དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • རང་རྒྱལ་གྱི་རིག་གནས་སྒྱུར་བཅོས་དང་འཕེལ་རྒྱས་བྱ་སྤྱོད་ཀྱི་རྩ་འཛིན་གསར་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        སྲིད་ཇུས་གསལ་འགྲེལ།

        དྲ་ཐོག་གི་བསམ་བློའི་རིག་གནས་ཀྱི་བརྗོད་བྱ་གཙོ་བོ་མཆོག་ཏུ་འཛིན་དགོས།

        《གཏན་འབེབས 》ནང “ཞབས་ཞུ་གཉིས ”ཀྱི་ཁ་ཕྱོགས་དང “མེ་ཏོག་མཉམ་བཞད་དང་མཁས་བརྒྱ་འགྲན་གླེང ”གི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ་མི་དམངས་ལ་བསམ་པའི་རྒྱགས་ཕྱེ་དེ་བས་ལེགས་པ་དང་དེ་བས་མང་བ་མཁོ་འདོན་བྱེད་དགོས། ཡང་དག་པའི་གསར་གཏོད་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ་དང་། མཚན་ཉིད་རིག་པའི་སྤྱི་ཚོགས་ཚན་རིག་དར་རྒྱས་གོང་འཕེལ་གཏོང་བ། གསར་འགྱུར་གྱི་གླེང་ཕྱོགས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་དེ་ལེགས་སུ་གཏོང་བ། ཕུལ་བྱུང་གི་རིག་རྩལ་བརྩམས་ཆོས་དེ་བས་མང་བ་འདོན་པ། སྐྱོན་བྲལ་ཡར་ཐོན་གྱི་དྲ་ཐོག་གི་་རིག་གནས་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ་རིག་གནས་ཀྱི་ཐོན་རྫས་གདེང་འཇོག་མ་ལག་དང་སྐུལ་ལྕག་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས་ཞེས་བསྟན་ཡོད།

        《གཏན་འབེབས 》ནང་བེད་སྤྱོད་ཧུར་ཐག་གཏོང་བ་དང་། ཚན་རིག་དང་མཐུན་པའི་ངང་འཕེལ་རྒྱས་གཏོང་བ། ཁྲིམས་ལྟར་དོ་དམ་བྱེད་པ། བདེ་འཇགས་འགན་ལེན་བྱེད་པ་བཅས་ཀྱི་བྱེད་ཕྱོགས་ལག་བསྟར་ནན་ཏན་བྱས་ཏེ་དྲ་ཐོག་གི་རིག་གནས་འཛུགས་སྐྲུན་དང་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་དེ་ལེགས་སུ་བཏང་ནས་དྲ་ཐོག་གི་གླེང་ཕྱོགས་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་སྟེ་དྲ་ཐོག་གི་བསམ་བློའི་རིག་གནས་ཀྱི་བརྗོད་བྱ་གཙོ་བོ་མཆོག་ཏུ་འཛིན་དགོས། དྲ་ཐོག་གི་ནང་དོན་འཛུགས་སྐྱོང་འདུ་འགོད་ལག་བསྟར་བྱས་ཏེ་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཀྱི་བླ་སྲོག་དང་དེང་རབས་རིག་གནས་རྩེ་གྲ་དྲ་ཐོག་ནས་བརྒྱུད་བསྒྲགས་བྱ་རྒྱུར་སྐུལ་མ་བཏང་ཐོག་དྲ་སྦྲེལ་དང་ལག་ཐོགས་ཁ་པར་སོགས་དང་འཚམས་པའི་སྨྱན་སྦྱོར་གསར་པའི་བརྒྱུད་བསྒྲགས་ཀྱི་ཕུལ་བྱུང་བརྩམས་ཆོས་རྩོམ་པ་དང་དྲ་དམངས་ལ་སྐྱོན་བྲལ་ངང་དྲ་ཐོག་གི་རིག་གནས་བརྩམས་ཆོས་རྩོམ་རྒྱུར་སྐུལ་ལྕག་བྱེད་དགོས་ཞེས་བསྟན་ཡོད།

        དྲ་སྦྲེལ་དེ་རང་རྒྱལ་དུ་བྱ་འཕུར་བ་ལྟར་འཕེལ་རྒྱས་འགྲོ་བཞིན་ཡོད། ཀྲུང་གོའི་དྲ་སྦྲེལ་ཆ་འཕྲིན་ལྟེ་གནས་ཀྱི་སྙན་ཞུ་ལས། 2011ལོའི་ཟླ་6པའི་ཟླ་མཇུག་བར་རང་རྒྱལ་གྱི་དྲ་དམངས་གཞི་ཁྱོན་དེ་མི་དུང་ཕྱུར་4.85ཟིན་པ་དང་2011ལོའི་ལོ་མཇུག་ཏུ་མི་དུང་ཕྱུར་5ལས་བརྒལ་རྒྱུ་ཡིན་པ་མངོན་ཡོད། དྲ་སྦྲེལ་གྱིས་སྤྱི་ཚོགས་དང་། དཔལ་འབྱོར། རིག་གནས་སོགས་ཁྱབ་ཁོངས་ཁག་ནང་ཤུགས་རྐྱེན་ཆེན་པོ་ཐེབས་པ་དང་དྲ་སྦྲེལ་རིག་གནས་དེ་ཡང་སྤྱི་ཚོགས་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད།

        རྒྱལ་ཁབ་དྲ་སྦྲེལ་ཆ་འཕྲིན་གཞུང་དོན་ཁང་གི་འགན་འཁུར་བས་དྲ་སྦྲེལ་གྱིས་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་མི་རྣམས་ཀྱི་ལས་དོན་དང་འཚོ་བར་སྟབས་བདེ་བསྐྲུན་ཡོད་པ་དང་དུས་མཚུངས་སྣང་བྱུང་བྱེད་མི་ཉན་པའི་གནད་དོན་ཡང་ཐོན་ཡོད། དྲ་ཐོག་གི་ཆ་འཕྲིན་རྫུས་མ་དང་ངན་སེམས་བཅངས་ནས་འུད་སྒྲོག་བྱེད་པ་དང་། ཆགས་སྲེད་དང་ཐ་ཤལ་ཆ་འཕྲིན། དྲ་ཐོག་གི་མགོ་སྐོར་བསླུ་བྲིད་དང་རྒྱན་འགྱེད། ཁྲིམས་འགལ་གྱི་དྲ་ཐོག་སྤྱི་འབྲེལ་སོགས་ཀྱི་གནད་དོན་གྱིས་དྲ་སྦྲེལ་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་རྒྱུར་ཤུགས་རྐྱེན་བཟོ་བ་དང་མི་དམངས་ཀྱི་ཁེ་ཕན་ལ་གནོད་འཚེ་བཟོས་པས་སྤྱི་ཚོགས་ལས་རིགས་ཁག་གི་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཡོད། དྲ་སྦྲེལ་ཆ་འཕྲིན་ལ་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་ནི་དྲ་སྦྲེལ་མུ་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བའི་ལྡོག་མེད་བླང་བྱ་ཞིག་ཡིན་ལ་མི་དམངས་མང་ཚོགས་ཀྱི་རེ་འདུན་དང་འབོད་སྐུལ་ཞིག་ཀྱང་རེད། འཕེལ་རྒྱས་དང་དོ་དམ་མཉམ་དུ་གནས་པས་འཕེལ་རྒྱས་གཏོང་བར་དོ་དམ་བྱེད་དགོས་ལ་དོ་དམ་བྱེད་པ་དེ་འཕེལ་རྒྱས་དེ་བས་ལེགས་པ་དང་དེ་བས་མགྱོགས་པ་ཡོང་བའི་ཆེད་དུ་ཡིན་ཞེས་གསུངས་པ་རེད།

        གྲོང་ཁྱེར་དང་གྲོང་གསེབ་དབར་གྱི་རིག་གནས་འཕེལ་རྒྱས་ཀྱི་ཧེ་བག་ཆུང་དུ་གཏོང་དགོས།

        《གཏན་འབེབས 》ནང་སྤྱི་ཕན་རང་བཞིན་གྱི་རིག་གནས་བྱ་གཞག་འཕེལ་རྒྱས་ཤུགས་ཆེན་བཏང་ནས་མི་དམངས་ཀྱི་གཞི་རྩའི་རིག་གནས་ཁེ་ཕན་འགན་ལེན་ཏན་ཏིག་བྱེད་དགོས། མི་དམངས་ཀྱི་གཞི་རྩའི་རིག་གནས་ཀྱི་དགོས་མཁོ་སྐོང་རྒྱུ་ནི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཛུགས་སྐྱོང་བྱེད་པའི་རྩ་བའི་ལས་འགན་ཞིག་ཡིན་པས་སྲིད་གཞུང་གི་གཙོ་ཁྲིད་རྒྱུན་འཁྱོངས་ཀྱིས་སྤྱི་ཕན་རང་བཞིན་དང། རྩ་བའི་རང་བཞིན། དོ་སྙོམས་རང་བཞིན། སྟབས་བདེའི་རང་བཞིན་བཅས་ཀྱི་བླང་བྱ་ལྟར་རིག་གནས་ཀྱི་རྨང་གཞིའི་སྒྲིག་བཀོད་སྐྲུན་ཤུགས་ཆེ་རུ་གཏོང་བ་དང་སྤྱི་ཕན་རིག་གནས་ཀྱི་ཞབས་ཞུའི་དྲ་བ་འཐུས་ཚང་དུ་བཏང་ནས་མང་ཚོགས་ལ་གཞི་རྩའི་སྤྱི་ཕན་གྱི་རིག་གནས་ཞབས་ཞུ་དེ་རིན་སྤྲོད་མི་དགོས་པའམ་ཡང་ན་གཟིགས་སྐྱོང་ངང་ལོངས་སུ་སྤྱོད་ཐུབ་པ་བྱེད་དགོས། སྤྱི་ཕན་རིག་གནས་ཞབས་ཞུའི་མ་ལག་སྐྲུན་རྒྱུ་དང་། དེང་རབས་ཀྱི་ཁྱབ་སྤེལ་མ་ལག་གོང་འཕེལ་གཏོང་རྒྱུ། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་མ་ལག་སྐྲུན་རྒྱུ་བཅས་ལ་བརྟེན་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རིག་གནས་གཞི་གཅིག་ཅན་དུ་གོང་འཕེལ་མགྱོགས་པོ་གཏོང་དགོས་པ་བསྟན་ཡོད།

        《གཏན་འབེབས 》ནང་གྲོང་གསེབ་དང་དབུས་ནུབ་ཁུལ་གཙོ་བོར་བྱས་ཏེ་རྫོང་རིམ་པའི་རིག་གནས་ཁང་དང་དཔེ་མཛོད་ཁང་དང་། ཤང་གྲོང་གི་ཕྱོགས་བསྡུས་རིག་གནས་ས་ཚིགས། གྲོང་ཚོའི་རིག་གནས་ཁང་སོགས་སྐྲུནཤུགས་ཆེ་རུ་བཏང་ནས་རླུང་འཕྲིན་བཪྙན་འཕྲིན་གྲོང་ཚོ་ཀུན་ཏུ་ཁྱབ་པ་དང་། རིག་གནས་ཆ་འཕྲིན་གྱི་ཐོན་ཁུངས་མཉམ་དུ་སྤྱོད་པ། གྲོང་གསེབ་ཏུ་གློག་བཪྙན་སྟོན་པ། ཞིང་པའི་དཔེ་དེབ་ཁང་སྐྲུན་པ་སོགས་རིག་གནས་ཀྱི་དམངས་ཕན་འདུ་འགོད་ལག་ལེན་ཏན་ཏིག་བསྟར་ཐོག་ཁྱབ་རྒྱ་ཆེ་རུ་གཏོང་བ་དང་། གྲིབ་ཆ་མེད་པར་བཟོ་བ། ཚད་གཞི་མཐོ་རུ་གཏོང་བ། ཞབས་ཞུ་ལེགས་སུ་གཏོང་བ། དོ་དམ་བྱ་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། གསར་བརྗེའི་རྟེན་གཞི་ཁུལ་ཪྙིང་པ་དང་། མི་རིགས་ས་ཁུལ། མཐའ་མཚམས་ཁུལ། དབུལ་པོའི་ཁུལ་བཅས་ལ་རིག་གནས་ཞབས་ཞུའི་དྲ་ཚིགས་སྐྲུན་རྒྱུར་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། དམངས་ཡོངས་ཀྱིས་ལྟ་ཀློག་བྱེད་པ་དང་ལུས་སྦྱོང་གི་བྱེད་སྒོ་གཏིང་ཟབ་སྤེལ་ནས་རིག་གནས་དང་། ཚན་རྩལ། འཕྲོད་བསྟེན་བཅས་གཤམ་སྤེལ་གསུམ་དང་། ཚན་སློབ་དང་། རིག་རྩལ། བཅའ་ཁྲིམས། འཕྲོད་བསྟེན་བཅས་བཞི་སྡེ་ཁུལ་དུ་ཁྱབ་གདལ་གཏོང་བ། གཞི་རིམ་དུ་དྲོ་སྐྱིད་ལྡན་པ་བྱེད་པ་སོགས་ཀྱི་བྱེད་སྒོ་རྒྱུན་གཏན་བཞིན་སྤེལ་རྒྱུར་སྐུལ་འདེད་གཏོང་དགོས། ཁེ་ལས་དང་སྡེ་ཁུལ་ལ་ཞིང་པ་ལས་མིར་དམིགས་པའི་སྤྱི་ཕན་རང་བཞིན་གྱི་རིག་གནས་བྱེད་སྒོ་སྤེལ་ནས་ཞིང་པ་ལས་མི་དེ་གྲོང་ཁྱེར་གྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་ནང་མགྱོགས་མྱུར་འཇོག་རྒྱུར་ཁྲིད་སྟོན་བྱེད་དགོས་པ་བསྟན་ཡོད།

        དམངས་གཙོའི་མནའ་མཐུན་ཚོགས་པའི་ཀྲུང་དབྱང་གི་ཀྲུའུ་ཞི་གཞོན་པ་ཆིང་ཧྭ་སློབ་ཆེན་རིག་གཞུང་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཨོའུ་དབྱང་མིང་ཀའོ་ཡིས་གྲོང་གསེབ་ཀྱི་ཡུལ་མི་སྡོད་ས་ཁ་ཐོར་ཡིན་པས་སྔོན་ཐོན་རིག་གནས་ཁྱབ་སྤེལ་གཏོང་མི་ཐུབ་པའི་སྣང་ཚུལ་ཐོན་གྱི་ཡོད་པར་བརྟེན 《གཏན་འབེབས 》ནང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རིག་གནས་གཞི་གཅིག་ཅན་དུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་དབར་རིག་གནས་འཕེལ་རྒྱས་འགྲོ་བའི་ཧེ་བག་ཆུང་དུ་གཏོང་དགོས་ལུགས་བསྟན་པ་དེ་ཧ་ཅང་དགོས་ངེས་ཤིག་ཡིན་ཞེས་གསུངས་པ་རེད།

        “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ལག་བསྟར་བྱེད་འགོ་ཚུགས་པའི་དུས་འདིར་ས་གནས་དང་སྡེ་ཚན་ཁག་གིས་བྱ་ཐབས་བཟོས་ནས་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་སྐྲུན་རིང་གྲོང་ཁྱེར་དང་གྲོང་གསེབ་དབར་རིག་གནས་འཕེལ་རྒྱས་འགྲོ་བའི་ཧེ་བག་ཆུང་དུ་གཏོང་བཞིན་ཡོད།

        འདི་ལོའི་ཟླ་བ་བཞི་པར་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་རླུང་འཕྲིན་བཪྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱིས་ཐད་གཏོང་སྲུང་སྐར་སྤྱད་དེ་སྐུད་ཡོད་དྲ་བ་ཁྱབ་མེད་པའི་རྒྱ་ཆེའི་གྲོང་གསེབ་ཏུ་རླུང་འཕྲིན་བཪྙན་འཕྲིན་གྱི་སྤྱི་པའི་ཞབས་ཞུའི་ལས་དོན་སྤེལ་རྒྱུར་སྐུལ་འདེད་བཏང་བ་དང་སྦྲགས་ས་ཆ་ཁག་གཅིག་བདམས་ནས་ཚོད་ལྟའི་ལས་དོན་སྤེལ་བས་གྲུབ་འབྲས་ཡག་པོ་ཐོབ་ཡོད་པ་རེད།

        རླུང་འཕྲིན་བཪྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀྲང་ཧའེ་ཐའོ་ཡིས་ཐད་གཏོང་སྲུང་སྐར་གྱི་སྤྱི་པའི་ཞབས་ཞུ་ནི་གྲོང་གསེབ་ཀྱི་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་པའི་དམངས་ཕན་འདུ་འགོད་ཅིག་ཡིན་པས་དོན་སྙིང་གལ་ཆེན་ལྡན་ཡོད་པར་བརྟེན་ལུགས་མཐུན་གྱི་གྲུབ་ཆ་དང་། ཕན་ཆེའི་འཁོར་སྐྱོད། སྤུས་ལེགས་ཀྱི་ཞབས་ཞུ་བཅས་ལྡན་པའི་གྲོང་གསེབ་ཀྱི་རླུང་འཕྲིན་བཪྙན་འཕྲིན་གྱི་སྤྱི་པའི་ཞབས་ཞུའི་མ་ལག་ཅིག་མགྱོགས་མྱུར་སྐྲུན་དགོས་པ་དང་རླུང་འཕྲིན་བཪྙན་འཕྲིན་དེ་གྲོང་ཚོ་ཀུན་ལ་ཁྱབ་ནས་དུད་ཚང་ཀུན་ཏུ་ཁྱབ་པ་འགྱུར་བ་བྱེད་དགོས་པ་དང་ལྷག་དོན་དུ་དུས་ཐུང་ནང་གྲོང་ཁྱེར་དང་གྲོང་གསེབ་དབར་གྱི་ཧེ་བག་ཆུང་དུ་བཏང་སྟེ་རླུང་འཕྲིན་བཪྙན་འཕྲིན་གྱི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཡོང་བ་བྱེད་པ་དེ་གྲོང་ཁྱེར་དང་གྲོང་གསེབ་དབར་གྱི་གྲངས་གཞིའི་ཧེ་བག་ཆུང་དུ་གཏོང་རྒྱུར་ཕན་པ་ཡོད་ཅེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།