དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • ལས་ཞུགས་རྒྱ་ཆེར་ཧུར་ཐག་བཏང་ནས་སྤྱི་ཚོགས་སྔར་བས་ཞི་མཐུན་ཡོང་བར་སྐུལ་འདེད་གཏོང་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        སྙན་སྒྲོན་གསལ་འགྲེལ།

        བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པའི་ཐོག་གནང་བའི་སྙན་སྒྲོན་ནང་ལས་ཞུགས་རྒྱ་ཆེར་ཧུར་ཐག་བཏང་ནས་ཐབས་བརྒྱ་ཇུས་སྟོང་ངང་གཞུང་ལས་པའི་ལས་གནས་མང་དུ་གཏོང་བ་དང་། སྤྱི་ཕན་རང་བཞིན་གྱི་ལས་གནས་སྔར་ལས་མང་བ་ཉོ་བ། ཁེ་ལས་ཀྱི་ལས་ཞུགས་བསྡུ་ནུས་ཆེ་རུ་གཏོང་བ། ལས་ཞུགས་ཐད་ཀྱི་བོད་སྐྱོར་ལེགས་ཆ་འདོན་སྤེལ་བྱེད་པའི་ཁར་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཀྱི་ལྟ་བ་བསྒྱུར་རྒྱུར་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ་ཐེམ་ཁོངས་བོད་ནས་ཡིན་པའི་སློབ་ཆེན་སློབ་མ་ཚང་མ་ལས་ཞུགས་ཐུབ་པའི་བརྩོན་ལེན་བྱེད་པ་དང་། ལས་ཞུགས་མེད་པའི་ཁྱིམ་ཚང་མི་ཐོན་པ་སྟབས་བསྟུན་བྱེད་པ་དང་། ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ལྷག་མ་ལོ་རེར་མི་ཐེངས་ཁྲི་35ཡན་གནས་སྒྱུར་ལས་ཞུགས་ཐུབ་པ་བྱས་ནས “ལོ་ལྔ་ཚན་བཅུ་གཉིས་པའི ”དུས་མཇུག་ཏུ་སླེབས་སྐབས་གྲོང་ཁྱེར་དང་གྲོང་རྡལ་གྱི་ཐོ་འགོད་བྱས་པའི་མིའི་ལས་ཤོར་གྱི་ཚད་གཞི་2%ཙམ་བར་ཚོད་འཛིན་གྱིས་དུད་ཚང་ཚང་མར་ཐབས་ལམ་ཡོད་པ་དང་། མི་ཚང་མར་ལས་ཀ་ཡོད་པ། རྒྱུན་ཆགས་ཀྱི་ཡོང་འབབ་ཡོད་པ་བཅས་དངོས་འབྲེལ་བྱེད་ཐུབ་པ་བྱེད་དགོས་ཞེས་བསྟན་ཡོད།

        བླང་བྱ་དེའི་གོ་དོན་དང་དོན་སྙིང་གལ་ཆེན་ལ་སྔར་བས་ཤེས་རྟོགས་གཏིང་ཟབ་བྱེད་ཆེད་གསར་འགོད་པས་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཐིང་ཀྲང་ཡའོ་རུའེ་ཕུང་ལ་བཅར་འདྲི་ཞུས་པ་ཡིན།

        གསར་འགོད་པ། ཧྲུའུ་ཅི་ཁྲེན་ཆོན་གོས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པའི་ཐོག་བཏོན་པའི་འབྲེལ་ཡོད་ལས་ཞུགས་སྐོར་གྱི་བཀའ་མོལ་དེ་རྒྱབ་ལྗོངས་གང་འདྲ་ཞིག་གི་འོག་བཏོན་པ་ཞིག་ཡིན་ནམ།

        ཡའོ་རུའེ་ཕུང་། ཧྲུའུ་ཅི་ཁྲེན་ཆོན་གོས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པའི་ཐོག་བཏོན་པའི་འབྲེལ་ཡོད་ལས་ཞུགས་སྐོར་གྱི་བཀའ་མོལ་དེའི་རྒྱབ་ལྗོངས་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་གི་ནང་རང་ལྗོངས་ཀྱི་ལས་ཞུགས་གནས་ཚུལ་སྤྱིར་ན་ཛ་དྲག་པོ་ཡོད་པ་དང་ལྷག་པར་དུ་མཐོ་སློབ་ཐོན་པའི་སློབ་མའི་ལས་ཞུགས་ཀྱི་གནད་དོན་དེ་བས་མངོན་གསལ་དོད་པོ་ཡོད་པ་དེ་ཡིན།

        དེའང་གཅིག་ནི་ངལ་རྩོལ་ནུས་ཤུགས་ཀྱི་སྤྲོད་མཁོ་གཉིས་དོ་སྙོམས་མེད་པའི་སྣང་ཚུལ་དེ་དུས་ཐུང་ནང་ཐག་གཅོད་བྱེད་དཀའ་བ་ཞིག་ཡོད་ཅིང་། ཕྱོགས་གཅིག་ནས་ལོ་རྒྱུས་དང་ས་ཁམས་ཁོར་ཡུག་གི་ཤུགས་རྐྱེན་འོག་རང་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྨང་གཞི་ཞན་པ་དང་། སྤྱི་འབོར་ཉུང་བ། གྲུབ་ཆ་ལུགས་མཐུན་མེད་པ་བཅས་དང་། ལྗོངས་ནང་ཁུལ་གྱི་ཁེ་ལས་ཀྱི་གཞི་ཁྱོན་ཆུང་བ་དང་། རིམ་པ་དམའ་བ། ལས་ཞུགས་བསྡུ་ལེན་བྱེད་པའི་ནུས་པ་ཞན་པ་བཅས་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་རང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གསར་དུ་ཐོན་པའི་ངལ་རྩོལ་ནུས་ཤུགས་ཤུགས་ཆེན་འཕར་བ་སྟེ་ལོ་ལྟར་ཧ་ལམ་མི་ཁྲི་3ངལ་རྩོལ་ནུས་ཤུགས་ཀྱི་ཁྲོམ་རར་བསྐྱོད་དགོས་ཀྱི་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་མི་སྣའི་གསོག་ཚད་ཆེ་ཙམ་ཡོད་པ་སྟེ་མི་ཁྲི་2ཟིན་ཞིང་། ལོ་ལྟར་ཞིང་འབྲོག་ཁུལ་གྱི་ངལ་ནུས་ལྷག་མ་མི་ཁྲི་37ཙམ་ཞིང་འབྲོག་ལས་མིན་པའི་ཁྱབ་ཁོངས་སུ་གནས་སྒྱུར་ལས་ཞུགས་དང་ལྗོངས་ཕྱིའི་ངལ་རྩོལ་ནུས་ཤུགས་ཁྲི་20རང་ལྗོངས་ཀྱི་ལས་ཞུགས་ཁྲོམ་རར་ཡོང་གི་ཡོད། གཞན་ཡང་ཐོན་ལས་གྲུབ་ཆར་ལེགས་སྒྲིག་དང་རྗེས་ལུས་ཀྱི་ཐོན་ནུས་མེད་པར་བཟོས་པ་སོགས་ཀྱི་དབང་གིས་ཧ་ལོག་པའི་ཁེ་ལས་ཀྱི་ལས་བཟོ་ལྷག་མ་རྣམས་ཀྱང་བཀོད་སྒྲིག་འོས་འཚམས་བྱེད་དགོས་པར་བརྟེན་རང་ལྗོངས་ཀྱི་ལས་ཞུགས་ཐད “སྣང་ཚུལ་ཁག་བཞི་མཉམ་དུ་སྡེབ་པའི ”རྣམ་པ་ཐོན་ཏེ་ལས་ཞུགས་གནས་ཚུལ་དགའ་འོས་པ་ཞིག་མེད་པ་དང་།

        གཉིས་ནི་གྲུབ་ཆའི་རང་བཞིན་གྱི་ལས་ཤོར་ཡོང་ཚད་སྔར་བས་མང་དུ་འགྲོ་རྒྱུ་ཡིན་ཞིང་། རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བ་དང་དཔལ་འབྱོར་གྲུབ་ཆར་ལེགས་སྒྲིག་བྱེད་པ་དང་སྦྲགས་སྔོན་ཐོན་ལག་རྩལ་ཁོང་དུ་ཆུད་པའི་ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣ་དང་རྩལ་ནུས་ངལ་རྩོལ་པ་འབོར་ཆེན་ཞིག་དགོས་ལ་རང་ལྗོངས་ཀྱི་ངལ་རྩོལ་པའི་རིག་གནས་བྱང་ཚད་དང་རྩལ་ནུས་ཆུ་ཚད་བལྟོས་བཅས་ཀྱིས་དམའ་བས་རྩལ་ནུས་ངལ་རྩོལ་པའི་སྤྱི་འབོར་མི་འདང་བ་དང་གྲུབ་ཆ་ལུགས་མཐུན་མེད་པ་དང་ཁྲོམ་རའི་དཔལ་འབྱོར་གྲུབ་ཆ་དང་མཚུངས་ཚད་ཅུང་དམའ་བ་དེས་ཁེ་ལས་ཁག་གཅིག་ལ “ལས་བཟོ་རག་དཀའ་བ ”དང་ངལ་རྩོལ་པ་ཁག་གཅིག་ལས་ཞུགས་བྱེད་དཀའ་བའི་གནད་དོན་མཉམ་དུ་མངོན་ཡོད། གཞན་ཡང་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མེད་པའི་ཁྱིམ་ཚང་དང་ཡུན་རིང་ལས་ཀ་ཤོར་མཁན་དང་དེ་བཞིན་དབང་པོ་སྐྱོན་ཅན་དང་གཞུང་ཁོངས་ཁེ་ལས་ལ་དབང་བའི་ལམ་ལུགས་སྒྱུར་བཅོས་བྱས་ནས་མི་སྣ་བགོ་སྒྲིག་བྱེད་དགོས་པ་བཅས་ཀྱི་དམིགས་སའི་རང་བཞིན་དབང་གིས་ཁོང་ཚོ་ལས་ཞུགས་དང་ལས་ཞུགས་བསྐྱར་མ་ཡོང་རོགས་བྱེད་པར་དཀའ་ངལ་ཅུང་ཆེ་བ་དང་། ཞིང་འབྲོག་ཁུལ་གྱི་ངལ་ནུས་ལྷག་མ་རྣམས་ལ་ཡོངས་ཁྱབ་ངང་ཆེད་ལས་ངལ་རྩོལ་རྩལ་ནུས་མི་འདང་བས་ལས་ཞུགས་ཀྱི་འགྲན་རྩོད་ནུས་པ་ཅུང་ཞན་པའི་ཐོག་འགྲིམ་འགྲུལ་གྱི་ཚོད་འཛིན་ཕོག་པའི་དབང་གིས་སྤྲོད་མཁོའི་ཆ་འཕྲིན་གསང་པོ་མེད་པས་གནས་སྒྱུར་ལས་ཞུགས་ཀྱི་དཀའ་ངལ་ཆེ་བ་དང་། ངལ་རྩོལ་ཕྱིར་གཏོང་གི་གཞི་ཁྱོན་དང་སྒྲིག་འཛུགས་ཅན་གྱི་ཆུ་ཚད་གཉིས་ཀ་དཔལ་འབྱོར་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམས་དཀའ་བར་གྱུར་ཡོད།

        དེར་བརྟེན་རང་ལྗོངས་སུ་ལས་ཞུགས་རྒྱ་ཆེར་བཏང་ནས་ལས་ཞུགས་བསྐྱར་མར་སྐུལ་འདེད་གཏོང་རྒྱུ་དེ་ནི་དཔལ་འབྱོར་གྱི་གནད་དོན་གལ་ཆེན་ཞིག་ཡིན་པ་མ་ཟད་ཆབ་སྲིད་ཀྱི་གནད་དོན་གལ་ཆེན་ཞིག་དེ་བས་ཡིན། ལས་ཞུགས་རྒྱ་ཆེར་གཏོང་རྒྱུ་དེ་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་རྒྱུ་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་རྒྱུར་ཕན་པ་ཡོད་པ་དང་། ལས་ཞུགས་རྒྱ་ཆེར་གཏོང་རྒྱུ་དེ་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱས་ཏེ་ཞི་མཐུན་སྤྱི་ཚོགས་གཏོད་རྒྱུར་ཕན་པ་ཡོད། དེར་བརྟེན་ལས་ཞུགས་ཀྱི་གོ་སྐབས་མང་དུ་གཏོང་བ་དང་ལས་ཞུགས་ཀྱི་སྤུས་ཚད་དང་ཆུ་ཚད་མཐོ་རུ་གཏོང་རྒྱུ་དེ་ནི་མིག་སྔའི་ལས་དོན་གལ་ཆེན་ཞིག་ཡིན་པ་མ་ཟད་ཡུན་རིང་གི་འཐབ་ཇུས་ཀྱི་ལས་འགན་ཞིག་དེ་བས་ཡིན།

        གསར་འགོད་པ། སླད་ཕྱིན་བྱེད་ཐབས་གང་ཞིག་སྤྱད་ནས་ལས་ཞུགས་ལ་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་ཡིན་ནམ།

        ཡའོ་རུའེ་ཕུང་། ལས་ཞུགས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གཙོ་བོ་ནི། དཔལ་འབྱོར་གོང་འཕེལ་འགྲོ་མགྱོགས་སུ་བཏང་ནས་ལས་ཞུགས་ཀྱི་ལས་གནས་སྔར་ལས་མང་བ་མཁོ་འདོན་བྱ་རྒྱུ་དང་ངལ་རྩོལ་པར་ལས་གཏོད་བྱ་རྒྱུར་སྐུལ་འདེད་བཏང་ནས་ལས་གཏོད་ལ་བརྟེན་ཏེ་ལས་ཞུགས་ལ་སྐུལ་འདེད་གཏོང་རྒྱུ། ཁྲལ་བསྡུ་དང་ཡིད་རྟོན་དངུལ་བུན་སོགས་གཟིགས་སྐྱོང་སྲིད་ཇུས་ལ་བརྟེན་ནས་ཁེ་ལས་ཀྱིས་ངལ་རྩོལ་པ་བསྡུ་ལེན་བྱེད་པར་ལྕག་སྐུལ་བྱ་རྒྱུ། ལས་ཞུགས་ཀྱི་རོགས་སྐྱོར་བྱེད་ཐབས་སྤྱད་དེ་ལས་ཞུགས་ཐད་དཀའ་ངལ་ཡོད་པའི་མི་སྣ་ལས་ཞུགས་ཐུབ་རྒྱུར་སྐུལ་འདེད་གཏོང་རྒྱུ། སྤྱི་པའི་ལས་ཞུགས་ཞབས་ཞུར་ཤུགས་སྣོན་བརྒྱབ་སྟེ་ངལ་རྩོལ་པར་ལས་ཞུགས་ཆ་འཕྲིན་དང་ཞབས་ཞུ་མཁོ་འདོན་བྱ་རྒྱུ། རྩལ་ནུས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་ངལ་རྩོལ་པའི་ལས་ཞུགས་ཀྱི་འགྲན་ནུས་ཆེ་རུ་གཏོང་རྒྱུ། གཏོང་ཆ་མང་དུ་བཏང་ནས་དགེ་མཚན་ལྡན་པའི་ལས་ཞུགས་སྲིད་ཇུས་ལ་དངུལ་གྱི་རྒྱབ་སྐྱོར་བྱ་རྒྱུ་བཅས་ཡིན།

        གསར་འགོད་པ། གོང་དུ་ཡའོ་ཐིང་ཀྲང་ལགས་ཀྱིས་རང་ལྗོངས་ཀྱི་གྲུབ་ཆའི་རང་བཞིན་གྱི་ལས་ཤོར་སྔར་བས་མང་དུ་འགྲོ་རྒྱུ་རེད་ཅེས་གསུངས་ཀྱི་འདུག འོ་ན་ང་ཚོས་ཇི་ལྟར་བྱས་ནས་གྲུབ་ཆའི་རང་བཞིན་གྱི་ལས་ཞུགས་དཀའ་ངལ་དང་གནད་དོན་ཐག་གཅོད་བྱེད་དགོས་སམ།

        ཡའོ་རུའེ་ཕུང་། གྲུབ་ཆེའི་རང་བཞིན་གྱི་ལས་ཤོར་ཐག་གཅོད་བྱ་རྒྱུའི་བྱ་ཐབས་གཙོ་བོ་ནི་ལས་ཤོར་མི་སྣའི་ཁྱད་ཆོས་དང་ཁེ་ལས་ཀྱི་ལས་མི་སྤྱོད་པའི་དགོས་མཁོ་གཞིར་བཟུང་ལས་རིགས་རྩལ་ནུས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་གསོ་སྦྱོང་བྱས་ནས་ཚད་དང་ལོན་པའི་མི་སྣར་ལས་རིགས་རྩལ་ནུས་གསལ་འབྱེད་ནང་ཞུགས་ཏེ་བབ་བསྟུན་གྱི་ལས་རིགས་ཐོབ་ཐང་ལག་ཁྱེར་ཐོབ་པ་བྱ་རྒྱུའི་ལྕག་སྐུལ་བཏང་ནས་ངལ་རྩོལ་པ་ལས་ཞུགས་ཁྲོམ་རའི་དགོས་མཁོ་དང་འཚམས་ཚད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། སྤྱི་པའི་ལས་ཞུགས་ཞབས་ཞུར་ཤུགས་སྣོན་བརྒྱབ་ནས་ལས་ཤོར་མི་སྣའི་ཁྱད་ཆོས་གཞིར་བཟུང་རང་གཤིས་ཀྱི་ལས་ཞུགས་མཛུབ་ཁྲིད་དང་ལས་རིགས་ངོ་སྤྲོད་སོགས་ཀྱི་ཞབས་འདེགས་ཞུས་ཏེ་ལས་ཤོར་པ་རང་དང་འཚམས་པའི་ལས་གནས་ཐོག་ལས་ཞུགས་ཐུབ་རྒྱུར་སྐུལ་མ་གཏོང་དགོས།

        གསར་འགོད་པ། སྙན་ཞུའི་ནང་སློབ་ཆེན་ཐོན་པའི་སློབ་མས་ལས་ཞུགས་ཀྱི་འདུ་ཤེས་འགྱུར་ལྡོག་གཏོང་རྒྱུར་སློབ་གསོ་རྒྱག་པ་དང་སྣེ་འཁྲིད་བྱས་ནས་སྐྱེ་ཁུངས་བོད་ནས་ཡིན་པའི་སློབ་ཆེན་ཐོན་པའི་སློབ་མ་ཚང་མ་ལས་ཞུགས་ཐུབ་རྒྱུའི་བརྩོན་ལེན་བྱེད་དགོས་ཞེས་བླང་བྱ་གསལ་པོ་བཏོན་ཡོད། སློབ་ཆེན་ཐོན་པའི་སློབ་མའི་ལས་ཞུགས་གནད་དོན་ཐད་ཁྱེད་ལ་གསུང་རྒྱུ་གང་ཡོད་དམ།

        ཡའོ་རུའེ་ཕུང་། སླད་ཕྱིན་ལོ་ལྔའི་ནང་རང་ལྗོངས་ཀྱི་སློབ་ཆེན་ཐོན་པའི་སློབ་མའི་ལས་ཞུགས་དུས་བབ་སྔར་བས་ཛ་དྲག་ཏུ་འགྲོ་རྒྱུ་རེད། “ལོ་ལྔ་ཚན་བཅུ་གཉིས་པའི ”དུས་མཇུག་ཏུ་སླེབས་སྐབས་སྐྱེས་ཁུངས་བོད་ནས་ཡིན་པའི་སློབ་ཆེན་ཐོན་པའི་སློབ་མ་ཚང་མ་ལས་ཞུགས་ཐུབ་པའི་དམིགས་ཚད་མངོན་འགྱུར་ཡོང་བ་བྱེད་པར་ཆེས་གཙོ་བོའི་བྱ་ཐབས་ནི་སྙན་ཞུའི་བླང་བྱ་གཞིར་བཟུང་ཐབས་བརྒྱ་ཇུས་སྟོང་གིས་གཞུང་ལས་མི་སྣའི་ལས་གནས་མང་དུ་གཏོང་བ་དང་། སྤྱི་ཕན་རང་བཞིན་གྱི་ལས་གནས་དེ་བས་མང་བ་ཉོ་བ། ཁེ་ལས་ཀྱིས་ལས་ཞུགས་བསྡུ་ལེན་བྱེད་ནུས་ཆེ་རུ་གཏོང་བ་བཅས་དང་ ། ལས་རིགས་རྩལ་ནུས་དང་ལས་གཏོད་གསོ་སྦྱོང་བྱེད་པ་དང་སློབ་ཆེན་ཐོན་པའི་སློབ་མ་ལས་ཞུགས་དངོས་སྦྱོང་ནང་ཞུགས་པ་དང་། ལས་ཞུགས་ཀྱི་འདུ་ཤེས་འགྱུར་ལྡོག་གཏོང་བ། ལྗོངས་ཕྱི་རོལ་དུ་ལས་ཞུགས་བྱེད་པར་སྐྱོད་པ་བཅས་བྱ་རྒྱུའི་སློབ་གསོ་རྒྱག་པ་དང་སྣེ་འཁྲིད་བྱེད་པ། སློབ་ཆེན་ཐོན་པའི་སློབ་མར་ལས་ཞུགས་ཞབས་ཞུ་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་ཆེད་དོན་རྣམ་གྲངས་ཀྱི་ཞབས་ཞུའི་བྱེད་སྒོ་སྤེལ་བ་བཅས་རེད།

        གསར་འགོད་པ། དེང་སྐབས་རང་ལྗོངས་ཀྱི་ལས་ཞུགས་ཞབས་ཞུའི་མ་ལག་འཛུགས་སྐྱོང་བྱེད་ཚུལ་ཇི་ལྟར་ཡིན་ནམ། ད་དུང་གནད་དོན་དང་མི་འདང་ས་གང་གནས་ཡོད་དམ།

        ཡའོ་རུའེ་ཕུང་། ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་རང་ལྗོངས་ཀྱི་ལས་ཞུགས་ཞབས་ཞུའི་མ་ལག་འཛུགས་སྐྱོང་བྱེད་པར་གཏོང་ཆ་གཏོང་ཤུགས་ཆེ་རུ་བཏང་ཡོད་མོད། འོན་ཀྱང་མིག་སྔར་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་ཁྲོམ་ར་འཛུགས་སྐྲུན་བྱེད་བཞིན་ཡོད་པ་ཕུད་ས་ཁུལ (གྲོང་ཁྱེར )ཁག་ཏུ་མི་ཤུགས་ཐོན་ཁུངས་ཁྲོམ་ར་དང་སྤྱི་པའི་དངོས་སྦྱོང་རྟེན་གཞི་སྤྱིར་ན་མེད་པ་དང་། རྫོང་མང་ཆེ་བར་ཆེད་མངགས་ཀྱི་སྤྱི་པའི་ལས་ཞུགས་ཞབས་འདེགས་ཞུ་ཡུལ་དང་ཆེད་ལས་མི་སྣ་མེད་པ། ཤང (གྲོང་རྡལ )དང་གྲོང་ཚོ་རིམ་པའི་སྤྱི་པའི་ལས་ཞུགས་ཞབས་ཞུ་སྤྱིར་ན་མེད་པ་བཅས་རེད། དུས་མཚུངས་ལས་ཞུགས་ཞབས་ཞུའི་ཆ་འཕྲིན་ཅན་གྱི་འཛུགས་སྐྱོང་བྱེད་པའི་འཕེལ་རིམ་འགོར་པོ་ཡོད། མ་དངུལ་མི་འདང་བ་དང་ཤེས་ལྡན་མི་སྣ་དཀོན་པའི་རྐྱེན་གྱིས་རང་ལྗོངས་ཀྱི་མི་ཤུགས་ཐོན་ཁུངས་ཁྲོམ་རའི་ཆ་འཕྲིན་དྲ་བ་དང་དེ་བཞིན་འབྲེལ་ཡོད་སྒྲིག་བཀོད་འཛུགས་སྐྲུན་གྱི་འཕེལ་རིམ་རྗེས་སུ་ལུས་པ་དང་ངལ་རྩོལ་པའི་ཁྲོམ་རའི་ཆ་འཕྲིན་དུས་ཐོག་ཏུ་འགྲེམས་སྤེལ་མི་ཐུབ་པར་བརྟེན་ཆ་འཕྲིན་ཐུན་མོང་ལོངས་སྤྱོད་བྱ་རྒྱུའི་ལམ་སྲོལ་ཞིག་ཆགས་མེད་པས་མི་སྤྱོད་ཚན་པའི་མི་སྣ་གདན་ཞུ་བྱེད་པ་དང་ངལ་རྩོལ་པའི་ལས་གནས་འཚོལ་བའི་དགོས་མཁོ་སྐོང་མི་ཐུབ་པ་དང་ལས་ཞུགས་ལས་དོན་སྤེལ་བར་ཚོད་འཛིན་ཚབས་ཆེན་ཕོག་ཡོད། དེར་བརྟེན་ལས་ཞུགས་ཞབས་ཞུའི་མ་ལག་སྔར་བས་འཐུས་ཚང་དུ་གཏོང་རྒྱུ་དེའང་རང་ལྗོངས་ཀྱིས་ལས་ཞུགས་ལས་དོན་ལ་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་ཁ་ཚ་དགོས་གཏུགས་ཀྱི་ལས་འགན་ཞིག་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།