བློ་མཐུན་ཀྲོའུ་ཀོང་ཀྲེར་སློབ་སྦྱོང་བྱེད་པའི་བྱེད་སྒོ་སྤེལ་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས།
ཀྲུང་གུང་ཆུ་ཤུར་རྫོང་ཨུད་ཀྱི་ཧྲུའུ་ཅི་ཅང་སུའུ་ཞིང་ཆེན་བོད་སྐྱོར་ལས་བྱེད་པ་བློ་མཐུན་ཀྲོའུ་ཀོང་ཀྲེ་ཡིས་2007ལོའི་ཟླ་བ་བདུན་པ་ནས་བཟུང་བོད་སྐྱོར་ཁག་གཉིས་ནང་བསྟུད་མར་ཞུགས་ཡོད། ལོ་བཞི་ལྷག་ཙམ་རིང་བློ་མཐུན་ཀྲོའུ་ཀོང་ཀྲེས་ཐོག་མཐའ་བར་གསུམ་དུ་བོད་སྐྱོར་གྱི་འོས་འགན་ཐུགས་ལ་བཅངས་ནས “བབ་ཆགས་ཀྱི་བུ་ཕྲུག་ཅིག་བྱེད་པ་དང་། ལས་དོན་ནན་ཏན་ངང་བསྒྲུབས་པ། གསོ་རླུང་མི་འདང་ཡང་སྙིང་སྟོབས་མི་ཉམས་པ། དཀའ་ཚེགས་ཆེ་ཡང་ཚད་གཞི་དམའ་རུ་མི་གཏོང་བ ”བཅས་ཀྱི་བོད་སྐྱོར་ལས་བྱེད་པའི་སྙིང་སྟོབས་ལག་ལེན་ཤུགས་ཆེན་བྱེད་པ་དང་། བོད་རང་ཁྱིམ་དུ་བརྩི་བ། ཁྱིམ་ཚང་ཆུང་ངུ་དོར་ནས་སྤྱི་ཡོངས་ལ་བསྟུན་པ། ལྷག་བསམ་རྣམ་དག་ངང་ཀྲུང་དབྱང་གི་བོད་སྐྱོར་བྱེད་ཕྱོགས་ལག་བསྟར་བྱེད་པ། བློ་གཅིག་སེམས་གཅིག་ངང་བོད་མི་དམངས་ལ་ཞབས་འདེགས་ཞུ་བ་བཅས་བྱས་ཏེ་ཆུ་ཤུར་རྫོང་གི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད། 2011ལོར་བློ་མཐུན་ཀྲོའུ་ཀོང་ཀྲེ “བོད་རང་སྐྱོང་ལྗོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན ”ལ་བདམས་པ་དང་ཀྲུང་དབྱང་འགོ་ཁྲིད་བློ་མཐུན་གྱིས་ཁོང་གི་སྔོན་ཐོན་བྱས་རྗེས་ཐད་མཆན་འགོད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ཡོད།
བོད་སྐྱོར་ལས་བྱེད་པ་ཞིག་ཡིན་པའི་བློ་མཐུན་ཀྲོའུ་ཀོང་ཀྲེས་ཐོག་མཐའ་བར་གསུམ་དུ་བོད་ཀྱི་འཕེལ་རྒྱས་དང་། བོད་ཀྱི་བརྟན་ལྷིང་། བོད་ཀྱི་གྲ་རྒྱས་བཅས་ཀྱི་ལས་དོན་དག་རང་ཉིད་ཀྱི་ལས་འགན་དུ་བརྩིས་ནས་འཕེལ་རྒྱས་གཏོང་རྒྱུ་ལས་འགན་ཨང་དང་པོར་བརྩིས་ཐོག་གཞི་རིམ་དུ་བསྐྱོད་པ་དང་། བརྟག་ཞིབ་བྱེད་པ། བསམ་ཕྱོགས་གསལ་བཟོ་བཅས་གནང་བ་དང་། དཔལ་འབྱོར་ལས་དོན་ལ་དམ་འཛིན་བྱེད་པའི་ཕུན་སུམ་ཚོགས་པའི་ཉམས་མྱོང་དང་འདུ་ཤེས་གསར་གཏོད་མཁས་པའི་ལེགས་ཆ་འདོན་སྤེལ་གང་ལེགས་གནང་བ། ཅང་སུའུ་ཡི་སྔོན་ཐོན་ཉམས་མྱོང་ཆུ་ཤུར་གྱི་འཕེལ་རྒྱས་དང་ནུས་ལྡན་ངང་ཟུང་འབྲེལ་གནང་བ་བཅས་བྱས་ཏེ་ཆུ་ཤུར་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་མཐུན་སྦྱོར་འཕེལ་རྒྱས་འགྲོ་བའི་རྣམ་པ་གསར་པ་བཏོད་པ་དེ་ཐོག་ནས་འོས་འགན་ལ་ལྷག་བསམ་རྣམ་དག་དང་ལས་འགན་གཙང་སྒྲུབ་དང་ལས་གནས་བརྟན་སྲུང་གི་བླ་ན་མེད་པའི་སྤྱོད་བཟང་གང་ལེགས་མངོན་པ་དང་། ཁོང་གིས་ཐོག་མཐའ་བར་གསུམ་དུ་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། མཐུན་སྦྱོར་བརྟན་ལྷིང་སྲུང་སྐྱོང་བཅས་བྱ་རྒྱུ་དེ་འགན་འཁྲི་དང་པོར་བརྩིས་ཏེ་བརྟན་ལྷིང་སྲུང་སྐྱོང་དང་ཐོལ་བྱུང་གནས་ཚུལ་ཐག་གཅོད་བྱེད་པའི་འགག་རྩའི་དུས་སྐབས་སུ་སེམས་ཐག་གཙང་བཅད་ཀྱིས་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་དང་ཚད་མཐོའི་གཅིག་གྱུར་ཡོང་རྒྱུ་རྒྱུན་འཁྱོངས་དང་ལངས་ཕྱོགས་བརྟན་པོ་དང་། དར་ཆ་གསལ་སྟོན། མདུན་དུ་ཤོར་བ། སྔོན་ལ་མིག་དཔེ་འདོན་པ་བཅས་ཀྱི་ཐོག་ནས་ཏང་ལ་བློ་དཀར་སེམས་དཀར་དང་འགན་ཁུར་ཕོད་པའི་ཆབ་སྲིད་ཀྱི་སྤྱོད་བཟང་གང་ལེགས་མངོན་པ། ཁོང་གིས་ཐོག་མཐའ་བར་གསུམ་དུ་དམངས་འཚོ་འགན་སྲུང་དང་ལེགས་སུ་གཏོང་རྒྱུ་དེ་ལས་དོན་གྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ནས་ཆུ་ཤུར་ཕ་ཡུལ་གཉིས་པ་དང་མང་ཚོགས་གཉེན་ཉེར་བརྩིས་ནས་སྤྲོ་སེམས་ཆེན་པོས་མང་ཚོགས་ལ་བྱ་བ་དངོས་དང་། དཀའ་གནད་སེལ་བ། བྱ་བཟང་སྒྲུབ་པ་བཅས་གནང་བར་བརྟེན་ས་གནས་དེ་གའི་མང་ཚོགས་ཁྲོད་འབྲེལ་བ་ཟབ་མོ་བཙུགས་ཐུབ་པ་བྱུང་བས་རྒྱ་ཆེའི་མང་ཚོགས་ཚོའི་དགའ་གཅེས་ཐོབ་སྟེ་མང་ཚོགས་ཚོས “བསོད་ནམས་ཆེ་བའི་ཧྲུའུ་ཅི ”དང “མཐུན་སྒྲིལ་གྱི་ཧྲུའུ་ཅི ”ཞེས་བསྔགས་བརྗོད་བྱེད་པ་དེ་ཐོག་ནས་དམིགས་ཡུལ་བློ་ལ་བརྟན་པོ་བཅངས་པ་དང་མང་ཚོགས་ལ་བརྩེ་སེམས་བཅངས་མཁན་གྱི་སྤྱི་ཞབས་པའི་བརྩེ་སེམས་གང་ལེགས་མངོན་པ། ཁོང་གིས་ཐོག་མཐའ་བར་གསུམ་དུ་འགན་འཁྲི་སྲོག་ལྟར་བརྩི་བ་དང་། སྒེར་གྱི་ཐོབ་ཤོར་ལ་མི་བལྟ་བ། ཨ་མ་གྲོངས་ཀྱང་ལྟ་ཁོམ་མ་བྱུང་བ། རང་ཉིད་ལ་གློ་ནད་ཕོག་ཀྱང་སྔར་བཞིན་ལས་ཀ་མཐའ་འཁྱོངས་གནང་བ། ཁྱིམ་མིར་བཅངས་པའི་བརྩེ་སེམས་ཐུགས་ལ་བཞག་པ་བཅས་ཀྱི་ཐོག་ནས་རང་དོན་རྒྱབ་སྐྱུར་གྱིས་འབད་འཐབ་དང་ལེགས་སྐྱེས་ཕུལ་ནུས་པའི་སྤྱོད་ཚུལ་བཟང་པོ་གང་ལེགས་མངོན་ཡོད། ཁོང་གི་སྔོན་ཐོན་བྱས་རྗེས་ནི “བོད་སྐྱོད་པ་རྒན་གྲས ”ཀྱི་སྙིང་སྟོབས་དང་བོད་སྐྱོར་ལས་བྱེད་པའི་སྙིང་སྟོབས་དུས་བབ་གསར་པའི་འོག་རྒྱུན་འཛིན་དང་དར་སྤེལ་བཏང་བ་ཞིག་ཡིན་ལ་བོད་སྐྱོར་ལས་བྱེད་པའི་དུས་རབས་ཀྱི་ཉམས་འགྱུར་དང་སྙིང་སྟོབས་ཀྱང་གང་ལེགས་མངོན་ཡོད།
བློ་མཐུན་ཀྲོའུ་ཀོང་ཀྲེ་ནི་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་བོད་སྐྱོར་ལས་དོན་རྒྱུན་ཆད་མེད་པར་གཏིང་ཟབ་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ནང་ཐོན་པའི་སྔོན་ཐོན་གྱི་དཔེ་མཚོན་ཞིག་དང་། དུས་སྐབས་གསར་པར་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་གུང་ཁྲན་ཏང་ཡོན་གྱི་སྔོན་ཐོན་རང་བཞིན་རྒྱུན་འཁྱོངས་བྱེད་མཁན་གྱི་སྔོན་ཐོན་དཔེ་བཟང་ཞིག སྔོན་གཏོད་ལེགས་བརྩོན་གྱི་བྱེད་སྒོའི་ནང་ཐོན་པའི་ཕུལ་བྱུང་བོད་སྐྱོར་ལས་བྱེད་པའི་མཚོན་བྱེད་ཅིག ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་དང་རིམ་ཁག་འགོ་ཁྲིད་ལས་བྱེད་པས་སློབ་སྦྱོང་བྱེད་པའི་མིག་དཔེ་ཞིག་བཅས་ཡིན། བློ་མཐུན་ཀྲོའུ་ཀོང་ཀྲེའི་བླ་ན་མེད་པའི་སྙིང་སྟོབས་སྔར་བས་དར་སྤེལ་དང་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མི་རིགས་ཁག་གི་མང་ཚོགས་ཚོས་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་རྒྱུར་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུར་སྐུལ་ལྕག་གཏོང་ཆེད་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་སུ་བློ་མཐུན་ཀྲོའུ་ཀོང་ཀྲེར་སློབ་སྦྱོང་བྱེད་པའི་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུའི་གཏན་འབེབས་བྱ་རྒྱུ་ཡིན།
བློ་མཐུན་ཀྲོའུ་ཀོང་ཀྲེར་སློབ་སྦྱོང་བྱེད་སྐབས་ཕུགས་བསམ་བློ་ལ་བཅངས་པ་དང་འོས་འགན་ལ་ལྷག་བསམ་རྣམ་དག་བྱེད་པའི་ཁོང་གི་བློ་བརྟན་འགྱུར་མེད་ཀྱི་དད་སེམས་ལ་སློབ་སྦྱོང་བྱས་ཏེ་ཁོང་དང་འདྲ་བར་རང་རྟོགས་ངང “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན་ལག་ལེན་དང་། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ། སྒེར་གྱི་མདུན་ལམ་དང་ལས་དབང་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་བྱེད་པའི་བླ་ན་མེད་པའི་བྱ་གཞག་ནང་བཞག་ནས་འབད་འཐབ་ལྷོད་མེད་དང་བློ་བརྟན་འགྱུར་མེད་བྱེད་པ་དང་། མི་དམངས་ལ་དགའ་ཞེན་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཁོང་གི་གཞུང་ཞབས་པའི་བརྩེ་སེམས་ལ་སློབ་སྦྱོང་བྱས་ཏེ་ཁོང་དང་འདྲ་བར་རང་རྟོགས་ངང་ཏང་གི་དམིགས་ཡུལ་ལག་ལེན་དང་། མི་རིགས་མཐུན་སྒྲིལ་ལ་གཅེས་འཛིན་ལྡབ་བརྒྱ། དུས་རྟག་ཏུ་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྡུག་སེམས་ལ་བཅངས་བ་བཅས་བྱས་ཏེ་དམངས་ཀྱི་ཆེད་དུ་དབང་ཆ་སྤྱོད་པ་དང་། དམངས་ལ་བརྩེ་སེམས་འཆང་བ། དམངས་ཀྱི་ཁེ་ཕན་དོན་གཉེར་བྱེད་པ་བཅས་བྱེད་པ། དཀའ་སྡུག་ལ་མི་སྐྲག་པ་དང་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བའི་ཁོང་གི་ཕུལ་བྱུང་སྤྱོད་བཟང་ལ་སློབ་སྦྱོང་བྱས་ནས་ཁོང་དང་འདྲ་བར་ཏང་དང་མི་དམངས་ཀྱི་དགོས་མཁོ་དེ་མི་ཚེའི་གདམ་ག་དང་པོར་བརྩིས་ནས་ཁོང་དང་འདྲ་བར་མི་ཚེའི་རྣམ་འགྱུར་ལེགས་སྒྲིག་དང་ཡང་དག་པའི་འཇིག་རྟེན་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་གི་ལྟ་བ་བཅས་བཙུགས་ཏེ “བོད་སྐྱོད་པ་རྒན་གྲས ”ཀྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་ནས་ཐོག་མཐའ་བར་གསུམ་དུ་དཔའ་ངར་ཆེར་བསྐྱེད་ཀྱི་སྙིང་སྟོབས་རྒྱུན་འཁྱོངས་ཀྱིས་དཀའ་ཚེགས་ཁོར་ཡུག་ཁྲོད་བློ་སྟོབས་བཞུན་བརྡར་དང་ལས་སྒྲུབ་ལས་སྐྲུན་བྱེད་པ། རང་དོན་རྒྱབ་སྐྱུར་གྱིས་ལས་དོན་སྒྲུབ་པ་དང་འབད་འབུངས་སྟོབས་བརྩོན་གྱི་ཁོང་གི་ལས་བཀུར་སྙིང་སྟོབས་ལ་སློབ་སྦྱོང་བྱས་ནས་ཁོང་དང་འདྲ་བར་དཀའ་ངལ་དང་ཉེན་ཁར་མི་སྐྲག་པ་དང་། ལྷག་བསམ་རྣམ་དག་ངང་ལས་གནས་བརྟན་སྲུང་། སྙིང་རུས་ཆེན་པོས་ལས་སྒྲུབ། བློ་རྩ་བརྟན་པོས་གསར་གཏོད། འགག་སྒྲོལ་བྱེད་ཕོད་པ་བཅས་བྱས་ནས་རྩ་འཛུགས་ལ་མཁོ་བའི་ལས་གནས་ཐོག་དུས་རབས་དང་མི་དམངས་ལ་ངོ་གནོང་མི་དགོས་པའི་ལས་ཀའི་བྱས་རྗེས་རྩེ་གྲ་གཏོད་པ་བཅས་བྱེད་དགོས།
བློ་མཐུན་ཀྲོའུ་ཀོང་ཀྲེའི་སྔོན་ཐོན་བྱས་རྗེས་ལ་སློབ་སྦྱོང་བྱ་རྒྱུ་དེ་བྱ་སྤྱོད་དང་ལག་ལེན་ཐོག་འཁྱོལ་བ་བྱེད་དགོས། ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ལ་བློ་མཐུན་ཀྲོའུ་ཀོང་ཀྲེར་སློབ་སྦྱོང་བྱེད་པའི་བྱེད་སྒོ་སྤེལ་རྒྱུ་དེ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུ་དང་ཟུང་འབྲེལ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི “བདུན་གཅིག ”གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་པ་རབ་དང་རིམ་པ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ་བྱེད་པ། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བའི་མཛད་སྒོའི་ཐོག་གི་ཀྲུའུ་ཞི་གཞོན་པ་ཞིས་ཅིས་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་པ་རབ་དང་རིམ་པ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ་བྱེད་པ། སྤེལ་བཞིན་པའི་སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་དང་ཟུང་འབྲེལ་བྱེད་པ་བཅས་བྱས་ཏེ་བཀོད་སྒྲིག་ཚགས་ཚུད་དང་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱས་ནས་སློབ་སྦྱོང་གི་ཚ་རླབས་མགྱོགས་མྱུར་འཕྱུར་བ་བྱེད་དགོས་པ་དང་། རིམ་ཁག་འགོ་ཁྲིད་ལས་བྱེད་པ་དང་བོད་སྐྱོར་ལས་བྱེད་པ་ཚོས་སྔོན་ལ་སློབ་སྦྱོང་དང་། སྔོན་ལ་སྒྲུབ་པ། སློབ་སྦྱོང་ཐད་སྣེ་ཁྲིད། ལག་ལེན་ལ་སྣེ་ཁྲིད་བཅས་བྱེད་དགོས་པ། རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་དང་། བཀོད་སྒྲིག་ཚགས་ཚུད། བྱེད་ཐབས་ནུས་ལྡན་སྤྱོད་པ་བཅས་བྱས་ཏེ་རྒྱ་ཆེ་གཏིང་ཟབ་ཀྱི་སྒོ་ནས་བློ་མཐུན་ཀྲོའུ་ཀོང་ཀྲེའི་སྔོན་ཐོན་བྱས་རྗེས་དྲིལ་བསྒྲགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་དམིགས་ཡུལ་གྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུར་སློབ་གསོ་ཁྲིད་སྟོན་གྱིས་མི་དམངས་མང་ཚོགས་ལ་བཅངས་པའི་བརྩེ་སེམས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ་དང་། ནུས་ཤུགས་ཡོད་རྒུས་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་། འགན་འཁྲིའི་བསམ་པ་དང་འོས་འགན་སྒྲུབ་སེམས་སྔར་བས་ཆེ་རུ་གཏོང་བ་བཅས་བྱས་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས་བོད་ཀྱི་ཚན་རིག་དང་མཐུན་པའི་གོང་འཕེལ་དང་། མཐུན་སྦྱོར་བརྟན་ལྷིང་། མི་རིགས་མཐུན་སྒྲིལ། དམངས་འཚོ་ལེགས་གཏོང་བཅས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པའི་བླང་བྱ་འདོན་རྒྱུ་ཡིན།
ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་བ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ། རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་རྒྱུ་གོ་སྐབས་སུ་བྱེད་པ་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས་ཚན་རིག་དང་མཐུན་པའི་གོང་འཕེལ་ལ་སྐུལ་འདེད་གཏོང་བ་དང་། ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པ། ནུས་ཤུགས་ཡོད་རྒུས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་སྐུལ་འདེད་གཏོང་བ། བློ་མཐུན་ཀྲོའུ་ཀོང་ཀྲེ་མིག་དཔེར་བྱེད་པ། ཀུན་སེམས་གཅིག་སྦྲེལ། གསར་འབྱེད་ཡར་བརྩོན་བཅས་བྱས་ཏེ་མཐུན་སྒྲིལ་དང་། དམངས་གཙོ། འབྱོར་ཕྱུག ཤེས་དཔལ། མཐུན་སྦྱོར་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་བྱ་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་པའི་འབོད་སྐུལ་བྱ་རྒྱུ་ཡིན།
འགན་འཁུར་རྩོམ་སྒྲིག་པ། admin
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣