《དབང་པོ་སྐྱོན་ཅན་གྱི་ལས་ཞུགས་སྲོལ་ཡིག》ལག་བསྟར་བྱེད་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས།
《<དབང་པོ་སྐྱོན་ཅན་གྱི་ལས་ཞུགས་སྲོལ་ཡིག >ལག་བསྟར་བྱེད་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས 》འདི་2011ལོའི་ཟླ་9ཚེས་7ཉིན་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ཐེངས་12པའི་ཐོག་གྲོས་འཆམ་བྱུང་དོན་བཞིན་ད་ལྟ་ཁྱབ་བསྒྲགས་བྱེད་རྒྱུ་ཡིན་པས་2012ལོའི་ཟླ་1ཚེས་1ཉིན་ནས་ལག་བསྟར་བྱེད་དགོས།
རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི། པད་མ་འཕྲིན་ལས།
2011ལོའི་ཟླ་10ཚེས་25ཉིན།
ལེའུ་དང་པོ། སྤྱིའི་རྩ་འཛིན།
དོན་ཚན་དང་པོ། དབང་པོ་སྐྱོན་ཅན་ལས་ཞུགས་བྱེད་རྒྱུར་སྐུལ་འདེད་དང་དབང་པོ་སྐྱོན་ཅན་གྱི་ངལ་རྩོལ་ཁེ་དབང་འགན་ལེན་དང་སྲུང་སྐྱོབ་བྱེད་ཆེད། 《དབང་པོ་སྐྱོན་ཅན་གྱི་ལས་ཞུགས་སྲོལ་ཡིག 》གཞིར་བཟུང་རང་སྐྱོང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་བྱ་ཐབས་འདི་བཟོས་པ་ཡིན། དོན་ཚན་གཉིས་པ། རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ས་ཁོངས་ནང་གི་ལས་ཁུངས་དང་མི་དམངས་ཚོགས་པ། བྱ་གཞག་དང་ཁེ་ལས་ཚན་པ། དེ་བཞིན་དམངས་གཉེར་གྱི་ཁེ་ལས་མིན་པའི་ཚན་པ (གཤམ་ལ་གཅིག་གྱུར་ཐོག་མི་སྣ་བཀོལ་སྤྱོད་ཚན་པ་ཞེས་བསྡུ་རྒྱུ )བཅས་ཀྱིས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ། བྱ་ཐབས་འདིའི་གཏན་འབེབས་བཅས་གཞིར་བཟུང་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ཐད་རྒྱབ་སྐྱོར་བྱེད་རྒྱུའི་འོས་འགན་སྒྲུབ་དགོས།
བྱ་ཐབས་འདིའི་ནང་བརྗོད་པའི་དབང་པོ་སྐྱོན་ཅན་ལས་ཞུགས་བྱེད་པ་ཞེས་པ་ནི་བོད་རང་སྐྱོང་ལྗོངས་ཀྱི་རྒྱུན་སྡོད་ཐེམ་ཐོ་ཡོད་པ་དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་པོ་སྐྱོན་ཅན་གྱི་ལག་ཁྱེར 》རམ་ཡང་ན 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་སྐྱོན་དམག་མིའི་ལག་ཁྱེར 》ཡོད་པ། ཁྲིམས་ལུགས་ནང་གཏན་འབེབས་བྱས་པའི་ལས་ཞུགས་ཀྱི་ན་ཚོད་དང་འཚམ་པ། ལས་ཞུགས་བྱེད་རྒྱུའི་རེ་བ་དང་ལས་ཞུགས་ནུས་པ་ཡོད་པ་བཅས་ཀྱི་ངལ་རྩོལ་ཐོབ་ཆ་ཡོད་པའི་དབང་པོ་སྐྱོན་ཅན་ལ་ཟེར།
དོན་ཚན་གསུམ་པ། དབང་པོ་སྐྱོན་ཅན་ལས་ཞུགས་བྱེད་རྒྱུའི་ཐད་གཅིག་སྡུད་དང་ཁ་འགྲེམས་ཟུང་འབྲེལ་བྱེད་པའི་མཛད་ཕྱོགས་ལག་བསྟར་བྱས་ཐོག ཐབས་ལམ་དང་བང་རིམ། བྱ་ཐབས་བཅས་མང་པོ་བརྒྱུད་ནས་དབང་པོ་སྐྱོན་ཅན་ངལ་རྩོལ་ལས་ཞུགས་ཐུབ་རྒྱུ་རིམ་པས་ཁྱབ་གདལ་དང་། བརྟན་གནས། ལུགས་མཐུན་བཅས་ཡོང་བ་བྱེད་དགོས། མི་སྣ་བཀོལ་སྤྱོད་ཚན་པས་གཏན་འབེབས་ཀྱི་བསྡུར་ཚད་ལས་བརྒལ་ཏེ་དབང་པོ་སྐྱོན་ཅན་ལས་ཞུགས་བཀོད་སྒྲིག་བྱེད་རྒྱུར་སྐུལ་ལྕག་གཏོང་རྒྱུ་དང་། དབང་པོ་སྐྱོན་ཅན་གྱིས་རང་བརྟེན་ལས་འཚོལ་དང་རང་བརྟེན་བྱ་གཞག་གསར་གཏོད་བྱེད་པ་སོགས་རྣམ་པ་འདྲ་མིན་ཐོག་ནས་བབ་བསྟུན་ལས་ཞུགས་བྱེད་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་དགོས།
དོན་ཚན་བཞི་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་དབང་པོ་སྐྱོན་ཅན་ལས་ཞུགས་བྱེད་པའི་ལས་དོན་ལ་འགོ་ཁྲིད་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་དབང་པོ་སྐྱོན་ཅན་ལས་ཞུགས་བྱེད་རྒྱུ་དེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འཆར་འགོད་ནང་འཇུག་རྒྱུ་དང་སྦྲགས་དགེ་མཚན་ལྡན་པའི་ལས་ཞུགས་སྲིད་ཇུས་བཟོས་ཏེ་དབང་པོ་སྐྱོན་ཅན་ལས་ཞུགས་ཐུབ་རྒྱུར་མཐུན་རྐྱེན་བསྐྲུན་དགོས།
དོན་ཚན་ལྔ་པ། དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སོགས་ཚན་པ་དང་མཉམ་དུ་དབང་པོ་སྐྱོན་ཅན་ལས་ཞུགས་བྱེད་རྒྱུ་སྒྲིག་འཛུགས་དང་། དོ་དམ། རྩལ་ནུས་སྦྱོང་བརྡར། ལས་རིགས་ཁྲིད་སྟོན། ལས་ཞུགས་ངོ་སྤྲོད། དབང་པོ་སྐྱོན་ཅན་གྱི་ལས་ཞུགས་འགན་སྲུང་གྲོན་དངུལ་(གཤམ་ལ་འགན་སྲུང་གྲོན་དངུལ་ཞེས་བསྡུ་རྒྱུ )བསྡུ་འཇལ་སོགས་ཀྱི་ཞབས་ཞུའི་ལས་དོན་བསྒྲུབ་རྒྱུའི་འགན་ཁུར་རྒྱུ་དང་། དབང་པོ་སྐྱོན་ཅན་སྒྲིག་འཛུགས་བྱས་ཏེ་དུས་བཀག་ཐོག་ལས་རིགས་རྩལ་ནུས་འགྲན་བསྡུར་བྱེད་རྒྱུ་མ་ཟད། འབྲེལ་ཡོད་སྡེ་ཚན་ལ་དབང་པོ་སྐྱོན་ཅན་ལས་ཞུགས་བྱེད་པའི་ལས་དོན་ཡག་པོ་སྒྲུབ་རྒྱུར་ལྟ་སྐུལ་བྱེད་དགོས།
དོན་ཚན་དྲུག་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་གོང་འཕེལ་བསྒྱུར་བཅོས་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་། ནོར་སྲིད། དམངས་སྲིད། སློབ་གསོ། བཟོ་ཚོང་། ཁྲལ་དོན་སོགས་འབྲེལ་ཡོད་སྡེ་ཚན་དང་། དེ་འབྲེལ་བྱ་གཞག་དང་ཁེ་ལས་ཚན་པ་བཅས་ཀྱིས་འགན་འཁྲི་གཞིར་བཟུང་དབང་པོ་སྐྱོན་ཅན་ལས་ཞུགས་བྱེད་རྒྱུའི་འབྲེལ་ཡོད་ལས་དོན་ཡག་པོ་སྒྲུབ་དགོས།
དོན་ཚན་བདུན་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་དབང་པོ་སྐྱོན་ཅན་ལས་ཞུགས་བྱེད་པའི་ལས་དོན་ནང་གྲུབ་འབྲས་མངོན་གསལ་དོད་པོ་ཡོད་པའི་ཚན་པ་དང་མི་སྒེར་ལ་གཟེངས་བསྟོད་དང་བྱ་དགའ་སྤྲོད་རྒྱུ། གཏན་འབེབས་ཀྱི་བསྡུར་ཚད་ལས་བརྒལ་ཏེ་དབང་པོ་སྐྱོན་ལས་ཞུགས་བཀོད་སྒྲིག་བྱེད་མཁན་ཚན་པས་དབང་པོ་སྐྱོན་ཅན་འཐོལ་པ་རེ་ལས་ཞུགས་བཀོད་སྒྲིག་བྱས་ན་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ལོ་རེར་ཚན་པ་དེས་བསྡུ་སྤྱོད་བྱས་པའི་དབང་པོ་སྐྱོན་ཅན་གྱི་ལོ་རེའི་ཆ་སྙོམས་གླ་ཕོགས་གཞིར་བཟུང་དེར་བྱ་དགའ་སྤྲོད་རྒྱུ།
ལེའུ་གཉིས་པ། མི་སྣ་བཀོལ་སྤྱོད་ཚན་པའི་འགན་འཁྲི།
དོན་ཚན་བརྒྱད་པ། མི་སྣ་བཀོལ་སྤྱོད་ཚན་པས་གཞུང་ལས་པའམ་ལས་བཟོ་བསྡུ་སྐབས་རྒྱལ་ཁབ་ཀྱིས་ལོགས་སུ་གཏན་འབེབས་བྱས་པའམ་ཡང་ན་དམིགས་བསལ་ལས་རིགས (ལས་གནས )ཡིན་པ་ཕུད། དབང་པོར་སྐྱོན་ཡོད་པ་རྒྱུ་མཚན་དུ་བྱས་ནས་དབང་པོ་སྐྱོན་ཅན་བསྡུ་སྤྱོད་མི་བྱེད་པའི་རིགས་བྱེད་མི་ཆོག
དོན་ཚན་དགུ་པ། མི་སྣ་བཀོལ་སྤྱོད་ཚན་པས་རང་ཚན་པའི་ལས་ཐོག་ལས་བཟོའི་སྤྱི་འབོར་གྱི་བརྒྱ་ཆ་1.5ལས་མི་ཉུང་བའི་བསྡུར་ཚད་ཐོག་ནས་དབང་པོ་སྐྱོན་ཅན་ལས་ཀར་འཇུག་དགོས་པ་མ་ཟད། དེར་འཚམ་པའི་ལས་གནས་དང་ལས་རིགས་སྤྲོད་དགོས། མི་སྣ་བཀོལ་སྤྱོད་ཚན་པས་ནང་གསེས་གོང་མའི་གཏན་འབེབས་ཀྱི་བསྡུར་ཚད་ལྟར་ལས་ཞུགས་བཀོད་སྒྲིག་བྱེད་རྒྱུའི་དབང་པོ་སྐྱོན་ཅན་གྱི་མི་གྲངས་བརྩི་སྐབས་མི་གཅིག་མ་ལོན་ཚེ་ངེས་པར་དུ་མི་གཅིག་བཀོད་སྒྲིག་བྱེད་དགོས་པ་དང་། ལོང་བའམ་ཚབས་ཆེའི་དབང་པོ་སྐྱོན་ཅན་གཅིག་བཀོད་སྒྲིག་བྱས་ན་དབང་པོ་སྐྱོན་ཅན་མི་གཉིས་བཀོད་སྒྲིག་བྱས་པར་བརྩི་རྒྱུ།
དོན་ཚན་བཅུ་པ། སྲིད་གཞུང་དང་སྤྱི་ཚོགས་ཀྱིས་ཁྲིམས་ལུགས་ལྟར་གཉེར་བའི་དབང་པོ་སྐྱོན་ཅན་གྱི་ཕན་བདེའི་ཁེ་ལས་དང་། ལོང་བའི་འཕུར་མཉེད་ཚན་པ། དབང་པོ་སྐྱོན་ཅན་གསོ་ཉར་ཚན་པ། ཕན་བདེའི་རང་བཞིན་གྱི་ཚན་པ་གཞན་དག (གཤམ་ལ་ཚང་མར་དབང་པོ་སྐྱོན་ཅན་གཅིག་སྡུད་བཀོལ་སྤྱོད་ཚན་པ་ཞེས་བརྗོད་རྒྱུ )བཅས་ཀྱིས་ངེས་པར་དུ་གཅིག་སྡུད་ཐོག་དབང་པོ་སྐྱོན་ཅན་ལ་ལས་ཀ་སྤྲོད་དགོས། དབང་པོ་སྐྱོན་ཅན་གྱི་ཕན་བདེའི་ཁེ་ལས་ཀྱི་འོས་ཐོབ་དེ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་དམངས་སྲིད་ཚན་པས་ཁས་ལེན་བྱེད་རྒྱུ། དེ་མིན་གྱི་དབང་པོ་སྐྱོན་ཅན་གཅིག་སྡུད་བཀོལ་སྤྱོད་ཚན་པའི་འོས་ཐོབ་དེ་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁས་ལེན་བྱེད་དགོས།
དོན་ཚན་བཅུ་གཅིག་པ། དབང་པོ་སྐྱོན་ཅན་གཅིག་སྡུད་བཀོལ་སྤྱོད་ཚན་པའི་ནང་ཉིན་གང་ལམ་ལུགས་ཀྱི་ལས་ཀ་བྱེད་མཁན་དབང་པོ་སྐྱོན་ཅན་གྱི་ལས་བཟོའི་མི་གྲངས་ཀྱིས་ཚན་པ་དེ་གའི་ལས་ཐོག་ལས་བཟོའི་སྤྱི་འབོར་གྱི་25%ཡན་ཟིན་པ་བྱེད་དགོས།
དོན་ཚན་བཅུ་གཉིས་པ། མི་སྣ་བཀོལ་སྤྱོད་ཚན་པས་དབང་པོ་སྐྱོན་ཅན་གྱི་ལས་བཟོ་བསྡུ་སྤྱོད་བྱེད་སྐབས་ངེས་པར་དུ་ཁྲིམས་ལུགས་ལྟར་དེ་དང་ངལ་རྩོལ་པ་བཀོལ་སྤྱོད་བྱེད་པའི་གན་རྒྱའམ་ཡང་ན་གདན་ཞུ་བཀོལ་སྤྱོད་ཀྱི་གན་རྒྱ་བཞག་ནས་དབང་པོ་སྐྱོན་ཅན་གྱི་གཟུགས་པོའི་གནས་ཚུལ་དང་འཚམ་པའི་ངལ་རྩོལ་ཆ་རྐྱེན་སྐྲུན་པ་དང་སྲུང་སྐྱོབ་བྱེད་དགོས། ངལ་རྩོལ་བཀོལ་སྤྱོད་དང་། རིམ་པ་དང་གོ་གནས་སྤོར་བ། ལས་གནས་སྦྱོང་བརྡར་བྱེད་པ། ལག་རྩལ་གོ་མིང་ཞིབ་དཔྱད་གཏན་འཁེལ་བྱེད་པ། དེ་བཞིན་ངལ་རྩོལ་ཐོབ་ཆ་དང་། སྤྱི་ཚོགས་འགན་བཅོལ། ཕན་བདེའི་ཐོབ་ཐང་སོགས་ཀྱི་ཐད་ངེས་པར་དུ་དབང་པོ་སྐྱོན་ཅན་གྱི་ལས་བཟོར་ཚན་པ་དེ་གའི་ལས་བཟོ་གཞན་དག་དང་གཅིག་མཚུངས་ཀྱི་ཁེ་དབང་སྤྱོད་རྒྱུ་ཡོད་པའི་འགན་ལེན་བྱེད་དགོས།
དོན་ཚན་བཅུ་གསུམ་པ། མི་སྣ་བཀོལ་སྤྱོད་ཚན་པས་བྱ་ཐབས་སྤྱད་དེ་འགོག་རྐྱེན་མེད་པའི་སྒྲིག་བཀོད་རིམ་པས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ཐོག་དབང་པོ་སྐྱོན་ཅན་གྱི་ལས་བཟོའི་ལས་ཞུགས་ཁོར་ཡུག་ལེགས་བཅོས་བྱེད་དགོས།
ལེའུ་གསུམ་པ། དབང་པོ་སྐྱོན་ཅན་གྱི་ལས་ཞུགས་འགན་སྲུང་གྲོན་དངུལ།
དོན་ཚན་བཅུ་བཞི་པ། རང་སྐྱོང་ལྗོངས་དང་། ས་གནས (གྲོང་ཁྱེར ) རྫོང་(གྲོང་ཁྱེར་དང་ཆུས )བཅས་སོ་སོར་འགན་སྲུང་གྲོན་དངུལ་བསྡུ་འཇོག་བྱེད་རྒྱུ། རང་སྐྱོང་ལྗོངས་ནོར་སྲིད་སྡེ་ཚན་དང་རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་མཉམ་དུ་འགན་སྲུང་གྲོན་དངུལ་བསྡུ་འཇལ་དང་། བེད་སྤྱོད། དོ་དམ་བཅས་ཀྱི་བྱ་ཐབས་བཟོ་དགོས།
དོན་ཚན་བཅོ་ལྔ་པ། མི་སྣ་བཀོལ་སྤྱོད་ཚན་པས་བྱ་ཐབས་འདིའི་དོན་ཚན་དགུ་པའི་གཏན་འབེབས་གཞིར་བཟུང་དབང་པོ་སྐྱོན་ཅན་ལས་ཀར་མ་བཅུག་པའམ་ཡང་ན་དབང་པོ་སྐྱོན་ཅན་ལས་ཀར་འཇུག་རྒྱུའི་གཏན་འབེབས་ཀྱི་བསྡུར་གྲངས་མ་ལོན་ན་ལོ་འཁོར་གྱི་ཆད་གྲངས་མི་གྲངས་གཞིར་བཟུང་འགན་སྲུང་གྲོན་དངུལ་འཇལ་དགོས། འགན་སྲུང་གྲོན་དངུལ་རྩིས་རྒྱག་སྟངས་ཀྱི་སྤྱི་འགྲོས་ནི། (ལོ་འཁོར་གོང་མའི་ཚན་པའི་ལས་ཐོག་ལས་བཟོའི་སྤྱི་འབོར་×1.5%-ལོ་འཁོར་གོང་མར་དངོས་སུ་བཀོད་སྒྲིག་བྱས་པའི་དབང་པོ་སྐྱོན་ཅན་གྱི་མི་གྲངས )×བསྡོམས་རྩིས་ཚན་པས་ཡོངས་བསྒྲགས་བྱས་པའི་ལོ་འཁོར་གོང་མའི་ས་གནས་དེ་གའི་ལས་བཟོའི་ཆ་སྙོམས་གླ་ཕོགས་=འགན་སྲུང་གྲོན་དངུལ་ཡིན།
དོན་ཚན་བཅུ་དྲུག་པ། འགན་སྲུང་གྲོན་དངུལ་དེ་རིམ་པ་དབྱེ་ནས་བསྡུ་འཇལ་དང་རིམ་པ་དབྱེ་ནས་དོ་དམ་བྱེད་དགོས།
རང་སྐྱོང་ལྗོངས་དང་ས་གནས (གྲོང་ཁྱེར ) རྫོང (གྲོང་ཁྱེར་དང་ཆུས )བཅས་ཀྱི་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁག་སོ་སོར་རིམ་པ་དེ་གའི་ཁོངས་གཏོགས་སྡེ་ཚན (ཀྲུང་དབྱང་ཐད་གཏོགས་སྡེ་ཚན་ཚུད )དང་། མི་དམངས་ཚོགས་པ། བྱ་གཞག་ཚན་པ། དམངས་གཉེར་གྱི་ཁེ་ལས་མིན་པའི་ཚན་པ་བཅས་དང་། རང་སྐྱོང་ལྗོངས་དང་ས་གནས (གྲོང་ཁྱེར ) རྫོང་(གྲོང་ཁྱེར་དང་ཆུས )བཅས་ཀྱི་བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཚན་ལ་ཐོ་འགོད་བྱས་པའི་ཁེ་ལས་ཀྱི་འགན་སྲུང་གྲོན་དངུལ་ཞིབ་རྩིས་དང་བསྡུ་ལེན་བྱེད་རྒྱུའི་འགན་ཁུར་དགོས།
དོན་ཚན་བཅུ་བདུན་པ། མི་སྣ་བཀོལ་སྤྱོད་ཚན་པས་ལོ་རེའི་ཟླ་12པའི་ནང་ལས་ཐོག་དབང་པོ་སྐྱོན་ཅན་ལས་བཟོའི 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་པོ་སྐྱོན་ཅན་གྱི་ལག་ཁྱེར 》(《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་པོ་སྐྱོན་ཅན་དམག་མིའི་ལག་ཁྱེར 》ཚུད )དང་། གྲོང་མིའི་ཐོབ་ཐང་ལག་ཁྱེར། ལས་ཁུངས་སུ་ལས་ཀ་བྱེད་པའི་ར་སྤྲོད་དམ་ཡང་ན་ཚན་པ་དང་དབང་པོ་སྐྱོན་ཅན་ལས་བཟོའི་དབར་བཞག་པའི་ངལ་རྩོལ་གན་རྒྱ། དེ་བཞིན་དབང་པོ་སྐྱོན་ཅན་ལ་བསྡུ་འཇལ་བྱས་པའི་སྤྱི་ཚོགས་འགན་བཅོལ་གྲོན་དངུལ་གྱི་དཔང་འཛིན་སོགས་རིམ་པ་དེ་གའི་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ལ་སྐྱེལ་དགོས། དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་འབྲེལ་ཡོད་དཔྱད་ཡིག་གཞིར་བཟུང་མི་སྣ་བཀོལ་སྤྱོད་ཚན་པའི་དབང་པོ་སྐྱོན་ཅན་བཀོད་སྒྲིག་བྱས་པའི་བསྡུར་ཚད་དང་འཇལ་དགོས་པའི་འགན་སྲུང་གྲོན་དངུལ་གྱི་གྲངས་འབོར་ཞིབ་བསྡུར་གཏན་འཁེལ་བྱས་རྗེས་མི་སྣ་བཀོལ་སྤྱོད་ཚན་པར 《དབང་པོ་སྐྱོན་ཅན་གྱི་ལས་ཞུགས་འགན་སྲུང་གྲོན་དངུལ་བསྡུ་འཇལ་བྱེད་དགོས་པའི་བརྡ་ཐོ 》གཏོང་དགོས།
དོན་ཚན་བཅོ་བརྒྱད་པ། མི་སྣ་བཀོལ་སྤྱོད་ཚན་པས་ངེས་པར་དུ་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ནས་བཏང་བའི 《དབང་པོ་སྐྱོན་ཅན་གྱི་ལས་ཞུགས་འགན་སྲུང་གྲོན་དངུལ་བསྡུ་འཇལ་བརྡ་ཐོའི 》ནང་གཏན་འབེབས་བྱས་པའི་བསྡུ་འཇལ་བྱེད་རྒྱུའི་དངུལ་གྲངས་དང་དུས་བཀག་གཞིར་བཟུང་དུས་ཐོག་ཏུ་འགན་སྲུང་གྲོན་དངུལ་དེ་ནོར་སྲིད་སྡེ་ཚན་གྱིས་དམིགས་འཛུགས་བྱས་པའི་ནོར་སྲིད་ཆེད་སྤྱོད་རྩིས་ཁྲའི་ནང་འཇུག་དགོས་པ་མ་ཟད། དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ནོར་སྲིད་སྡེ་ཚན་གྱིས་གཅིག་འགྱུར་པར་འགྲེམས་བྱས་པའི 《དབང་པོ་སྐྱོན་ཅན་གྱི་ལས་ཞུགས་འགན་སྲུང་གྲོན་དངུལ་གྱི་ཆེད་སྤྱོད་དཔང་འཛིན 》འདོན་དགོས།
དོན་ཚན་བཅུ་དགུ་པ། ལས་ཁུངས་དང་། མི་དམངས་ཚོགས་པ། འགྲོ་གྲོན་ཆ་ཚང་ནོར་སྲིད་ནས་གཏོང་བའི་བྱ་གཞག་ཚན་པ་བཅས་ཀྱིས་ཁྲིམས་ལྟར་བསྡུ་འཇལ་བྱེད་རྒྱུའི་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་འགན་སྲུང་གྲོན་དངུལ་དང་དུས་འགྱངས་ཆད་དངུལ་ངེས་པར་དུ་ཚན་པའི་སྔོན་རྩིས་གྲོན་དངུལ་འགན་གཙང་ལྷག་འཕྲོ་འམ་ཡང་ན་གཏོང་ཡོང་ལྷག་འཕྲོའི་ནང་ནས་གཏོང་དགོས། ཁེ་ལས་ཀྱིས་ཁྲིམས་ལྟར་བསྡུ་འཇལ་བྱེད་རྒྱུའི་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་འགན་སྲུང་གྲོན་དངུལ་དོ་དམ་འགྲོ་གྲོན་ནང་ནས་གཏོང་དགོས་པ་དང་དུས་འགྱངས་ཆད་དངུལ་དེ་ལས་གཉེར་མིན་པའི་གཏོང་སྒོའི་ཁྲོད་ནས་གཏོང་དགོས། དོན་ཚན་ཉི་ཤུ་པ། ལས་ཁུངས་དང་། མི་དམངས་ཚོགས་པ། བྱ་གཞགག་ཚན་པ་སོགས་ཀྱི་གྲོན་དངུལ་ཐད་དཀའ་ངལ་ཡོད་ཚེ 《དབང་པོ་སྐྱོན་ཅན་གྱི་ལས་ཞུགས་འགན་སྲུང་གྲོན་དངུལ་བསྡུ་འཇལ་བྱེད་རྒྱུའི་བརྡ་ཐོ 》འབྱོར་བའི་ཉིན་ནས་བཟུང་གི་ཉིན་15ནང་ཚུན་དུ་ཚན་པས་རེ་ཞུ་ཕུལ་ནས་རིམ་པ་གཅིག་མཚུངས་ཀྱི་ནོར་སྲིད་སྡེ་ཚན་དང་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ལ་སྙན་སེང་ཞུས་ཏེ་ཞིབ་བཤེར་ཆོག་མཆན་ཐོབ་རྗེས་འཇལ་སྤྲོད་ནར་འགྱངས་བྱས་ན་འགྲིག འགན་སྲུང་གྲོན་དངུལ་འཇལ་སྤྲོད་ཀྱི་ནར་འགྱངས་དུས་བཀག་རིང་ཤོས་ལོ་1ལས་བརྒལ་མི་ཆོག
ཁེ་ལས་མ་རྩ་བརྡིབས་ནས་ཁྲིམས་གཏན་འཁེལ་བའི་མ་རྩ་བརྡིབས་པའི་བརྒྱུད་རིམ་དུ་སླེབས་པ་དང་དེ་བཞིན་གྱོང་གུན་ཕོག་པ་སོགས་ཀྱིས་རྐྱེན་པས་འགན་སྲུང་གྲོན་དངུལ་བསྡུ་འཇལ་བྱེད་རྒྱུར་དཀའ་ངལ་ཡོད་ཚེ་《དབང་པོ་སྐྱོན་ཅན་གྱི་ལས་ཞུགས་འགན་སྲུང་གྲོན་དངུལ་བསྡུ་འཇལ་བྱེད་རྒྱུའི་བརྡ་ཐོ 》འབྱོར་བའི་ཉིན་ནས་བཟུང་གི་ཉིན་15ནང་ཚུན་དུ་ཚན་པས་རེ་ཞུས་ཕུལ་ནས་རིམ་པ་གཅིག་མཚུངས་ཀྱི་ནོར་སྲིད་སྡེ་ཚན་དང་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ལ་སྙན་སེང་ཞུས་ཏེ་ཞིབ་བཤེར་ཆོག་མཆན་ཐོབ་རྗེས་འགན་སྲུང་གྲོན་དངུལ་ཆག་ཡང་ངམ་ཡང་ན་རྩ་ཆག་གཏོང་རྒྱུ།
དོན་ཚན་ཉེར་གཅིག་པ། འགན་སྲུང་གྲོན་དངུལ་ནོར་སྲིད་ཀྱི་ཆེད་སྤྱོད་རྩིས་ཁྲའི་ནང་བཅོལ་བ་དང་གཏོང་ཡོང་རྩིས་ཁུངས་ཁག་དབྱེ་བྱེད་རྒྱུ། རིམ་ཁག་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཏན་འབེབས་ཀྱི་སྤྱོད་གོ་གཞིར་བཟུང་འགན་སྲུང་གྲོན་དངུལ་ལོ་འཁོར་བེད་སྤྱོད་བྱེད་རྒྱུའི་སྔོན་རྩིས་བཟོས་ནས་རིམ་པ་གཅིག་མཚུངས་ཀྱི་ནོར་སྲིད་སྡེ་ཚན་ལ་སྙན་སེང་ཞུས་ཏེ་ཆོག་མཆན་ཐོབ་རྗེས་ནོར་སྲིད་སྡེ་ཚན་གྱིས་རྒྱལ་མཛོད་ནས་གཅིག་འགྱུར་གཏོང་སྤྲོད་བྱེད་རྒྱུ། ལོ་མཇུག་ཏུ་འགན་སྲུང་གྲོན་དངུལ་ལྷག་འཕྲོ་རྩིས་རྒྱག་བྱས་ཏེ་ལོ་རྗེས་མར་བེད་སྤྱོད་བྱེད་རྒྱུར་སྤོ་སྒྱུར་བྱེད་དགོས།
དོན་ཚན་ཉེར་གཉིས་པ། འགན་སྲུང་གྲོན་དངུལ་དེ་གཤམ་གསལ་གྱི་གཏོང་སྒོར་ཆེད་སྤྱོད་བྱེད་རྒྱུ་སྟེ། (གཅིག ) དབང་པོ་སྐྱོན་ཅན་གྱི་ལས་རིགས་གསོ་སྦྱོང་བྱེད་པའི་འགྲོ་གྲོན་ཐད་ཁ་གསབ་བྱེད་རྒྱུ། (གཉིས ) དབང་པོ་སྐྱོན་ཅན་མཉམ་དུ་ལས་ཞུགས་བྱེད་པ་དང་ཁེར་རྐྱང་གཉེར་སྐྱོང་བྱེད་པར་རིན་དོད་ཡོད་པའི་རོགས་སྐྱོར་བྱེད་རྒྱུ། (གསུམ ) བསྡུར་ཚད་ལས་བརྒལ་ནས་དབང་པོ་སྐྱོན་ཅན་ལས་ཞུགས་བཀོད་སྒྲིག་དང་དེ་བཞིན་དབང་པོ་སྐྱོན་ཅན་ལས་ཞུགས་བཀོད་སྒྲིག་བྱེད་པའི་ནང་གྲུབ་འབྲས་མངོན་གསལ་དོད་པོ་ཡོད་མཁན་ཚན་པར་བྱ་དགའ་སྤྲོད་རྒྱུ། (བཞི ) རིམ་པ་གཅིག་མཚུངས་ཀྱི་ནོར་སྲིད་སྡེ་ཚན་གྱི་ཆོག་མཆན་ཐོབ་རྗེས་དབང་པོ་སྐྱོན་ཅན་ལས་ཞུགས་བྱེད་རྒྱུའི་ལས་དོན་གྱི་གཏོང་སྒོ་གཞན་ལ་ཐད་ཀར་སྤྱོད་རྒྱུ་བཅས་སོ།
དོན་ཚན་ཉེར་གསུམ་པ། རིམ་ཁག་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ངེས་པར་དུ་ནོར་སྲིད་སྡེ་ཚན་གྱིས་ཆོག་མཆན་སྤྲད་པའི་གྲོན་དངུལ་སྔོན་རྩིས་གཞིར་བཟུང་འགན་སྲུང་གྲོན་དངུལ་བེད་སྤྱོད་བྱེད་དགོས་པ་མ་ཟད། ནོར་སྲིད་དང་རྩིས་བཤེར་གྱི་ཞིབ་བཤེར་དང་ལྟ་སྐུལ་དང་ལེན་ཞུ་བ་ལས་ལྐོག་ཟ་དང་། བཀག་ཉར། གཞན་སྤྱོད་བཅས་སམ་ཡང་ན་སྒེར་བགོས་བྱེད་མི་ཆོག
ལེའུ་བཞི་པ། ལས་ཞུགས་ཀྱི་འགན་སྲུང་བྱ་ཐབས།
དོན་ཚན་ཉེར་བཞི་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་དང་། དེ་བཞིན་འབྲེལ་ཡོད་སྡེ་ཚན་དང་ཚན་པ་བཅས་ཀྱིས་ངེས་པར་དུ་བྱ་ཐབས་སྤྱད་དེ་དབང་པོ་སྐྱོན་ཅན་ལས་ཞུགས་བྱེད་རྒྱུར་འཚམ་པའི་ལས་གནས་གསར་སྤེལ་བྱས་ཏེ་དབང་པོ་སྐྱོན་ཅན་ལས་ཞུགས་བཀོད་སྒྲིག་བྱེད་དགོས། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་མ་རྩ་གཏོང་བའམ་ཡང་ན་རོགས་སྐྱོར་བྱས་ཏེ་གསར་སྤེལ་བྱས་པའི་གྲོང་ཁྱེར་གྱི་ཁོར་ཡུག་འཕྲོད་བསྟེན་དང་། སྐྱེད་ཚལ་སྔོ་འགྱུར། སྤྱི་པའི་འཁོར་རིགས་འཇོག་ས། དུས་དེབ་དང་ཚགས་པར་ཚོང་ས། སྤྱི་སྤྱོད་ཁ་པར་རྒྱག་ས། སྡེ་ཁུལ་ཞབས་ཞུའི་ས་ཚུགས་སོགས་སྤྱི་ཕན་རང་བཞིན་གྱི་ལས་གནས་གསར་སྤེལ་བྱེད་སྐབས་ངེས་པར་དུ་སྤྱི་ཕན་རང་བཞིན་གྱི་ལས་གནས་ཆ་རྐྱེན་དང་འཚམ་པའི་དབང་པོ་སྐྱོན་ཅན་ལས་ཞུགས་སྔོན་ལ་བཀོད་སྒྲིག་བྱེད་དགོས།
དོན་ཚན་ཉེར་ལྔ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་དང་། དེ་བཞིན་འབྲེལ་ཡོད་སྡེ་ཚན་དང་ཚན་པ་བཅས་ཀྱིས་ངེས་པར་དུ་ཞིང་འབྲོག་ཁུལ་གྱི་དབང་པོ་སྐྱོན་ཅན་གྱིས་འདེབས་ལས་དང་། གསོ་སྤེལ་ལས་རིགས། ལག་ཤེས་བཟོ་ལས། རྣམ་པ་གཞན་དག་གི་ཐོན་སྐྱེད་ངལ་རྩོལ་བཅས་བྱེད་རྒྱུ་སྒྲིག་འཛུགས་དང་དེར་རོགས་སྐྱོར་བྱེད་དགོས་པ་མ་ཟད། ཁོང་ཚོར་ཐོན་སྐྱེད་ཞབས་ཞུ་དང་། ལག་རྩལ་མཛུབ་ཁྲིད། ཞིང་སྤྱོད་རྒྱུ་ཆ་མཁོ་སྤྲོད། ཞིང་ཞོར་ཐོན་རྫས་ཉོ་སྒྲུབ། ཡིད་རྟོན་དངུལ་བུན་སོགས་ཀྱི་ཐད་རྒྱབ་སྐྱོར་བྱེད་དགོས།
དོན་ཚན་ཉེར་དྲུག་པ། གཅིག་སྡུད་ཐོག་དབང་པོ་སྐྱོན་ཅན་བེད་སྤྱོད་བྱེད་མཁན་མི་སྣ་བཀོལ་སྤྱོད་ཚན་པ་དང་ཁེར་རྐྱང་གཉེར་སྐྱོང་བྱེད་མཁན་དབང་པོ་སྐྱོན་ཅན་རྣམས་རྒྱལ་ཁབ་ཀྱི་གཏན་འབེབས་ཆ་རྐྱེན་དང་མཐུན་ཚེ་འབྲེལ་ཡོད་སྡེ་ཚན་དང་ཚན་པས་ངེས་པར་དུ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་ཀྱི་བྱ་ཐབས་ལག་བསྟར་ནན་ཏན་བྱེད་དགོས།
དོན་ཚན་ཉེར་བདུན་པ། ནོར་སྲིད་སྡེ་ཚན་གྱིས་ངེས་པར་དུ་རང་བརྟེན་བྱ་གཞག་གསར་གཏོད་བྱེད་མཁན་གྱི་དབང་པོ་སྐྱོན་ཅན་དང་གཅིག་སྡུད་ཐོག་དབང་པོ་སྐྱོན་ཅན་ལས་ཞུགས་བཀོད་སྒྲིག་བྱེད་མཁན་ཁེ་ལས་ཀྱིས་དངུལ་བུན་གཡར་བར་གནས་ཚུལ་ལ་གཞིགས་ཏེ་སྐྱེད་སྦྱར་འོས་འཚམ་སྤྲོད་ཆོག དངུལ་རྩའི་སྡེ་ཚན་གྱིས་ངེས་པར་དུ་རང་བརྟེན་བྱ་གཞག་གསར་གཏོད་བྱེད་མཁན་གྱི་དབང་པོ་སྐྱོན་ཅན་ལ་དུས་བཀག་ངེས་གཏན་ནང་གྲངས་ཉུང་ཡིད་རྟོན་དངུལ་བུན་གྱི་རོགས་སྐྱོར་བྱེད་དགོས། བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཚན་གྱིས་ལས་གཉེར་ལག་ཁྱེར་གཉེར་སྐབས་དབང་པོ་སྐྱོན་ཅན་ལ་ངེས་པར་དུ་སྔོན་དུ་གཉེར་བ་དང་ལྟ་རྟོག་བྱེད་དགོས་པ་མ་ཟད། ལག་ཁྱེར་གྱི་མ་གནས་འགྲོ་སོང་སོགས་འགྲོ་གྲོན་རྩ་ཆག་གཏོང་དགོས། ཚན་པ་དང་། སྤྱི་ཚོགས། མི་སྒེར་བཅས་ཀྱིས་དབང་པོ་སྐྱོན་ཅན་ལས་ཞུགས་དང་། དབུལ་སྐྱོར་དཀའ་སེལ་བྱེད་རྒྱུའི་ཐད་མ་དངུལ་དང་རྒྱུ་དངོས་ཞལ་འདེབས་རྒྱག་རྒྱུར་སྐུལ་ལྕག་གཏོང་རྒྱུ་དང་རིམ་ཁག་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁྲིམས་ལུགས་ཀྱི་གཏན་འབེབས་གཞིར་བཟུང་དབང་པོ་སྐྱོན་ཅན་ལས་ཞུགས་བྱེད་རྒྱུའི་ཐད་ཞལ་འདེབས་རྒྱག་རྒྱུའི་བྱེད་སྒོ་སྤེལ་དགོས།
ལེའུ་ལྔ་པ། ལས་ཞུགས་ཞབས་ཞུ།
དོན་ཚན་ཉེར་བརྒྱད་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་དང་། དེ་བཞིན་འབྲེལ་ཡོད་སྡེ་ཚན་དང་ཚན་པ་བཅས་ཀྱིས་ངེས་པར་དུ་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ཞབས་ཞུའི་བྱ་གཞག་ཧུར་ཐག་སྤེལ་ནས་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ཞབས་ཞུའི་དཔུང་ཁག་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་གྱིས་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ཞབས་ཞུ་དེ་སྤྱི་པའི་ལས་ཞུགས་ཞབས་ཞུའི་མ་ལག་ནང་བཅུག་ནས་ལས་ཞུགས་བྱེད་རྒྱུར་དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་ལ་དམིགས་འབེན་རང་བཞིན་གྱི་ལས་ཞུགས་རོགས་སྐྱོབ་ཀྱི་ཞབས་ཞུ་མཁོ་འདོན་བྱེད་དགོས། ལས་རིགས་གསོ་སྦྱོང་ཚན་པ་དང་ལས་རིགས་རྩལ་ནུས་ཆོད་སྡོམ་ཚན་པས་དབང་པོ་སྐྱོན་ཅན་ལ་ལས་རིགས་གསོ་སྦྱོང་དང་ལས་རིགས་ཐོབ་ཐང་གི་ཆོད་སྡོམ་བྱེད་རྒྱུར་སྐུལ་ལྕག་དང་རོགས་སྐྱོར་བྱེད་དགོས་པ་མ་ཟད། གཏན་འབེབས་གཞིར་བཟུང་གསོ་སྦྱོང་དང་ཆོད་སྡོམ་བྱེད་པའི་ཁ་གསབ་སྤྲོད་དགོས།
དོན་ཚན་ཉེར་དགུ་པ། སྤྱི་པའི་ལས་ཞུགས་ཞབས་ཞུའི་ཚན་པས་ངེས་པར་དུ་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ཀྱི་ཞབས་ཞུ་བྱེད་གནས་བཙུགས་ནས་མི་སྣ་བཀོལ་སྤྱོད་ཚན་པར་དབང་པོ་སྐྱོན་ཅན་ལས་ཞུགས་བྱེད་རྒྱུའི་འོས་སྦྱོར་བྱེད་དགོས་པ་མ་ཟད། དབང་པོ་སྐྱོན་ཅན་གྱི་ངལ་རྩོལ་མི་དོན་གྱི་ཡིག་ཚགས་མངག་བཅོལ་དོ་དམ་སོགས་ཀྱི་འགྲོ་གྲོན་རྩ་ཆག་གཏོང་དགོས།
དོན་ཚན་སུམ་ཅུ་པ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་གྱི་མངག་བཅོལ་ལྟར་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ཞབས་ཞུའི་ཚན་པས་དབང་པོ་སྐྱོན་ཅན་ལས་ཞུགས་དང་ལས་ཤོར་ཐོ་འགོད་དང་། དབང་པོ་སྐྱོན་ཅན་ལས་ཞུགས་དང་ལས་ཤོར་བསྡོམས་རྩིས་བྱས་ན་འགྲིག མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་གྱི་ཆོག་མཆན་ཐོབ་རྗེས་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ཞབས་ཞུའི་ཚན་པས་ད་དུང་དབང་པོ་སྐྱོན་ཅན་གྱི་ལས་རིགས་རྩལ་ནུས་ཆོད་སྡོམ་བྱེད་ཆོག
དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ཞབས་ཞུའི་ཚན་པས་རིམ་པ་གཅིག་མཚུངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་དང་གོང་རིམ་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ཞབས་ཞུའི་ཚན་པའི་ལས་སྒོའི་མཛུབ་ཁྲིད་དང་ལེན་ཞུ་དགོས།
དོན་ཚན་སོ་གཅིག་པ། དབང་པོ་སྐྱོན་ཅན་གྱི་ལས་བཟོ་དང་མི་སྣ་བཀོལ་སྤྱོད་ཚན་པའི་དབར་ངལ་རྩོལ་ཐད་ཀྱི་རྩོད་གླེང་བྱུང་རིགས་ས་གནས་དེ་གའི་ཁྲིམས་ལུགས་རོགས་སྐྱོབ་ཚན་པས་ངེས་པར་དུ་ཁྲིམས་ལྟར་བཅའ་ཁྲིམས་ཀྱི་རོགས་སྐྱོབ་བྱེད་དགོས་པ་དང་། རིམ་ཁག་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ངེས་པར་དུ་དབང་པོ་སྐྱོན་ཅན་གྱི་ལས་བཟོའི་དགོས་མཁོ་གཞིར་བཟུང་ལོང་བའི་ཡི་གེ་དང་ལག་བརྡ་སོགས་དམིགས་བསལ་གྱི་རོགས་རམ་དང་ཞབས་ཞུ་གཞན་དག་སྒྲུབ་དགོས།
ལེའུ་དྲུག་པ། བཅའ་ཁྲིམས་ཀྱི་འགན་འཁྲི།
དོན་ཚན་སོ་གཉིས་པ། བྱ་ཐབས་འདིའི་གཏན་འབེབས་ལས་འགལ་ནས་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་འགན་སྲུང་གྲོན་དངུལ་ལྐོག་ཟ་དང་། བཀག་ཉར། གཞན་སྤྱོད། སྒེར་བགོསབཅས་བྱས་ཚེ་འབྲེལ་ཡོད་ཚན་པའི་གཙོ་འགན་ཁུར་མཁན་དང་ཐད་ཀའི་འགན་འཁྲི་ཡོད་མཁན་ལ་ཁྲིམས་ལྟར་སྲིད་འཛིན་གྱི་ཆད་པ་གཅོད་རྒྱུ་དང་། ཉེས་གསོག་གི་དོགས་གཞི་ཡོད་པར་ཁྲིམས་འཛིན་ལས་ཁུངས་ལ་ཐག་གཅོད་བྱེད་རྒྱུར་སྐྱེལ་རྒྱུ།
དོན་ཚན་སོ་གསུམ་པ། བྱ་ཐབས་འདིའི་གཏན་འབེབས་ལས་འགལ་ནས་མི་སྣ་བཀོལ་སྤྱོད་ཚན་པས་གཏན་འབེབས་གཞིར་བཟུང་འགན་སྲུང་གྲོན་དངུལ་བསྡུ་འཇལ་མ་བྱས་ཚེ་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་བསྡུ་འཇལ་བྱེད་རྒྱུའི་ཚ་འདེད་གཏོང་དགོས། དུས་བཀག་ནང་སྔར་བཞིན་བསྡུ་འཇལ་མ་བྱས་ཚེ་ཆད་འཇལ་བྱས་པའི་གྲངས་ཚད་གསབ་འཇལ་བྱེད་དུ་འཇུག་པ་ཕུད་ད་དུང་ངེས་པར་དུ་ཆད་འཇལ་བྱས་པའི་ཉིན་ནས་བཟུང་ཉིན་རེར་དུས་འགྱངས་ཆད་དངུལ་5‰འཕར་མ་བསྡུ་རྒྱུ།
ལས་ཁུངས་དང་། མི་དམངས་ཚོགས་པ། འགྲོ་གྲོན་ཆ་ཚང་ནོར་སྲིད་ནས་གཏོང་སྤྲོད་བྱེད་པའི་བྱ་གཞག་ཚན་པ་བཅས་ཀྱིས་དུས་བཀག་ནང་འགན་སྲུང་གྲོན་དངུལ་བསྡུ་འཇལ་མ་བྱས་ཚེ་རིམ་པ་གཅིག་མཚུངས་ཀྱི་ནོར་སྲིད་སྡེ་ཚན་ནས་འཐེན་འཇལ་བྱེད་རྒྱུ།
ཁེ་ལས་དང་། དམངས་གཉེར་གྱི་ཁེ་ལས་མིན་པས་དུས་བཀག་ནང་འགན་སྲུང་གྲོན་དངུལ་བསྡུ་འཇལ་མ་བྱས་ཚེ་རྫོང་རིམ་ཡན་གྱི་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་མི་དམངས་ཁྲིམས་ཁང་ལ་བཙན་ཤེད་ཀྱིས་ལག་བསྟར་བྱེད་རྒྱུའི་རེ་འདུན་ཞུ་དགོས། དོན་ཚན་སོ་བཞི་པ། བྱ་ཐབས་འདིའི་གཏན་འབེབས་ལས་འགལ་ནས་འབྲེལ་ཡོད་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་གྱི་ལས་བྱས་དབང་པོ་སྐྱོན་ཅན་ལས་ཞུགས་བྱེད་རྒྱུའི་ལས་དོན་ཁྲོད་དབང་ཆ་གང་བྱུང་དུ་སྤྱོད་པ་དང་། རང་འགན་སྣང་མེད་དུ་འཇོག་པ། ཉེར་ཕྱོགས་གཡོ་ཟོལ་བྱེད་པ་བཅས་བྱས་ཚེ་ཁྲིམས་ལྟར་སྲིད་འཛིན་གྱི་ཆད་པ་གཅོད་རྒྱུ་དང་། ཉེས་གསོག་གི་དོགས་གཞི་ཡོད་པར་ཁྲིམས་འཛིན་ལས་ཁུངས་ལ་ཐག་གཅོད་བྱེད་རྒྱུར་སྐྱེལ་རྒྱུ།
ལེའུ་བདུན་པ། ཞར་བྱུང་།
དོན་ཚན་སོ་ལྔ་པ། བྱ་ཐབས་འདི་2012ལོའི་ཟླ་1ཚེས་1ཉིན་ནས་ལག་བསྟར་བྱེད་རྒྱུ།
འགན་འཁུར་རྩོམ་སྒྲིག་པ། admin
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣