ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་སྐབས་བདུན་པའི་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན་སྐོར་གྱི་ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པའི་གྲོས་ཆོད།
ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པའི་ཐོག་བློ་མཐུན་ཁྲེན་ཆོན་གོ་ཡིས་ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་སྐབས་བདུན་པའི་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་གནང་བའི་སྙན་སྒྲོན་ལ་གཅིག་གྱུར་ཐོག་མོས་མཐུན་བྱས་པ་རེད། སྙན་སྒྲོན་ནང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་“མཚོན་བྱེད་གསུམ ”གྱི་གལ་ཆེའི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་འདས་ཟིན་པའི་ལོ་ལྔའི་ལས་དོན་གཙོ་བོར་ཕྱོགས་བསྡོམས་ནན་ཏན་བྱས་པ་དང་། བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་གཞི་རྩའི་ཉམས་མྱོང་སྙིང་བསྡུས་བྱས་ཡོད་པ། མདུན་དུ་འཕྲད་པའི་དམིགས་བསལ་གྱི་རང་ལྗོངས་ཀྱི་གནས་ཚུལ་དང་། དུས་བབ་ཀྱི་ལས་འགན། ཐོབ་དཀའ་བའི་གོ་སྐབས་བཅས་ལ་དབྱེ་ཞིབ་གཏིང་ཟབ་བྱས་པ། སླད་ཕྱིན་ལས་དོན་གྱི་མཛུབ་ཁྲིད་བསམ་བློ་དང་། དམིགས་ཚད་ལས་འགན། གལ་ཆེའི་བྱ་ཐབས་བཅས་ཁ་གསལ་བཏོན་པའི་ཐོག ལྗོངས་ཡོངས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་ལེགས་སྐྱོང་། རིག་གནས་དར་སྤེལ། སྤྱི་ཚོགས་འཛུགས་སྐྲུན། འབྱུང་ཁམས་ཤེས་དཔལ་ལྡན་པའི་འཛུགས་སྐྱོང་། ཏང་འཛུགས་སྐྱོང་བཅས་བྱེད་རྒྱུར་སྐུལ་ཁྲིད་ཆ་ཚང་པོ་བྱས་ཡོད་ཅིང་། དེ་ནི་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་། བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་གོང་འཕེལ་གྱི་ལམ་བུའི་ཐོག་སྐྱོད་དེ་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་བར་མཛུབ་ཁྲིད་བྱེད་པའི་བྱ་སྤྱོད་ཀྱི་རྩ་འཛིན་ཞིག་རེད།
ཚོགས་འདུས་ཀྲུང་གུང་བོད་རང་སྐྱོང་ལྗོངས་སྐབས་བདུན་པའི་ཨུ་ཡོན་ལྷན་ཁང་གི་ལས་དོན་ལ་གདེང་འཇོག་གང་ལེགས་བྱས་ཡོད་ཅིང་། ངོས་འཛིན་གཅིག་གྱུར་བྱས་དོན། ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བདུན་པ་འཚོགས་ཚུན། རྒྱལ་ཕྱི་རྒྱལ་ནང་གི་དུས་བབ་ཪྙོག་འཛིང་འགྱུར་ལྡོག་ཆེ་བ་དང་གོང་འཕེལ་དང་བརྟན་ལྷིང་གི་ལས་འགན་དཀའ་ཚེགས་ཆེ་ལ་ལྕི་བའི་མདུན་དུ་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བས་སྤྱི་འདོམས་བྱས་ཏེ་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་མཛུབ་ཁྲིད་དགོངས་པ་དང་མཛད་ཕྱོགས་སྲིད་ཇུས་རབ་དང་རིམ་པ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཐོག བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་ལེགས་སྐྱོང་། རིག་གནས་དར་སྤེལ། སྤྱི་ཚོགས་འཛུགས་སྐྲུན། འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་། ཏང་འཛུགས་སྐྱོང་བཅས་བྱེད་རྒྱུར་སྐུལ་འདེད་བཏང་སྟེ་བྱ་གཞག་ཁག་ལ་གྲུབ་འབྲས་གསར་པ་ཧ་ཅང་ཆེན་པོ་ཐོབ་ཡོད་པས། ལོ་ལྔ་པོ་དེ་ནི་དཔལ་འབྱོར་གོང་འཕེལ་མྱུར་པོ་སོང་བ་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་ཡར་ཐོན་བྱུང་བ། སྤྱི་ཚོགས་ཀྱི་དུས་བབ་རྩ་བའི་ཆར་བརྟན་ལྷིང་དང་མི་རིགས་མཐུན་སྒྲིལ་ཟམ་མི་ཆད་པར་སྲ་བརྟན་དུ་སོང་བ། དམངས་འཚོར་ལེགས་བཅོས་མངོན་གསལ་དོད་པོ་བྱུང་བ་དང་མི་རིགས་ཁག་གི་མང་ཚོགས་ལ་ཕན་པ་མང་པོ་ཐོབ་པ་བཅས་ཀྱི་ལོ་ལྔ་རེད།
ཚོགས་འདུས་སྟོན་པར། སླད་ཕྱིན་གྱི་ལོ་ལྔ་ནི་རང་ལྗོངས་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་འགག་རྩའི་དུས་སྐབས་ཤིག་ཡིན་ལ། མུ་མཐུད་དེ་རྒྱལ་ཡོངས་གོང་འཕེལ་གྱི་གོམ་སྟབས་རྗེས་སྙེག་བྱེད་རྒྱུར་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་པའི་གལ་ཆེའི་དུས་སྐབས་ཤིག་ཀྱང་ཡིན་པས། ཐོབ་དཀའ་བའི་ཆབ་སྲིད་ཀྱི་གོ་སྐབས་དང་། ལོ་རྒྱུས་ཀྱི་གོ་སྐབས། སྲིད་ཇུས་ཀྱི་གོ་སྐབས། གོང་འཕེལ་གྱི་གོ་སྐབས་བཅས་འཕྲད་རྒྱུ་རེད། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་གྱིས་འགན་འཁྲི་ཁུར་སེམས་དང་། ལས་འགན་སྒྲུབ་སེམས། དུས་ལ་གཏུག་སེམས་བཅས་ཆེ་རུ་ཏན་ཏིག་བཏང་ཐོག དུས་བབ་གསལ་རྟོགས་དང་། འགན་འཁྲི་ཁ་གསལ། གོ་སྐབས་དམ་འཛིན། འབད་འཐབ་ཧུར་ཐག་བཅས་བྱས་ཏེ་འབྱོར་འབྲིང་བོད་ལྗོངས་དང་། དུས་བདེའི་བོད་ལྗོངས། ཞི་མཐུན་བོད་ལྗོངས། འབྱུང་ཁམས་བཟང་བའི་བོད་ལྗོངས་བཅས་སྐྲུན་རྒྱུ་དེ་སྐས་རིམ་གསར་པ་ཞིག་ཏུ་ཟམ་མི་ཆད་པར་སླེབས་པ་བྱེད་དགོས།
ཚོགས་འདུས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རིམ་ཁག་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་གྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་ནས་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་“མཚོན་བྱེད་གསུམ ”གྱི་གལ་ཆེའི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་ཀྲུང་གོ་གུང་ཁྲན་ཏང་དབུ་བཪྙེས་ནས་ལོ་90འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ཐོག་གནང་བའི་གལ་ཆེའི་གསུང་བཤད་དང་བོད་ཀྱི་ལས་དོན་སྐོར་གྱི་གལ་ཆེའི་མཛུབ་སྟོན་རབ་དང་རིམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་དང་ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་གིས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་རྟེན་འབྲེལ་བྱེད་སྒོར་ཞུགས་པའི་སྐབས་སུ་གནང་བའི་གལ་ཆེའི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས། ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་གོང་འཕེལ་གྱི་ལམ་བུའི་ཐོག་སྐྱོད་རྒྱུ་མཐའ་འཁྱོངས་བཅས་བྱས་ཐོག དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་འཛིན་རྒྱུ་དང་། མི་རིགས་མཐུན་སྒྲིལ་གྱིས་འགན་སྲུང་བྱེད་རྒྱུ། དམངས་འཚོ་ལེགས་བཅོས་བྱེད་རྒྱུ་ཐོག་མའི་དམིགས་ས་དང་དོན་ལ་འབབ་སར་བརྩི་རྒྱུ། གོང་འཕེལ་དང་བརྟན་ལྷིང་དོན་ཆེན་གཉིས་དམ་འཛིན་བྱེད་རྒྱུ། གོང་འཕེལ་དང་བརྟན་ལྷིང་ལ་སྐུལ་འདེད་གཏོང་བའི་ནུས་པ་རྒྱུན་ཐོན་གྱི་ལམ་སྲོལ་འཛུགས་སྐྱོང་བཅས་བྱས་ཐོག དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་ཡོང་བའི་འགན་སྲུང་དང་། རྒྱལ་ཁབ་བདེ་འཇགས་དང་བོད་ལྗོངས་ཡུན་རིང་བདེ་འཁོད་ཡོང་བའི་འགན་སྲུང་། མི་རིགས་ཁག་གི་མི་དམངས་ཀྱི་དངོས་པོ་དང་རིག་གནས་ཀྱི་འཚོ་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་རྒྱུ་འགན་སྲུང་། འབྱུང་ཁམས་ཁོར་ཡུག་ལེགས་སྐྱོང་བྱེད་རྒྱུ་འགན་སྲུང་བཅས་བྱས་ཏེ་མཐུན་སྒྲིལ་དང་། དམངས་གཙོ། འབྱོར་ཕྱུག ཤེས་དཔལ། ཞི་མཐུན་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་ཧུར་ཐག་བྱེད་དགོས། ཚོགས་འདུས་གཅིག་གྱུར་ཐོག་མོས་མཐུན་བྱས་པར། རང་ལྗོངས་ཀྱི་སླད་ཕྱིན་ལོ་ལྔའི་འབད་འཐབ་དམིགས་ཚད་ནི་དཔལ་འབྱོར་མཆོང་སྐྱོད་ལྟ་བུའི་གོང་འཕེལ་གྱི་འཕེལ་ངོ་རྒྱུན་འཁྱོངས་ཐུབ་པ་བྱས་ནས་ས་གནས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་ལོ་རེར་ཆ་སྙོམས་12%ཡན་འཕར་ཐུབ་པ་དང་། ས་གནས་ནོར་སྲིད་ཀྱི་སྤྱིར་བཏང་སྔོན་རྩིས་ཡོང་འབབ་ལོ་རེར་ཆ་སྙོམས་15%ཡན་འཕར་ཐུབ་པ། གྲོང་ཁྱེར་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་ལོ་རེར་ཆ་སྙོམས་7.5%ཡན་འཕར་ཐུབ་པ། ཞིང་འབྲོག་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་འབབ་སྨར་ལོ་རེར་ཆ་སྙོམས་13%ཡན་འཕར་ཐུབ་པ་བཅས་བྱས་ནས་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དབར་གྱི་ཧེ་བག་མངོན་གསལ་དོད་པོས་ཆུང་དུ་གཏོང་རྒྱུ་དང་། གཞི་རྩའི་སྤྱི་པའི་ཞབས་ཞུ་སྒྲུབ་ནུས་མངོན་གསལ་དོད་པོས་ཆེ་རུ་བཏང་ནས་སྤྱི་ཚོགས་འགན་སྲུང་ཁེབས་ཚད་དང་ཆུ་ཚད་མཐོ་རུ་ཤུགས་ཆེ་གཏོང་རྒྱུ། འབྱུང་ཁམས་ཁོར་ཡུག་སྔར་བས་ལེགས་བཅོས་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་རྒྱུའི་ཐད་གོང་འཕེལ་ཆེན་པོ་ཡོང་བ་བྱེད་རྒྱུ། མི་རིགས་ཁག་མཐུན་སྒྲིལ་ཞི་མཐུན་ཡོང་བ་དང་། སྤྱི་ཚོགས་རྒྱུན་མཐུད་བརྟན་ལྷིང་ཡོང་བ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་རྒྱུའི་རྨང་གཞི་དེ་བས་སྲ་བརྟན་དུ་གཏོང་བ་བཅས་བྱས་ཏེ་2020ལོར་སླེབས་སྐབས་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་བརྗིད་ཆེའི་དམིགས་ཚད་མངོན་འགྱུར་ཐུབ་པའི་འགན་ལེན་བྱེད་དགོས།
ཚོགས་འདུས་སྙན་སྒྲོན་ནང་རང་ལྗོངས་ཀྱི་དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས། འབྱུང་ཁམས་བཅས་འཛུགས་སྐྱོང་བྱེད་རྒྱུའི་བཀོད་སྒྲིག་ཁག་ལ་མོས་མཐུན་བྱུང་ཡོད། ཚོགས་འདུས་སྟོན་པར། དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་བྱེད་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། དམིགས་བསལ་སྲིད་ཇུས་བེད་སྤྱོད་གང་ལེགས་བྱེད་པ་དང་། དམིགས་སུ་བཀར་ནས་རྣམ་གྲངས་འཛུགས་སྐྲུན་དམ་འཛིན་བྱེད་པ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་རྒྱུར་ཤུགས་རྒྱག་པ། ཁྱད་ལྡན་ཐོན་ལས་གོང་འཕེལ་ཤུགས་ཆེ་གཏོང་བ། ཚན་རྩལ་ཡར་ཐོན་དང་གསར་གཏོད་བྱེད་རྒྱུར་སྐུལ་སྤེལ་གཏོང་བ། ས་ཁོངས་གཅིག་གྱུར་ཐོག་འཆར་འགོད་དང་མཐུན་སྦྱོར་ལྡན་པའི་ངང་གོང་འཕེལ་གཏོང་བ་བཅས་བྱས་ཏེ་ཚན་རིག་དང་མཐུན་པའི་གོང་འཕེལ་གཏོང་རྒྱུའི་ལམ་བུའི་ཐོག་མཆོང་སྐྱོད་ལྟ་བུའི་གོང་འཕེལ་ཡོང་བ་བྱེད་དགོས་པ་དང་། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུ་དེ་མཐའ་གཅིག་ཏུ་སྒྲུབ་དགོས་པའི་ལས་འགན་དང་འགན་འཁྲི་ཨང་དང་པོར་བརྩིས་ཏེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བ་དང་། ཁྲིམས་བཞིན་དགོན་སྡེར་དོ་དམ་བྱེད་རྒྱུ་མཐའ་འཁྱོངས་བྱེད་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་རྨང་གཞི་སྲ་བརྟན་དུ་གཏོང་བ། སྤྱི་ཚོགས་ཀྱི་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་གསར་གཏོད་བྱེད་པ། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་བྱེད་རྒྱུར་རྒྱབ་སྐྱོར་བཅས་བྱས་ཏེ་ཡུན་རིང་བདེ་འཁོད་ཡོང་བའི་འབད་བརྩོན་བྱེད་དགོས་པ། དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་རྒྱུ་ཐོག་མའི་དམིགས་ས་དང་དོན་ལ་འབབ་སར་བརྩིས་ཏེ་བདེ་འཁོད་ལས་གཞི་སྤེལ་བ་དང་། ཞིང་འབྲོག་ཁུལ་གྱི་ཆ་རྐྱེན་ལེགས་སུ་གཏོང་བ། འབྱུང་ཁམས་ཁོར་ཡུག་ལ་བལྟོས་ནས་གནས་སྤོ་ཡག་པོ་བྱེད་པ། ལས་ཞུགས་རྒྱ་ཆེར་ཧུར་ཐག་གཏོང་བ། ཟོག་གོང་བརྟན་གནས་ཐུབ་རྒྱུར་ཤུགས་རྒྱག་པ། སྨན་བཅོས་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ། སྤྱི་ཚོགས་འགན་སྲུང་མ་ལག་ཚགས་ཚུད་དུ་གཏོང་བ། དབུལ་སྐྱོར་གསར་སྤེལ་བྱེད་རྒྱུར་ཤུགས་རྒྱག་པ། སློབ་གསོ་དམིགས་བཀར་གྱིས་སྔོན་ལ་གོང་འཕེལ་གཏོང་བ། གནོད་འགོག་གེགས་སེལ་དང་བདེ་འཇགས་ཐོན་སྐྱེད་དམ་འཛིན་ཡག་པོ་བཅས་བྱས་ཏེ་བྱ་གཞག་ཁག་གོང་འཕེལ་མྱུར་པོ་འགྲོ་བ་བྱེད་དགོས་པ། མི་རིགས་དང་ཆོས་ལུགས་ལས་དོན་ཡག་པོ་བསྒྲུབ་རྒྱུ་གཙོ་གནད་དུ་བཟུང་སྟེ་མི་རིགས་མཐུན་སྒྲིལ་ཆེ་མོ་སྲ་བརྟན་དང་གོང་འཕེལ་གཏོང་བ་དང་། དུས་བབ་གསར་པའི་འོག་ཆོས་ལུགས་ལས་དོན་ཡག་པོ་བསྒྲུབ་པ། དམངས་གཙོའི་ཁྲིམས་ལུགས་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་དམངས་གཙོའི་ཆབ་སྲིད་འཛུགས་སྐྱོང་ཤུགས་ཆེ་བྱེད་རྒྱུར་སྐུལ་སྤེལ་གཏོང་དགོས་པ། ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་མང་ཚོགས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་སྐོང་རྒྱུ་དམིགས་ཡུལ་དུ་བཟུང་ཐོག སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་གི་ཁྲིད་སྟོན་བྱེད་ནུས་ཆེ་རུ་གཏོང་བ་དང་། འདུས་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་དམག་འཐབ་བྱེད་ཤུགས་ཆེ་རུ་གཏོང་བ། གཙོ་རྒྱུན་གླེང་ཕྱོགས་ཀྱི་མཚམས་སྦྱོར་ཚན་པའི་བརྒྱུད་གཏོང་བྱེད་ཤུགས་ཆེ་རུ་གཏོང་བ། སྤྱི་པའི་རིག་གནས་ཞབས་ཞུའི་ཟེར་འགྱེད་ནུས་པ་ཆེ་རུ་གཏོང་བ། ཁྱད་ལྡན་རིག་གནས་ཐོན་ལས་ཀྱི་འགྲན་རྩོད་བྱེད་ནུས་ཆེ་རུ་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་རིག་གནས་ཐོན་རྫས་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་རིག་གནས་དར་འཕེལ་ཆེན་པོ་ཡོང་བ་བྱེད་རྒྱུར་སྐུལ་འདེད་གཏོང་དགོས་པ། འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ལེགས་སྐྱོང་བྱེད་རྒྱུ་གཞི་རྟེན་དུ་བྱས་ཏེ་གཙོ་གནད་འབྱུང་ཁམས་སྲུང་སྐྱོབ་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཁོར་ཡུག་ལ་ཞིབ་དཔྱད་ཚད་ལེན་བྱེད་ནུས་ཆེ་རུ་གཏོང་བ། རྒྱུན་འཁོར་དཔལ་འབྱོར་གོང་འཕེལ་ཤུགས་ཆེ་གཏོང་བ་བཅས་བྱས་ཏེ་ས་མཐོའི་འབྱུང་ཁམས་སྲུང་བཅད་སྐྲུན་དགོས་པ། སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་བྱེད་རྒྱུ་འགག་སྒྲོལ་དུ་བྱས་ཏེ་མུ་མཐུད་དེ་གཙོ་གནད་ཁྱབ་ཁོངས་བསྒྱུར་བཅོས་གཏིང་ཟབ་བྱེད་པ་དང་། སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་ལྷུག་པོར་གློད་ནས་གོང་འཕེལ་གཏོང་བ། ནང་ས་དང་ཕྱི་ཕྱོགས་ལ་སྒོ་མོ་དབྱེ་བའི་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་བ། ཁ་ཙམ་མིན་པའི་སྒོ་ནས་བོད་འབྲེལ་ཕྱི་དོན་ལས་ཀ་ཡག་པོ་སྒྲུབ་པ་བཅས་བྱས་ཏེ་བསྒྱུར་བཅོས་ལ་བརྟེན་ནས་སྐུལ་སྤེལ་གཏོང་བ་དང་སྒོ་དབྱེས་སྐུལ་ཁྲིད་བྱེད་པའི་དགེ་སྟོབས་གསར་པ་ཞིག་གཏོད་དགོས།
ཚོགས་འདུས་ནན་བཤད་བྱས་དོན། བོད་ཀྱི་ལས་ཀ་ཡག་པོ་སྒྲུབ་རྒྱུའི་འགག་རྩ་ནི་ཏང་ལ་ཐུག་ཡོད། ཏང་གིས་ཏང་དོ་དམ་དང་ཏང་ནན་སྐྱོང་བྱེད་རྒྱུ་མཐའ་འཁྱོངས་བྱས་ཐོག་ལྗོངས་ཡོངས་ཀྱི་ཏང་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་ཏང་འཛུགས་སྐྱོང་ལས་ཀའི་ཚན་རིག་དང་མཐུན་པའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ་མཐུན་སྒྲིལ་དང་། དམངས་གཙོ། འབྱོར་ཕྱུག ཤེས་དཔལ། ཞི་མཐུན་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་བྱེད་རྒྱུར་སྲ་ཞིང་བརྟན་པའི་འགན་ལེན་བྱེད་དགོས། དེའང་སློབ་སྦྱོང་རྣམ་པའི་ཏང་རྩ་འཛུགས་འཛུགས་རྒྱུར་དམིགས་ཏེ་བསམ་བློ་དང་རིགས་པའི་གཞུང་ལུགས་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་ཏན་ཏིག་རྒྱག་དགོས་པ་དང་། དམངས་གཙོ་གཅིག་སྡུད་ལམ་ལུགས་ཀྱི་རྩ་དོན་ལག་བསྟར་བྱེད་རྒྱུར་དམིགས་ནས་རིམ་ཁག་འགོ་ཁྲིད་ཚན་ཁག་ལེགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་ཏན་ཏིག་རྒྱག་དགོས་པ། སྤྱོད་ཡོན་གཉིས་ལྡན་དང་ཀུན་སྤྱོད་གཙོ་ཆེར་འཛིན་པའི་མི་སྣ་བཀོལ་སྤྱོད་ཀྱི་ཚད་གཞི་དོན་འཁྱོལ་བྱེད་རྒྱུར་དམིགས་ཏེ་ལས་བྱེད་པའི་དཔུང་ཁག་ལེགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་ཏན་ཏིག་རྒྱག་དགོས་པ། ཆབ་སྲིད་འཚོ་བའི་ཐོབ་ཐང་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་རྒྱུར་དམིགས་ཏེ་ལས་བྱེད་རྒན་གྲས་ཀྱི་ལས་དོན་སྤེལ་རྒྱུར་ཤུགས་སྣོན་ཏན་ཏིག་རྒྱག་དགོས་པ། ཏང་གིས་བོད་ལ་སྲིད་སྐྱོང་བའི་རྨང་གཞི་སྲ་བརྟན་དུ་གཏོང་རྒྱུར་དམིགས་ནས་གཞི་རིམ་རྩ་འཛུགས་ལེགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་ཏན་ཏིག་རྒྱག་དགོས་པ། ཤེས་ལྡན་པར་བརྟེན་ནས་བོད་ལྗོངས་དར་རྒྱས་གཏོང་རྒྱུའི་འཐབ་ཇུས་ལག་བསྟར་བྱེད་པར་དམིགས་ཏེ་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་ཏན་ཏིག་རྒྱག་དགོས། ཚོགས་འདུས་སྟོན་པར། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དེ་ནི་ཏང་དར་རྒུད་དང་ཆགས་འཇིག་ཇི་ཡོང་དང་འབྲེལ་བ་ཡོད་པས་གནད་དོན་དེའི་ཐད་བོད་ལ་དམིགས་བསལ་རང་བཞིན་གང་ཡང་མེད་སྟབས་ངེས་པར་དུ་བློ་བརྟན་འགྱུར་མེད་དང་། རེ་བ་གང་ནན། མཐའ་གཅིག་ཏུ་ལག་བསྟར་བཅས་བྱེད་དགོས། རུལ་སུངས་ལ་ཆད་གཅོད་དང་སྔོན་འགོག་བྱེད་པའི་མ་ལག་འཛུགས་རྒྱུར་དམིགས་ཏེ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་ཏན་ཏིག་བརྒྱབ་ཐོག་རྒྱུན་བསྲིངས་ལྷོད་མེད་ཀྱི་སྒོ་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་རྒྱུ་གཏིང་ཟབ་ཏུ་གཏོང་དགོས།
ཚོགས་འདུས་འབོད་སྐུལ་གནང་བར། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་གྱིས་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་“མཚོན་བྱེད་གསུམ ”གྱི་གལ་ཆེའི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་བློ་གཅིག་སེམས་གཅིག་དང་། ལམ་བཤངས་གསར་གཏོད། ལས་དོན་ཏན་ཏིག་སྒྲུབ་པ་བཅས་བྱས་ཏེ་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་གོང་འཕེལ་གྱི་ལམ་བུའི་ཐོག་བསྐྱོད་དེ་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ཐོག་མཐུན་སྒྲིལ་དང་། དམངས་གཙོ། འབྱོར་ཕྱུག ཤེས་དཔལ། ཞི་མཐུན་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་ཆེད་དང་། དེ་བས་ངོ་མཚར་ཆེ་བ་དང་། དེ་བས་འོད་སྟོང་འབར་བ། དེ་བས་མཛེས་སྡུག་ལྡན་པ་བཅས་ཀྱི་མ་འོངས་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་ཆེད་འབད་འཐབ་ཧུར་ཐག་བྱེད་དགོས།
འགན་འཁུར་རྩོམ་སྒྲིག་པ། admin
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣