ལས་གཞི་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད། པེ་ཅིང་ནས་ལྷ་ས་བར་ཐད་ཀར་འཕུར་སྐྱོད་ཀྱི་མཁའ་ལམ་ཤར་གཏོང་བྱས་ཡོད། དངོས་ཨ་འཕྲང་གི་གློག་ཁང་དང་། ལྷ་སའི་འབར་སྒུལ་གློག་ཁང་། ཆན་ཝ་ཁྲི་9ཟིན་པའི་དྲ་འབྲེལ་འོད་ཤུགས་གློག་ཁང་བཅས་བསྐྲུན་ཟིན་ནས་གློག་བཏང་བ་དང་། རྫམ་ཆུ་ཤུགས་གློག་ཁང་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་དུས་མཚམས་སུ་སླེབས་ཡོད། བོད་དབུས་རྒྱུད་ཀྱི་ཆན་ཧྥུའུ་220ཡི་གློག་དྲའི་རྒྱུན་འཁོར་ལས་གཞི་བསྐྲུན་ནས་བེད་སྤྱོད་བྱས་ཡོད། མཚོ་བོད་ཐད་རྒྱུགས་དྲ་འབྲེལ་ལས་གཞི་བསྐྲུན་ཟིན་ནས་ཚོད་ལྟའི་འཁོར་རྒྱུག་བྱས་པ་དེས་བོད་ཀྱི་གློག་ཤུགས་དྲ་རྒྱ་ཁེར་རྐྱང་ཐོག་ལས་གཉེར་བྱེད་པའི་ལོ་རྒྱུས་མཇུག་སྒྲིལ་བ་དང་བོད་དཀྱིལ་རྒྱུད་ཀྱི་གློག་དྲའི་གློག་མི་ལྡེང་བའི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་ཡོད། གློག་འདོན་འཕྲུལ་ཤུགས་སྤྱིའི་ཤོང་ཚད་ཆན་ཝ་ཁྲི་116ཟིན་པ་དང་གློག་མི་མགོར་ཁེབས་ཚད་85.6%ཟིན་ཡོད། གློག་མེད་པའི་ས་ཁུལ་གྱི་གློག་འདོན་འཛུགས་སྐྲུན་འཆར་འགོད་ལ་རྒྱལ་ཁབ་ནས་ཆོག་མཆན་ཐོབ་ཡོད། ཆུ་གློག་གོང་འཕེལ་གཏོང་རྒྱུའི་སྐོར་གྱི་བཞུགས་མོལ་ཚོགས་འདུ་སྐོང་ཚོགས་ལེགས་སྒྲུབ་བྱུང་ཡོད། “ཀྲུང་དབྱང་གི་ཡིག་ཨང་དང་པོའི ”དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཤིང་། ཕོད་མདོ་ཆུ་བེད་ལྟེ་གནད་ལས་གཞིའི་ཆུ་བོ་འཕྲེད་བཅད་ལེགས་སྒྲུབ་བྱུང་བ་དང་། ཡར་གཙང་བྱང་རྒྱུད་ཀྱི་ཆུ་འདྲེན་ཁུལ་གྱི་ལས་གཞི་བདེ་བླག་ངང་སྤེལ་བ། མལ་སྟག་ཆུ་འདྲེན་ཁུལ་གྱི་གཙོ་རྐང་ལས་གཞི་བསྐྲུན་ཟིན་ནས་སྤྱོད་འགོ་ཚུགས་པ། ཆུ་བོ་འབྲིང་ཆུང་རྒྱུགས་ཁུལ་བཅོས་སྐྱོང་བྱེད་རྒྱུ་ཕྱོགས་ཡོངས་ནས་འགོ་བཙུགས་ཡོད། འཕྲིན་གཏོང་དྲ་རྒྱ་དང་ཆ་འཕྲིན་ཅན་གྱི་ལས་གཞིར་སྐུལ་སྤེལ་ཏན་ཏིག་བཏང་ཞིང་། ཤང་ཚང་མར་དྲ་སྐུད་ཕྱོགས་ཡོངས་ནས་ཤར་གཏོང་ཐུབ་ཡོད། ལྷ་ཉིང་ལྕགས་ལམ་དང་། ལ་ལྷོའི་ཆུ་བེད་ལྟེ་གནད་དང་ལེ་ལག་གི་ཆུ་འདྲེན་ཁུལ། སོལ་བ་ལུང་ཆུ་ཤུགས་གློག་ཁང་སོགས་གལ་ཆེའི་རྣམ་གྲངས་ཀྱི་སྔོན་གྲབས་ལས་ཀ་གང་མགྱོགས་སྤེལ་བཞིན་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཛད་སྤྱོད་མཉམ་འཕེལ་བྱུང་ཞིང་། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་ཟོག་སིལ་ཚོང་བྱེད་འབོར་སྒོར་དུང་ཕྱུར་218ཟིན་ཡོད། རླངས་འཁོར་དང་སྡོད་ཁང་སོགས་ཀྱི་འཛད་སྤྱོད་འཕེལ་ངོ་ཆེ་རུ་འགྲོ་བ་དང་། ཡུལ་སྐོར་དང་། བཟའ་བཏུང་། སྤྲོ་གསེང་སོགས་ཀྱི་འཛད་སྤྱོད་འཕེལ་རྒྱས་མྱུར་པོ་བྱུང་ཡོད། གྲོང་ཁྱེར་གྱི་མུ་སྦྲེལ་ཚོང་གཉེར་དང་སྒོ་རྩིས་ཚོང་ཁང་རིམ་བཞིན་ཞིང་འབྲོག་ཁུལ་དུ་དར་ཁྱབ་འགྲོ་བཞིན་ཡོད་ཅིང་། “གྲོང་ཁྲི་ཤང་སྟོང་”གི་ཞིང་དུད་ཚོང་ཁང་ཁག་2070དང་འགྲེམས་སྐྱེལ་ལྟེ་གནས་ཁག་40གསར་རྒྱག་བཟོ་བཅོས་བྱས་ཡོད། ཁྱིམ་སྤྱོད་གློག་ཆས་དང་འཛིན་ཆས་གཤམ་གཏོང་བྱས་ནས་བཙོངས་འབོར་སྒོར་དུང་ཕྱུར་3.18ཟིན་ཡོད།