དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་སྤྱོད་གཙང་སྲིད་སྐྱོང་གི་ཚད་གཞི་འགའ་ཞིག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་སྤྱོད་གཙང་སྲིད་སྐྱོང་ལ་སྔར་བས་སྐུལ་འདེད་གཏོང་ཆེད 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག 》གཞིར་བཟུང་ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་སྤྱོད་གཙང་རང་འདོམས་བྱ་རྒྱུའི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཚད་གཞི་འདི་གཏན་འབེབས་བྱས་ཡོད།

        སྤྱིའི་རྩ་འཛིན།

        སྲིད་སྐྱོང་ཏང་གི་ཏང་སྲོལ་ནི་ཏང་གི་ཤི་གསོན་ཆགས་འཇིགས་དང་འབྲེལ་བ་ཡོད་པ་ཞིག་ཡིན་པ་དང་། རུལ་སུངས་ལ་ཉེས་ཆད་མཐའ་གཅིག་ཏུ་གཅོད་རྒྱུ་དང་ནུས་ལྡན་ངང་སྔོན་འགོག་མཐའ་གཅིག་ཏུ་བྱ་རྒྱུ་ནི་ཏང་གིས་ངེས་པར་དུ་ཐོག་མཐའ་བར་གསུམ་དུ་དམ་འཛིན་ཡག་པོ་བྱ་རྒྱུའི་གལ་ཆེའི་ཆབ་སྲིད་ཀྱི་ལས་འགན་ཞིག་ཡིན། ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་སྤྱོད་གཙང་སྲིད་སྐྱོང་བྱ་རྒྱུ་ནི་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་“མཚོན་བྱེད་གསུམ ”གྱི་གལ་ཆེའི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་བཅས་ཁྱོན་ཡོངས་ནས་ལག་བསྟར་བྱ་རྒྱུའི་གལ་ཆེའི་འགན་ལེན་ཞིག་ཡིན། དུས་རབས་གསར་པར་ཏང་བཅོས་སྐྱོང་བྱས་ནས་རྒྱུན་ཆད་མེད་པར་ཏང་གི་སྲིད་སྐྱོང་ནུས་པ་འཛུགས་སྐྱོང་དང་སྔོན་ཐོན་རང་བཞིན་འཛུགས་སྐྱོང་བྱ་རྒྱུའི་གལ་ཆེའི་ནང་དོན་ཞིག་ཡིན། སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་གཏོང་བའི་གཞི་རྩའི་བླང་བྱ་ཞིག་ཡིན་ལ་ཡང་དག་པའི་སྒོ་ནས་དབང་ཆ་བེད་སྤྱོད་དང་འགན་འཁྲི་ལག་བསྟར་བྱ་རྒྱུའི་གལ་ཆེའི་རྨང་གཞི་ཞིག་ཀྱང་ཡིན།

        ཏང་ཡོན་འགོ་ཁྲིད་ལས་བྱེད་པས་ངེས་པར་དུ་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཆེན་པོ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཡིད་ཆེས་བརྟན་པོ་ཡོད་པ་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་གི་རིན་ཐང་མ་ལག་ལག་བསྟར་བྱེད་པ་དང་། ངེས་པར་དུ་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུའི་དམིགས་ཡུལ་མཐའ་འཁྱོངས་བྱས་ནས་སྤྱི་དོན་དུ་ཏང་སྐྱོང་དང་དམངས་དོན་དུ་སྲིད་སྐྱོང་བྱེད་པ། ངེས་པར་དུ་ཏང་ཡོན་དང་མི་དམངས་མང་ཚོགས་ཁྲོད་མིག་དཔེའི་ནུས་པ་འདོན་སྤེལ་བྱས་ནས་རང་གིས་རང་བརྩི་དང་། གྲོན་ཆུང་བསྲི་ཚགས། དོགས་ཟོན། སྐུལ་ལྕག་བཅས་བྱེད་པ། ངེས་པར་དུ་དཔེ་སྟོན་གྱིས་ཏང་དང་རྒྱལ་ཁབ་ཀྱི་སྒྲིག་ཁྲིམས་བརྩི་སྲུང་དང་། སྤྱོད་གཙང་གཞུང་དྲང་། བསམ་པ་རྣམ་དག་གིས་འགན་འཁུར་བ། ཡང་དག་པའི་སྒོ་ནས་དབང་ཆ་སྤྱོད་པ་བཅས་བྱས་ཏེ་གོ་གནས་ཀྱི་སྤྱོད་ཚུལ་དྭངས་གཙང་ཡོང་བ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། ངེས་པར་དུ་ཏང་གི་ཕུལ་བྱུང་སྲོལ་རྒྱུན་དར་སྤེལ་བཏང་ནས་དམ་པ་དོན་གཉེར་དང་། དཀའ་སྤྱད་འབད་འཐབ། མང་ཚོགས་ལ་འབྲེལ་བ་དམ་ཟབ་བཅས་བྱེད་དགོས།

        ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་སྤྱོད་གཙང་སྲིད་སྐྱོང་བྱ་རྒྱུར་སྐུལ་འདེད་གཏོང་བར་ངེས་པར་དུ་རྩ་ལག་མཉམ་བཅོས་དང་། ཕྱོགས་བསྡུས་བཅོས་སྐྱོང་། ཆད་གཅོད་དང་སྔོན་འགོག་མཉམ་དུ་སྤེལ་བ། སྔོན་འགོག་ལ་དོ་སྣང་ཆེན་པོ་བྱེད་པ་བཅས་ཀྱི་བྱེད་ཕྱོགས་མཐའ་འཁྱོངས་བྱེད་པ་དང་། རུལ་སུངས་ལ་ཆད་གཅོད་དང་སྔོན་འགོག་བྱ་རྒྱུའི་མ་ལག་འཐུས་ཚང་འཛུགས་རྒྱུའི་བླང་བྱ་ལྟར་སློབ་གསོར་ཤུགས་སྣོན་རྒྱག་པ་དང་། ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། ལྟ་སྐུལ་བྱ་རྒྱུ་ཤུགས་ཆེར་གཏོང་བ། སྒྱུར་བཅོས་གཏིང་ཟབ་བྱེད་པ། སྒྲིག་ཁྲིམས་ནན་དུ་གཏོང་བ་བཅས་བྱས་ནས་རང་འདོམས་དང་གཞན་འདོམས་བྱ་རྒྱུ་ཕན་ཚུན་ཟུང་འབྲེལ་མཐའ་འཁྱོངས་བྱ་དགོས།

        ལེའུ་དང་པོ། སྤྱོད་གཙང་སྲིད་སྐྱོང་གི་བྱ་སྤྱོད་ཚད་གཞི།

        དོན་ཚན་དང་པོ། འགན་དབང་བེད་སྤྱོད་དང་གོ་གནས་ཀྱི་ཤུགས་རྐྱེན་ལ་བརྟེན་ནས་ལུགས་དང་མི་མཐུན་པའི་ཁེ་ཕན་སྒྲུབ་རྒྱུར་བཀག་འགོག་བྱེད་དགོས། དེའང་གཤམ་གྱི་བྱ་སྤྱོད་རིགས་ཐོན་མི་ཆོག་པ་སྟེ།

        (གཅིག )དོ་དམ་དང་ཞབས་ཞུ་བྱ་ཡུལ་དང་དེ་མིན་གྱི་འགན་དབང་སྤྱོད་ཡུལ་གྱི་འབྲེལ་ཡོད་ཚན་པ་དང་མི་སྒེར་གྱི་རྒྱུ་ནོར་ལེན་པ་དང་གཡར་བ།

        (གཉིས )གཞུང་དྲང་ངང་གཞུང་དོན་སྒྲུབ་རྒྱུར་ཤུགས་རྐྱེན་བཟོ་ངེས་ཡིན་པའི་འབུལ་རྟེན་ལེན་པ་དང་གསོལ་སྟོན་དང་། ཡུལ་སྐོར། ལུས་སྦྱོང་། རོལ་རྩེད་སོགས་བྱེད་སྒོའི་བཀོད་སྒྲིག་དང་ལེན་བྱེད་པ།

        (གསུམ )གཞུང་དོན་བྱེད་སྒོའི་ནང་འབུལ་རྟེན་དངུལ་དང་རིན་ལྡན་འཛིན་ཤོག་དང་གཏོང་སྤྲོད་འཛིན་ཡིག་རིགས་ལེན་པ།

        (བཞི )རྒྱུ་ནོར་ཉོ་ཚོང་དང་མངག་པ་སོགས་ཀྱི་རྣམ་པའི་ཐོག་ནས་ལུགས་མཐུན་མིན་པའི་ཁེ་ཕན་བཟའ་བ།

        (ལྔ )ནང་ཁུལ་གྱི་གནས་ཚུལ་དང་ཆ་འཕྲིན་ཧ་གོ་བ་དང་ཁོང་དུ་ཆུད་པར་བརྟེན་ནས་ཁེ་ཕན་བཟའ་བ།

        (དྲུག )གཏན་འབེབས་ལས་འགལ་ཏེ་སྡོད་ཁང་མང་པོ་བཟུང་བ་དང་ཡང་ན་གཏན་འབེབས་ལས་འགལ་ཏེ་དཔལ་འབྱོར་སྤྱོད་གོ་ཆོད་པའི་ཁང་པ་དང་ཁང་གླ་ཁེ་བའི་སྡོད་ཁང་སོགས་འགན་ལེན་རང་བཞིན་གྱི་སྡོད་ཁང་ཉོ་ཚོང་བྱ་བ་བཅས་ཀྱི་རིགས།

        དོན་ཚན་གཉིས་པ། རང་མཚམས་ངང་ཁེ་བཟང་ཆེ་བའི་བྱེད་སྒོ་སྤེལ་རྒྱུར་བཀག་འགོག་བྱེད་དགོས། དེའང་གཤམ་གྱི་བྱ་སྤྱོད་རིགས་ཐོན་མི་ཆོག་པ་སྟེ།

        (གཅིག )སྒེར་དང་ཡང་ན་མི་གཞན་གྱི་མིང་འཁྱེར་ནས་ཚོང་རྒྱག་པ་དང་ཁེ་ལས་གཉེར་བ།

        (གཉིས )གཏན་འབེབས་ལས་འགལ་ཏེ་ཚོང་རར་འདོན་མེད་པའི་ཀུང་སི (ཁེ་ལས )ཡི་མ་རྐང་དང་ཡང་ན་དངུལ་འཛིན་ཡོད་པ།

        (གསུམ )གཏན་འབེབས་ལས་འགལ་ཏེ་མ་རྐང་འཛིན་ཤོག་ཉོ་ཚོང་བྱེད་པ་དང་དེ་མིན་དངུལ་འཛིན་མ་རྩ་འཇོག་པ།

        (བཞི )མི་སྒེར་གྱིས་རྒྱལ (ཁོངས )ཕྱིར་ཀུང་སིར་ཐོ་འགོད་དམ་མ་རྩ་བཏང་ནས་མ་རྐང་འཇོག་པ།

        (ལྔ )གཏན་འབེབས་ལས་འགལ་ཏེ་དཔལ་འབྱོར་དངོས་གཞི་དང་སྤྱི་ཚོགས་ཚོགས་པ་སོགས་ཚན་པའི་འགན་གཅིག་ལྕོགས་སམ་ལས་འགན་གཅིག་ལྕོགས་ཀྱི་ཐོབ་ཐང་ལེན་པ་དང་། རིན་དོད་ཡོད་པའི་མཚམས་སྦྱོར་བྱེད་སྒོ་སྤེལ་བ།

        (དྲུག )ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་རྗེས་ཀྱི་ལོ་གསུམ་ནང་དེ་སྔོན་ལས་གནས་འཛིན་པའི་དོ་དམ་ཁྱབ་ཁོངས་ཀྱི་ས་ཁུལ་དང་བྱེད་སྒོའི་ཁྱབ་ཁོངས་ནང་གི་དམངས་གཉེར་ཁེ་ལས་དང་། ཕྱི་རྒྱལ་གྱི་ཚོང་པས་མ་འཇོག་བྱས་པའི་ཁེ་ལས། མཚམས་སྦྱོར་སྒྲིག་གཞིའི་གདན་ཞུའི་ལས་འགན་དང་ལེན་བྱ་བ་དང་ཡང་ན་མི་སྒེར་གྱིས་དེ་སྔོན་ལས་གནས་འཛིན་པའི་དོ་དམ་ཁྱབ་ཁོངས་ཀྱི་བྱེད་སྒོ་དང་འབྲེལ་བ་ཡོད་པའི་ཁེ་བཟང་ཆེ་བའི་བྱེད་སྒོ་སྤེལ་བ་བཅས་ཀྱི་རིགས།

        དོན་ཚན་གསུམ་པ། སྤྱི་པའི་རྒྱུ་ནོར་ལ་དོ་དམ་དང་བེད་སྤྱོད་བྱ་རྒྱུའི་གཏན་འབེབས་ལས་འགལ་ཏེ་སྤྱིར་བསྟེན་སྒེར་སྒྲུབ་དང་གཅེས་ནོར་སྒེར་བདག་བྱེད་རྒྱུར་བཀག་འགོག་བྱེད་དགོས། དེའང་གཤམ་གྱི་བྱ་སྤྱོད་རིགས་ཐོན་མི་ཆོག་པ་སྟེ།

        (གཅིག )མི་སྒེར་གྱིས་འཁུར་དགོས་པའི་འགྲོ་གྲོན་རྣམས་གཞུང་དངུལ་ནང་ནས་རྩིས་ཞུ་དང་གཏོང་བ།

        (གཉིས )གཏན་འབེབས་ལས་འགལ་ཏེ་གཞུང་དངུལ་དང་སྤྱི་པའི་རྒྱུ་ནོར་གཡར་བ་དང་ཡང་ན་མི་གཞན་ལ་གཞུང་དངུལ་དང་སྤྱི་པའི་རྒྱུ་ནོར་གཡར་གཏོང་བ།

        (གསུམ )སྒེར་གྱིས་གཞུང་དངུལ་གསོག་ཉར་བྱ་བ།

        (བཞི )གཞུང་དངུལ་སྤྱད་དེ་ཡུལ་སྐོར་དང་འགྲོ་བའམ་རྣམ་པ་འགྱུར་བའི་ཡུལ་སྐོར་དུ་འགྲོ་བ།

        (ལྔ )གཞུང་དངུལ་སྤྱད་དེ་འཛད་གྲོན་མཐོ་བའི་རོལ་རྩེད་དང་ལུས་སྦྱོང་བྱེད་སྒོར་ཞུགས་པ་དང་རྣམ་པ་མི་འདྲ་བའི་སྤྲོ་སྐྱིད་ཁང་གི་ཚོགས་པའི་ཐོབ་ཐང་རག་ཐབས་བྱེད་པ།

        (དྲུག )གཏན་འབེབས་ལས་འགལ་ཏེ་གཞུང་དངུལ་སྤྱད་ནས་ཚོང་ལས་འགན་བཅོལ་ཉོ་བ་དང་སྡོད་ཁང་གི་སྤྱི་གསོག་མ་དངུལ་སྐྱེལ་བ། ཕོགས་སྣོན་དང་། ཁ་གསབ། བྱ་དགའི་དངུལ་སོགས་གང་བྱུང་དུ་སྤྲོད་པ།

        (བདུན )ཁྲིམས་འགལ་གྱིས་སྤྱི་པའི་རྒྱུ་ནོར་བདག་བཟུང་བྱ་བའམ་རྟགས་མཚན་རང་བཞིན་གྱིས་དངུལ་གཏོང་བ་སོགས་ཀྱི་རྣམ་པའི་ཐོག་ནས་ཁྲིམས་འགལ་གྱིས་སྤྱི་པའི་རྒྱུ་ནོར་བདག་བཟུང་བྱ་བ།

        (བརྒྱད )སྤྱི་ཚོགས་འགན་ལེན་མ་དངུལ་དང་སྡོད་ཁང་གི་སྤྱི་གསོག་མ་དངུལ་སོགས་སྤྱི་པའི་མ་དངུལ་དང་ཡང་ན་དེ་མིན་ནོར་སྲིད་མ་དངུལ་སྒེར་སྤྱོད་དང་གཡར་བ་བཅས་ཀྱི་རིགས།

        དོན་ཚན་བཞི་པ། གཏན་འབེབས་ལས་འགལ་ཏེ་ལས་བྱེད་འདེམས་སྒྲུག་བསྐོ་སྤྱོད་བྱ་རྒྱུར་བཀག་འགོག་བྱེད་དགོས། དེའང་གཤམ་གྱི་བྱ་སྤྱོད་རིགས་ཐོན་མི་ཆོག་པ་སྟེ།

        (གཅིག )ལུགས་དང་མི་མཐུན་པའི་བྱ་ཐབས་ལ་བརྟེན་ནས་རང་ངམ་མི་གཞན་ལ་གོ་གནས་རག་ཐབས་བྱེད་པ།

        (གཉིས )གཏན་འབེབས་ཀྱི་གོ་རིམ་ལྟར་འོས་སྦྱོར་དང་། རྟོག་ཞིབ། གྲོས་མོལ་གཞིར་མ་བཟུང་བར་གྲོས་བསྡུར་བྱས་ནས་ལས་བྱེད་བསྐོ་འཐེན་གཏན་འཁེལ་བཟོ་བ།

        (གསུམ )རང་མཚམས་ཀྱིས་དམངས་གཙོས་འོས་སྦྱོར་དང་། དམངས་གཙོས་དཔྱད་གླེང་། རྟོག་ཞིབ། གྲོས་མོལ། གྲོས་བསྡུར་གཏན་འཁེལ་བཅས་བྱས་པའི་ལས་བྱེད་པའི་འབྲེལ་ཡོད་གསང་དོན་ཕྱིར་འགྱར་བ།

        (བཞི )ལས་བྱེད་པར་རྟོག་ཞིབ་བྱེད་པའི་ནང་གནས་ཚུལ་ངོ་མ་སྦས་གསང་དང་ཡང་ན་དོན་དངོས་རྫུན་བཟོ་བྱེད་པ།

        (ལྔ )དམངས་གཙོས་འོས་སྦྱོར་དང་། དམངས་གཙོས་དཔྱད་གླེང་། སྒྲིག་འཛུགས་ཀྱིས་རྟོག་ཞིབ། འདེམས་བསྐོ་བཅས་ཀྱི་ནང་འདེམས་ཤོག་བསླུ་བ་སོགས་རྩ་འཛུགས་མིན་པའི་བྱེད་སྒོ་སྤེལ་བ།

        (དྲུག )གོ་གནས་སྤྱད་དེ་རང་མཚམས་ཀྱིས་གཤམ་འོག་དང་ཡང་ན་དེ་སྔོན་གོ་གནས་འཛིན་པའི་ས་ཁུལ་དང་ཚན་པའི་ལས་བྱེད་པ་འདེམས་སྒྲུག་བསྐོ་སྤྱོད་ལས་ཀར་ཐེ་ཇུས་བྱ་བ།

        (བདུན )ལས་ཀ་སྒྱུར་བ་དང་། ལས་ཁུངས་འགྱུར་ལྡོག་གཏོང་སྐབས་འཕྲལ་དུ་ལས་བྱེད་པའི་གོ་གནས་སྤར་བ་དང་ལས་བྱེད་པ་བརྗེ་པོ་རྒྱག་པ།

        (བརྒྱད )ལས་བྱེད་པ་འདེམས་སྒྲུག་བསྐོ་སྤྱོད་ཀྱི་ལས་ཀའི་ནང་གནས་སྤར་མགོ་འདྲེན་དང་རྡུང་རྡེག་འཁོན་སློག སྒེར་སྐྱོང་ཁྲིམས་འགལ་བྱེད་པ་བཅས་ཀྱི་རིགས།

        དོན་ཚན་ལྔ་པ། གོ་གནས་ལས་ཀའི་ཐོག་གི་ཤུགས་རྐྱེན་བེད་སྤྱད་ནས་གཉེན་ཉེ་དང་ཉེ་འཁོར་གྱི་ལས་ཀ་བྱེད་མཁན་ལ་ཁེ་ཕན་རག་ཐབས་བྱ་རྒྱུར་བཀག་འགོག་བྱེད་དགོས། དེའང་གཤམ་གྱི་བྱ་སྤྱོད་རིགས་ཐོན་མི་ཆོག་པ་སྟེ།

        (གཅིག )བཟའ་ཟླ་བུ་ཕྲུག་དང་དེའི་བཟའ་ཟླ་དང་དེ་མིན་གཉེན་ཉེ་སྤུན་མཆེད་དང་ཉེ་འཁོར་གྱི་ལས་ཀ་བྱེད་མཁན་གནས་སྤར་བྱ་རྒྱུའི་རེ་བ་འདོན་པ་དང་བཀོད་གཏོང་བྱེད་པ།

        (གཉིས )གཞུང་དངུལ་སྤྱད་དེ་བཟའ་ཟླ་བུ་ཕྲུག་དང་དེའི་བཟའ་ཟླ། གཉེན་ཉེ་སྤུན་མཆེད་བཅས་ཀྱི་སློབ་སྦྱོང་དང་སྦྱོང་བརྡར། ཡུལ་སྐོར་འགྲོ་གྲོན་གཏོང་བ་དང་། བཟའ་ཟླ་བུ་ཕྲུག་དང་དེའི་བཟའ་ཟླ། གཉེན་ཉེ་སྤུན་མཆེད་རྒྱལ (ཁོངས )ཕྱིར་གཞིས་ཆགས་དང་། སློབ་སྦྱོང་། གཉེན་འཕྲད་བཅས་སུ་འགྲོ་རྒྱུའི་ཆེད་དུ་མི་སྒེར་དང་ལས་ཁུངས་ཀྱི་རོགས་དངུལ་ཐོབ་ཐབས་བྱེད་པ།

        (གསུམ )བཟའ་ཟླ་བུ་ཕྲུག་དང་དེའི་བཟའ་ཟླ་དང་དེ་མིན་གྱི་གཉེན་ཉེ་སྤུན་མཆེད། ཉེ་འཁོར་གྱི་ལས་ཀ་བྱེད་མཁན་བཅས་དང་འབྲེལ་བ་ཡོད་པའི་གྱོད་གཞིར་བརྟག་དཔྱད་ཐག་གཅོད་བྱེད་པར་བཀག་འགོག་བྱེད་པ།

        (བཞི )གོ་གནས་སྟབས་བདེ་བེད་སྤྱད་དེ་མི་གཞན་གྱི་ས་ནས་ཁེ་ཕན་རག་ཐབས་བྱེད་པ། དེའང་ཕ་མ་དང་། བཟའ་ཟླ། བུ་ཕྲུག་དང་དེའི་བཟའ་ཟླ། དེ་མིན་གྱི་དམིགས་བསལ་འབྲེལ་བ་ཡོད་པའི་མི་བཅས་ཀྱིས་མི་གཞན་གྱི་རྒྱུ་ནོར་ལེན་པ།

        (ལྔ )བཟའ་ཟླ་བུ་ཕྲུག་དང་དེའི་བཟའ་ཟླ། དེ་མིན་གཉེན་ཉེ་སྤུན་མཆེད་དང་ཉེ་འཁོར་གྱི་ལས་ཀ་བྱེད་མཁན་བཅས་ཀྱིས་རང་གི་མི་ཐོག་ནས་སྒེར་ཕན་སྒྲུབ་རྒྱུར་ཤུགས་བསྟན་གྱིས་ཁས་བླངས་པ་དང་། རྒྱ་ཡན་དུ་གཏོང་བ། ལྐོག་ཏུ་བཀོད་པ་གཏོང་བ་བཅས་བྱ་བ།

        (དྲུག )བཟའ་ཟླ་བུ་ཕྲུག་དང་དེའི་བཟའ་ཟླ་དང་དེ་མིན་གྱི་གཉེན་ཉེ་སྤུན་མཆེད་ཚོང་རྒྱག་པ་དང་ཁེ་ལས་གཉེར་རྒྱུར་སྟབས་བདེའི་ཆ་རྐྱེན་མཁོ་སྤྲོད་བྱ་བ་དང་ཡང་ན་ཏང་ཡོན་འགོ་ཁྲིད་ལས་བྱེད་དབར་གྱི་ཕན་ཚུན་གོ་གནས་ཀྱི་སྟབས་བདེ་བེད་སྤྱད་དེ་ཕན་ཚུན་བཟའ་ཟླ་བུ་ཕྲུག་དང་དེའི་བཟའ་ཟླ་དང་དེ་མིན་གྱི་གཉེན་ཉེ་སྤུན་མཆེད་ཚོང་རྒྱག་པ་དང་ཁེ་ལས་གཉེར་རྒྱུར་སྟབས་བདེའི་ཆ་རྐྱེན་མཁོ་སྤྲོད་བྱ་བ།

        (བདུན )བཟའ་ཟླ་བུ་ཕྲུག་དང་དེའི་བཟའ་ཟླ་དང་དེ་མིན་གྱི་གཉེན་ཉེ་སྤུན་མཆེད་རང་གི་དོ་དམ་མངའ་ཁོངས་ཀྱི་ས་ཆ་དང་བྱེད་སྒོའི་ཁྱབ་ཁོངས་ནང་སྤྱི་པའི་ཁེ་ཕན་ལ་འགལ་རྐྱེན་བཟོ་བའི་ཚོང་རྒྱག་པ་དང་ཁེ་ལས་གཉེར་བ། སྤྱི་ཚོགས་མཚམས་སྦྱོར་བྱ་གཞག་ཞབས་ཞུ་སོགས་ཀྱི་བྱེད་སྒོ་སྤེལ་བ་དང་། རང་མངའ་ཁོངས་ཀྱི་ས་ཆ་དང་བྱེད་སྒོའི་ཁྱབ་ཁོངས་ནང་གི་ཕྱི་རྒྱལ་གྱི་ཚོང་པའི་མ་རྩ་སྒེར་འཇོག་ཁེ་ལས་དང་ཀྲུང་གོ་དང་ཕྱི་རྒྱལ་མ་རྩ་མཉམ་འཇོག་གི་ཁེ་ལས་ནང་ཕྱི་རྒྱལ་ཕྱོགས་ཀྱི་བཀའ་མངག་ལས་བསྐོས་གདན་ཞུས་ལྟར་གོ་གནས་མཐོ་པོ་འཛིན་རྒྱུ་ཁས་ལེན་དང་རྒྱ་ཡན་དུ་གཏོང་བ།

        (བརྒྱད )བཟའ་ཟླ་བུ་ཕྲུག་དང་དེའི་བཟའ་ཟླ་ས་ཆ་གཞན་དུ་བཟོ་ཚོང་ཐོ་འགོད་བྱས་རྗེས་རང་མངའ་ཁོངས་ཀྱི་ས་ཆ་དང་བྱེད་སྒོའི་ཁྱབ་ཁོངས་ནང་སྤྱི་པའི་ཁེ་ཕན་ལ་འགལ་རྐྱེན་བཟོ་ཉེན་ཡོད་པའི་ཚོང་རྒྱག་པ་དང་ཁེ་ལས་གཉེར་རྒྱུར་ཁས་ལེན་དང་རྒྱ་ཡན་དུ་གཏོང་བ་བཅས་ཀྱི་རིགས།

        དོན་ཚན་དྲུག་པ། རྒྱས་གཤོམ་ལ་དང་དོད་དང་རྒྱས་སྤྲོས་འགྲན་པ། གཞུང་དངུལ་བག་མེད་ལོངས་སྤྱོད་བྱེད་པ། རྒྱས་སྤྲོས་ཆུད་ཟོས་གཏོང་བ་བཅས་ལ་བཀག་འགོག་བྱེད་དགོས། དེའང་གཤམ་གྱི་བྱ་སྤྱོད་རིགས་ཐོན་མི་ཆོག་པ་སྟེ།

        (གཅིག )གཞུང་དོན་ལས་ཀའི་ཁྲོད་གཏན་འབེབས་ཀྱི་ཚད་གཞི་ལས་འགལ་བའི་སྣེ་ལེན་མཁོ་སྤྲོད་དང་ལེན་བྱེད་པ་དང་ཡང་ན་གཏན་འབེབས་ཀྱི་ཚད་གཞི་ལས་འགལ་ཏེ་སྣེ་ལེན་འགྲོ་གྲོན་དང་གཞུང་དོན་ལམ་གྲོན་སོགས་འབྲེལ་ཡོད་འགྲོ་གྲོན་རྩིས་ཞུ་བྱ་བ།

        (གཉིས )གཏན་འབེབས་ལས་འགལ་ཏེ་དོན་གཅོད་ཐོག་བརྩེགས་ཁང་དང་གཟབ་སྦྱོང་ལྟེ་གནས་སོགས་སྣེ་ལེན་ཁང་གསར་རྒྱག་དང་སྒྲིག་བཟོ་བྱ་བ་དང་། ཚད་གཞི་ལས་འགལ་ཏེ་གཞུང་དོན་ཁང་དུ་ཁང་པ་བེད་སྤྱོད་དང་མཁོ་ཆས་བཀོད་སྒྲིག་དང་བེད་སྤྱོད་བྱ་རྒྱུར་ཆོག་མཆན་སྤྲོད་པ།

        (གསུམ )རང་མཚམས་ཀྱིས་གཞུང་དངུལ་བེད་སྤྱད་དེ་འགྲུལ་ཁང་སྒེར་བཟུང་སྒེར་སྤྱོད་བྱ་བ།

        (བཞི )གཏན་འབེབས་ལས་འགལ་ཏེ་སྒྲིག་སྦྱོར་དང་། ཉོ་སྒྲུབ། བརྗེ་བ། མཛེས་བཟོ་བཏང་ནས་རླངས་འཁོར་ཆུང་གྲས་བེད་སྤྱོད་བྱེད་པ།

        (ལྔ )གཏན་འབེབས་ལས་འགལ་ཏེ་གཞུང་དངུལ་བེད་སྤྱོད་དང་ཡང་ན་ཆ་གསེས་བྱ་ཐབས་སྤྱད་དེ་རྟེན་འབྲེལ་བྱེད་སྒོའི་རིགས་གཉེར་བར་ཆོག་མཆན་སྤྲོད་པ།

        དོན་ཚན་བདུན་པ། གཏན་འབེབས་ལས་འགལ་ཏེ་ཁྲོམ་རའི་དཔལ་འབྱོར་བྱེད་སྒོར་ཐེ་ཇུས་བྱས་ནས་ཁེ་ཕན་རག་ཐབས་བྱ་རྒྱུར་བཀག་འགོག་བྱེད་དགོས། དེའང་གཤམ་གྱི་བྱ་སྤྱོད་རིགས་ཐོན་མི་ཆོག་པ་སྟེ།

        (གཅིག )འཛུགས་སྐྲུན་ལས་གྲྭའི་རྣམ་གྲངས་འགན་གཙང་ལེན་པ་དང་སྤྲོད་པ། ས་ཆའི་བེད་སྤྱོད་དབང་ཆ་ནང་བཤུག་གཏོང་བ། སྲིད་གཞུང་གིས་ཉོ་སྒྲུབ་བྱ་བ། ས་ཁང་བདག་ཁོངས་གསར་སྤེལ་དང་གཉེར་སྐྱོང་བྱ་བ། གཏེར་ཁའི་ཐོན་ཁུངས་སྔོག་འདོན་བེད་སྤྱོད་བྱ་བ། མཚམས་སྦྱོར་ལས་ཁུངས་ལ་ཞབས་ཞུ་སོགས་བྱ་བའི་ཁྲོམ་རའི་དཔལ་འབྱོར་བྱེད་སྒོར་ཐེ་ཇུས་བྱ་བ།

        (གཉིས )རྒྱལ་ཁོངས་ཁེ་ལས་བསྐྱར་སྒྲིག་དང་ཟླ་སྒྲིལ། མ་རྩ་རྡིབ་པ། རྒྱུ་ནོར་བདག་དབང་ཉོ་ཚོང་། རྒྱུ་ནོར་གཙང་བཤེར་ཞིབ་རྩིས། རྒྱུ་ནོར་ལ་དཔྱད་དཔོག རྒྱུ་ནོར་གཞན་ལ་བཤུག་པ། གལ་ཆེའི་རྣམ་གྲངས་ལ་མ་འཇོག་བཅས་བྱ་བ་དང་དེ་མིན་གྱི་གལ་ཆེའི་གཉེར་སྐྱོང་བྱེད་སྒོ་སོགས་བྱ་བར་ཐེ་ཇུས་བྱ་བ།

        (གསུམ )སྲིད་འཛིན་ཆོག་མཆན་ལག་ཁྱེར་རིགས་ལ་ཆོག་མཆན་སྤྲོད་པ་དང་མ་དངུལ་གཡར་བ་སོགས་ཀྱི་བྱ་བར་ཐེ་ཇུས་བྱ་བ།

        (བཞི )དཔལ་འབྱོར་རྩོད་གཞིར་ཐེ་ཇུས་བྱ་བ།

        (ལྔ )ཞིང་གྲོང་གི་ཐུན་མོང་མ་དངུལ་དང་། རྒྱུ་ནོར་ཐོན་ཁུངས་བཅས་བེད་སྤྱོད་དང་། བགོས་འགྲེམས། འགན་གཙང་། བོཌ་མ་གཏོང་བ་སོགས་བྱ་རྒྱུར་ཐེ་ཇུས་བྱ་བ་བཅས་ཀྱི་རིགས།

        དོན་ཚན་བརྒྱད་པ། དོན་དངོས་དང་བྲལ་ནས་མི་བདེན་རྫུན་བཟོ་བྱ་བ་དང་། མང་ཚོགས་ཀྱི་ཁེ་ཕན་དང་ཏང་ཡོན་དང་མང་ཚོགས་དབར་དང་། ལས་བྱེད་དང་མང་ཚོགས་དབར་གྱི་འབྲེལ་བར་གནོད་སྐྱོན་གཏོང་རྒྱུར་བཀག་འགོག་བྱ་དགོས། དེའང་གཤམ་གྱི་བྱ་སྤྱོད་རིགས་ཐོན་མི་ཆོག་པ་སྟེ།

        (གཅིག )མི་རྒྱུ་འཕྲོ་བརླག་གཏོང་བའི “གཟུགས་བཪྙན་ལས་གཞི ”དང་མིང་གྲགས་ཧམ་གཉེར་གྱི “བྱས་རྗེས་ལས་གཞི ”གཉེར་བ།

        (གཉིས )ལས་ཀའི་གྲུབ་འབྲས་རྫུན་ཞུ་བྱ་བ།

        (གསུམ )བག་མ་གཏོང་ལེན་དང་གཤིན་པོའི་འདས་མཆོད། བཀྲ་ཤིས་རྟེན་འབྲེལ་སོགས་ཀྱི་བྱེད་སྒོ་སྤེལ་ནས་ཤུགས་རྐྱེན་ངན་པ་བཟོ་བ་དང་གོ་སྐབས་དེར་བསྟུན་ནས་རྒྱུ་ནོར་ཧམ་ལེན་བྱ་བ།

        (བཞི )སྤྱི་ཚོགས་འགན་ལེན་དང་། སྲིད་ཇུས་ཀྱི་རྒྱབ་སྐྱོར། རྒུད་སྐྱོབ་སོགས་ཀྱི་དངུལ་རྫས་བགོས་འགྲེམས་བྱ་བའི་ནང་གཉེན་ཉེ་སྤུན་གྲོགས་ལ་གཟིགས་སྐྱོང་ཡག་པོ་བྱས་པས་དྲང་བཞག་མེད་པ།

        (ལྔ )ལུགས་དང་མི་མཐུན་པའི་བྱ་ཐབས་སྤྱད་དེ་མཚན་སྙན་དང་། གོ་མིང་། ཡོན་ཚད་ཐོབ་ཐང་སོགས་ཀྱི་ཁེ་ཕན་རག་ཐབས་བྱ་བ།

        (དྲུག )སྤྱི་ཚོགས་ཀྱི་སྤྱི་པའི་སྤྱོད་བཟང་དང་ལས་རིགས་ཀུན་སྤྱོད། ཁྱིམ་ཚང་སྤྱོད་བཟང་བཅས་ལ་ལྡོག་པའི་བྱེད་སྒོ་སྤེལ་བ་བཅས་ཀྱི་རིགས་ཡིན།

        ལེའུ་གཉིས་པ། ལག་བསྟར་དང་ལྟ་སྐུལ།

        དོན་ཚན་དགུ་པ། རིམ་ཁག་ཏང་ཨུད (ཏང་ཙུའུ )ཀྱིས་ཚད་གཞི་འདི་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་འགན་འཁུར་དགོས། གཙོ་བོའི་འགན་འཁུར་བློ་མཐུན་གྱིས་རང་དཔེ་གཞན་སྟོན་བྱས་ནས་ཚད་གཞི་འདིར་བརྩི་སྲུང་ཞུ་དགོས་པ་དང་ཆབས་ཅིག་རང་ས་ཁུལ་དང་རང་ཚན་པ། རང་ལས་ཁུངས་བཅས་ཀྱི་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དམ་འཛིན་ཡག་པོ་བྱེད་དགོས།

        ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཀྱིས་རིམ་པ་གཅིག་མཚུངས་ཀྱི་ཏང་ཨུད (ཏང་ཙུའུ )ལ་གཞོགས་འདེགས་བྱས་ནས་ཚད་གཞི་འདི་དོན་འཁྱོལ་བྱ་རྒྱུ་དམ་འཛིན་ཡག་པོ་བྱ་བ་མ་ཟད། ལག་བསྟར་བྱས་པའི་གནས་ཚུལ་ལྟ་སྐུལ་ལ་ཞིབ་བཤེར་བྱ་རྒྱུའི་འགན་འཁུར་དགོས།

        དོན་ཚན་བཅུ་པ། རིམ་ཁག་ཏང་ཨུད (ཏང་ཙུའུ )ཀྱིས་ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་སྤྱོད་གཙང་སྲིད་སྐྱོང་ཐད་ཀྱི་སློབ་གསོར་ཤུགས་སྣོན་བརྒྱབ་ནས་ཚད་གཞི་འདི་ཏང་ཡོན་འགོ་ཁྲིད་ལས་བྱེད་པར་སློབ་གསོ་དང་ཟབ་སྦྱོང་བྱ་རྒྱུའི་གལ་ཆེའི་ནང་དོན་དུ་འཇོག་དགོས།

        དོན་ཚན་བཅུ་གཅིག རིམ་ཁག་ཏང་ཨུད (ཏང་ཙུའུ )ཀྱིས་ཏང་ནང་ཁུལ་གྱི་ལྟ་སྐུལ་ལམ་ལུགས་ཁག་དོན་འཁྱོལ་ནན་པོ་བྱ་བ་དང་དམངས་གཙོའི་འཚོ་བའི་ཚོགས་འདུ་དང་གལ་ཆེའི་གནས་ཚུལ་བརྡ་ཁྱབ་དང་། སྙན་ཞུ། སྐོར་གཟིགས། གླེང་མོལ། བསླབ་བྱ་སྐུལ་ལྕག འགན་འཁྲི་སྒྲུབ་ཚུལ་དང་སྤྱོད་གཙང་གནས་ཚུལ་གསལ་ཞུ། མི་སྒེར་གྱི་འབྲེལ་ཡོད་བྱ་བ་བཅས་དང་དེ་བཞིན་རྟོག་ཞིབ་དཔྱད་ཞིབ་སོགས་ལྟ་སྐུལ་བྱ་རྒྱུའི་ལམ་ལུགས་བརྒྱུད་དེ་ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་ལས་གཞི་འདི་ལག་བསྟར་བྱ་བའི་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།

        ཏང་ཡོན་ལས་བྱེད་པས་དམངས་གཙོའི་འཚོ་བའི་ཚོགས་འདུ་དང་འགན་འཁྲི་སྒྲུབ་ཚུལ་དང་སྤྱོད་གཙང་གནས་ཚུལ་གསལ་ཞུའི་ནང་ཞུགས་ཏེ་ཚད་གཞི་འདི་བཞིན་ཞིབ་བསྡུར་བྱས་ཏེ་ནན་ཏན་གྱིས་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱ་དགོས།

        ཏང་ཡོན་འགོ་ཁྲིད་ལས་བྱེད་པས་ཏང་རྩ་འཛུགས་ལ་མི་སྒེར་གྱི་འབྲེལ་ཡོད་བྱ་བ་ཇི་མ་ཇི་བཞིན་སྙན་ཞུ་བྱ་བ་དང་རང་འགུལ་ངང་ལྟ་སྐུལ་དང་ལེན་བྱ་དགོས།

        དོན་ཚན་བཅུ་གཉིས། ཏང་ཡོན་འགོ་ཁྲིད་ལས་བྱེད་པས་ཚད་གཞི་དེ་སྒྲིག་འཛུགས་ལག་བསྟར་བྱས་པའི་གནས་ཚུལ་དེ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་བྱ་རྒྱུའི་འགན་འཁྲིའི་ལམ་ལུགས་དང་ལས་བྱེད་པར་དཔྱད་ཞིབ་བྱ་རྒྱུའི་གལ་ཆེའི་ནང་དོན་དུ་འཇོག་པ་དང་དཔྱད་ཞིབ་མཇུག་འབྲས་དེ་ལས་བྱེད་བསྐོ་འཐེན་དང་བྱ་དགའ་ཆད་གཅོད་ཀྱི་གལ་ཆེའི་གཞི་འཛིན་ས་ཞིག་ཏུ་འཇོག་དགོས།

        དོན་ཚན་བཅུ་གསུམ། ཏང་ཡོན་འགོ་ཁྲིད་ལས་བྱེད་པས་ཚད་གཞི་འདི་ལས་འགལ་ཚེ་འབྲེལ་ཡོད་གཏན་འབེབས་ལྟར་སྐྱོན་བརྗོད་སློབ་གསོ་དང་། སྒྲིག་འཛུགས་ཐག་གཅོད། སྒྲིག་ཁྲིམས་ཐག་གཅོད་བྱ་དགོས་པ་དང་ཁྲིམས་འགལ་ཉེས་གསོག་གི་དོགས་ཡོད་ཡིན་ཚེ་ཁྲིམས་བཞིན་དེའི་ཁྲིམས་ལུགས་ཀྱི་འགན་འཁྲི་རྩད་གཅོད་བྱ་རྒྱུ།

        དོན་ཚན་བཅུ་བཞི། ཚད་གཞི་འདི་ལག་བསྟར་དོན་འཁྱོལ་བྱེད་པར་ཏང་ནང་ཁུལ་གྱི་ལྟ་སྐུལ་དང་ཏང་ཕྱིའི་ལྟ་སྐུལ་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་དམངས་གཙོའི་ཏང་ཤོག་དང་མི་དམངས་ཚོགས་པ། མི་དམངས་མང་ཚོགས། གསར་འགྱུར་གླེང་ཕྱོགས་བཅས་ཀྱི་ལྟ་སྐུལ་ནུས་པ་འདོན་སྤེལ་བྱ་དགོས།

        ལེའུ་གསུམ་པ། ཞར་བྱུང་།

        དོན་ཚན་བཅོ་ལྔ། ཚད་གཞི་འདི་ཏང་གི་ལས་ཁུངས་དང་མི་དམངས་འཐུས་ཚོགས་ལས་ཁུངས། སྲིད་འཛིན་ལས་ཁུངས། སྲིད་གྲོས་ལས་ཁུངས། འདྲི་གཅོད་ལས་ཁུངས། ཞིབ་དཔྱོད་ལས་ཁུངས་བཅས་ཁྲོད་ཀྱི་རྫོང (ཁྲུའུ )རིམ་པ་ཡན་གྱི་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་དང་། མི་དམངས་ཚོགས་པ་དང་བྱ་གཞག་ཚན་པའི་ཁྲོད་ཀྱི་རྫོང (ཁྲུའུ )རིམ་པ་དང་མཚུངས་པའི་ཏང་ཡོན་འགོ་ཁྲིད་ལས་བྱེད་པར་བེད་སྤྱོད་བྱ་དགོས་པ་དང་། རྒྱལ་ཁབ་ལ་དབང་བ་དང་རྒྱལ་ཁབ་ལ་དབང་བའི་མ་རྐང་ཚོད་འཛིན་ཁེ་ལས (རྒྱལ་ཁབ་ལ་དབང་བ་དང་རྒྱལ་ཁབ་ལ་དབང་བའི་མ་རྐང་ཚོད་འཛིན་གྱི་དངུལ་རྩའི་ཁེ་ལས་ཚུད )དང་དེའི་ཡན་ལག་ལས་ཁུངས་ཀྱི་སྒྲིག་གཞིའི་འགོ་ཁྲིད་མི་སྣའི་ཁྲོད་ཀྱི་ཏང་ཡོན། རྫོང (གྲོང་ཁྱེར་དང་ཆུས )ཐད་གཏོགས་ཀྱི་ལས་ཁུངས་དང་། འདྲི་གཅོད་ལས་ཁུངས། ཞིབ་དཔྱོད་ལས་ཁུངས་བཅས་ཀྱི་ཁོའོ་རིམ་པའི་ཏང་ཡོན་འགན་འཁུར་མི་སྣ་དང་ཤང་གྲོང་རྡལ (ཁྲོམ་གཞུང )གྱི་ཏང་ཡོན་འགན་འཁུར་མི་སྣ། གཞི་རིམ་ས་ཚིགས་དང་སུའོ་ཡི་ཏང་ཡོན་འགན་འཁུར་མི་སྣ་བཅས་ལ་ཚད་གཞི་འདི་བཞིར་བཟུང་ནས་ལག་བསྟར་བྱ་རྒྱུ།

        དོན་ཚན་བཅུ་དྲུག ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་ཏང་ཨུད་དང་། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་སྡེའི་ཏང་ཨུད། ཀྲུང་དབྱང་ཐད་གཏོགས་ལས་ཁུངས་ཀྱི་ལས་དོན་ཨུ་ཡོན་ལྷན་ཁང་། ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་ཁབ་ལ་དབང་བའི་ཐོན་ཁུངས་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཏང་ཨུད། ཀྲུང་གོའི་དངུལ་ཁང་བྱ་གཞག་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་དང་ཀྲུང་གོའི་འགན་བཅོལ་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཏང་ཨུད་བཅས་ཀྱིས་ཚད་གཞི་འདི་གཞི་འཛིན་དུ་བྱས་ཆོག་པ་དང་རང་སོ་སོའི་ལས་ཀའི་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་གྱིས་ཞིབ་ཕྲའི་གཏན་འབེབས་བཟོས་ཏེ་ཀྲུང་གུང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལ་ཐོ་འགོད་སྙན་སེང་བྱ་རྒྱུར་སྐྱེལ་དགོས། ཀྲུང་དབྱང་དམག་ཨུད་ཀྱིས་ཚད་གཞི་འདི་གཞི་འཛིན་དུ་བྱས་ཆོག་པ་དང་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་དང་ཀྲུང་གོ་མི་དམངས་དྲག་ཆས་ཉེན་རྟོག་དམག་དཔུང་གི་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་གྱིས་ཞིབ་ཕྲའི་གཏན་འབེབས་བཟོ་དགོས།

        དོན་ཚན་བཅུ་བདུན། ཚད་གཞི་འདི་ཀྲུང་གུང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་འགྲེལ་བཤད་བྱ་རྒྱུའི་འགན་འཁུར་རྒྱུ།

        དོན་ཚན་བཅོ་བརྒྱད། ཚད་གཞི་འདི་འགྲེམས་བསྒྲགས་བྱས་པའི་ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་དང་1997ལོའི་ཟླ་3པར་འགྲེམས་སྤེལ་བྱས་པའི 《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་སྤྱོད་གཙང་སྲིད་སྐྱོང་གི་ཚད་གཞི་འགའ་ཞིག (ཚོད་ལྟ་ལག་བསྟར )》དེ་དུས་གཅིག་ཏུ་མེད་པ་བཟོ་རྒྱུ་ཡིན།

        (ཀྲུང་གུང་བོད་རང་སྐྱོང་ལྗོངས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་བོད་རང་སྐྱོང་ལྗོངས་ལྟ་ཞིབ་ཐིང་ནས་མཁོ་འདོན་བྱས་པ་གཞིར་བཟུང )

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།