དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • སྲིད་གཞུང་གི་ལས་དོན་སྙན་སྒྲོན།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-05-09

        རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི།    དབུན་ཅ་པའོ།  

        འཐུས་མི་རྣམ་པ།

        ད་ལྟ་ངས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ཏེ་ཚོགས་ཆེན་ལ་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ཞུ་རྒྱུ་ཡིན་པས། འཐུས་མི་རྣམ་པས་གྲོས་ཞིབ་གནང་རོགས་ཞུ་རྒྱུ་མ་ཟད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རྣམ་པས་ཀྱང་དགོངས་འཆར་གནང་རོགས་ཞུ་རྒྱུ་ཡིན།

        གཅིག ལོ་ལྔ་ཚན་བཅུ་གཅིག་པའི་རིང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་ཚུལ་ཕྱིར་དྲན་བྱས་པ།

        ལོ་ལྔ་ཚན་བཅུ་གཅིག་པའི་དུས་སྐབས་ནི་རང་རྒྱལ་འཕེལ་རྒྱས་གཏོང་རིམ་སྤྱིར་བཏང་མིན་པའི་ལོ་ལྔ་རེད། རྒྱལ་ནང་གི་གནས་བབ་ཪྙོག་འཛིང་ཆེ་བ་དང་ཉམས་ཉེན་དང་འགྲན་རྩོད་གལ་ཆེན་རབ་དང་རིམ་པའི་མདུན་དུ། ཀྲུང་གོའི་གུང་ཁྲན་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་ཁོང་ཚོའི་སྣེ་ཁྲིད་དེ་སྒྱུར་བཅོས་སྒོ་འབྱེད་དང་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་སྤེལ་བཏང་བས། རྒྱལ་ཁབ་ཀྱི་རྣམ་པར་ལོ་རྒྱུས་ཀྱི་རང་བཞིན་པའི་འགྱུར་ལྡོག་བྱུང་བ་རེད།

        ལོ་ལྔ་པོ་དེའི་ནང་རང་རྒྱལ་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་དང་། ཕྱོགས་བསྡུས་རྒྱལ་སྟོབས་མངོན་གསལ་ཆེ་རུ་ཕྱིན་པ་རེད། ང་ཚོས་རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་གྱི་གནོད་སྐྱོན་ལ་ཁ་གཏད་ཕན་འབྲས་ཐོན་པར་བཅལ་བ་དང་། དཔལ་འབྱོར་རྒྱུན་མཐུད་དང་བརྟན་པོའི་ངང་འཕེལ་རྒྱས་མགྱོགས་ཙམ་ཡོང་བར་བྱས་པས། ལོ་ལྔ་ཚན་བཅུ་གཅིག་པའི་དམིགས་ཚད་དང་ལས་འགན་གཙོ་བོ་རྒྱལ་ཁའི་ངང་ལེགས་འགྲུབ་བྱུང་ཞིང་། རྒྱལ་དམངས་དཔལ་འབྱོར་སྐས་རིམ་གསར་པར་བསྐྱོད་པ་རེད། རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་39.8ཟིན་ཏེ་ལོ་རེར་བརྒྱ་ཆ་11.2འཕར་བ་དང་། ནོར་སྲིད་ཀྱི་ཡོང་སྒོ་སྒོར་དུང་ཕྱུར་ཁྲི་3.16ནས་དུང་ཕྱུར་ཁྲི་8.31བར་འཕར་བ་རེད། མི་ཞུགས་འཇིག་རྟེན་ལ་འཕུར་བ་དང་། ཟླ་བའི་གོ་ལར་བརྟག་པའི་ལས་གཞི། ཚད་བརྒལ་གྱི་རྩིས་འཁོར་སོགས་ཚན་རྩལ་རྩེར་སོན་འགག་སྒྲོལ་བྱུང་བ་རེད། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འཛུགས་སྐྲུན་བྱེད་པར་གྲུབ་འབྲས་གལ་ཆེན་ཐོབ་པ་རེད།

        ལོ་ལྔ་པོ་དེའི་ནང་སྤྱི་ཚོགས་ཀྱི་བྱ་གཞག་ཁག་འཕེལ་རྒྱས་མགྱོགས་སུ་ཕྱིན་པ་དང་། མི་དམངས་ཀྱི་འཚོ་བ་ལེགས་བཅོས་མངོན་གསལ་བྱུང་བ་རེད། སློབ་གསོ་དང་། ཚན་རྩལ། རིག་གནས། འཕྲོད་བསྟེན། ལུས་རྩལ་བཅས་ཀྱི་བྱ་གཞག་ཁྱོན་ཡོངས་ནས་འཕེལ་རྒྱས་བྱུང་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཏུ་ལས་ཞུགས་མི་ཁྲི་5771བསྐྱར་འཕར་བྱུང་བ་དང་། གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་ཁྲི་4500སྤོ་སྒྱུར་བྱས་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ལག་ཐོག་ཡོང་འབབ་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཡོང་འབབ་ཁེར་གཙང་སོ་སོར་ལོ་རེར་བརྒྱ་ཆ་9.7དང་བརྒྱ་ཆ་8.9འཕར་བ། གྲོང་ཁྱེར་དང་གྲོང་གསེབ་ཏུ་མཆེད་པའི་སྤྱི་ཚོགས་ཀྱི་འགན་སྲུང་མ་ལག་རིམ་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ་རེད།

        ལོ་ལྔ་པོ་དེའི་ནང་སྒྱུར་བཅོས་སྒོ་འབྱེད་ལ་གྲུབ་འབྲས་གལ་ཆེན་ཐོབ་པ་རེད། ཁྱབ་ཁོངས་གལ་ཆེན་དང་འགག་རྩའི་ལྷུ་ཚིགས་ཀྱི་སྒྱུར་བཅོས་འགག་གནད་གསར་པ་སྒྲོལ་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་འཐུས་སྒོ་སྔར་ལས་ཚང་དུ་ཕྱིན་པ་རེད། ན་ནིང་ཕྱི་ཕྱོགས་ཉོ་ཚོང་བསྡོམས་འབོར་ཨ་སྒོར་དུང་ཕྱུར་ཁྲི་2.97ཟིན་པ་དང་། སྒོ་ཕྱེ་བའི་དཔལ་འབྱོར་གྱི་ཆུ་ཚད་མངོན་གསལ་མཐོ་རུ་ཕྱིན་པ་རེད།

        ལོ་ལྔ་པོ་དེའི་ནང་རང་རྒྱལ་གྱི་རྒྱལ་སྤྱིའི་གོ་གནས་དང་ཤུགས་རྐྱེན་མངོན་གསལ་ཆེ་རུ་ཕྱིན་པ་རེད། ང་ཚོས་རྒྱལ་སྤྱིའི་ལས་དོན་ཁྲོད་དུ་དགེ་མཚན་ལྡན་པའི་ནུས་པ་གལ་ཆེན་བཏོན་ནས། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་གཏོང་བའི་ཁེ་དབང་བཅས་སྲུང་སྐྱོང་ནུས་ལྡན་བྱས་པས། ཕྱི་འབྲེལ་གྱི་ཕྱོགས་གང་སྤྱིར་གྲུབ་འབྲས་གལ་ཆེན་ཐོབ་པ་རེད། པེ་ཅིང་གི་ཨོ་རྩལ་འགྲན་ཚོགས་དང་། ཧྲང་ཧའེ་ཡི་འཛམ་གླིང་དངོས་མང་སྟོན་ཚོགས་བཅས་ལམ་ལྷོང་བྱུང་སྟེ་ཀྲུང་ཧྭ་མི་རིགས་ཀྱི་ལོ་མང་རིང་གི་བསམ་འདུན་འགྲུབ་པ་རེད།

        གྲུབ་འབྲས་འོད་སྟོང་འབར་བ་དེ་དག་གི་ཐོག་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྱད་འཕགས་རང་བཞིན་གང་ལེགས་མཚོན་པ་དང་། སྒྱུར་བཅོས་སྒོ་འབྱེད་ཀྱི་སྟོབས་ཤུགས་རླབས་པོ་ཆེ་མཚོན་ཏེ་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་རང་ཡིད་རང་ཆེས་དང་། སྤོབས་སེམས་ཆེས་ཆེར་རྒྱས་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་གོང་བུ་འགྲིལ་ཤུགས་དང་བློ་ཁ་ཕྱོགས་ཤུགས་ཆེ་རུ་ཕྱིན་པས། ང་ཚོས་ལོ་རྒྱུས་ཀྱི་རྒྱང་སྐྱོད་ལམ་བུ་གསར་པར་བློ་སྟོབས་ཆེན་པོས་མདུན་སྐྱོད་བྱེད་པར་སྐུལ་ལྕག་ཐེབས་ངེས་རེད།

        ལོ་ལྔའི་རིང་ལ་ང་ཚོས་ལས་དོན་བསྒྲུབས་པ་གཙོ་བོ་གཤམ་གསལ།

        (གཅིག ) སྤྱི་ཁོག་ནས་སྙོམས་སྒྲིག་སྟངས་འཛིན་བྱེད་ཤུགས་ཆེ་རུ་བཏང་བ་དང་ལེགས་བཅོས་བྱས་པས། དཔལ་འབྱོར་བརྟན་པོའི་ངང་ནས་འཕེལ་རྒྱས་མགྱོགས་པོ་ཡོང་བར་སྐུལ་མ་ཐེབས་པ་རེད། ང་ཚོས་སྤྱི་ཁོག་ནས་སྙོམས་སྒྲིག་སྟངས་འཛིན་བྱེད་པའི་ཁ་ཕྱོགས་དང་། གཙོ་གནད། ཤུགས་ཚད་བཅས་ཁོང་དུ་ཆུད་པ་བྱ་རྒྱུར་ཡིད་གཟབ་བྱས་ནས་དཔལ་འབྱོར་ལས་དོན་གྱི་རང་འགུལ་དབང་ཆ་ཁོང་དུ་བརྟན་པོར་ཆུད་པར་བྱས་ཡོད། ལོ་ལྔ་ཚན་བཅུ་གཅིག་པའི་དུས་འགོར་མ་དངུལ་འཇོག་ཐལ་ཤོར་ཚུལ་དང་། ཉོ་ཚོང་གི་དྲང་ཁྱད་ཆེ་ཐལ་ཤོར་བ། སྤེལ་ཕྱོགས་གཙོ་བོ་ཐལ་ཆེ་བ་བཅས་དང་དེ་བཞིན་གྲུབ་ཚུལ་གྱི་རང་བཞིན་དང་། ནང་འདྲེན་གྱི་དངོས་ཟོག་གོང་ཚད་འཕར་ཐལ་ཆེ་ཚུལ་ལ་དམིགས་ཏེ་སྲིད་ཇུས་ཀྱི་བྱེད་ཐབས་འཕྱུག་མེད་སྤྱད་དེ་འགོ་འབུར་བ་ཙམ་ནས་འཕེལ་ཕྱོགས་སུ་འགྱུར་ཚུལ་མངོན་པའི་གནད་དོན་དང་། གནད་དོན་ཆ་ཤས་ནས་སྤྱི་ཡོངས་སུ་འགྱུར་ཚུལ་བཀག་འགོག་ཕན་འབྲས་ཐོན་པར་བྱས་ཡོད། ཉེ་བའི་ལོ་གཉིས་རིང་ལོ་མང་མ་ཐོན་པའི་རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་གྱི་གནོད་སྐྱོན་བྱུང་བར་དམིགས་ནས། ང་ཚོས་གཟབ་བརླིང་ངང་ཁ་གཏད་བཅལ་བ་དང་། ཚན་རིག་དང་མཐུན་པའི་ཇུས་ཐག་བཅད་པ། བློ་ཐག་ཆོད་པོས་ནོར་སྲིད་ཀྱི་སྲིད་ཇུས་དགེ་མཚན་ལྡན་པ་དང་དངུལ་ལོར་གྱི་སྲིད་ཇུས་ལྷུག་པོ་འོས་འཚམ་ལག་ལེན་བསྟར་བ་རེད། འཆར་འགོད་སྡེབ་གཅིག་ཏུ་དོན་འཁྱོལ་བྱ་རྒྱུ་མཐའ་འཁྱོངས་དང་། སྲིད་གཞུང་གི་གཏོང་སྒོ་ཇེ་མང་། གྲུབ་ཚུལ་གྱི་རང་བཞིན་ལྡན་པའི་དཔྱ་ཁྲལ་ཆག་ཡང་། ཐོན་ལས་གཙོ་བོ་ལེགས་སྒྲིག་དང་དར་རྒྱས་གཏོང་བའི་འཆར་འགོད་ཁྱབ་ཆེར་ལག་བསྟར། རང་བརྟེན་གསར་གཏོད་དང་ཚན་རྩལ་གྱི་རོགས་སྐྱོར་ཤུགས་ཆེན་བཅས་བྱས་ཏེ་སྤྱི་ཚོགས་ཀྱི་འགན་སྲུང་བྱེད་ཚད་ཇེ་ཆེར་བཏང་ཡོད།

        ནང་མཁོ་རྒྱ་སྐྱེད་པའི་འཐབ་ཇུས་ཀྱི་བྱེད་ཕྱོགས་མཐའ་འཁྱོངས་དང་། འཛད་སྤྱོད་ལ་སྐུལ་ལྕག་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་སྤྱི་དང་ལྷག་པར་དུ་ཡོང་སྒོ་ཉུང་བའི་མང་ཚོགས་ཀྱི་ཡོང་འབབ་མང་དུ་བཏང་བས། འཛད་སྤྱོད་བྱེད་ཁྱོན་མུ་མཐུད་ཆེ་རུ་ཕྱིན་པ་དང་། གྲུབ་ཚུལ་རྒྱུན་ཆད་མེད་པར་རིམ་འཕར་བྱུང་བ་རེད། ལོ་གཉིས་ནང་སྒོར་དུང་ཕྱུར་ཁྲི་4འཕར་བའི་མ་དངུལ་འཇོག་པའི་འཆར་གཞི་དོན་འཁྱོལ་བྱས་པ་དེའི་ནང་ཀྲུང་དབྱང་གི་མ་དངུལ་སྒོར་དུང་ཕྱུར་ཁྲི་1.18མང་དུ་ཕྱིན་པ་རེད། འགན་སྲུང་རང་བཞིན་གྱི་བདེར་འགོད་ལས་གཞི་དང་། གྲོང་གསེབ་ཀྱི་དམངས་འཚོའི་ལས་གཞི། སྤྱི་ཚོགས་ཀྱི་བྱ་གཞག་བཅས་ལ་མ་དངུལ་འཇོག་ཚད་བརྒྱ་ཆ་43.7ཟིན་པ་དང་། རང་བརྟེན་གསར་གཏོད་དང་། གྲུབ་ཚུལ་ལེགས་སྒྲིག ནུས་སྲི་སྙིགས་འཕྲི་དང་སྐྱེ་ཁམས་འཛུགས་སྐྱོང་ལ་བརྒྱ་ཆ་15.3ཟིན་པ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གལ་ཆེན་ལ་བརྒྱ་ཆ་23.6ཟིན་པ། གནོད་སྐྱོན་བྱུང་རྗེས་བསྐྱར་སྐྲུན་བྱེད་པར་བརྒྱ་ཆ་14.8ཟིན་པ་རེད། སྲིད་གཞུང་གི་མ་དངུལ་འཇོག་ཚུལ་གྱིས་སྤྱི་ཚོགས་ནས་མ་དངུལ་འཇོག་པར་སྐུལ་ཁྲིད་བྱས་པ་དང་། རྒྱལ་ནང་གི་དགོས་མཁོ་ཇེ་མང་དུ་ཕྱིན་ཏེ་ཕྱི་མཁོའི་ཉག་ཁ་ཕན་འབྲས་ཐོན་པར་གསབ་པ། དུས་ཐུང་ནང་དཔལ་འབྱོར་ཆག་ཚུལ་གྱི་ཁ་ཕྱོགས་བསྒྱུར་ཏེ་འཛམ་གླིང་ཐོག་སྔོན་ལ་བསྐྱར་འཕར་བྱེད་ཚུལ་བཟང་བ་དང་། དམིགས་བསལ་དཀའ་ངལ་ལས་རྣམ་པར་རྒྱལ་ཏེ་དམངས་འཚོར་འགན་སྲུང་དང་ལེགས་བཅོས་ནུས་ལྡན་ཐུབ་ཡོད་ལ་ཕུགས་གྱི་འཕེལ་རྒྱས་ལའང་རྨང་གཞི་བརྟན་པོར་བཏིང་ཡོད།

        (གཉིས ) “ཞིང་གསུམ་”གྱི་ལས་དོན་ལྷོད་གཡེང་མེད་པར་ཡག་པོ་བསྒྲུབས་ནས་ཞིང་ལས་ཀྱི་རྨང་གཞི་སྲ་བརྟན་གཏོང་བ་དང་དེར་ཤུགས་སྣོན་བརྒྱབ་ཡོད། ཀྲུང་དབྱང་ནོར་སྲིད་ཀྱིས་“ཞིང་གསུམ ”ལ་མ་དངུལ་བཞག་པ་རིམ་བསགས་བྱས་ན་སྒོར་དུང་ཕྱུར་ཁྲི་3ཉེ་བ་ཟིན་པ་དེ་ལོ་རེར་འཕར་ཚད་ཆ་སྙོམས་བརྒྱ་ཆ་23ལས་བརྒལ་ཡོད། ཞིང་ལས་ཀྱི་དཔྱ་ཁྲལ་དང་ཁྲལ་གྲོན་སྣ་ཚོགས་རྩ་བ་ནས་མེད་པར་བཟོས་པ་དང་། ཞིང་པའི་འབྲུ་འདེབས་ཁྲལ་བསྡུའི་ལོ་རྒྱུས་མཇུག་བསྒྲིལ་ཏེ་ལོ་རེར་ཞིང་པའི་འཁུར་པོ་ཡང་དུ་གཏོང་ཚད་སྒོར་དུང་ཕྱུར་1335ལས་བརྒལ་བ་རེད། འབྲུ་འདེབས་ཞིང་པར་ཁ་གསབ་བྱེད་པའི་ལམ་ལུགས་དང་ཐོན་ཁུལ་གཙོ་བོའི་ཁེ་ཕན་གསབ་པའི་རྐྱེན་སྲོལ་བཙུགས་པས། ཞིང་པའི་ཐོན་སྐྱེད་ཁ་གསབ་མ་དངུལ་ན་ནིང་སྒོར་དུང་ཕྱུར་1226ཟིན་པ་རེད། འབྲུ་རིགས་སྣ་ཁ་གཙོ་བོ་ཉོ་སྒྲུབ་བྱེད་པར་རིན་གོང་དམའ་ཤོས་དང་སྐབས་འཕྲལ་ཉོ་སྒྲུབ་གསོག་འཇོག་བྱེད་པའི་སྲིད་ཇུས་ལག་ལེན་བསྟར་བ། གྲོ་དང་། འབྲས་ཉོ་སྒྲུབ་བྱེད་པའི་རིན་གོང་དམའ་ཤོས་བརྒྱ་ཆ་25ནས་བརྒྱ་ཆ་40སྤར་བ་དང་། རྨོ་ཞིང་སྲུང་སྐྱོང་ནན་པོར་བྱས་ཡོད། ཞིང་ལས་ཚན་རྩལ་ཡར་ཐོན་ཡོང་བར་སྐུལ་སྤེལ་གང་ཐུབ་བྱས་ཡོད། འབྲུ་རིགས་ཐོན་འབོར་ལོ་རྒྱུས་ཐོག་བསྟུད་མར་མཐོ་ཤོས་སུ་སླེབས་པ་དང་། ན་ནིང་ཏུན་ཁྲི་54641ཟིན་ཏེ་བསྟུད་མར་ལོ་7རིང་ཐོན་འཕར་བྱུང་བ་རེད། ཞིང་པ་མི་རེར་ཡོང་འབབ་ཁེར་གཙང་སྒོར་5919བྱུང་སྟེ་བསྟུད་མར་འཕར་སྣོན་མགྱོགས་ཙམ་བྱུང་བ་རེད། གྲོང་གསེབ་ཕྱོགས་བསྡུས་ཀྱིས་སྒྱུར་བཅོས་བརྟན་པོའི་ངང་ནས་བྱས་པ་དང་། ཐུན་མོང་གི་ནགས་དབང་ལམ་ལུགས་སྒྱུར་བཅོས། རྒྱལ་ཁབ་ལ་དབང་བའི་ཞིང་ར་དོ་དམ་བྱེད་པའི་སྒྲིག་སྲོལ་ཁྱོན་ཡོངས་ནས་སྒྱུར་བཅོས་བྱས་པ་ཡིན། ཞིང་ལས་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྱོང་ཇེ་མགྱོགས་སུ་གཏོང་ཞིང་། ཆུ་མཛོད་ཆེ་འབྲིང་དང་ཆུང་གྲས་གཙོ་བོ་7356ཉེན་སེལ་ཇེ་བརྟན་དུ་བཏང་བ་དང་། གྲོང་གསེབ་ཀྱི་མི་འབོར་དུང་ཕྱུར་2.15ཡི་འཐུང་ཆུ་ཉེན་མེད་ཡོང་བར་བྱས་པས། ཞིང་པའི་འཚོ་བ་ཇེ་ལེགས་སུ་སོང་བ་དང་། གྲོང་གསེབ་འཕེལ་རྒྱས་གཏོང་བའི་དུས་རིམ་གསར་པར་སླེབས་པ་རེད།

        (གསུམ ) དཔལ་འབྱོར་གྲུབ་ཚུལ་ལེགས་སྒྲིག་བྱེད་པར་སྐུལ་སྤེལ་ཤུགས་ཆེན་བཏང་བ་དང་དཔལ་འབྱོར་འཕར་བའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་བཏང་ཡོད། གཅིག་ནས་ཐོན་ལས་ཀྱི་གྲུབ་ཚུལ་ལེགས་སྒྲིག་དང་རང་བརྟེན་གསར་གཏོད་ཇེ་མགྱོགས་དུ་བཏང་ཡོད། ཁེ་ལས་ཀྱི་ལག་རྩལ་བསྒྱུར་བཀོད་དང་ཟླ་སྒྲིལ་བསྐྱར་སྒྲིག་བྱ་རྒྱུར་སྐུལ་སྤེལ་ཤུགས་ཆེན་བཏང་བ་དང་། བཟོ་ལས་དང་ལྷག་པར་དུ་སྒྲིག་ཆས་བཟོ་སྐྲུན་ལས་རིགས་སྤྱི་ཡོངས་ཀྱི་ཆུ་ཚད་དང་འགྲན་ནུས་མངོན་གསལ་ཆེ་རུ་ཕྱིན་ཡོད། འཐབ་ཇུས་དང་ལྡན་པའི་གསར་དར་ཐོན་ལས་འཚར་ལོངས་མགྱོགས་པོ་བྱུང་ཡོད། རྒྱལ་ཁབ་ལ་དབང་བའི་གསར་གཏོད་མ་ལག་འཛུགས་སྐྱོང་མགྱོགས་སུ་བཏང་བ་དང་། ཤེས་བྱ་གསར་གཏོད་ཀྱི་ལས་གཞི་དང་ལག་རྩལ་གསར་གཏོད་ཀྱི་ལས་གཞི་ལག་བསྟར་བྱས་ཏེ་ཐོན་ལས་འཕེལ་རྒྱས་གཏོང་བར་མཁོ་བའི་མདུན་གྲལ་ལག་རྩལ་དང་། ལྟེ་བའི་ལག་རྩལ། འགག་རྩའི་སྒྲིག་ཆས་ལག་རྩལ་བཅས་པ་ཁག་ཅིག་འགག་སྒྲོལ་བྱུང་བ་དང་། ཚན་ཞིབ་ཀྱི་གྲུབ་འབྲས་འབོར་ཆེན་ཞིག་ཐོན་ལས་ཅན་དུ་གྱུར་པ་དང་། ཞབས་ཞུའི་ལས་རིགས་འཕེལ་རྒྱས་མགྱོགས་པོ་བྱུང་སྟེ་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ནང་གི་བསྡུར་ཚད་ཟིན་གྲངས་བརྒྱ་ཆའི་གཞི་གྲངས་2.5འཕར་ཡོད། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྱོང་མངོན་གསལ་མགྱོགས་སུ་ཕྱིན་པ་ཡོད། ལོ་ལྔའི་ནང་ལྕགས་ལམ་གསར་པ་སྤྱི་ལེ་ཁྲི་1.6བཟོས་པ་དང་། གཞུང་ལམ་སྤྱི་ལེ་ཁྲི་63.9གསར་བཟོ་བྱས་པ་དེའི་ནང་མྱུར་བགྲོད་གཞུང་ལམ་སྤྱི་ལེ་ཁྲི་3.3ཟིན་ཡོད། གནམ་གྲུ་ཐང་33གསར་བཟོ་རྒྱས་སྐྲུན་བྱས་ཡོད། ཆུ་རགས་སྤྱི་ལེ་ཁྲི་1.7གསར་རྒྱག་དང་ཇེ་བརྟན་དུ་བཏང་ཡོད། གཉིས་ནས་ནུས་སྲི་སྙིགས་འཕྲི་དང་། སྐྱེ་ཁམས་འཛུགས་སྐྱོང་། ཁོར་ཡུག་སྲུང་སྐྱོང་བཅས་བརྟན་པོའི་ངང་ནས་སྤེལ་ཡོད། 2020ལོ་བར་རང་རྒྱལ་གྱིས་དྲོད་ཁང་རླངས་གཟུགས་འབུད་ཚད་ཚོད་འཛིན་པའི་དམིགས་ཚད་དང་སྲིད་ཇུས་ཀྱི་བྱེད་ཐབས་བཏོན་པ་དང་། ནུས་སྲི་སྙིགས་འཕྲིའི་ཕྱོགས་བསྡུས་ཀྱི་ལས་དོན་འཆར་གཞི་ལག་བསྟར་བྱ་རྒྱུའི་གཏན་འབེབས་བྱས་ཡོད། ནུས་ཁུངས་གཙང་མ་འཕེལ་རྒྱས་ཤུགས་ཆེན་བཏང་བ་དང་། གློག་འདོན་འཕྲུལ་འཁོར་གྱི་གློག་འདོན་ཚད་སྟོང་ཝ་དུང་ཕྱུར་4.45འཕར་བ་དེའི་ནང་ཆུ་གློག་སྟོང་ཝ་ཁྲི་9601ཟིན་པ་དང་། ཉིང་རྡུལ་གློག་སྟོང་ཝ་ཁྲི་384ཟིན་པ། མེ་ཤུགས་གློག་འདོན་འཁོར་ཚན་སྟོང་ཝ་ཁྲི་7210སྒོ་བརྒྱབ་པ། རྡོ་སོལ་དང་། ངར་ལྕགས་བཙོ་སྦྱང་། ཨར་འདམ། བསྲེགས་སོལ་བཅས་ཀྱི་ཐོན་ནུས་ཁག་ཅིག་དོར་ཡོད། ནགས་ལས་སྐྱེ་ཁམས་ཀྱི་ལས་གཞི་གཙོ་བོར་སྐུལ་སྤེལ་བཏང་ནས་ཤིང་འཛུགས་སྤྱི་ཆིང་ཁྲི་2529བྱས་ཡོད། ས་ཆུ་ཤོར་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི་23ཕྱོགས་བསྡུས་ཀྱིས་བཅོས་སྐྱོང་བྱས་པ་དང་། ཆུའི་འབབ་རྒྱུད་གཙོ་བོའི་སྦགས་བཙོག་འགོག་བཅོས་དང་མཁའ་རླུང་གི་སྦགས་བཙོག་འགོག་བཅོས། བཟོ་ལས་ཀྱི་“སྙིགས་རོ་གསུམ་”བཅོས་སྐྱོང་བཅས་བྱེད་པར་ཤུགས་སྣོན་བརྒྱབ་ཡོད། རྒྱུན་འཁོར་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་ཡོད། ལོ་ལྔའི་རིང་རིམ་བསགས་བྱས་པ་ལྟར་ན། ཚན་པ་རེའི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ཀྱི་ནུས་ཁུངས་ཟད་ཚད་བརྒྱ་ཆ་19.1ཆག་པ་དང་། རྫས་འགྱུར་དབྱང་མཁོ་ཚད་དང་། དབྱང་གཉིས་ཐན་འགྱུར་འབུད་ཚད་སོ་སོར་བརྒྱ་ཆ་12.45དང་བརྒྱ་ཆ་14.29ཆག་ཡོད། གསུམ་ནས་ཁུལ་ཁོངས་ཀྱི་དཔལ་འབྱོར་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བར་སྐུལ་སྤེལ་བཏང་ཡོད། ས་ཁོངས་འཕེལ་རྒྱས་གཏོང་བའི་སྤྱི་ཡོངས་ཀྱི་འཐབ་ཇུས་དོན་འཁྱོལ་དང་། རྒྱལ་ཡོངས་ཀྱི་གཙོ་ནུས་ཐོན་ཁུལ་ཀྱི་འཆར་འགོད་ཡོངས་བསྒྲགས་དོན་འཁྱོལ། ནུབ་རྒྱུད་གསར་སྤེལ་ཆེན་པོའི་ལོ་གསར་པ་བཅུའི་སློབ་སྟོན་གྱི་དགོངས་འཆར་དང་ས་ཁོངས་འཕེལ་རྒྱས་གཏོང་བའི་འཆར་འགོད་རབ་དང་རིམ་པ་གཏན་ལ་ཕབ་པ། བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་ཁུལ། ཤིན་ཅང་སོགས་མི་རིགས་ས་ཁུལ་མཆོང་སྐྱོད་ལྟ་བུའི་གོང་འཕེལ་ཡོང་བའི་བྱེད་ཐབས་གསར་པ་སྤྱད་ཡོད། དབུས་ནུབ་ཁུལ་དང་ཤར་བྱང་ས་ཁུལ་འཕེལ་རྒྱས་མགྱོགས་སུ་བཏང་བས། དཔལ་འབྱོར་གྱི་དམིགས་ཚད་གཙོ་བོ་སྤེལ་བའི་མྱུར་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒལ་བ་དང་། ཤར་རྒྱུད་ཁུལ་གྱི་དཔལ་འབྱོར་གྲུབ་ཚུལ་རྒྱུན་མ་ཆད་པར་ཇེ་བཟང་དུ་སོང་བ་དང་། རང་བརྟེན་གསར་གཏོད་དང་འགྲན་ནུས་རིམ་བཞིན་ཆེ་རུ་ཕྱིན་ཞིང་། ས་ཁུལ་བར་གྱི་མ་མཐའི་སྤྱི་པའི་ཞབས་ཞུའི་ཁྱད་པར་ཇེ་ཆུང་དུ་སོང་སྟེ་ཁྱད་ཆོས་སྣ་ཚོགས་ལྡན་པའི་ས་ཁོངས་འཕེལ་རྒྱས་འགྲོ་ཚུལ་རིམ་བཞིན་ཆགས་པ་རེད།

        (བཞི ) བློ་བརྟན་འགྱུར་མེད་ཀྱིས་སྒྱུར་བཅོས་སྒོ་འབྱེད་བྱས་པས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་རྟིང་ཤུགས་ཆེ་རུ་ཕྱིན་པ་རེད། ནོར་སྲིད་ཀྱི་གཏོང་སྤྲོད་སྤོ་སྒྱུར་ལམ་ལུགས་རིམ་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ་དང་། རྫོང་རིམ་པའི་རྨང་གཞིའི་རྒྱུ་སྟོབས་འགན་སྲུང་བྱེད་པའི་རྐྱེན་སྲོལ་རགས་ཙམ་བཙུགས་ཤིང་། གནས་ཐང་འཕར་ཁྲལ་རིགས་བསྒྱུར་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་འགོ་ཚུགས་པ་དང་། བཅོས་སྣུམ་གྱི་རིན་གོང་དང་ཁྲལ་གྲོན་སྒྱུར་བཅོས་བདེ་བླག་ངང་བྱས་པ། ཐོན་ཁུངས་ཀྱི་དཔྱ་ཁྲལ་སྒྱུར་བཅོས་ཚོད་ལྟ་བྱེད་འགོ་བཙུགས་པ། ཕྱི་ནང་གཉིས་ནས་མ་དངུལ་བཞག་པའི་ཁེ་ལས་ཀྱི་དཔྱ་ཁྲལ་ལམ་ལུགས་ཁྱོན་ཡོངས་ནས་གཅིག་གྱུར་བཅས་བྱས་པ་རེད། རྒྱལ་ཁབ་ལ་དབང་བའི་ཚོང་ལས་དངུལ་ཁང་ཆེ་རིགས་ཀྱི་མ་རྐང་ལམ་ལུགས་སྒྱུར་བཅོས་བདེ་བླག་ངང་བྱས་ནས་སྲིད་ཇུས་ཀྱི་ངོ་བོ་ལྡན་པའི་དངུལ་རྩའི་སྒྲིག་གཞི་སྒྱུར་བཅོས་དང་གྲོང་གསེབ་ཀྱི་ཡིད་རྟོན་ཁང་སྒྱུར་བཅོས་བྱེད་པར་སྐུལ་སྤེལ་ཧུར་བཏང་བ་དང་། ཚོང་རར་བཏོན་པའི་ཀུང་སིའི་རྐང་དབང་དབྱེ་བ་གཅོད་སྟངས་བརྟན་པོའི་ངང་ནས་ཐག་གཅོད་བྱས་པ། ལས་སྒོ་གཏོད་གཞི་དང་། རྐང་འཛིན་སྟོན་གྲངས་དུས་བཅད་ཚོང་ཟོག་དང་མ་དངུལ་འཛིན་ལོར་འདུ་འཁོར་བདེ་བླག་ངང་སྤེལ་བ། དངུལ་འཛིན་ཚོང་ར་བརྟན་པོའི་ངང་འཕེལ་རྒྱས་བཏང་བ། འགན་བཅོལ་ལས་རིགས་སྒྱུར་བཅོས་སྒོ་འབྱེད་གཏིང་བྱས་པ། མི་དམངས་ཤོག་སྒོར་གྱི་དངུལ་བརྗེས་འཛའ་ཐང་རྣམ་པ་ཆགས་པར་བྱེད་པའི་རྐྱེན་སྲོལ་སྒྱུར་བཅོས་གོ་རིམ་ལྡན་པར་བྱས་པ། རྒྱལ་མཚམས་ལས་བརྒལ་བའི་ཉོ་ཚོང་མི་དམངས་ཤོག་སྒོར་ཐོག་ནས་བསྡོམས་རྩིས་རྒྱག་པའི་ཚོད་ལྟ་བྱེད་ཁྱོན་རྒྱུན་མ་ཆད་པར་ཆེ་རུ་བཏང་བ་བཅས་བྱས་ཡོད། རྒྱལ་ཁབ་ལ་དབང་བའི་ཁེ་ལས་ཀུང་སིའི་མ་རྐང་ལམ་ལུགས་སྒྱུར་བཅོས་དང་། རྒྱལ་ཁབ་ལ་དབང་བའི་མ་རྩར་ལྟ་སྐུལ་དོ་དམ་བྱེད་པའི་སྒྲིག་སྲོལ་སྒྱུར་བཅོས་ལ་གྲུབ་འབྲས་དགེ་མཚན་ལྡན་པ་ཐོབ་པ་རེད། སྦྲག་ལས་སྒྲིག་སྲོལ་སྒྱུར་བཅོས་མགྱོགས་སུ་བཏང་བ་དང་། ཁེ་ལས་ཆུང་འབྲིང་འཕེལ་རྒྱས་ཡོང་བ་དང་དམངས་ཁྲོད་ནས་མ་དངུལ་འཇོག་པའི་སྲིད་ཇུས་རབ་དང་རིམ་པ་གཏན་འབེབས་དང་ལག་བསྟར་བྱས་པ་དང་། སྤྱི་ལ་དབང་བ་མ་ཡིན་པའི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཁོར་ཡུག་རྒྱུན་མ་ཆད་པར་ལེགས་བཅོས་བྱུང་སྟེ་དབང་བའི་ལམ་ལུགས་སྣ་མང་གི་དཔལ་འབྱོར་ཐུན་མོང་ཐོག་འཕེལ་རྒྱས་བྱུང་བ་རེད། ཕྱི་ཕྱོགས་སུ་སྒོ་འབྱེད་ཁྱོན་དང་གཏིང་ཚད་རྒྱུན་མ་ཆད་པར་ཆེ་རུ་བཏང་བ་དང་། ཕྱིར་གཏོང་ནང་འདྲེན་བྱེད་གྲངས་བསྡོམས་འབོར་ལོ་རེར་ཆ་སྙོམས་བརྒྱ་ཆ་15.9འཕར་བ་དང་། གྲུབ་ཚུལ་རྒྱུན་མ་ཆད་པར་བཟང་དུ་ཕྱིན་ཡོད། ཉོ་ཚོང་གི་དྲང་ཁྱད་ལོ་གཉིས་རིང་བསྟུད་མར་ཆག་ཅིང་། 2010ལོར་སྔ་ལོ་ལས་བརྒྱ་ཆ་6.4ཆག་པ་རེད། ཕྱི་རྒྱལ་གྱི་མ་རྩ་སྤྱོད་ཚད་ཇེ་མང་དུ་ཕྱིན་ཡོད། ཁེ་ལས་“ཕྱིར་སྐྱོད་”ཀྱི་གོམ་སྟབས་མངོན་གསལ་མགྱོགས་སུ་ཕྱིན་ཞིང་། རིམ་བསགས་བྱས་ན་ཕྱི་ཕྱོགས་སུ་ཐད་ཀར་མ་དངུལ་ཨ་སྒོར་དུང་ཕྱུར་2200བཞག་པ་དང་། ཕྱི་ཕྱོགས་སུ་ལས་གྲྭ་འགན་གཙང་ལེན་པ་དང་ངལ་ལས་མཉམ་ལས་བྱེད་གྲངས་ཨ་སྒོར་དུང་ཕྱུར་3352ཟིན་ཡོད། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་བཅོས་སྐྱོང་གི་རྐྱེན་སྲོལ་སྒྱུར་བཅོས་དང་ས་ཁོངས་ཀྱི་མཉམ་ལས་རྐྱེན་སྲོལ་འཛུགས་སྐྱོང་བྱེད་པར་ཧུར་ཐག་ངང་ཞུགས་པ་དང་། ཕྱོགས་མང་དང་། ཕྱོགས་གཉིས་པོའི་དཔལ་འབྱོར་མཉམ་ལས་མུ་མཐུད་གཏིང་ཟབ་ངང་སྤེལ་ཡོད། ཕྱི་ཕྱོགས་སུ་རོགས་སྐྱོར་བྱེད་ཁྱོན་བསྟུད་མར་རྒྱ་སྐྱེད་ཡོད། ཕྱི་ཕྱོགས་སུ་སྒོ་ཕྱེ་བ་དེས་དཔལ་འབྱོར་འཕེལ་རྒྱས་དང་གྲུབ་ཚུལ་སྙོམས་སྒྲིག་ལ་སྐུལ་སྤེལ་ནུས་ལྡན་ཐེབས་ཏེ་ལས་ཞུགས་མང་དུ་ཕྱིན་པ་དང་། སྔོན་ཐོན་ལག་རྩལ་ནང་འདྲེན་དང་དོ་དམ་གྱི་ཉམས་མྱོང་བསྡུ་ལེན་བྱས་པས། རང་རྒྱལ་གྱི་རྒྱལ་སྤྱིའི་གོ་གནས་ཇེ་མཐོར་ཕྱིན་པ་རེད།

        (ལྔ ) སྤྱི་ཚོགས་ཀྱི་བྱ་གཞག་འཕེལ་རྒྱས་མགྱོགས་པོ་ཕྱིན་པ་དང་། དམངས་འཚོ་འགན་སྲུང་དང་ལེགས་བཅོས་ཏན་ཏིག་ཐུབ་པ་རེད། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཚམ་མཐུན་ཡོང་བར་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་དང་། དམངས་འཚོ་ལེགས་བཅོས་བྱེད་པར་དམིགས་ནས་འཕེལ་རྒྱས་གཏོང་ཐབས་བྱས་ཡོད། ལས་ཀར་ཞུགས་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་སྔོན་འགྲོའི་གོ་བབ་དུ་བཞག་ཡོད། ལས་རིགས་གསོ་སྐྱོང་དང་ལས་ཞུགས་ཞབས་ཞུར་ཤུགས་སྣོན་བརྒྱབ་ནས་མཐོ་རིམ་སློབ་གྲྭའི་སློབ་ཐོན་སློབ་མ་དང་། གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་སྤོ་སྒྱུར། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་དཀའ་ངལ་ཡོད་མི་ལས་ཀར་ཞུགས་རྒྱུར་སྐུལ་སྤེལ། དམག་ལོག་ལ་ལས་ཀ་བགོ་སྒྲིག་ཡག་པོ་བཅས་བྱས་ཡོད། ངལ་རྩོལ་གན་རྒྱའི་སྐོར་གྱི་བཅའ་ཁྲིམས་དང་། ལས་ཞུགས་ལ་སྐུལ་སྤེལ་གཏོང་རྒྱུའི་སྐོར་གྱི་བཅའ་ཁྲིམས་ལག་བསྟར་བྱས་ཏེ་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་ཡོངས་ཁྱབ་ཏུ་མཐོ་རུ་བཏང་བ་དང་། འཆམ་མཐུན་གྱི་ངལ་རྩོལ་འབྲེལ་བ་འཛུགས་པར་སྐུལ་སྤེལ་བཏང་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཏུ་ཁྱབ་པའི་སྤྱི་ཚོགས་ཀྱི་འགན་སྲུང་མ་ལག་ལེགས་སྐྱོང་བྱེད་པར་འགག་སྒྲོལ་གྱི་གྲུབ་འབྲས་ཐོབ་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ལས་བཟོ་པའི་མ་མཐའི་རྒན་གསོའི་འགན་བཅོལ་ཞིང་ཆེན་རིམ་པ་གཅིག་གྱུར་བྱུང་བ། རྒན་གསོའི་འགན་བཅོལ་འབྲེལ་བ་ཞིང་ཆེན་ལས་བརྒལ་ཏེ་སྤོ་བསྒྱུར་འབྲེལ་མཐུད་བྱེད་ཐབས་དོན་འཁྱོལ་བྱས་པ། ཁེ་ལས་ཀྱི་ལས་འཁྱུར་པའི་མ་མཐའི་རྒན་གསོ་བྱེད་དངུལ་གྱི་ཚད་གཞི་བསྟུད་མར་ལོ་7རིང་མཐོ་རུ་བཏང་ཞིང་། ལོ་རེར་ཆ་སྙོམས་བརྒྱ་ཆ་10འཕར་བ་དང་། གྲོང་གསེབ་ཏུ་སྤྱི་ཚོགས་ཀྱི་འགན་བཅོལ་དཔེ་གསར་ཚོད་ལྟ་བྱེད་པའི་ཁྱབ་ཁྱོན་རྫོང་བརྒྱ་ཆ་24ཟིན་ཡོད། སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་སྒྱུར་བཅོས་ཧུར་བརྩོན་དང་བརྟན་བརླིང་ངང་ནས་བྱས་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་མ་མཐའི་སྨན་བཅོས་འགན་བཅོལ་ལམ་ལུགས་དང་། གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་ལམ་ལུགས་དཔེ་གསར་ཁྱོན་ཡོངས་ནས་ལག་བསྟར་བྱས་པས། གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མི་དུང་ཕྱུར་12.67ལ་ཕན་ཐོགས་བྱུང་བ་རེད། མ་མཐའི་འཚོ་རྟེན་འགན་སྲུང་ལམ་ལུགས་ཡོངས་ཁྱབ་བྱུང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་ཚོགས་རོགས་སྐྱོབ་མ་ལག་རྩ་བའི་ཆ་ནས་བཙུགས་ཡོད། སྤྱི་ཚོགས་ཀྱི་ཕན་བདེ་དང་། གོད་གསོས་ལྟ་སྐྱོང་། དགེ་རྩ་དང་དབང་པོ་སྐྱོན་ཅན་པའི་བྱ་གཞག་བཅས་ལ་གྲུབ་འབྲས་གསར་པ་ཐོབ་ཡོད། རྒྱལ་ཡོངས་ཀྱི་སྤྱི་ཚོགས་འགན་སྲུང་ཐེབས་རྩ་རིམ་པར་གསོག་ཚད་སྒོར་དུང་ཕྱུར་7810ཟིན་ཏེ་ལོ་ལྔའི་གོང་ལས་དུང་ཕྱུར་5800ལྷག་ཙམ་འཕར་བ་རེད། འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་དང་སྤྱིལ་ཁྱིམ་ཁུལ་ལེགས་བཅོས་ཤུགས་ཆེན་བྱས་པས། དཀའ་ངལ་ཡོད་པའི་ཁྱིམ་དུད་ཁྲི་1100སྡོད་ཁང་གསར་པར་སྤོ་སྐལ་ཐོབ་པ་རེད། ང་ཚོས་མི་དམངས་ཡོངས་རྫོགས་ལ་རྒས་དུས་འཚོ་རྟེན་ཡོད་པ་དང་། ན་དུས་སྨན་བཅོས་ཐུབ་པ། སྡོད་སའི་ཁང་པ་ཡོད་པ་བཅས་ཀྱི་འབད་བརྩོན་རྒྱུན་འཁྱོངས་ལྷོད་མེད་བྱ་དགོས།

        རྒྱལ་ཁབ་ཀྱི་དུས་ཡུན་རིང་འབྲིང་གི་སློབ་གསོ་སྒྱུར་བཅོས་དང་འཕེལ་རྒྱས་གཏོང་བའི་འཆར་འགོད་ཀྱི་རྩ་འཛིན་གཏན་འབེབས་དང་ལག་བསྟར་བྱས་ཡོད། ལོ་ལྔའི་ནང་རྒྱལ་ཡོངས་ཀྱི་ནོར་སྲིད་ནས་སློབ་གསོའི་གཏོང་སྒོ་རིམ་བསགས་བྱས་ན་སྒོར་དུང་ཕྱུར་ཁྲི་4.45ཟིན་པས། ལོ་རེར་ཆ་སྙོམས་བརྒྱ་ཆ་22.4འཕར་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཏུ་སློབ་ཡོན་མི་དགོས་པར་འོས་འགན་སློབ་གསོ་ཁྱོན་ཡོངས་ནས་མངོན་འགྱུར་བྱས་པ་དང་། སློབ་ལོ་རན་པའི་བྱིས་པ་ཚང་མར་“སློབ་ཡོན་མི་དགོས་པར་སློབ་སྐལ་རག་པ་”བྱས་ཡོད། འོས་འགན་སློབ་གསོའི་དུས་རིམ་དུ་དགེ་རྒན་ལ་བྱས་འབྲས་གླ་ཕོགས་ལམ་ལུགས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཡོད། འབྲིང་རིམ་ལས་རིགས་སློབ་གསོས་གྲོང་གསེབ་ཀྱི་དཔལ་འབྱོར་དཀའ་ངལ་ཡོད་པའི་ཁྱིམ་ཚང་དང་། གྲོང་ཁྱེར་གྱི་ཡོང་འབབ་དམའ་བའི་ཁྱིམ་དུད། ཞིང་པ་དང་འབྲེལ་བ་ཡོད་པའི་ཆེད་སྦྱོང་སློབ་མར་སློབ་ཡོན་མི་དགོས་པ་བཅས་བཟོས་ཡོད། རྒྱལ་ཁབ་ཀྱིས་སློབ་ཞུགས་རོགས་སྐྱོར་ལམ་ལུགས་དོན་འཁྱོལ་གང་མགྱོགས་བྱས་པ་དང་། ནོར་སྲིད་ཀྱིས་མ་དངུལ་འཇོག་ཚད་2006ལོར་སྒོར་དུང་ཕྱུར་18ཡིན་པ་ནས་2010ལོར་སྒོར་དུང་ཕྱུར་306བར་སྤར་ཏེ་དེའི་ཁྱབ་ཁྱོན་མཐོ་རིམ་སློབ་གྲྭ་ནས་འབྲིང་རིམ་ལས་རིགས་སློབ་གྲྭ་དང་སློབ་འབྲིང་དཀྱུས་མ་བར་རྒྱ་བསྐྱེད་པ་དང་། རྒྱུ་དངོས་ཀྱི་རོགས་རམ་ཐོབ་གྲངས་སློབ་མ་ཁྱོན་བསྡོམས་ཁྲི་2130ཟིན་པ། འོས་འགན་སློབ་གསོ་ལེན་པའི་ཞག་སྡོད་སློབ་མ་ཁྲི་1200ལྷག་ཙམ་ལའང་འཚོ་བའི་རོགས་དངུལ་འདོན་སྤྲོད་བྱས་ཡོད། གྲོང་གསེབ་ཀྱི་སློབ་གྲྭ་ཆུང་འབྲིང་གི་ཉེན་ཅན་ཁང་པ་བསྒྱུར་བཀོད་དང་ལས་རིགས་སློབ་གསོའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྱོང་བྱ་རྒྱུ་མགྱོགས་སུ་བཏང་ཡོད། མཐོ་རིམ་སློབ་གསོའི་སྤུས་ཚད་དང་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་བཏང་བ་དང་། མཐོ་རིམ་སློབ་གྲྭའི་གསར་གཏོད་བྱེད་ནུས་ཆེ་རུ་བཏང་ཡོད། རྒྱལ་ཁབ་ཀྱི་ཚན་རིག་དང་ལག་རྩལ་འཕེལ་རྒྱས་གཏོང་བའི་དུས་ཡུན་རིང་འབྲིང་གི་འཆར་འགོད་ཀྱི་རྩ་གནད་གཏན་འབེབས་བྱས་པ་མ་ཟད་ལག་བསྟར་ཡང་བྱས་ཡོད། ཀྲུང་དབྱང་ནོར་སྲིད་ཀྱིས་ཚན་རྩལ་ལ་སྒོར་དུང་ཕྱུར་6197བཞག་པས། ལོ་རེར་ཆ་སྙོམས་བརྒྱ་ཆ་22.7འཕར་ཏེ་གྲུབ་འབྲས་གལ་ཆེན་རབ་དང་རིམ་པ་ཐོབ་ཡོད། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ནུས་པ་ཇེ་ཆེར་བཏང་ཡོད། རྒྱལ་ཁབ་ཀྱིས་ཆེད་དོན་མ་དངུལ་བཀོད་སྒྲིག་གནང་སྟེ་ཤང་གྲོང་གི་འཕྲོད་བསྟེན་ཁང་ཁྲི་2.3དང་། རྫོང་གི་སྨན་ཁང་1500 རྫོང་གི་ཀྲུང་ལུགས་སྨན་ཁང་500 རྫོང་གི་མ་བུ་བདེ་སྲུང་ཁང་1000བཅས་ལེགས་བཅོས་དང་གསར་འཛུགས་བྱས་པ་དང་། སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་2400བཙུགས་ཡོད། རྒྱལ་ཁབ་ཀྱི་དུས་ཡུན་འབྲིང་རིང་གི་ཤེས་ལྡན་མི་སྣ་འཕེལ་རྒྱས་འཆར་འགོད་རྩ་གནད་བཟོ་བ་དང་འབྲེལ་ལག་ལེན་ཡང་བསྟར་ཡོད། མི་འབོར་གྱི་འཆར་འགོད་དམིགས་ཚད་བདེ་བླག་ངང་འགྲུབ་ཡོད་པ་དང་། རིག་གནས་སྒྲིག་སྲོལ་སྒྱུར་བཅོས་ལ་གྲུབ་འབྲས་གལ་ཆེན་ཐོབ་ཡོད། སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་ལེགས་སྐྱོང་བྱེད་ཚུལ་མངོན་གསལ་མགྱོགས་སུ་བཏང་བ་དང་། རིག་གནས་ཐོན་ལས་དཔྱིད་དཔལ་བཞད་པ་ལྟར་འཕེལ་རྒྱས་བྱུང་ཡོད། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག གསར་འགྱུར་དཔེ་སྐྲུན། རླུང་འཕྲིན་བཪྙན་འཕྲིན། རྩོམ་རིག་སྒྱུ་རྩལ་བཅས་དར་རྒྱས་དང་ཡར་ཐོན་བྱུང་བ་རེད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་པའི་ལུས་རྩལ་སྒྲིག་བཀོད་འཛུགས་སྐྱོང་བྱེད་ཚུལ་མགྱོགས་སུ་ཕྱིན་པ་དང་། དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོའི་དར་སྲོལ་ཆགས་ཡོད། ཁྱོན་ཡོངས་ནས་ཁྲིམས་ལུགས་ལེགས་སྐྱོང་བྱས་པ་དང་། “ལོ་ལྔ་ཚན་ལྔའི ”ཁྲིམས་ལུགས་ཁྱབ་སྤེལ་བདེ་བླག་བྱུང་བ་རེད། སྤྱི་ཚོགས་དོ་དམ་གསར་གཏོད་དང་དོ་དམ་བྱེད་ཤུགས་ཆེ་རུ་བཏང་བ་དང་། སྤྱི་ཚོགས་འཆམ་མཐུན་དང་བརྟན་ལྷིང་རྒྱུན་འཁྱོངས་བྱུང་བ་རེད།

        དབུན་ཁྲོན་གྱི་ས་ཡོམ་ཧ་ཅང་ཆེན་པོ་སོགས་རང་བྱུང་གི་གནོད་འཚེ་ཚབས་ཆེན་འགོག་རྒོལ་དང་དེར་འཐབ་རྩོད་བྱེད་པར་རྒྱལ་ཁ་ཆེན་པོ་ཐོབ་པ་དང་། དབུན་ཁྲོན་དུ་གནོད་འཚེ་བྱུང་རྗེས་སླར་གསོ་བསྐྱར་སྐྲུན་བྱེད་པའི་ལོ་གསུམ་གྱི་ལས་འགན་ལོ་གཉིས་ནང་རྩ་བའི་ཆ་ནས་འགྲུབ་ཅིང་། ཡུལ་ཤུལ་གྱི་ས་ཡོམ་ཆེན་པོ་དང་འབྲུག་ཆུའི་ཆུ་ལོག་འདམ་རུད་ཆེན་པོའི་གནོད་འཚེ་བྱུང་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་གོ་རིམ་ལྡན་པར་བྱས་ཡོད། གནོད་འཚེའི་ཉམས་སད་ཐེག་པ་བརྒྱུད་དེ་ཀྲུང་གོའི་མི་དམངས་སྔར་བས་འཚར་ལོངས་དང་། རང་ཡིད་རང་ཆེས། འགྱུར་མེད་སྟོབས་ལྡན་བཅས་སུ་གྱུར་པ་དང་། ཀྲུང་ཧྭ་མི་རིགས་ལན་བརྒྱར་ཕམ་རུང་དཔའ་མི་ཞུམ་པ་དང་། ཡར་ཐོན་ལྷུར་ལེན་གྱི་རླབས་པོ་ཆེའི་སྙིང་སྟོབས་ནི་འགྲན་ཟླ་བྲལ་བ་རེད།

        ལོ་ལྔའི་རིང་ལ་ང་ཚོས་སྲིད་འཛིན་དོ་དམ་སྒྲིག་སྲོལ་སྒྱུར་བཅོས་རྒྱུན་མ་ཆད་པར་ཟབ་སྤེལ་བྱས་པ་དང་། སྲིད་གཞུང་གི་འགན་ནུས་བསྒྱུར་རྒྱུ་མགྱོགས་སུ་བཏང་བས། སྲིད་གཞུང་གི་སྒྲིག་སྲོལ་སྒྱུར་བཅོས་བྱེད་རིམ་གསར་པ་ཁྱོན་ཡོངས་ནས་འགྲུབ་པ་དང་། ཁྲིམས་མཐུན་ལྟར་སྲིད་འཛིན་ཟབ་སྤེལ་དང་། ཁྲིམས་སྐྱོང་གི་སྲིད་གཞུང་དང་ཞབས་ཞུ་ཅན་གྱི་སྲིད་གཞུང་འཛུགས་སྐྱོང་བྱས་པ། སྲིད་དོན་ཡོངས་བསྒྲགས་ལ་སྐུལ་སྤེལ། སྲིད་འཛིན་གྱི་ཁག་འགན་འདྲི་རྩད་བྱེད་ཤུགས་ཆེ་རུ་བཏང་བ། རུལ་རྒོལ་གྱི་འཐབ་རྩོད་རྒྱུན་འཁྱོངས་ལྷོད་མེད་བཅས་བྱས་པས། སྲིད་གཞུང་རང་ངོས་འཛུགས་སྐྱོང་བྱེད་པར་གྲུབ་འབྲས་དགེ་མཚན་ལྡན་པ་ཐོབ་པ་རེད།

        འདས་པའི་ལོ་ལྔའི་རིང་ང་ཚོས་གོམ་པ་རིམ་བགྲོད་ཀྱིས་བསྐྱོད་པས། དེའི་དོན་དུ་ཀྲུང་གོའི་མི་དམངས་སྤོབས་པ་རྒྱས་པར་བྱེད་པའི་རྒྱུ་མཚན་ཡོད། ལོ་ལྔའི་གྲུབ་འབྲས་ནི་ལས་སླ་པོར་བྱུང་བ་ཞིག་མིན། དེ་ནི་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་ཁྱོན་ཡོངས་ཀྱི་གནས་ཚུལ་འཛིན་སྐྱོང་དང་། དབུ་ཁྲིད་ཡང་དག་གནང་བའི་འབྲས་བུ་ཡིན་པ་དང་། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཐུན་མོང་ཐོག་འབད་འཐབ་བྱས་པའི་འབྲས་བུ་ཡིན་པས། འདིར་ངས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ཏེ་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་། དམངས་གཙོའི་ཏང་ཤོག་ཁག མི་དམངས་ཀྱི་ཚོགས་པ་ཁག ལས་རིགས་ཁག་གི་མི་དྲག་བཅས་ལ་ལྷག་བསམ་ཟོལ་མེད་ཀྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། སྤུན་ཟླ་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དང་། སྤུན་ཟླ་ཨའོ་མོན་སྲིད་འཛིན་ཁུལ། སྤུན་ཟླ་ཐའེ་དབན་བཅས་དང་ཕྱིར་སྡོད་སྤུན་ཟླ་བཅས་ལ་ལྷག་བསམ་ཟོལ་མེད་ཀྱིས་ཐུགས་ཇེ་ཆེ་ཞུ་རྒྱུ་ཡིན། ཀྲུང་གོ་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་ཐུགས་ཁུར་དང་རོགས་སྐྱོར་གནང་མཁན་རྒྱལ་ཁབ་ཁག་གི་སྲིད་གཞུང་དང་། རྒྱལ་སྤྱིའི་རྩ་འཛུགས། རྒྱལ་ཁབ་ཁག་གི་གྲོགས་པོ་རྣམ་པར་ལྷག་བསམ་ཟོལ་བྲལ་གྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

        རང་རྒྱལ་འཕེལ་རྒྱས་གཏོང་རིམ་ཁྲོད་དོ་མཉམ་མིན་པ་དང་། མཐུན་འགྲིག་མིན་པ། རྒྱུན་མཐུད་མི་ཐུབ་པ་བཅས་ཀྱི་གནད་དོན་སྔར་བཞིན་མངོན་གསལ་ཡིན་པ་ང་ཚོས་རིག་པ་དྭངས་གསལ་གྱིས་ངོས་འཛིན་བྱུང་ཡོད་པ་གཙོ་བོ་ནི། དཔལ་འབྱོར་འཕེལ་བར་བྱེད་པའི་ཐོན་ཁུངས་ཁོར་ཡུག་ལ་ཚོད་འཛིན་ཤུགས་ཆེན་བྱས་པ་དང་། མ་དངུལ་འཇོག་པ་དང་འཛད་སྤྱོད་ཀྱི་འབྲེལ་བ་དོ་མཉམ་མིན་པ། ཡོང་འབབ་བགོ་བཤའི་བར་ཁྱད་པར་ཅུང་ཆེ་བ། ཚན་རྩལ་གསར་གཏོད་ཀྱི་ནུས་པ་མི་ཆེ་བ། ཐོན་ལས་ཀྱི་གྲུབ་ཚུལ་ལུགས་མཐུན་མིན་པ། ཞིང་ལས་ཀྱི་རྨང་གཞི་སྔར་བཞིན་ཞན་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་གོང་འཕེལ་མཐུན་འགྲིག་མིན་པ། ལས་ཞུགས་སྤྱི་འབོར་གྱི་ཁུར་པོ་དང་གྲུབ་ཚུལ་རང་བཞིན་གྱི་འགལ་བ་མཉམ་དུ་གནས་པ། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་ཚོད་འཛིན་ཐེབས་པའི་སྒྲིག་སྲོལ་དང་རྐྱེན་སྲོལ་གྱི་འགོག་རྐྱེན་སྔར་བཞིན་ཅུང་མང་བ་བཅས་རེད། རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་བསྡུར་ཚད་ནང་ནས་ལོ་ལྔ་ཚན་བཅུ་གཅིག་པའི་འཆར་འགོད་དམིགས་ཚད་ཀྱི་ཞབས་ཞུའི་ལས་རིགས་གནས་ཐང་འཕར་ཚད་དང་། ལས་ཞུགས་ཀྱི་བསྡུར་ཚད། ཞིབ་འཇུག་དང་ཚོད་ལྟའི་ཐོག་ནས་འཕེལ་རྒྱས་ཀྱི་འགྲོ་གྲོན་གཏོང་བའི་བསྡུར་ཚད་ཟིན་གྲངས་ལེགས་འགྲུབ་བྱུང་མེད། མང་ཚོགས་ཁག་ཅིག་གིས་བསམ་འཆར་དྲག་པོ་འདོན་པའི་གནད་དོན་རྩ་བ་ནས་ཐག་གཅོད་ཐུབ་མེད་པ་གཙོ་བོ་ནི། སྤུས་ལེགས་ཀྱི་སློབ་གསོ་དང་སྨན་བཅོས་ཀྱི་ཐོན་ཁུངས་བསྡོམས་འབོར་མི་འདང་བ་དང་ཁྱབ་སྟངས་ཆ་སྙོམས་མིན་པ། ཟོག་གོང་འཕར་བའི་གནོན་ཤུགས་ཆེ་རུ་ཕྱིན་པ་དང་། གྲོང་ཁྱེར་ཆ་ཤས་ཀྱི་ཁང་པའི་རིན་གོང་འཕར་ཐལ་ཆེ་བ། ཁྲིམས་འགལ་གྱིས་ས་ཆ་བསྡུ་ལེན་དང་བཤིག་སྤོ་སོགས་བྱས་པ་ལས་བྱུང་བའི་སྤྱི་ཚོགས་ཀྱི་འགལ་བ་ཇེ་མང་དུ་གྱུར་པ། ཟས་རིགས་བདེ་འཇགས་ཀྱི་གནད་དོན་མངོན་གསལ་དོད་ཙམ་ཡིན་པ། ཁྱབ་ཁོངས་ཁ་ཤས་སུ་རུལ་སུངས་ཀྱི་སྣང་ཚུལ་ཚབས་ཆེ་བ་བཅས་རེད། ང་ཚོས་ངེས་པར་དུ་རྒྱལ་ཁབ་དང་མི་དམངས་ལ་འགན་འཁྲི་ཚད་མཐོན་པོ་འཁུར་བའི་སྙིང་སྟོབས་བཅངས་ནས་དཀའ་ཚེགས་ཆེ་བའི་ལས་དོན་ཞིབ་ཚགས་བྱེད་པ་དང་རྒྱུན་འཁྱོངས་ལྷོད་མེད་ཀྱིས་འབད་བརྩོན་བྱེད་པར་བརྟེན་ནས་གནད་དོན་དེ་དག་ཐག་གཅོད་ཇེ་མགྱོགས་སུ་བྱས་ནས་མི་དམངས་བློ་ཡིད་ཚིམ་པར་བྱ་རྒྱུ་ཡིན།

        ལོ་ལྔ་ཚན་བཅུ་གཅིག་པའི་སྐབས་ཀྱི་སྲིད་གཞུང་གི་ལས་དོན་ལ་ཕྱི་མིག་བལྟས་པ་ན། གཤམ་གྱི་ཕྱོགས་འགའི་ཐད་ཀྱི་ང་ཚོའི་ངོས་ཟིན་དང་མྱོང་ཚོར་སྔར་བས་ཇེ་ཟབ་ཏུ་གྱུར་ཡོད་དེ།

        གཅིག་ནས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ངེས་པར་དུ་རྒྱུན་འཁྱོངས་བྱ་དགོས། ང་ཚོ་འགྲན་སློང་ནན་པོ་སྣ་ཚོགས་ལས་རྣམ་པར་རྒྱལ་བ་ནི་འཕེལ་རྒྱས་ལ་བརྟེན་པ་ཡིན། ཁྱབ་ཁོངས་ཁག་ནས་ཐོབ་པའི་གྲུབ་འབྲས་དང་འཕེལ་རྒྱས་ཡོད་ཚད་ནི་འཕེལ་རྒྱས་ལ་བརྟེན་པ་ཡིན། མདུན་སྐྱོད་ཀྱི་བགྲོད་ལམ་སྟེང་གི་དཀའ་ངལ་དང་གནད་དོན་ཐག་གཅོད་དགོས་ན་སྔར་བཞིན་འཕེལ་རྒྱས་ལ་བརྟེན་དགོས། རང་རྒྱལ་སྔར་བཞིན་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་དུ་གནས་ཡོད་པ་མ་ཟད་ད་དུང་དུས་ཡུན་རིང་པོར་གནས་སྲིད་པས། ངེས་པར་དུ་དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་འཛིན་པ་རྒྱུན་འཁྱོངས་དང་། ཚན་རིག་དང་མཐུན་པའི་འཕེལ་རྒྱས་རྒྱུན་འཁྱོངས་བྱ་དགོས། མི་རྩ་བར་བཟུང་སྟེ་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱ་རྒྱུ་དེ་ལས་དོན་ཡོད་ཚད་ཀྱི་འགོ་རྩོམ་ས་དང་དམིགས་སར་བྱས་ནས་བློ་བརྟན་འགྱུར་མེད་ཀྱིས་ཕྱུག་འགྱུར་གྱི་ལམ་དུ་མཉམ་བསྐྱོད་བྱས་ཏེ་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་མི་དམངས་ཡོངས་ལ་ཕན་ཐོགས་པར་བྱ་དགོས། གཅིག་གྱུར་འཆར་འགོད་དང་ཁྱོན་ཡོངས་ལ་ལྟ་རྟོག་མཐའ་འཁྱོངས་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་དང་། ས་ཁོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མཐུན་འགྲིག་ངང་གོང་དུ་འཕེལ་བར་བྱ་དགོས། དཔལ་འབྱོར་གོང་དུ་སྤེལ་སྟངས་ཇེ་མགྱོགས་སུ་གཏོང་བ་དང་། རང་བརྟེན་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་བཅས་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུ་དེ་མི་འབོར་ཐོན་ཁུངས་ཁོར་ཡུག་གསུམ་དང་མཐུན་འགྲིག་ཡོང་བར་བྱེད་པ་དང་། གོང་འཕེལ་གྱི་ཁྱོན་ཡོངས་རང་བཞིན་དང་། མཐུན་འགྲིག་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་ཇེ་མཐོར་གཏོང་དགོས།

        གཉིས་ནས་སྲིད་གཞུང་གིས་སྙོམས་སྒྲིག་དང་ཚོང་རའི་རྐྱེན་སྲོལ་ངེས་པར་དུ་གཅིག་གྱུར་དམ་ཚགས་རྒྱུན་འཁྱོངས་བྱ་དགོས། ཚོང་རའི་རྐྱེན་སྲོལ་འཐུས་ཚང་དང་། སྤྱི་ཁོག་སྙོམས་སྒྲིག་ཕན་འབྲས་ཐོན་པར་བྱེད་པ་གཉིས་ཀ་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་ལ་མེད་དུ་མི་རུང་བའི་གྲུབ་ཆ་གལ་ཆེན་ཡིན། ཚོང་རའི་ཕན་ནུས་མང་བ་དགོས་སམ་ཡང་ན་སྲིད་གཞུང་གི་ཕན་ནུས་མང་བ་དགོས་མིན་ངེས་པར་དུ་སྟབས་བསྟུན་གདམ་ག་རྒྱག་དགོས། རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་གྱི་གནོད་སྐྱོན་ལ་ཁ་གཏད་འཇལ་སྐབས་ང་ཚོས་སྤྱི་ཁོག་སྙོམས་སྒྲིག་ལ་ཤུགས་སྣོན་དང་ལེགས་བཅོས་བྱས་ཏེ་ཚོང་རའི་ནོར་འཁྲུལ་དུས་ཐོག་ཏུ་ཡོ་བསྲང་དང་། ཚོང་རའི་ནུས་པ་ཤོར་བ་ཁ་གསབ་བྱས་ཏེ། དཔལ་འབྱོར་འཕར་ཆག་ཆེན་པོ་མི་ཡོང་བར་བྱེད་པ་ནི་ཡང་དག་ཡིན་པ་ལག་ལེན་ལས་རྦད་དེ་ར་འཕྲོད་བྱུང་བ་རེད། ང་ཚོས་ངེས་པར་དུ་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་། ཐོན་ཁུངས་བཀོད་སྒྲིག་བྱེད་པའི་ཁྲོད་ཀྱི་ཚོང་རའི་རྨང་གཞིའི་རང་བཞིན་གྱི་ཕན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་དཔལ་འབྱོར་གྱི་རྟིང་ཤུགས་འདོན་སྤེལ་བྱ་དགོས། དུས་མཚུངས་སུ་ཚན་རིག་དང་མཐུན་པར་སྤྱི་ཁོག་སྙོམས་སྒྲིག་བྱེད་ཐབས་སྤྱད་དེ་དཔལ་འབྱོར་ཡུན་རིང་བརྟན་ལྷིང་ངང་འཕེལ་རྒྱས་མགྱོགས་ཙམ་ཡོང་བར་བྱ་དགོས།

        གསུམ་ནས་རྒྱལ་ནང་དང་རྒྱལ་སྤྱིའི་ཁྱོན་ཡོངས་གཉིས་ངེས་པར་དུ་གཅིག་གྱུར་གྱིས་འཆར་འགོད་རྒྱུན་འཁྱོངས་བྱ་དགོས། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འཕེལ་རྒྱས་གཏིང་ཟབ་འགྲོ་བ་དང་ཕྱི་ཕྱོགས་སུ་སྒོ་འབྱེད་ཚུལ་རྒྱུན་མ་ཆད་པར་གཏིང་ཟབ་ཏུ་འགྲོ་བའི་ཆ་རྐྱེན་འོག རང་རྒྱལ་གྱི་དཔལ་འབྱོར་དང་འཛམ་གླིང་གི་དཔལ་འབྱོར་འབྲེལ་བ་ཉིན་རེ་བཞིན་དམ་དུ་འགྲོ་བཞིན་ཡོད་པ་དང་། མཉམ་འགུལ་དང་བརྟེན་རེས་བྱེད་ཤུགས་རྒྱུན་མ་ཆད་པར་ཆེ་རུ་ཕྱིན་ཡོད། འཛམ་གླིང་ལ་ལྟ་བའི་མིག་རྒྱང་རིང་པོ་ངེས་པར་དགོས་པ་དང་། འཐབ་འཛིང་གི་བསམ་གཞིགས་བྱེད་ཤུགས་ཆེ་རུ་གཏོང་བ། རྒྱལ་སྤྱིའི་གནས་བབ་ཀྱི་འཕེལ་རྒྱས་དང་འགྱུར་ལྡོག་ཁྲོད་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་གང་ལེགས་དང་། ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་བརྟན་པོར་འཇལ་མཁས་པ། རྒྱལ་ནང་དང་རྒྱལ་སྤྱིའི་ཚོང་ར་གཉིས་དང་ཐོན་ཁུངས་གཉིས་བེད་སྤྱོད་གང་ལེགས། རྒྱལ་ནང་འཕེལ་རྒྱས་དང་ཕྱི་ཕྱོགས་སུ་སྒོ་འབྱེད་པའི་འབྲེལ་བ་གཅིག་གྱུར་འཆར་འགོད་ཀྱིས་ཐག་གཅོད་གང་ལེགས་བཅས་བྱས་ཏེ་ཕྱི་ནང་གཉིས་ཀར་ལྟ་རྟོག་དང་དོ་མཉམ་ངང་འཕེལ་རྒྱས་ངོ་མ་ཡོང་བར་བྱ་དགོས།

        བཞི་ནས་སྒྱུར་བཅོས་སྒོ་འབྱེད་ནི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་རྩ་བའི་སྒུལ་ཤུགས་སུ་འཛིན་རྒྱུ་ངེས་པར་དུ་མཐའ་འཁྱོངས་བྱ་དགོས། སྒྱུར་བཅོས་སྒོ་འབྱེད་ནི་རྒྱལ་ཁབ་སྟོབས་འབྱོར་ལྡན་པ་དང་མི་དམངས་བདེ་སྐྱིད་ལྡན་པར་བྱེད་པའི་བགྲོད་ལམ་ལྡོག་མེད་ཡིན་པས། ངེས་པར་དུ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་རྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱ་དགོས། ང་ཚོས་ཆོད་སེམས་དང་སྙིང་སྟོབས་སྔར་བས་ཆེན་པོ་བཅངས་ཏེ་སྒྱུར་བཅོས་ལ་སྐུལ་འདེད་བཏང་ནས་སྒྱུར་བཅོས་ཀྱི་ཇུས་ཐག་གཅོད་པའི་ཚན་རིག་རང་བཞིན་ཆེ་རུ་གཏོང་བ་དང་། སྒྱུར་བཅོས་བྱེད་ཐབས་ཀྱི་མཐུན་སྦྱོར་རང་བཞིན་ཇེ་ཆེར་གཏོང་བ། དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས་སོགས་ཕྱོགས་གང་སྤྱིའི་སྒྱུར་བཅོས་དང་གསར་སྐྲུན་བྱེད་པར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ་སྒྲིག་སྲོལ་དང་རྐྱེན་སྲོལ་གྱི་འགོག་རྐྱེན་རྩ་བ་ནས་སེལ་བ་དང་། ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་གོང་སྤེལ་གཏོང་ཅི་ཐུབ་བྱས་ཏེ་སྤྱི་ཚོགས་དྲང་སྙོམས་དྲང་བདེན་ཡོང་བར་བྱ་དགོས། མི་དམངས་ཀྱི་འཚོ་བའི་ཆུ་ཚད་ལེགས་བཅོས་བྱ་རྒྱུ་དེ་སྒྱུར་བཅོས་དང་གོང་སྤེལ་བརྟན་ལྷིང་གསུམ་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱ་རྒྱུ་དང་ཟུང་འབྲེལ་དང་། སྒྱུར་བཅོས་བྱེད་ཤུགས་དང་། འཕེལ་རྒྱས་གཏོང་བའི་མྱུར་ཚད། སྤྱི་ཚོགས་ཀྱི་ཐེག་ཚད་བཅས་ཟུང་འབྲེལ་མཐའ་འཁྱོངས་བྱས་ཏེ་སྒྱུར་བཅོས་ལ་བརྟེན་ནས་འཆམ་མཐུན་བརྟན་ལྷིང་ཡོང་བར་བྱས་ཐོག་མི་དམངས་བདེར་འཁོད་ལས་བརྩོན་དང་། སྤྱི་ཚོགས་བདེ་འཇགས་རིམ་ལྡན། རྒྱལ་ཁབ་ཡུན་རིང་བདེར་འཁོད་བཅས་ཡོང་བའི་འགན་ལེན་བྱ་དགོས།

        གཉིས། ལོ་ལྔ་ཚན་བཅུ་གཉིས་པའི་དུས་སྐབས་ཀྱི་དམིགས་ཚད་དང་ལས་འགན་གཙོ་བོ།

        《རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་ལོ་ལྔ་ཚན་བཅུ་གཉིས་པའི་འཆར་འགོད་གཏན་འབེབས་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་འགོ 》ལ་གཞིགས་ཏེ་ང་ཚོས 《རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་ལོ་ལྔ་ཚན་བཅུ་གཉིས་པའི་འཆར་འགོད་གྱི་རྩ་གནད (མ་ཟིན )》བཟོ་འགོད་བྱས་ནས་ཚོགས་ཆེན་ལ་གྲོས་ཞིབ་གནང་རྒྱུར་འབུལ་རྒྱུ་ཡིན།

        ལོ་ལྔ་ཚན་བཅུ་གཉིས་པ་ནི་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འགག་རྩའི་དུས་སྐབས་ཡིན་ཞིང་། སྒྱུར་བཅོས་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་བ་དང་། དཔལ་འབྱོར་གོང་དུ་སྤེལ་སྟངས་ཇེ་མགྱོགས་སུ་བསྒྱུར་བའི་འགག་སྒྲོལ་དུས་སྐབས་ཡིན། རྒྱལ་སྤྱིའི་ཆ་ནས་བལྟས་ན། འཛམ་གླིང་སྣེ་མང་ཅན་དང་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འཕེལ་རྒྱས་གཏིང་ཟབ་འགྲོ་བཞིན་ཡོད་པས། ཞི་བདེ་དང་། འཕེལ་རྒྱས། མཉམ་ལས་བཅས་ནི་སྔར་བཞིན་དུས་རབས་ཀྱི་འཕེལ་ཕྱོགས་གཙོ་བོ་རེད། རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་གྱི་ཤན་ཤུགས་གཏིང་ཟབ་ཅིང་རྒྱུན་རིང་བ་དང་། འཛམ་གླིང་གི་དཔལ་འབྱོར་གྲུབ་ཚུལ་སྙོམས་སྒྲིག་ཇེ་མགྱོགས་སུ་གྱུར་ཅིང་། གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་གི་རྐྱེན་སྲོལ་ལ་འགྱུར་ལྡོག་གཏིང་ཟབ་འབྱུང་བཞིན་ཡོད། ཚན་རྩལ་གསར་སྐྲུན་དང་ཐོན་ལས་རིགས་བསྒྱུར་འགག་སྒྲོལ་བྱེད་གྲབས་ཡོད། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་སྤྱི་དང་ལྷག་པར་དུ་གསར་དར་ཚོང་རའི་རྒྱལ་ཁབ་ཀྱི་སྤྱིའི་སྟོབས་ཤུགས་རྒྱས་པའི་དུས་རིམ་དུ་སླེབས་ཡོད། རྒྱལ་ནང་གི་ཆ་ནས་བལྟས་ན། རང་རྒྱལ་གོང་དུ་འཕེལ་བའི་ཆ་རྐྱེན་བཟང་པོ་དང་ཡུན་རིང་བཟང་ཕྱོགས་སུ་འཕེལ་བའི་རྣམ་པར་འགྱུར་ལྡོག་བྱུང་མེད། བཟོ་ལས་ཅན་དང་། ཆ་འཕྲིན་ཅན། གྲོང་ཁྱེར་དང་གྲོང་རྡལ་ཅན། ཚོང་ར་ཅན། རྒྱལ་སྤྱི་ཅན་བཅས་སུ་འཕེལ་རྒྱས་གཏིང་ཟབ་བྱུང་བ་དང་། ཚོང་རའི་མི་མངོན་པའི་དགོས་མཁོ་ཤིན་ཏུ་ཆེ་བ། མ་དངུལ་འདོན་སྤྲོད་འདང་ལྷག་ཡོད་པ་དང་། ཚན་རྩལ་དང་སློབ་གསོའི་ཆུ་ཚད་སྤྱི་ཡོངས་ནས་གོང་འཕེལ། ངལ་རྩོལ་པའི་བྱང་ཚད་ཇེ་མཐོར་གྱུར་པ། རྨང་གཞིའི་སྒྲིག་བཀོད་ཉིན་རེ་བཞིན་འཐུས་ཚང་དུ་གྱུར་པ། སྤྱི་ཁོག་སྙོམས་སྒྲིག་དང་འགྲན་སློང་གལ་ཆེན་ལ་ཁ་གཏད་འཇལ་བའི་སྲིད་གཞུང་གི་ནུས་པ་མངོན་གསལ་ཇེ་ཆེར་ཕྱིན་ཡོད། སྤྱི་ཚོགས་ཀྱི་སྤྱི་ཡོངས་ཀྱི་རྣམ་པ་བརྟན་སྲུང་རྒྱུན་འཛིན་ཐུབ་ཡོད། རྒྱལ་སྤྱི་རྒྱལ་ནང་གི་གནས་བབ་ལ་ཕྱོགས་བསྡུས་ཐོག་ནས་བརྡར་ཤ་བཅད་ན། རང་རྒྱལ་གྱི་འཕེལ་རྒྱས་ནི་སྔར་བཞིན་རེ་ལྟོས་ཆེན་པོ་ཡོད་པའི་འཐབ་ཇུས་ཀྱི་གོ་སྐབས་གལ་ཆེན་གྱི་དུས་རིམ་དུ་གནས་ཡོད།

        ང་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ཤིང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང “མཚོན་བྱེད་གསུམ ”གྱི་དགོངས་དོན་གལ་ཆེན་སློབ་སྟོན་དུ་འཛིན་པ་དང་། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་ལག་བསྟར་དང་དོན་འཁྱོལ་གཏིང་ཟབ་བྱས་ཏེ་རྒྱལ་ཁབ་ཕྱི་ནང་གི་གནས་བབ་གསར་པ་དང་འགྱུར་ལྡོག་གསར་པར་འཚམ་པར་བྱེད་པ་དང་། མི་རིགས་ཁག་གི་མི་དམངས་སྔར་བས་བདེ་སྐྱིད་ལྡན་པའི་འཚོ་བར་རོལ་འདོད་ཀྱི་འདུན་པ་གསར་པ་དང་མཐུན་པར་བྱེད་པ། ཚན་རིག་དང་མཐུན་པའི་འཕེལ་རྒྱས་བརྗོད་བྱ་གཙོ་བོར་བྱེད་པ་དང་། དཔལ་འབྱོར་གོང་དུ་སྤེལ་སྟངས་མགྱོགས་སུ་གཏོང་བ་གཙོ་བོར་བྱེད་པ། སྒྱུར་བཅོས་སྒོ་འབྱེད་གཏིང་ཟབ་དང་། དམངས་འཚོ་འགན་སྲུང་དང་ལེགས་བཅོས། རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་གྱི་གནོད་པར་ཁ་གཏད་འཇལ་བའི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད། དཔལ་འབྱོར་ཡུན་རིང་བརྟན་ལྷིང་ངང་འཕེལ་རྒྱས་མགྱོགས་ཙམ་ཡོང་བ་དང་སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་ཡོང་བར་སྐུལ་འདེད་བཅས་བྱས་ཏེ་ཁྱོན་ཡོངས་ནས་འབྱོར་འབྲིང་གི་སྤྱི་ཚོགས་འཛུགས་སྐྱོང་བྱེད་པར་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་པའི་རྨང་གཞི་འདིང་དགོས།

        ང་ཚོས་དཔལ་འབྱོར་གོང་སྤེལ་ཡང་བསྐྱར་སྐས་རིམ་གསར་པར་སླེབས་པའི་སྐུལ་འདེད་གཏོང་དགོས། སླད་ཕྱིན་གྱི་ལོ་ལྔའི་ནང་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཡོང་བའི་སྔོན་དཔག་གི་དམིགས་འབེན་ནི་སྤུས་ཚད་དང་ཕན་འབྲས་མངོན་གསལ་ཇེ་མཐོར་གཏོང་བའི་རྨང་གཞིའི་ཐོག་ལོ་རེར་ཆ་སྙོམས་བརྒྱ་ཆ་7འཕར་བར་བྱ་རྒྱུ་དེ་ཡིན། 2010ལོའི་རིན་གོང་ལྟར་བརྩིས་ན། 2015ལོར་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་55ལས་བརྒལ་རྒྱུ་རེད། སྤྱི་ཁོག་སྙོམས་སྒྲིག་ལ་མུ་མཐུད་ཤུགས་སྣོན་དང་ལེགས་བཅོས་བྱེད་པ་དང་། རིན་གོང་གི་སྤྱིའི་ཆུ་ཚད་གཞི་རྩའི་ཐོག་བརྟན་སྲུང་བྱེད་པའི་ཐོག་ནས་དུས་ཐུང་གི་སྙོམས་སྒྲིག་སྲིད་ཇུས་དང་ཡུན་རིང་གི་གོང་སྤེལ་སྲིད་ཇུས་ཟུང་འབྲེལ་དམ་ཟབ་བྱས་ཏེ་ནང་མཁོ་རྒྱ་བསྐྱེད་པའི་འཐབ་ཇུས་ལག་བསྟར་རྒྱུན་འཁྱོངས་དང་། རང་རྒྱལ་གྱི་ནང་མཁོའི་རྟིང་ཤུགས་ཆེན་པོ་སྔོག་འདོན་གང་ལེགས་བྱས་ཏེ་འཛད་སྤྱོད་དང་། མ་དངུལ་འཇོག་པ། ཕྱིར་གཏོང་བཅས་ཀྱིས་མཐུན་སྦྱོར་ངང་དཔལ་འབྱོར་གོང་དུ་འཕེལ་བར་བྱེད་པའི་རྣམ་པ་གསར་པ་ཇེ་མགྱོགས་ཆགས་པར་བྱ་དགོས།

        ང་ཚོས་དཔལ་འབྱོར་གོང་དུ་སྤེལ་སྟངས་དང་དཔལ་འབྱོར་གྲུབ་ཚུལ་སྙོམས་སྒྲིག་ཇེ་མགྱོགས་སུ་བྱ་དགོས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་གསར་དར་བཟོ་ལས་ཅན་གྱི་བགྲོད་ལམ་དུ་སྐྱོད་རྒྱུ་མཐའ་འཁྱོངས་དང་། ཆ་འཕྲིན་ཅན་དང་བཟོ་ལས་ཅན་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད། བཟོ་སྐྲུན་ལས་རིགས་བསྒྱུར་བཀོད་གནས་སྤོར། འཐབ་ཇུས་ཀྱི་རང་བཞིན་པའི་གསར་དར་ཐོན་ལས་སྐྱེད་སྲིང་དང་གོང་སྤེལ། ཞབས་ཞུའི་ལས་རིགས་འཕེལ་རྒྱས་གང་མགྱོགས། རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ཁྲོད་ཀྱི་ཞབས་ཞུའི་ལས་རིགས་ཀྱི་གནས་ཐང་འཕར་ཚད་ཀྱི་བསྡུར་ཚད་བརྒྱ་ཆའི་གཞི་གྲངས་4ཇེ་མཐོར་འགྲོ་བར་བྱ་དགོས། དགེ་མཚན་ལྡན་ཞིང་བརྟན་པོའི་སྒོ་ནས་གྲོང་རྡལ་ཅན་དུ་སྐུལ་སྤེལ་གཏོང་བ་དང་། གྲོང་རྡལ་ཅན་དུ་འགྱུར་ཚད་བརྒྱ་ཆ་47.5ནས་བརྒྱ་ཆ་51.5བར་མཐོ་རུ་བཏང་སྟེ། གྲོང་ཁྱེར་ཅན་གྱི་བཀོད་པ་དང་ཆགས་ཚུལ་འཐུས་སྒོ་ཚང་དུ་གཏོང་བ། གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་སྤུས་ཚད་དང་ཆུ་ཚད་རྒྱུན་མ་ཆད་པར་མཐོ་རུ་གཏོང་དགོས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྱོང་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། དེང་རབས་ཀྱི་ཞིང་ལས་གོང་འཕེལ་ཤུགས་ཆེན་བཏང་ནས་སྤྱི་ཚོགས་རིང་ལུགས་གྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་ཇེ་མགྱོགས་སུ་བྱ་དགོས། ས་ཁོངས་གོང་སྤེལ་སྤྱི་ཡོངས་ཀྱི་འཐབ་ཇུས་དང་གཙོ་ནུས་ཐོན་ཁུལ་གྱི་འཐབ་ཇུས་དོན་འཁྱོལ་གཏིང་ཟབ་བྱས་ཏེ་གཞི་རྩའི་སྤྱི་པའི་ཞབས་ཞུ་འདྲ་མཉམ་ཅན་དུ་རིམ་བཞིན་མངོན་འགྱུར་ཡོང་བར་བྱ་དགོས། གྲོང་ཁྱེར་དང་གྲོང་གསེབ་དང་། ས་ཁོངས་བཅས་ཕན་ཚུན་སྤེལ་རེས་བཟང་པོ་མཉམ་འགུལ་ཡོང་བར་བྱས་ནས་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཐུན་སྦྱོར་ངང་གོང་དུ་འཕེལ་བར་བྱ་དགོས།

        ང་ཚོས་སྤྱི་ཚོགས་ཀྱི་བྱ་གཞག་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས། སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་དམངས་ཡོངས་ལ་སློབ་གསོ་ཐོབ་ཚད་བརྟན་པོའི་སྒོ་ནས་མཐོ་རུ་གཏོང་དགོས། རང་བརྟེན་གསར་གཏོད་དང་། གཙོ་གནད་མཆོང་སྐྱོད། འཕེལ་རྒྱས་ལ་རོགས་སྐྱོར། མ་འོངས་སྣེ་ཁྲིད་བཅས་ཀྱི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ནས་ཚན་རྩལ་གསར་གཏོད་ཀྱི་མ་ལག་དང་རྒྱབ་སྐྱོར་ཀྱི་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་ནས་གནད་ཆེའི་ཚན་རིག་ལག་རྩལ་འགག་སྒྲོལ་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་དགོས། ཞིབ་འཇུག་དང་ཚོད་ལྟའི་གྲོན་དངུལ་གཏོང་སྒོས་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ཁྲོད་ཀྱི་བསྡུར་ཚད་ཀྱི་བརྒྱ་ཆ་2.2ཟིན་པར་བྱས་ནས་ཚན་རྩལ་གྱི་གྲུབ་འབྲས་སྔར་ལས་ལྷག་པར་ཐོན་སྐྱེད་ནུས་ཤུགས་སུ་འགྱུར་བར་བྱ་དགོས། དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐུན་གྱི་དགོས་མཁོ་དང་འཚམ་པར་བྱས་ནས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་བྱང་ཚད་མཐོ་བའི་ཤེས་ལྡན་མི་སྣའི་དཔུང་ཁག་སྟོབས་ཆེན་ཞིག་འཛུགས་རྒྱུར་འབད་དགོས། རིག་གནས་དར་སྤེལ་བྱེད་ཤུགས་ཇེ་ཆེར་བཏང་ནས་རིག་གནས་སྒྱུར་བཅོས་དང་འཕེལ་རྒྱས་གཏོང་བར་མཆོང་སྐྱོད་གསར་པ་ཡོང་བར་བྱས་ཏེ་མི་དམངས་མང་ཚོགས་ཀྱི་བསམ་པ་དང་རིག་གནས་ཀྱི་དགོས་མཁོ་ཇེ་ཆེར་འགྲོ་ཚུལ་བསྐོང་ཐུབ་པ་བྱ་དགོས་པ་དང་། ལུས་རྩལ་བྱ་གཞག་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས། སྨན་བཅོས་འཕྲོད་བསྟེན་གྱི་སྒྲིག་སྲོལ་སྒྱུར་བཅོས་སྔར་ལས་གཏིང་ཟབ་བྱས་ནས་མ་མཐའི་སྨན་བཅོས་འཕྲོད་བསྟེན་ལམ་ལུགས་འཐུས་ཚང་བཟོས་ཏེ་མི་རྣམས་ཀྱིས་མ་མཐའི་སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཞུ་ལོངས་སྤྱོད་ཐུབ་པའི་དམིགས་ཚད་མངོན་འགྱུར་གང་མགྱོགས་ཡོང་བར་བྱ་དགོས། སྤྱི་ཚོགས་དོ་དམ་གྱི་སྒྲིག་སྲོལ་དང་རྐྱེན་སྲོལ་གསར་གཏོད་དང་། སྤྱི་ཚོགས་དོ་དམ་བྱེད་པའི་བཅའ་ཁྲིམས་དང་། སྒྲིག་སྲོལ། ནུས་པ་བཅས་ཆེ་རུ་བཏང་ནས་སྤྱི་ཚོགས་གསོན་ཤུགས་ཀྱིས་ཁེངས་ཤིང་འཆམ་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱ་དགོས།

        ང་ཚོས་ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་ཏན་ཏིག་བྱ་དགོས། གནམ་གཤིས་ཀྱི་འགྱུར་ལྡོག་ལ་ཁ་གཏད་ཧུར་ཐག་འཇལ་བ་དང་། ཐོན་ཁུངས་གྲོན་ཆུང་དང་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ་ཐོན་ཁུངས་འགན་སྲུང་བྱེད་ནུས་ཆེ་རུ་གཏོང་བ་དང་། རྨོ་ཞིང་སྲུང་ཤུགས་དང་། ཁོར་ཡུག་སྲུང་ཤུགས་ཆེ་རུ་གཏོང་བ། སྐྱེ་ཁམས་ལེགས་སྐྱོང་དང་གནོད་འགོག་གེགས་སེལ་གྱི་མ་ལག་ལེགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་ནུས་ཁྱོན་ཡོངས་ནས་ཆེ་རུ་འགྲོ་བར་བྱ་དགོས། སྤྱོད་ཐེངས་གཅིག་གི་ནུས་ཁུངས་ཟད་གྲོན་ནང་རྡོ་སོལ་རྫས་འགྱུར་མ་ཡིན་པའི་ནུས་ཁུངས་ཀྱིས་བསྡུར་ཚད་ཟིན་གྲངས་བརྒྱ་ཆ་11.4བར་འཕར་བར་བྱ་རྒྱུ་དང། རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་རྩིས་གཞིའི་ནུས་གྲོན་དང་དབྱང་གཉིས་ཐན་འགྱུར་འབུད་ཚད་སོ་སོར་བརྒྱ་ཆ་16དང་བརྒྱ་ཆ་17ཉུང་དུ་གཏོང་རྒྱུ། སྦགས་བཙོག་དངོས་རིགས་གཙོ་བོ་ཕྱིར་འབུད་བྱེད་འབོར་བརྒྱ་ཆ་8ནས་10བར་ཉུང་དུ་གཏོང་རྒྱུ། ནགས་ཚལ་གསོག་གྲངས་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་6འཕར་བར་བྱས་ནས་ནགས་ཚལ་ཁེབས་ཚད་བརྒྱ་ཆ་21.66ཟིན་པར་བྱ་རྒྱུ། ཆུ་བེད་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་ཏན་ཏིག་བཏང་ནས་གཙང་པོ་དང་ཆུ་བོ་ཆེ་རིགས་ཀྱི་ཆུ་ཕྲན་གལ་ཆེན་དང་། མཚོ་མཚེའུ། གཙང་པོ་འབྲིང་ཆུང་བཅས་བཅོས་སྐྱོང་ལ་སྐུལ་འདེད་བཏང་སྟེ་རྨང་གཞིའི་ས་ཞིང་ཆུ་འདྲེན་དང་། ཆུའི་ཐོན་ཁུངས་བེད་སྤྱོད་ལུགས་མཐུན་བྱེད་པའི་ཆུ་ཚད། ཆུ་ལོག་འགོག་ནུས་བཅས་མངོན་གསལ་དོད་པོར་མཐོ་རུ་འགྲོ་བར་བྱ་དགོས།

        ང་ཚོས་མི་དམངས་ཀྱི་འཚོ་བ་ཁྱོན་ཡོངས་ནས་ཡག་ཏུ་གཏོང་དགོས། ལས་ཞུགས་མང་དུ་གཏོང་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་འགྲོའི་དམིགས་ཚད་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་ངལ་རྩོལ་པ་ཡོངས་ལ་ལས་ཞུགས་ཀྱི་གོ་སྐབས་འདྲ་མཉམ་ཡོང་བར་བྱས་ཏེ་ལོ་ལྔའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཀར་ཞུགས་མི་གསར་པ་ཁྲི་4500འཕར་བར་བྱ་རྒྱུ། རྩོལ་བསྟུན་ཐོབ་སྤྲོད་གཙོ་བོར་བྱེད་པ་དང་། བགོ་འགྲེམས་བྱེད་ཐབས་སྣ་ཚོགས་མཉམ་གནས་ཀྱི་བགོ་འགྲེམས་ལམ་ལུགས་མཐའ་འཁྱོངས་ཐོག་ནས་འཐུས་སྒོ་ཚང་དུ་བཏང་སྟེ་གྲོང་མིའི་ཡོང་འབབ་འཕར་སྣོན་ཡོང་བར་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུ་དང་གཅིག་མཐུན་ཡོང་བ་དང་། ངལ་རྩོལ་གྱི་ཐོབ་ཆའི་འཕར་ཚད་དང་ངལ་རྩོལ་ཐོན་སྐྱེད་ལས་ཆོད་ཆེ་རུ་འགྲོ་ཚད་གཅིག་མཐུན་ཡོང་བར་བྱས་ནས་རྒྱལ་དམངས་ཀྱི་ཡོངས་འབབ་བགོ་འགྲེམས་ཁྲོད་ཀྱི་གྲོང་མིའི་ཡོང་འབབ་ཀྱི་བསྡུར་ཚད་རིམ་བཞིན་མཐོ་རུ་གཏོང་རྒྱུ་བཅས་ལུགས་མཐུན་གྱི་ཡོང་འབབ་བགོ་འགྲེམས་བྱེད་སྟངས་ཆགས་པར་བྱ་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་དང་གྲོང་གསེབ་ཡུལ་མི་མི་རེའི་ཡོང་འབབ་ཁེར་གཙང་ལོ་རེར་དངོས་སུ་འཕར་ཚད་ཆ་སྙོམས་བརྒྱ་ཆ་7ནས་བརྒལ་བར་བྱ་རྒྱུ། དབུལ་སྐྱོར་བྱེད་ཚད་མཐོ་རུ་བཏང་ནས་དངུལ་ཕོངས་མི་གྲངས་ཉུང་དུ་གཏོང་རྒྱུ། སྤྱི་ཚོགས་འགན་སྲུང་ལམ་ལུགས་འཐུས་ཚང་མགྱོགས་སུ་བཏང་ནས་འགན་སྲུང་གི་ཆུ་ཚད་སྔར་ལས་མཐོ་རུ་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་རྒན་གསོ་དང་། མ་མཐའི་སྨན་བཅོས་འགན་སྲུང་ལམ་ལུགས་ཁྱོན་ཡོངས་ནས་ཁེབས་པར་བྱེད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་སྨན་བཅོས་འགན་བཅོལ་སྣ་ཁ་གསུམ་གྱི་འགན་བཅོལ་ནང་ཞུགས་ཚད་མཐོ་རུ་འགྲོ་བ་མ་ཟད་བརྟན་པོའང་ཡོང་བར་བྱས་ཏེ་སྲིད་ཇུས་ཀྱི་ཁྱབ་ཁོངས་ནང་གི་སྨན་བཅོས་འགན་བཅོལ་གྱི་ཐེབས་རྩ་སྤྲོད་ཚད་བརྒྱ་ཆ་70ཡན་བར་མཐོ་རུ་གཏོང་རྒྱུ་དང་། རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་འགན་སྲུང་ངོ་བོའི་སྡོད་ཁང་ཁེབས་ཚད་བརྒྱ་ཆ་20ཡས་མས་འཕར་བར་བྱ་དགོས། འཆར་ལྡན་བུ་བཙའི་གཞི་རྩའི་རྒྱལ་ཇུས་མཐའ་འཁྱོངས་བྱས་ནས་སྲིད་ཇུས་རིམ་བཞིན་འཐུས་སྒོ་ཚང་དུ་བཏང་སྟེ་མི་འབོར་རྒྱུན་རིང་དོ་མཉམ་ངང་འཕེལ་བ་དང་། མིའི་ཚེ་ཚད་ཆ་སྙོམས་ལོ་1རིང་དུ་འགྲོ་བ་བྱས་ནས་ལོ་74.5སླེབས་པ་བྱ་དགོས།

        ང་ཚོས་ཁྱོན་ཡོངས་ནས་སྒྱུར་བཅོས་སྒོ་འབྱེད་ཟབ་སྤེལ་བྱ་དགོས། སྒྱུར་བཅོས་ཀྱི་རྩེར་སོན་ཇུས་འགོད་དང་སྤྱི་ཡོངས་ཀྱི་འཆར་འགོད་ལ་མཐོང་སྔར་ལས་ཆེན་པོ་དང་། དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་ཤུགས་ཆེན། ཆབ་སྲིད་སྒྲིག་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་ཧུར་ཐག་དང་བརྟན་པོ་བཅས་བྱ་རྒྱུ་དང་། རིག་གནས་སྒྲིག་སྲོལ་དང་སྤྱི་ཚོགས་ཀྱི་སྒྲིག་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་བྱེད་མགྱོགས་སུ་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་རྒྱུན་མ་ཆད་པར་འཐུས་ཚང་ཡོང་བ་དང། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་རྒྱ་སྐྱེད། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་འཐུས་ཚང་བཅས་བཟོས་ཏེ་སྟེང་གི་བཀོད་པ་དཔལ་འབྱོར་རྨང་གཞིའི་འཕེལ་རྒྱས་ཀྱི་འགྱུར་བར་དེ་བས་ཀྱང་འཚམ་པོ་ཡོང་བར་བྱས་ནས་ཚན་རིག་འཕེལ་རྒྱས་གཏོང་རྒྱུར་འགན་ལེན་ནུས་ལྡན་བྱ་རྒྱུ། གཞི་རྩའི་དཔལ་འབྱོར་ལམ་ལུགས་མཐའ་འཁྱོངས་བྱ་རྒྱུ་དང་འཐུས་སྒོ་ཚང་དུ་བཏང་ནས་དབང་བའི་ལམ་ལུགས་སྣ་མང་གི་དཔལ་འབྱོར་གྱིས་ཁྲིམས་མཐུན་ལྟར་ཐོན་སྐྱེད་ཀྱི་གནད་ཆེའི་རྒྱུ་རྐྱེན་བེད་སྤྱོད་འདྲ་མཉམ་དང་། ཚོང་རའི་འགྲན་རྩོད་ནང་འདྲ་མཉམ་གྱིས་ཞུགས་པ། ཁྲིམས་ལུགས་ཀྱི་སྲུང་སྐྱོང་གཅིག་མཚུངས་ཡོང་བ་བཅས་ཀྱི་སྒྲིག་སྲོལ་ཁོར་ཡུག་བསྐྲུན་དགོས། ནོར་ཁྲལ་དངུལ་རྩའི་ལམ་ལུགས་སྒྱུར་བཅོས་མགྱོགས་སུ་བཏང་ནས་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་བསྒྱུར་བར་ཕན་པའི་ནོར་ཁྲལ་གྱི་སྒྲིག་སྲོལ་ཧུར་ཐག་བསྐྲུན་ནས་རྩ་འཛུགས་སྣ་མང་དང་། ཞབས་ཞུའི་ལས་ཆོད་ཆེ་བ། ལྟ་སྐུལ་དོ་དམ་གཟབ་ནན། ཉེན་ཁ་ཚོད་འཛིན་ཐུབ་པ་བཅས་ཀྱི་དངུལ་རྩའི་མ་ལག་བསྐྲུན་དགོས། ཐོན་ཁུངས་རང་བཞིན་གྱི་ཐོན་རྫས་རིན་གོང་དང་ཁོར་ཡུག་སྲུང་སྐྱོང་གི་གྲོན་དངུལ་བསྡུ་ལེན་བྱེད་སྟངས་སྒྱུར་བཅོས་གཏིང་ཟབ་བྱས་ནས་ཁྲོམ་རའི་དགོས་མཁོ་དང་མཁོ་སྤྲོད་ཀྱི་གནས་ཚུལ་སྐབས་བསྟུན་གྱིས་མཚོན་ཐུབ་པའི་འབྲེལ་བ་དང་། ཐོན་ཁུངས་དཀོན་ཚུལ་དང་ཁོར་ཡུག་གནོད་སྐྱོན་ཀྱི་མ་གནས་ལ་ཐུག་པའི་ཐོན་ཁུངས་རང་བཞིན་ལྡན་པའི་ཐོན་རྫས་ཀྱི་རིན་གོང་ཆགས་སྟངས་ཀྱི་རྐྱེན་སྲོལ་གསར་འཛུགས་འཐུས་ཚང་བྱ་རྒྱུ། སྔར་ལས་ཧུར་བརྩོན་དང་རང་འགུལ་ཆེ་བའི་སྒོ་འབྱེད་ཀྱི་འཐབ་ཇུས་ལག་ལེན་བསྟར་ཏེ་རྒྱལ་སྤྱིའི་མཉམ་ལས་དང་འགྲན་རྩོད་ནང་ཞུགས་པའི་ལེགས་ཆ་གསར་པ་སྐྱེད་སྲིང་བྱས་ནས་གཉིས་ཕན་མཉམ་རྒྱལ་གྱི་སྒོ་འབྱེད་སྟངས་གསར་པ་ཆགས་པར་བྱ་དགོས།

        སྲིད་གཞུང་གིས་རང་ངོས་སྒྱུར་བཅོས་དང་འཛུགས་སྐྲུན་བྱེད་པར་ང་ཚོས་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་དགོས། སྲིད་གཞུང་གི་དབང་ཆ་ཡོད་དོ་ཅོག་མི་དམངས་ཀྱིས་སྤྲད་པ་ཡིན་པས། ངེས་པར་དུ་མི་དམངས་ལ་འགན་འཁུར་དགོས་པ་དང་། མི་དམངས་ཀྱི་དོན་དུ་ཁེ་ཕན་གཉེར་བ། མི་དམངས་ཀྱི་ལྟ་སྐུལ་དང་ལེན་བཅས་བྱ་དགོས། ངེས་པར་དུ་མི་དམངས་ཁྱབ་རྒྱ་ཆེ་ཤོས་སྐུལ་སློང་དང་རྩ་འཛུགས་བྱས་ཏེ་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་ལས་དོན་ཁྲིམས་མཐུན་ལྟར་དོ་དམ་དང་། དཔལ་འབྱོར་དང་རིག་གནས་བྱ་གཞག་ལ་དོ་དམ་བྱ་དགོས། ཁྲིམས་མཐུན་ལྟར་རྒྱལ་ཁབ་སྐྱོང་བའི་གཞི་རྩའི་ཇུས་གཞི་ངེས་པར་དུ་མཐའ་འཁྱོངས། མང་ཚོགས་ཀྱི་ཁེ་ཕན་སྲུང་བའི་ཁྲིམས་ལུགས་ལེགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཁྲིམས་མཐུན་ལྟར་སྲིད་སྐྱོང་ལ་སྐུལ་སྤེལ། ཚན་རིག་དང་མཐུན་ཞིང་དམངས་གཙོའི་ཇུས་ཐག་གཅོད་སྲོལ་ངེས་པར་དུ་ལག་བསྟར་བྱེད་པ་དང་། སྲིད་ཇུས་དང་། ལག་བསྟར། ལྟ་སྐུལ་བཅས་གཅུན་རེས་བྱེད་ལ་ཕན་ཚུན་མཐུན་སྦྱོར་ཡང་ལྡན་པའི་འཁོར་སྐྱོད་ཀྱི་རྐྱེན་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་དབང་ཆ་ཡང་དག་སྤྱོད་པའི་འགན་ལེན་བྱ་དགོས། ངེས་པར་དུ་ལམ་ལུགས་ཀྱི་ཐོག་ནས་དབང་ཆ་གཅིག་སྡུད་ཆེ་དྲགས་ལ་གཅུན་འདོམས་ཡང་མི་ཐུབ་ཚུལ་བསྒྱུར་བ་དང་། རུལ་སུངས་ལ་ཆད་པ་གཅོད་པ་དང་སྔོན་འགོག་མཐའ་གཅིག་ཏུ་བྱ་དགོས། མི་དམངས་ཀྱི་དམངས་གཙོའི་དབང་ཆ་དང་ཁྲིམས་མཐུན་ཁེ་དབང་ངེས་པར་དུ་འགན་སྲུང་བྱེད་པ་དང་། སྤྱི་ཚོགས་ཀྱི་དྲང་སྙོམས་དྲང་བདེན་སྲུང་སྐྱོང་བྱ་དགོས།

        མདོར་ན་འབྱུང་འགྱུར་ལོ་ལྔའི་རིང་འབད་བརྩོན་བྱས་ནས་ལོ་ལྔ་ཚན་བཅུ་གཉིས་པའི་འཆར་འགོད་ཀྱི་དམིགས་ཡུལ་ཁག་མངོན་འགྱུར་བྱས་ན། རང་རྒྱལ་གྱི་ཕྱོགས་བསྡུས་རྒྱལ་སྟོབས་ཇེ་ཆེར་འགྲོ་ངེས་དང་། མི་དམངས་ཀྱི་འཚོ་བ་ལེགས་བཅོས་ཇེ་ཆེར་ཡོང་ངེས་ཡིན་ཞིང་། རྒྱལ་ཁབ་ཀྱི་རྣམ་པར་འགྱུར་ལྡོག་སྔར་ལས་ལྷག་པ་ཡོང་ངེས་རེད།

        གསུམ། 2011ལོའི་ལས་དོན།

        2011ལོ་ནི་ལོ་ལྔ་ཚན་བཅུ་གཉིས་པ་འགོ་ཚུགས་ལོ་ཡིན་པས། ད་ལོའི་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་ལོ་ལྔ་ཚན་བཅུ་གཉིས་པའི་དམིགས་ཡུལ་གྱི་ལས་འགན་ཁག་ལེགས་འགྲུབ་བྱེད་པར་གལ་འགངས་ཆེན་པོ་རེད། འདས་ལོ་གཅིག་གི་རིང་ང་ཚོའི་ལས་དོན་ཁག་ལ་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ཡོད། རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་བརྒྱ་ཆ་10.3འཕར་བ་དང་། གྲོང་མིའི་འཛད་སྤྱོད་རིན་གོང་འཕར་ཚད་བརྒྱ་ཆ་3.3དུ་ཚོད་འཛིན་བྱས་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་ཁྲི་1168གསར་སྣོན་བྱས་པ། རྒྱལ་སྤྱིའི་གཏོང་ཡོང་གི་གནས་ཚུལ་ལེགས་སུ་ཕྲན་བུ་ཕྱིན་པ་བཅས་དེ་དག་གིས་ད་ལོའི་ལས་དོན་ཡག་པོ་བསྒྲུབ་པར་རྨང་གཞི་ཡག་པོ་གཏིང་བ་རེད།

        ད་ལོ་རང་རྒྱལ་གྱི་འཕེལ་རྒྱས་ལ་གནས་བབ་སྔར་བཞིན་ཪྙོག་འཛིང་ཧ་ཅང་ཆེན་པོ་ཞིག་ཐུག་ཡོད། འཛམ་གླིང་གི་དཔལ་འབྱོར་མུ་མཐུད་ནས་ག་ལེར་སྐྱར་གསོ་ཡོང་མུས་ཡིན་རུང་སྐྱར་གསོའི་རྨང་གཞི་བརྟན་པོ་མེད། དར་རྒྱས་ཆེ་བའི་དཔལ་འབྱོར་ཐུན་མོང་ཚོགས་པའི་དཔལ་འབྱོར་འཕེལ་ཤུགས་ཞན་པ་དང་། ལས་ཀ་ཤོར་ཚད་ཆག་དཀའ་བ། རྒྱལ་ཁབ་འགའ་ཞིག་གི་བདག་དབང་བུན་དོན་གྱི་ཉེན་ཁའི་མངོན་མེད་གཞི་རྐྱེན་སྔར་བཞིན་སེལ་ཐུབ་མེད། འཕེལ་རྒྱས་ཆེ་བའི་དཔལ་འབྱོར་ཐུན་མོང་ཚོགས་པ་གཙོ་བོས་ལྷུག་གཏོང་གི་དངུལ་ལོར་སྲིད་ཇུས་ལག་བསྟར་སྔར་ལྷག་བྱས་པས་འཛམ་གླིང་ཡོངས་སུ་འགྲོ་རྒྱུག་རང་བཞིན་འབོར་ཆེན་འཕར་སྣོན་བྱུང་བ་དང། རྒྱལ་སྤྱིའི་ཚོང་ཟོག་འབོར་ཆེན་གྱི་རིན་གོང་དང་དངུལ་ལོར་གཙོ་བོའི་གནས་ཐང་འཕར་ཆག་ཆེ་རུ་ཕྱིན་པ་དང་། གསར་དར་ཁྲོམ་རའི་མ་རྩའི་རྫུ་ལྷད་དང་དངུལ་ལོར་འགྲེམས་ཐལ་ཤོར་ཚུལ་གྱི་གནོན་ཤུགས་ཆེ་རུ་ཕྱིན་པ། སྲུང་སྐྱོང་རིང་ལུགས་མུ་མཐུད་ཤུགས་ཆེ་རུ་འགྲོ་བ། རྒྱལ་སྤྱིའི་ཚོང་རའི་འགྲན་རྩོད་ཛ་དྲག་ཏུ་ཕྱིན་པ། གཡོ་འགུལ་ངེས་མེད་ཀྱི་རྒྱུ་རྐྱེན་སྔར་བཞིན་མང་དུ་ཕྱིན་པ་རེད། རང་རྒྱལ་གྱི་དཔལ་འབྱོར་འཁོར་རྒྱུག་ནང་འཕྲལ་ཕུགས་ཀྱི་གནད་དོན་འགའ་ཕན་ཚུན་འདྲེས་བསྡད་པ་དང་། སྒྲིག་སྲོལ་ངོ་བོའི་འགལ་བ་དང་གྲུབ་ཆའི་ངོ་བོའི་གནད་དོན་རིམ་པ་མང་བ་དེ་དག་གིས་སྤྱི་ཁོག་སྙོམས་སྒྲིག་ཚོད་འཛིན་དཀའ་རུ་བཏང་བ་རེད། ང་ཚོས་དུས་བབ་ལ་ཚོད་དཔག་གནད་འཁེལ་བྱ་དགོས་པ་དང་། རིག་པ་དྭངས་གསལ་རྒྱུན་འཁྱོངས། ཉེན་ཟོན་གྱི་འདུ་ཤེས་ཆེ་རུ་གཏོང་བ། ཉེན་ཁར་ཁ་གཏད་འཇལ་བའི་གྲ་སྒྲིག་ཡག་པོ་བྱེད་པ་བཅས་བྱ་དགོས།

        ད་ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་སྔོན་དཔག་གི་དམིགས་འབེན་གཙོ་བོ་ནི། རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་བརྒྱ་ཆ་8ཡས་མས་འཕར་བར་བྱ་རྒྱུ་དང་། དཔལ་འབྱོར་གྱི་གྲུབ་ཚུལ་སྔར་ལས་ལེགས་སུ་གཏོང་རྒྱུ། གྲོང་མིའི་འཛད་སྤྱོད་རིན་གོང་སྤྱི་ཡོངས་ཀྱི་འཕར་ཚད་བརྒྱ་ཆ་4ཡས་མས་སུ་ཚོད་འཛིན་བྱ་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མཁན་ཁྲི་900ཡན་གསར་སྣོན་བྱ་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གྱི་ཐོ་བཀོད་ལས་ཀ་ཤོར་ཚད་བརྒྱ་ཆ་4.6ཡས་མས་སུ་ཚོད་འཛིན་བྱ་རྒྱུ། རྒྱལ་སྤྱིའི་གཏོང་ཡོང་གི་གནས་ཚུལ་མུ་མཐུད་ལེགས་སུ་གཏོང་རྒྱུ་ཡིན། སྤྱི་ཡོངས་ནས་བསམས་ན། དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་བསྒྱུར་བར་ཁོར་ཡུག་བཟང་པོ་སྐྲུན་རྒྱུ་དང་། ཕྱོགས་གང་ཅིའི་ལས་དོན་གྱི་གནད་འགག་དེ་དཔལ་འབྱོར་གྲུབ་ཚུལ་ལེགས་སྒྲིག་དང་། འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་རྒྱུའི་ཐོག་ཏུ་སྐུལ་ཁྲིད་བྱ་རྒྱུ་དང་། ལས་ཞུགས་འཕར་སྣོན་དང་དམངས་འཚོ་ལེགས་བཅོས་དེ་བཞིན་སྤྱི་ཚོགས་འཚམ་མཐུན་ཡོང་བར་བྱ་རྒྱུ་བཅས་ཀྱི་ཐད་ལ་འཇོག་རྒྱུ་རེད།

        གོང་གསལ་གྱི་དམིགས་འབེན་མངོན་དུ་འགྱུར་བར་བྱ་དགོས་ན། སྤྱི་ཁོག་གི་དཔལ་འབྱོར་སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་བརྟན་གནས་རང་བཞིན་རྒྱུན་འཁྱོངས་བྱས་ཐོག དམིགས་སའི་རང་བཞིན་དང་། སྐབས་བསྟུན་རང་བཞིན། གོ་ཆོད་རང་བཞིན་བཅས་ཆེ་རུ་བཏང་ནས་དཔལ་འབྱོར་བརྟན་པོའི་ངང་ནས་འཕེལ་རྒྱས་མགྱོགས་པོ་ཡོང་བ་དང་། དཔལ་འབྱོར་གྲུབ་ཚུལ་ལེགས་སྒྲིག དངུལ་ལོར་འགྲེམས་ཐལ་ཤོར་ཚུལ་སྔོན་དཔག་དོ་དམ་བཅས་བྱེད་པའི་འབྲེལ་བ་ཐག་གཅོད་ཡག་པོ་བྱ་དགོས་ལ་ཟོག་གོང་སྤྱི་ཡོངས་ཀྱི་ཆུ་ཚད་བརྟན་ལྷིང་ཡོང་བར་བྱ་རྒྱུ་དང་དཔལ་འབྱོར་གཡོ་འགུལ་ཆེན་པོ་མི་ཡོང་བར་དེ་བས་ཀྱང་དོ་སྣང་བྱ་དགོས།

        དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་མུ་མཐུད་ལག་ལེན་བསྟར་རྒྱུ་དང་། ནོར་སྲིད་མཚལ་ཡིག་དང་རྒྱལ་བུན་གཏོང་ཁྱོན་འོས་འཚམ་སོར་གནས་བྱ་རྒྱུ། ད་ལོ་ནོར་སྲིད་མཚལ་ཡིག་སྒོར་དུང་ཕྱུར་9000བཀོད་སྒྲིག་བྱེད་རྩིས་ཡོད། དེའི་ནང་ཀྲུང་དབྱང་ནོར་སྲིད་ཀྱི་མཚལ་ཡིག་སྒོར་དུང་ཕྱུར་7000དང་། ས་གནས་ཀྱི་ཚབ་ཏུ་མུ་མཐུད་འགྲེམས་རྒྱུའི་བུན་དངུལ་སྒོར་དུང་ཕྱུར་2000ཡོད་པ་མ་ཟད། དེ་རྣམས་ས་གནས་ཀྱི་སྔོན་རྩིས་ནང་བཅུག་ཡོད། མཚལ་ཡིག་གི་གཞི་རྒྱ་ལོ་གོང་མའི་སྔོན་རྩིས་ལས་སྒོར་དུང་ཕྱུར་1500ཉུང་བས། ཆད་གྲངས་ཀྱི་ཚད་བརྒྱ་ཆ་2ཡས་མས་ཆག་ཡོད། ནོར་སྲིད་གཏོང་སྒོའི་སྒྲིག་གཞི་ཇེ་ལེགས་སུ་བཏང་ནས། “ཞིང་གསུམ་”དང་། འཕེལ་རྒྱས་ཞན་ཁུལ། དམངས་འཚོ། སྤྱི་ཚོགས་ཀྱི་བྱ་གཞག གྲུབ་ཚུལ་ལེགས་སྒྲིག ཚན་རྩལ་གསར་གཏོད་ལ་སོགས་པའི་གཏོང་སྒོ་གལ་ཆེན་རྣམས་འཕར་སྣོན་བྱ་དགོས་པ་དང་སྦྲགས། སྤྱིར་བཏང་གི་གཏོང་སྒོ་རྣམས་ཉུང་དུ་བཏང་ནས་ཏང་སྲིད་ལས་ཁུངས་ཀྱི་གཞུང་ལས་ཐོག་ཁང་ལ་སོགས་པའི་ཐོག་ཁང་དང་། ཚོགས་ཁང་། འགྲུལ་ཁང་། སྣེ་ལེན་ཁང་གི་རིགས་སྐྲུན་པར་ཚོད་འཛིན་ནན་པོ་བྱ་དགོས་པ་དང་། ཕྱི་རྒྱལ་(མཚམས་)ལ་སྐྱོད་པའི་འགྲོ་སོང་། རླངས་འཁོར་ཉོ་སྤྱོད་ཀྱི་འགྲོ་སོང་། གཞུང་དོན་སྣེ་ལེན་འགྲོ་སོང་ལ་སོགས་ཀྱི་གཏོང་སྒོ་རྩ་དོན་ཐོག་འཕེལ་མེད་སོར་གནས་བྱ་དགོས་པའི་ཐོག་སྲིད་འཛིན་གྱི་མ་གནས་གཅོག་གང་ཐུབ་བྱ་དགོས། སྒྲིག་གཞིའི་རང་བཞིན་གྱི་དཔྱ་ཁྲལ་མུ་མཐུད་ཆག་ཡང་གཏོང་རྒྱུ་དང་། ཁྲལ་བསྡུ་དོ་དམ་ལ་ཁྲིམས་ལྟར་ཤུགས་སྣོན་རྒྱག་རྒྱུ། ས་གནས་སྲིད་གཞུང་གི་རང་བཞིན་ལྡན་པའི་བུ་ལོན་ལ་ཁྱོན་ཡོངས་ནས་རྩིས་བཤེར་དང་། ཕྱོགས་ཚང་མར་ལྟ་སྐུལ་དོ་དམ་བྱས་ནས། ས་གནས་སྲིད་གཞུང་གི་བུན་དངུལ་བསྡུ་སྒྲུབ་ཀྱི་རྐྱེན་སྲོལ་ཚད་ལྡན་བཟོ་རྒྱུའི་ཞིབ་འཇུག་བྱ་དགོས།

        དངུལ་ལོར་སྲིད་ཇུས་བརྟན་པོ་ལག་ལེན་བསྟར་དགོས། སྤྱི་ཚོགས་ཀྱི་མ་དངུལ་བསྡུ་སྒྲུབ་བྱེད་ཁྱོན་ལུགས་མཐུན་ཞིག་སོར་གནས་བྱས་ནས། ཁྱབ་ཆེའི་དངུལ་ལོར་འཕར་བའི་དམིགས་ཚད་བརྒྱ་ཆ་16ལ་གཏན་འཁེལ་བྱ་རྒྱུ། སྤྱི་ཁོག་གི་གཟབ་ནན་སྲིད་ཇུས་སྒྲིག་གཞི་འཐུས་སྒོ་ཇེ་ཚང་དུ་བཏང་ནས། རིན་གོང་དང་གྲངས་འབོར་གྱི་ལག་ཆ་ཕྱོགས་བསྡུས་ཀྱིས་སྤྱད་དེ་དངུལ་ལོར་སྲིད་ཇུས་ཀྱི་ཕན་ནུས་རང་བཞིན་ཇེ་ཆེར་གཏོང་དགོས། ཐད་ཀར་མ་དངུལ་བསྡུ་སྒྲུབ་བྱེད་པའི་བསྡུར་ཚད་མཐོ་རུ་བཏང་ནས། རྐང་དངུལ་འཛིན་ལོར། བུན་འཛིན། ཐོན་ལས་ཀྱི་ཐེབས་རྩ་ལ་སོགས་པའི་མ་དངུལ་བསྡུ་སྒྲུབ་བྱེད་ཐབས་ཀྱི་ནུས་པ་འདོན་སྤེལ་ལེགས་པར་བྱས་ཏེ། མ་དངུལ་འཇོག་བསྡུའི་རེ་བ་སྣ་རིགས་སྔར་ལས་ལེགས་པར་བསྐང་རྒྱུ། ཡིད་རྟོན་དངུལ་བུན་གཏོང་བའི་སྒྲིག་གཞི་ཇེ་ལེགས་སུ་གཏོང་གང་ཐུབ་བྱས་ནས། ཚོང་ལས་དངུལ་ཁང་གིས་ཁྱབ་ཁོངས་གཙོ་གྲས་དང་ལྷུ་ཚིགས་གཞན་གྲས་ལ་ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་བར་ཁྲིད་སྟོན་བྱས་ཏེ། “མཐོ་གཉིས ”ལས་རིགས་དང་ཐོན་ནུས་ཆེ་ཐལ་ཤོར་བའི་ལས་རིགས་ལ་དངུལ་བུན་གཏོང་བར་ཚོད་འཛིན་ནན་པོ་བྱ་རྒྱུ། མི་དམངས་ཤོག་སྒོར་གྱི་དངུལ་བརྗེས་འཛའ་ཐང་གྲུབ་སྲོལ་སྔར་བས་ལེགས་སུ་གཏོང་རྒྱུ། རྒྱལ་མཚམས་ལས་བརྒལ་བའི་མ་དངུལ་རྒྱུན་འཁོར་བྱེད་པར་ལྟ་སྐུལ་ཚོད་འཛིན་ནན་པོར་བྱས་ནས། “ཚ་དངུལ ”ནང་ཁོངས་སུ་མི་ཚུད་པར་བྱ་དགོས། རྒྱུ་ནོར་གྱི་འཇུག་དངུལ་གྲབས་གསོག་ཀྱི་ཉམས་ཉེན་ལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་མ་དངུལ་འཇོག་པའི་ཕན་འབྲས་ཆེ་རུ་གཏོང་དགོས།

        ད་ལོ་གཤམ་གསལ་གྱི་ལས་དོན་རྣམས་གཙོ་གནད་དུ་བཟུང་ནས་ལེགས་པར་བསྒྲུབ་དགོས།

        (གཅིག )ཟོག་གོང་གི་སྤྱིའི་ཆུ་ཚད་གཞི་རྩའི་ཐོག་བརྟན་པོ་ཡོང་བ་བྱ་རྒྱུ།

        ད་ཆ་ཟོག་གོང་འཕར་ཚད་ཅུང་མགྱོགས་ལ་དངུལ་ལོར་འགྲེམས་ཐལ་ཤོར་བའི་ཚད་གཞི་སྔོན་དཔག་ལས་མཐོ་བས། གནད་དོན་འདི་ནི་དམངས་འཚོར་ཐུག་པ་དང་། སྤྱི་ཡོངས་དང་འབྲེལ་བ་ཡོད་པ། བརྟན་ལྷིང་ལ་གནོད་པ་བཅས་རེད། ཟོག་གོང་སྤྱི་ཡོངས་ཀྱི་ཆུ་ཚད་བརྟན་པོ་ཡོང་བར་བྱ་རྒྱུ་དེ་སྤྱི་ཁོག་སྙོམས་སྒྲིག་གི་ལས་འགན་གཙོ་བོར་འཛིན་དགོས་པ་དང་། རང་རྒྱལ་གྱི་བཟོ་ལས་ཐོན་རྫས་གཙོ་བོ་རྣམས་སྤྱིའི་ཆ་ནས་མཁོ་འདོན་བྱེད་ནུས་དགོས་མཁོ་ལས་མང་བ་དང་། འབྲུ་རིགས་མཛོད་འཇུག་འདང་ངེས་བྱས་ཡོད་ལ། ཕྱི་རྒྱལ་གྱི་དངུལ་བརྗེས་གསོག་འཇོག་མང་ཙམ་ཡིན་པ་སོགས་ཀྱི་དགེ་མཚན་ཆེ་བའི་ཆ་རྐྱེན་འདོན་སྤེལ་གང་ཐུབ་བྱས་ནས་ནང་འདྲེན་རང་བཞིན་དང་། གྲུབ་ཚུལ་རང་བཞིན་གྱི་དངུལ་ལོར་འགྲེམས་ཐལ་ཤོར་རྐྱེན་ངན་པ་སེལ་གང་ཐུབ་བྱ་དགོས། གནད་ཆེའི་རྒྱུ་རྐྱེན་གྱི་མ་གནས་འཕར་བའི་གནོན་ཤུགས་སེལ་བ་དང་། ཚོང་རའི་སྔོན་དཔག་ལ་ཁྲིད་སྟོན་ཡང་དག་བྱས་ནས་རིན་གོང་འཕར་ཉེན་ཚོད་འཛིན་མཐའ་གཅིག་ཏུ་བྱ་དགོས། དཔལ་འབྱོར་དང་ཁྲིམས་ལུགས་ཀྱི་ཐབས་ལ་བརྟེན་རྒྱུ་གཙོ་བོར་འཛིན་ཞིང་། ཞོར་ལ་སྲིད་འཛིན་གྱི་བྱེད་ཐབས་དགོས་ངེས་སྤྱད་དེ། ཟོག་གོང་སྙོམས་སྒྲིག་དང་དེར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཁྱོན་ཡོངས་ནས་ཆེ་རུ་གཏོང་དགོས། གཅིག་ནས་ཚོང་རའི་ངེས་མེད་རང་བཞིན་ལ་ཕན་ནུས་ལྡན་པའི་དོ་དམ་བྱས་ཏེ། ཟོག་གོང་འཕར་ཐལ་ཆེ་བའི་དངུལ་ལོར་ཆ་རྐྱེན་ཚོད་འཛིན་བྱ་དགོས། སྲིད་གཞུང་གིས་ཚོང་ཟོག་དང་ཞབས་ཞུའི་རིན་གོང་སྙོམས་སྒྲིག་བྱེད་པའི་གོ་སྐབས་དང་། གོམ་སྟབས། ནུས་ཤུགས་བཅས་ཁོང་དུ་ཡག་པོ་ཆུད་པར་བྱ་དགོས། གཉིས་ནས་ཐོན་སྐྱེད་འཕེལ་རྒྱས་ཤུགས་ཆེན་བཏང་ནས་ཞིང་ལས་ཐོན་རྫས་གཙོ་བོ་དང་། སྤྱིར་བཏང་གི་འཚོ་བའི་མཁོ་ཆས་དགོས་ངེས། ཐོན་སྐྱེད་རྒྱུ་ཆས་གཙོ་བོ་བཅས་ཐོན་སྐྱེད་མཁོ་འདོན་ཡོང་བའི་འགན་ལེན་བྱ་དགོས། “ཟ་འབྲུ་”ཞིང་ཆེན་འགོ་འཛིན་གྱིས་འགན་ཁུར་བའི་ལམ་ལུགས་དང་“ཤ་ཚལ་གོང་གསུམ་”གྲོང་ཁྱེར་འགོ་འཛིན་གྱིས་འགན་འཁུར་བའི་ལམ་ལུགས་དོན་འཁྱོལ་བྱ་དགོས། གསུམ་ནས་ཞིང་ལས་ཐོན་རྫས་འཁོར་རྒྱུགས་མ་ལག་འཛུགས་པར་ཤུགས་སྣོན་དང་། “ཞིང་ཚོང་འབྲེལ་འཛུགས་”ཧུར་ཐག་བྱས་ནས། ཞིང་ལས་ཐོན་རྫས་སོས་པ་རྣམས་དབོར་འདྲེན་བྱེད་སའི་“ལྗང་ཟས་བགྲོད་ལམ་”ཤར་གཏོང་བྱ་དགོས། ཚོང་ཟོག་གལ་ཆེན་རྣམས་གསོག་གྲབས་བྱེད་པའི་ལམ་ལུགས་དང་ཞིང་ལས་ཐོན་རྫས་གལ་ཆེན་རྣམས་གནས་སྐབས་བསྡུ་ཉར་བྱེད་པའི་ལམ་ལུགས་འཐུས་སྒོ་ཇེ་ཚང་དུ་བཏང་ནས། རྒྱལ་ཁབ་གཞུང་གི་གྲབས་གསོག་འདོན་འཇུག་སྙོམས་སྒྲིག་བྱེད་པའི་གོ་སྐབས་ཁོང་དུ་ཆུད་པར་བྱས་ཏེ། ཕྱིར་གཏོང་ནང་འདྲེན་གྱི་སྙོམས་སྒྲིག་ལེགས་པར་གཉེར་དགོས་པ་དང་། ཚོང་རའི་སྙོམས་སྒྲིག་བྱེད་ནུས་ཆེ་རུ་གཏོང་དགོས། བཞི་ནས་རིན་གོང་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས། ཚོང་རའི་སྒྲིག་ལམ་སྲུང་དགོས། ལྷག་པར་དུ་རིན་གོང་ཁྲིམས་བསྟར་བྱེད་ཤུགས་ཇེ་ཆེར་བཏང་ནས། བསམ་ངན་ལག་འབྲེལ་གྱིས་ཟོག་གོང་ཧོབ་སྤར་སོགས་པའི་ཁྲིམས་འགལ་བྱ་སྤྱོད་ཞིབ་བཤེར་ནན་པོར་བྱ་དགོས། ལྔ་ནས་གསབ་དངུལ་སྤྲོད་པའི་ལམ་ལུགས་འཐུས་ཚང་དུ་བཏང་ནས། སྤྱི་ཚོགས་ཀྱི་རོགས་རམ་དང་འགན་སྲུང་ཚད་གཞི་དེ་ཟོག་གོང་འཕར་བའི་གནས་ཚུལ་དང་འབྲེལ་བ་བྱེད་པའི་མཉམ་འགུལ་རྐྱེན་སྲོལ་བཙུགས་ནས། ཟོག་གོང་འཕར་བའི་རྐྱེན་གྱིས་ཡོང་འབབ་དམའ་བའི་མང་ཚོགས་ཀྱི་རྣམ་ཀུན་འཚོ་བར་གནོད་དུ་གཏན་ནས་འཇུག་མི་རུང་།

        (གཉིས )ནང་མཁོ་སྤྱི་དང་ལྷག་པར་དུ་སྡོད་དམངས་ཀྱི་འཛད་སྤྱོད་དགོས་མཁོ་ཇེ་ཆེར་གཏོང་རྒྱུ།

        ནང་མཁོ་རྒྱ་བསྐྱེད་གཏོང་རྒྱུ་ནི་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཡུན་རིང་གི་འཐབ་ཇུས་དང་གཞི་རྩའི་རྩ་བ་ཚུགས་ས་ཡིན་ལ། དཔལ་འབྱོར་སྙོམས་པོའི་ངང་འཕེལ་བར་བྱེད་པའི་རྩ་བའི་ཐབས་ལམ་དང་གཏིང་གི་དགོས་མཁོ་ཡང་ཡིན།

        འཛད་སྤྱོད་དགོས་མཁོ་རྒྱ་བསྐྱེད་ཧུར་ཐག་གཏོང་དགོས། སྲིད་གཞུང་གིས་འཛད་སྤྱོད་ལེགས་བཅོས་དང་རྒྱ་བསྐྱེད་པའི་གཏོང་སྒོ་མུ་མཐུད་ཆེ་རུ་བཏང་ནས། གྲོང་ཁྱེར་གྱི་ཡོང་འབབ་དམའ་བའི་གྲོང་མི་དང་ཞིང་པའི་གསབ་དངུལ་མང་དུ་གཏོང་རྒྱུ། ཁྱིམ་སྤྱོད་གློག་ཆས་གཤམ་སྐྱོད་དང་གསར་ཪྙིང་བརྗེ་བའི་སྲིད་ཇུས་མུ་མཐུད་ལག་ལེན་བསྟར་རྒྱུ། གྲོང་གསེབ་དང་གྲོང་ཁྱེར་ཆུང་འབྲིང་གི་ཚོང་ཟོག་འགྲོ་རྒྱུགས་དང་། རིག་གནས་ལུས་རྩལ། ཡུལ་སྐོར། གཤོང་ཆེའི་འཕྲིན་དྲ་ལ་སོགས་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུ། རིག་གནས་འཛད་སྤྱོད་དང་ཡུལ་སྐོར་འཛད་སྤྱོད་། རྒན་གསོའི་འཛད་སྤྱོད་བཅས་ལ་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ། གྲོང་གསེབ་ཀྱི་རྒྱུད་འབྲེལ་ཚོང་ཁང་གཉེར་སྐྱོང་དང་གཅིག་གྱུར་གྱི་སྡེབ་སྐྱེལ་ལ་སྐུལ་འདེད་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ཚོང་ལས་བཀོད་པ་ཇེ་བཟང་དུ་བཏང་ནས། གློག་རྡུལ་ཚོང་དོན། དྲ་ཐོག་ཉོ་སྒྲུབ། ས་ཁམས་ཆ་འཕྲིན་ལ་སོགས་པའི་ཞབས་ཞུའི་ལས་སྒོ་གསར་པའི་རིགས་འཕེལ་རྒྱས་ཧུར་ཐག་གཏོང་རྒྱུ། ཚོང་རའི་སྒྲིག་ལམ་དག་བཅོས་ཤུགས་ཆེན་གྱིས་ཚད་ལྡན་བཟོས་ནས། འཛད་སྤྱོད་པའི་ཁེ་དབང་ལེགས་པར་སྲུང་རྒྱུ། ཤེས་བྱའི་ཐོན་དངོས་བདག་དབང་ལ་གནོད་འཚེ་གཏོང་བ་དང་ཐོན་རྫས་རྫུན་མ་དང་སྤུས་ཞན་བཟོ་ཚོང་བྱེད་པར་རྡུང་རྡེག་གཏོང་བའི་ཆེད་དམིགས་གཙང་བཅོས་བྱེད་སྒོ་གཏིང་ཟབ་ངང་སྤེལ་དགོས།

        མ་དངུལ་འཇོག་པའི་སྒྲིག་གཞི་ཇེ་བཟང་དུ་གཏོང་དགོས། དམངས་ཁྲོད་ཀྱིས་མ་དངུལ་འཇོག་པར་བསྔགས་སྐུལ་ཁྲིད་སྟོན་བྱེད་ཐབས་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དོན་ཚན་གསར་པ་36དོན་འཁྱོལ་ནན་ཏན་བྱས་ནས། ཚོང་རར་འཛུལ་ཆོག་པའི་ཚད་གཞི་དང་དེར་རྒྱབ་སྐྱོར་བྱེད་ཐབས་སྐོར་གྱི་སྲིད་ཇུས་མགྱོགས་མྱུར་ངང་ཁ་གསལ་བཟོས་ཏེ། ཚོང་རར་འཛུལ་བའི་སྲིད་ཇུས་ལྷུག་ཏུ་གཏོང་བ། དེར་གནོད་པའི་གཟུགས་ལྡན་དང་གཟུགས་མེད་ཀྱི་འགོག་རྐྱེན་རྣམས་གཙང་སེལ། དམངས་ཁྲོད་ཀྱི་མ་དངུལ་རྣམས་རྨང་གཞིའི་ཐོན་ལས་དང་སྒྲིག་བཀོད། དེ་བཞིན་གྲོང་ཁྱེར་སྤྱི་པའི་བྱ་གཞག་དང་། སྤྱི་ཚོགས་ཀྱི་བྱ་གཞག དངུལ་རྩའི་ཞབས་ཞུ་སོགས་ཀྱི་ཁྱབ་ཁོངས་ནང་ཞུགས་པར་བསྔགས་སྐུལ་ཁྲིད་སྟོན། དམངས་གཉེར་ཁེ་ལས་ཀྱིས་རང་བརྟེན་གསར་གཏོད་དང་རིགས་སྒྱུར་རིམ་སྤོར་ལ་སྐུལ་འདེད། དམངས་ཁྲོད་ཀྱི་མ་དངུལ་བསྐྱར་སྒྲིག་མཉམ་འབྲེལ་དང་གཞུང་དབང་ཁེ་ལས་སྒྱུར་བཅོས་ལ་ཞུགས་པར་བསྔགས་སྐུལ་ཁྲིད་སྟོན། དམངས་ཁྲོད་ཀྱིས་མ་དངུལ་འཇོག་པར་ཞབས་ཞུ་དང་། ཁྲིད་སྟོན། ཚད་ལྡན་ངང་དོ་དམ་བཅས་བྱེད་པར་ཤུགས་སྣོན། སྤྱི་ཚོགས་ཀྱི་མ་དངུལ་འཇོག་ཚུལ་བརྟན་པོའི་ངང་འཕར་བ་དང་དེའི་སྒྲིག་གཞི་ཇེ་བཟང་དུ་འགྲོ་བར་སྐུལ་འདེད་བཅས་བྱ་དགོས། སྲིད་གཞུང་གི་མ་དངུལ་གྱིས་སྒྲིག་གཞི་ལེགས་སྒྲིག་ལ་ཁྲིད་སྟོན་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ད་ལྟ་འཛུགས་སྐྲུན་བྱེད་བཞིན་པ་དང་མུ་མཐུད་བྱ་རྒྱུའི་རྣམ་གྲངས་གཙོ་བོའི་མ་དངུལ་གྱི་དགོས་མཁོ་སྔོན་ལ་འགན་ལེན་བྱ་རྒྱུ་དང་། ལོ་ལྔ་ཚན་བཅུ་གཉིས་པའི་འཆར་འགོད་ཀྱི་རྣམ་གྲངས་གཙོ་ཆེའི་རིགས་གོ་རིམ་ལྡན་པའི་ངང་འཛུགས་སྐྲུན་བྱེད་འགོ་འཛུགས་རྒྱུ། རྨོངས་ཚོད་ཀྱིས་མ་དངུལ་འཇོག་རིགས་དང་འཛུགས་སྐྲུན་བསྐྱར་མའི་རིགས་བཀག་འགོག་བྱ་དགོས། མ་དངུལ་འཇོག་པའི་རྣམ་གྲངས་ལ་སྤྱོད་བྱེད་ཀྱི་ས་ཆ་དང་། ནུས་སྲི། ཁོར་ཡུག་སྲུང་སྐྱོང་། བདེ་འཇགས་ལ་སོགས་ཀྱི་ཚད་གཞི་ལག་ལེན་ནན་པོར་བསྟར་ནས། མ་དངུལ་འཇོག་པའི་སྤུས་ཚད་དང་ཕན་ནུས་ཆེ་རུ་གཏོང་དགོས།

        (གསུམ ) ཞིང་ལས་ཀྱི་རྨང་གཞིའི་གོ་བབ་སྲ་བརྟན་དང་དེར་ཤུགས་སྣོན་རྒྱག་རྒྱུ།

        “ཞིང་གསུམ ”ལས་དོན་གལ་ཆེའི་ནང་གི་གལ་ཆེར་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས། བཟོ་ལས་ཅན་དང་གྲོང་རྡལ་ཅན་དུ་འཕེལ་རྒྱས་འགྲོ་བ་དང་ཆབས་གཅིག ཞིང་ལས་དེང་རབས་ཅན་དུ་འཕེལ་རྒྱས་བཏང་ནས། ཞིང་ལས་དང་གྲོང་གསེབ་ཀྱི་རྣམ་པ་གསར་པ་སྲ་བརྟན་གོང་འཕེལ་གཏོང་དགོས།

        ཞིང་ལས་ཐོན་རྫས་མཁོ་འདོན་འགན་སྲུང་ཡོང་ཆེད། ཐབས་ལམ་སྣ་མང་ལ་བརྟེན་ནས་ཞིང་པའི་ཡོང་འབབ་སྤོར་རྒྱུ། འབྲུ་རིགས་ཐོན་འབོར་བརྟན་སྲུང་བྱ་རྒྱུ་དམིགས་ཡུལ་གཙོ་བོར་བཟུང་ནས། ལྷོད་གཡེངས་སྤུ་ཙམ་མེད་པར་འབྲུ་རིགས་ཐོན་སྐྱེད་ལེགས་པར་བྱ་རྒྱུ། འབྲུ་རིགས་འདེབས་ཁྱོན་བརྟན་པོ་དང་། ཐོན་འབོར་ལེགས་པའི་ས་ཆར་སྲིང་བལ། པད་ཁ། མངར་རྒྱུ་ལ་སོགས་ཐོན་འབབ་ཆེ་རིགས་འདེབས་པར་རྒྱབ་སྐྱོར་བྱ་རྒྱུ། ཕྱུགས་ཉ་ནགས་གསུམ་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུ། “ཤ་ཚལ་སྒོང་གསུམ་”གྱི་ལས་གཞི་གསར་པ་ལེགས་སྐྱོང་བྱ་རྒྱུ་དམ་འཛིན་ཡག་པོར་བྱས་ནས། གྲོང་ཁྱེར་ཆེ་འབྲིང་གི་ཉེ་འདབས་ཁུལ་ལ་མ་མཐའི་ཚལ་ཞིང་རྒྱ་ཁྱོན་དང་བཟའ་ཆས་སོས་གསར་མཁོ་འདོན་བྱེད་ནུས་ཆེ་རུ་གཏོང་དགོས་པ་རེད། ཞིང་ལས་ལག་རྩལ་ལ་འདེགས་སྐྱོར་བྱེད་ཤུགས་དང་། ལོ་ཏོག་འདེབས་ལས་གོང་སྤེལ་རྒྱ་སྐྱེད། ཐོན་ཆེ་གསར་གཏོད་བྱེད་རྒྱ་བཅས་ཇེ་ཆེར་གཏོང་དགོས། འབྲུ་རིགས་ཉོ་གོང་དམའ་ཤོས་གི་སྲིད་ཇུས་མུ་མཐུད་ལག་ལེན་བསྟར་ནས། ད་ལོ་གྲོ་སྤྱི་རྒྱ་50རེའི་ཉོ་གོང་དམའ་ཤོས་སྒོར་5ནས་7བར་སྤོར་རྒྱུ་དང་། འབྲས་ཉོ་གོང་དམའ་ཤོས་སྤྱི་རྒྱ་50རེར་སྒོར་9ནས་23བར་སྤོར་རྒྱུ། གྲོང་གསེབ་ཀྱི་ཞིང་ལས་མིན་པའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་དང་། རྫོང་ཁོངས་ཀྱི་དཔལ་འབྱོར་སྟོབས་འབྱོར་ཇེ་ཆེ། ཞིང་པའི་ལས་རིགས་རྩལ་ནུས་དང་། ལས་ལམ་གསར་གཏོད་བྱེད་ནུས། ཡོང་འབབ་གསར་སྒྲུབ་བྱེད་ནུས་བཅས་ཇེ་ཆེ། ཞིང་པ་རྣམས་ས་གནས་དེ་གར་ལས་ཀ་གཞན་པ་འཚོལ་བར་སྐུལ་འདེད་བཅས་བྱ་དགོས། དབུལ་སྐྱོར་ཚད་གཞི་མཐོ་རུ་གཏོང་བ་དང་། དབུལ་སྐྱོར་གསར་སྤེལ་བྱེད་ཤུགས་ཆེ་རུ་གཏོང་དགོས།

        ཆུ་བེད་དར་འཕེལ་ཤུགས་ཆེན་བཏང་ནས་ཞིང་ལས་དང་གྲོང་གསེབ་ཀྱི་རྨང་གཞིའི་འཛུགས་སྐྲུན་བྱེད་ཤུགས་ཁྱོན་ཡོངས་ནས་ཆེ་རུ་གཏོང་རྒྱུ། ཞིང་ཁུལ་གྱི་ཆུ་བེད་འཛུགས་སྐྲུན་དང་། ཆུ་བོ་འབྲིང་ཆུང་བཅོས་སྒྲིག ཆུ་མཛོད་ཆུང་གྲས་དང་ཀ་འགོ་ཉེན་ཅན་ཉེན་སེལ་དང་བརྟན་དུ་གཏོང་བ། ཆུ་ལོག་གི་གནོད་འཚེ་སྔོན་འགོག་བཅས་ལ་གཙོ་གནད་ཡོད་པའི་ངང་ཤུགས་སྣོན་རྒྱག་རྒྱུ། ཞིང་ཆུ་འདྲེན་འབུད་སྒྲིག་ཆས་ལེགས་བཅོས། ཆུ་གྲོན་ཆུང་བའི་ཞིང་ཆུ་གཏོང་ཐབས་འཕེལ་རྒྱས། ཆུ་རགས་བརྟན་དུ་གཏོང་བ། གཞུང་ཆུ་གཙང་གཤོང་། ཆུ་མཛོད་ཀྱི་ཉེན་ཁ་གཙང་སེལ། ཆུ་ལོག་གི་ཆུ་བཀག་ཉར་བྱེད་ཚད་ཆེར་གཏོང་བཅས་བྱ་རྒྱུ། ལོ་འགའི་རིང་འབད་བརྩོན་བྱས་པ་བརྒྱུད། ཞོད་ཐན་སྔོན་འགོག་དང་གནོད་འགོག་གེགས་སེལ་བྱེད་ནུས་ཁྱོན་ཡོངས་ནས་ཆེ་རུ་གཏོང་རྒྱུ། གྲོང་གསེབ་ཀྱི་ས་ཞིང་གསར་སྤེལ་ལེགས་སྒྲིག་བྱས་ཏེ་ཐན་ཞོད་གང་བྱུང་ཡང་ལོ་ཏོག་བསྡུ་རྒྱུ་ཡོད་པའི་ཚད་མཐོའི་ཞིང་ཁ་ཁྱོན་ཆེ་བསྐྲུན་ནས། རྒྱལ་ཡོངས་ཁྱོན་ལ་འབྲུ་རིགས་རྒྱ་མ་དུང་ཕྱུར་སྟོང་བསྐྱར་འཕར་ཐོན་སྐྱེད་བྱེད་ནུས་ཡོད་པའི་ཞིང་ཁ་གསར་སྐྲུན་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་རྒྱུ། གྲོང་གསེབ་ཀྱི་ཆུ་གློག་ལམ་དང་སོལ་ཁང་བཅས་ལྔ་འཛུགས་སྐྲུན་བྱེད་ཤུགས་ཇེ་ཆེ་དང་། གྲོང་གསེབ་ཀྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལེགས་བཅོས་གང་ཐུབ་བྱས་ནས་ཞིང་པར་ཡིད་འོང་ཁྱིམ་གཞིས་བསྐྲུན་དགོས།

        “ཞིང་གསུམ ”གྱི་གཏོང་སྒོ་ཇེ་མང་དུ་བཏང་ནས། ཞིང་པ་སྟོབས་ཆེར་འགྱུར་བའི་གཟིགས་སྐྱོང་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་དགོས། ནོར་སྲིད་ཀྱི་གཏོང་སྒོ་རྣམས་གཙོ་བོ་ཞིང་ལས་དང་གྲོང་གསེབ་ལ་ཕྱོགས་ཆ་ལྡན་པར་བྱས་ནས། ཞིང་ལས་དང་གྲོང་གསེབ་ལ་སྤྱོད་བྱེད་ཀྱི་འབོར་གྲངས་དང་སྤོར་གྲངས་ཚང་མ་འཕར་སྣོན་ཡོང་བའི་འགན་ལེན་བྱ་དགོས་ལ། གཏན་འཇགས་རྒྱུ་ནོར་ལ་སྤྱོད་པའི་སྔོན་རྩིས་མ་དངུལ་རྣམས་གཙོ་བོ་ཞིང་ལས་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་ཐོག་སྤྱད་ནས་དེའི་སྤྱི་གྲངས་དང་བསྡུར་གྲངས་ཇེ་ཆེར་འཕར་བའི་འགན་ལེན་བྱ་དགོས། ས་ཆ་བཤུགས་པའི་ཡོང་འབབ་རྣམས་གཙོ་བོ་ཞིང་ལས་ཀྱི་ས་ཆ་གསར་སྤེལ་དང་། ཞིང་ཁའི་ཆུ་བེད། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བཅས་ཀྱི་ཐོག་བཏང་ནས། དེ་རྣམས་འདང་ངེས་ལེན་ཐུབ་པ་དང་ཁ་ཕྱོགས་གཏན་འཁེལ་ཐོག་བེད་སྤྱོད་ཐུབ་པའི་འགན་ལེན་བྱ་དགོས། ད་ལོ་ཀྲུང་དབྱང་ནོར་སྲིད་ནས་“ཞིང་གསུམ་”ལ་མ་དངུལ་སྒོར་དུང་ཕྱུར་9884.5བཀོད་སྒྲིག་བྱེད་རྩིས་ཡོད་པས། ལོ་གོང་མ་ལས་སྒོར་དུང་ཕྱུར་1304.8མང་བ་ཡོད། ཞིང་པར་ཐོན་སྐྱེད་ཁ་གསབ་བྱེད་དངུལ་མུ་མཐུད་མང་དུ་བཏང་ནས། གསབ་དངུལ་འཕར་མ་རྣམས་ཐོན་ཁུལ་གཙོ་བོ་དང་། སྣ་གྲངས་གཙོ་གྲས། ཆེད་ལས་ཆེན་པོའི་ཁྱིམ་དུད། ཞིང་ལས་ཆེད་དམིགས་མཉམ་ལས་རྩ་འཛུགས་རྣམས་ལ་གཙོ་བོར་ཕྱོགས་དགོས། ཀྲུང་དབྱང་ནོར་སྲིད་ནས་འབྲུ་སྣུམ་ཕག་གསུམ་ཐོན་སའི་རྫོང་ཆེན་ལ་སྤྱིར་བཏང་རང་བཞིན་གྱི་གཏོང་སྤྲོད་སྤོ་སྒྱུར་བྱེད་གྲངས་མང་དུ་བཏང་ནས། གཟེངས་བསྟོད་གསབ་དངུལ་སྤྲོད་གྲངས་དང་སྤྲོད་ཁོངས་མང་དུ་གཏོང་དགོས། དངུལ་རྩ་ལས་ཁུངས་ཀྱིས་ཞིང་ལས་ཐད་དངུལ་བུན་ཇེ་མང་དུ་གཏོང་བར་ཁྲིད་སྟོན་བྱས་ནས། ཞིང་ལས་དངུལ་བུན་འཕར་གྲངས་ལོ་གོང་མ་ལས་མི་ཉུང་བའི་འགན་ལེན་བྱ་དགོས། སྲིད་ཇུས་རང་བཞིན་གྱི་དངུལ་རྩས “ཞིང་གསུམ ”ལ་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་དགོས། སྲིད་ཇུས་རང་བཞིན་གྱི་ཞིང་ལས་འགན་བཅོལ་ལམ་ལུགས་འཐུས་སྒོ་ཇེ་ཚང་དུ་བཏང་ནས། ཞིང་ལས་བསྐྱར་དུ་འགན་བཅོལ་དང་གེགས་ཉེན་ཆེ་རིགས་ཁ་འགྲེམ་པའི་རྐྱེན་སྲོལ་འཛུགས་དགོས།

        གྲོང་གསེབ་སྒྱུར་བཅོས་ཟབ་ཏུ་སྤེལ་ནས་གྲོང་གསེབ་འཕེལ་བའི་གསོན་ཤུགས་ཇེ་ཆེར་གཏོང་རྒྱུ། གྲོང་གསེབ་ཀྱི་རྨང་གཞིའི་གཉེར་སྐྱོང་ལམ་ལུགས་རྒྱུན་འཁྱོངས་འཐུས་ཚང་དུ་བཏང་ནས། རྨོ་ཞིང་དང་། ནགས་ཁུལ། རྩྭ་ཐང་སོགས་ཁྱིམ་ཚང་གིས་འགན་གཙང་བླངས་ནས་གཉེར་སྐྱོང་བྱེད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས། གྲོང་གསེབ་ཀྱི་ས་ཞིང་དོ་དམ་གྱི་སྒྲིག་སྲོལ་ལམ་ལུགས་སྒྱུར་བཅོས་གོ་རིམ་ལྡན་པར་བྱ་དགོས་པ་དང་། རྨོ་ཞིང་སྲུང་ཕྱིར་གསབ་དངུལ་སྤྲོད་པའི་རྐྱེན་སྲོལ་འཛུགས་རྒྱུའི་འཚོལ་ཞིབ་བྱ་དགོས། གྲོང་གསེབ་ཀྱི་ཕྱོགས་བསྡུས་སྒྱུར་བཅོས་ལ་མུ་མཐུད་སྐུལ་འདེད་གཏོང་དགོས། གྲོང་ཚོ་རིམ་པའི་སྤྱི་ཕན་བྱ་གཞག་གི་འཛུགས་སྐྲུན་སྣ་རེར་གྲོས་རེ་བྱེད་པའི་ནོར་སྲིད་ཀྱི་བསྔགས་གསབ་ཁྱོན་ཡོངས་ནས་ལག་བསྟར་བྱས་ནས། བསྔགས་གསབ་མ་དངུལ་གྱི་གྲངས་ཚད་གཞི་རྒྱ་ཆེན་པོའི་ངང་སྤོར་དགོས། ཞིང་པའི་ཆེད་ལས་མཉམ་ལས་རྩ་འཛུགས་དང་ཞིང་ལས་སྤྱི་ཚོགས་ཅན་ལ་འགྱུར་བའི་ཞབས་ཞུའི་མ་ལག་འཕེལ་རྒྱས་གཏོང་བའི་གོམ་སྟབས་ཇེ་མགྱོགས་སུ་བཏང་སྟེ་ཞིང་ལས་རྩ་འཛུགས་ཅན་ལ་འགྱུར་ཚད་ཇེ་མཐོར་གཏོང་དགོས། ལོ་མཇུག་གི་གོང་དུ། རྒྱལ་ཡོངས་ཁྱོན་ལ་ཤང་གྲོང་ངམ་ས་ཁོངས་རང་བཞིན་གྱི་ཞིང་ལས་ལག་རྩལ་ཁྱབ་གདལ་དང་། སྲོག་ཆགས་རྩི་ཤིང་གི་འགོས་ནད་སྔོན་འགོག ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་ལྟ་སྐུལ་དོ་དམ་བྱེད་མཁན་ལ་སོགས་པའི་སྤྱི་ཞབས་ལས་ཁུངས་ཡོངས་ཁྱབ་ངང་འཛུགས་དགོས།

        ཀྲུང་གོ་བ་དུང་ཕྱུར་13ཟས་གྲོད་རྒྱགས་པར་བྱ་རྒྱུ་ནི་དོན་ཆེན་ནང་གི་དོན་ཆེན་ཡིན་པས། ནམ་ཡིན་ཡང་སྣང་མེད་ལྷོད་གཡེང་དུ་གཏོང་མི་རུང་། ང་ཚོར་དོན་འདི་ཡག་པོ་འགྲུབ་པར་བྱ་རྒྱུའི་སེམས་ཤུགས་ཡོད་ལ་ནུས་པའང་ཡོད།

        (བཞི ) དཔལ་འབྱོར་གྲུབ་ཚུལ་འཐབ་ཇུས་རང་བཞིན་གྱི་ལེགས་སྒྲིག་བྱེད་པར་སྐུལ་འདེད་གཏོང་བའི་གོམ་སྟབས་མགྱོགས་སུ་གཏོང་རྒྱུ།

        དེ་ནི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་ཐབས་བསྒྱུར་བའི་ཁ་ཕྱོགས་གཙོ་བོ་རེད། དཔལ་འབྱོར་མགྱོགས་མྱུར་ངང་གཏིང་འཕེལ་དང་གསར་སྐྲུན་བྱེད་པའི་ལམ་ལ་སྐྱོད་རྒྱུར་སྐུལ་འདེད་བྱ་དགོས།

        ཐོན་ལས་ཀྱི་གྲུབ་ཚུལ་ལེགས་སྒྲིག་གིས་ཇེ་བཟང་དུ་གཏོང་རྒྱུ། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་པའི་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས། ཐོན་ལས་གཞན་བསྒྱུར་རིམ་སྤོར་བྱ་དགོས། གཅིག་ནས་བཟོ་སྐྲུན་ལས་རིགས་ལེགས་བཅོས་རིམ་སྤོར་བྱ་རྒྱུ། ཁེ་ལས་ཀྱི་ལག་རྩལ་ལེགས་བཅོས་བྱེད་ཤུགས་དེ་གཙོ་བོ་ཐོན་རྫས་གསར་པ་གསར་གཏོད་བྱེད་ནུས་དང་ཐོན་རྫས་གྲགས་ཅན་གསར་གཏོད་བྱེད་ནུས། ནུས་ཁུངས་ཕྱོགས་བསྡུས་ཀྱིས་བེད་སྤྱོད་པའི་ཆུ་ཚད་དང་ལག་རྩལ་གྱི་གྲུབ་ཆ་འདུས་གྲུབ་ཀྱི་ཆུ་ཚད། ཐོན་རྫས་ཀྱི་སྤུས་ཚད། ལག་རྩལ་གྱི་གྲུབ་ཆ། ཞོར་ཐོན་རིན་ཐང་བཅས་ཇེ་མཐོར་གཏོང་དགོས། ལས་རིགས་གཙོ་ཆེའི་ཁེ་ལས་རྣམས་ས་ཁུལ་ལས་བརྒལ་ཏེ་ཟླ་སྒྲིལ་གཏོང་བར་སྐུལ་འདེད་བྱ་དགོས་པ་དང་། ཐོན་ནུས་རྗེས་ལུས་ཅན་ཕྱིར་འཐེན་བྱེད་པའི་རྐྱེན་སྲོལ་དང་དེ་འབྲེལ་གྱི་གཞོགས་འདེགས་སྲིད་ཇུས་འཐུས་སྒོ་ཇེ་ཚང་དུ་གཏོང་དགོས། གཉིས་ནས་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་གསོ་སྤེལ་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་རྒྱུ། དུས་རབས་གསར་པའི་ཆ་འཕྲིན་ལག་རྩལ་ཐོན་ལས་འཕེལ་རྒྱས་ཧུར་ཐག་བཏང་ནས། ནུས་ཆེ་གཤོང་ཆེའི་འཕྲིན་དྲ་གསར་སྐྲུན་དང “དྲ་གསུམ་མཉམ་འདྲེས ”མངོན་གྲུབ་བྱེད་ཚད་མགྱོགས་སུ་བཏང་སྟེ། དངོས་ཟོག་འཕྲིན་དྲ་དཔེ་སྟོན་ངང་བེད་སྤྱོད་བྱེད་པར་སྐུ་འདེད་བྱ་རྒྱུ། ནུས་སྲི་ཁམས་གཙང་། ནུས་ཁུངས་གསར་པ། སྐྱེ་དངོས། སྒྲིག་ཆས་སྤུས་ལེགས་གསར་བཟོ། རྒྱུ་ཆ་གསར་པ། ནུས་གསར་རླངས་འཁོར་ལ་སོགས་པའི་ཐོན་ལས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་ཤུགས་ཆེན་བྱ་རྒྱུ། ཚད་གཞི་གཏན་ལ་འདེབས་རྒྱུ་དམ་འཛིན་དང་། སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ། གསར་གཏོད་བྱེད་ནུས་ཆེ་རུ་གཏོང་བ། ཚན་རྩལ་ཅན་གྱི་ཁེ་ལས་ཆུང་འབྲིང་གི་ནུས་པ་འདོན་སྤེལ་བཅས་བྱས་ཏེ་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་སྐྱོན་བྲལ་ངང་འཕེལ་རྒྱས་དང་ཐོན་སྐྱེད་བྱེད་ནུས་དང་གཙོ་གནད་འགྲན་ནུས་མགྱོགས་མྱུར་ངང་ཆགས་པར་བྱ་རྒྱུ། གསུམ་ནས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུ། ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་གཏོང་བའི་གོམ་སྟབས་ཇེ་མགྱོགས་དང་། འཚོ་བའི་རང་བཞིན་ལྡན་པའི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཧུར་ཐག་གཏོང་རྒྱུ། མཉེན་ཆས་ཐོན་ལས་འཕེལ་རྒྱས་དང་རིམ་པ་སྤོར་བར་ཤུགས་སྣོན་རྒྱག་རྒྱུ། ཞབས་ཞུའི་ལས་རིགས་འཕེལ་རྒྱས་གཏོང་བར་ཕན་པའི་ཚོང་རའི་མཐུན་རྐྱེན་ལེགས་པར་བསྐྲུན་རྒྱུ་དང་། ཞབས་ཞུའི་ལས་རིགས་འཕེལ་བར་བྱེད་པའི་སྲིད་ཇུས་མ་ལག་འཐུས་སྒོ་ཚང་དུ་གཏོང་བའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་རྒྱུ། བསྔགས་སྐུལ་བྱ་ཡུལ་ཞབས་ཞུའི་ལས་རིགས་ལ་གློག་ཆུ་རླངས་དྲོད་བཞི་སྤྱོད་པའི་གོང་ཚད་བཟོ་ལས་ཀྱི་གོང་ཚད་དང་རྩ་བའི་ཐོག་འདྲ་མཉམ་ཡོང་བར་བྱ་རྒྱུ། བཞི་ནས་དེང་རབས་ཀྱི་ནུས་ཁུངས་ཐོན་ལས་དང་ཕྱོགས་བསྡུས་དབོར་འདྲེན་མ་ལག་འཛུགས་པའི་གོམ་སྟབས་མགྱོགས་སུ་གཏོང་རྒྱུ། ནུས་ཁུངས་ཐོན་སྐྱེད་དང་བེད་སྤྱོད་བྱེད་སྟངས་བསྒྱུར་གང་ཐུབ་བྱས་ཏེ་ནུས་ཁུངས་སྤྱོད་ཚད་ལེགས་སུ་གཏོང་དགོས། སྲོལ་རྒྱུན་གྱི་ནུས་ཁུངས་གཙང་མར་སྤྱོད་པར་སྐུལ་འདེད་བྱས་ནས། རིག་ལྡན་གློག་དྲ་འཛུགས་ཤུགས་ཆེ་རུ་གཏོང་རྒྱུ་དང་། ནུས་ཁུངས་གཙང་མ་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུ། གཅིག་གྱུར་གྱིས་འཕེལ་རྒྱས་གཏོང་བ་དང་། སྟབས་བདེར་བརྟེན་ཞིང་ཕན་ནུས་ཆེ་བའི་ཕྱོགས་བསྡུས་དབོར་འདྲེན་མ་ལག་ཁྱོན་ཡོངས་ནས་འཕེལ་རྒྱས་དང་མགྱོགས་མྱུར་ངང་འཛུགས་དགོས། སྐམ་མཚོ་གཉིས་གཅིག་གྱུར་གྱིས་འཆར་འགོད་རྒྱུན་འཁྱོངས་བྱས་ནས་རྒྱ་མཚོའི་དཔལ་འབྱོར་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་དགོས།

        ས་ཁོངས་མཐུན་སྦྱོར་ངང་འཕེལ་བར་སྐུལ་འདེད་བཏང་ནས་ས་ཁོངས་འཕེལ་རྒྱས་གཏོང་བའི་འཆར་འགོད་ཁྱོན་ཡོངས་ནས་དོན་འཁྱོལ་བྱ་དགོས། ནུབ་རྒྱུད་གསར་སྤེལ་ཆེན་པོ་བྱེད་པའི་འཐབ་ཇུས་ལག་ལེན་བསྟར་རྒྱུ་དེ་ས་ཁོངས་འཕེལ་རྒྱས་གཏོང་བའི་འཐབ་ཇུས་གཙོ་བོའི་གྲལ་འགོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ནས། ནུབ་རྒྱུད་གསར་སྤེལ་ཆེན་པོའི་ལོ་གསར་པ་བཅུའི་སྲིད་ཇུས་དང་བྱེད་ཐབས། བོད་ལྗོངས་དང་ཤིང་ཅང་ལ་སོགས་པའི་ས་ཁུལ་ཁག་འཕུར་མཆོང་ལྟ་བུའི་འཕེལ་རྒྱས་གཏོང་ཐབས་ཁག་དོན་འཁྱོལ་ནན་ཏན་བྱ་དགོས། བྱང་ཤར་ས་ཁུལ་ལ་སོགས་པའི་བཟོ་ལས་རྟེན་གཞི་ཪྙིང་པ་རྣམས་ཁྱོན་ཡོངས་ནས་དར་སྤེལ་བཏང་ནས། ཐོན་ཁུངས་ཅན་གྱི་གྲོང་ཁྱེར་ལ་བསྒྱུར་བར་མུ་མཐུད་སྐུལ་འདེད་བྱ་རྒྱུ། དབུས་རྒྱུད་ས་ཁུལ་དར་འཕེལ་ཡོང་བར་སྐུལ་འདེད་ཤུགས་ཆེན་བྱས་ནས། ཤར་འབྲེལ་ནུབ་མཐུད་ཀྱི་ས་ཁོངས་བཟང་ཆ་འདོན་སྤེལ་གང་ལེགས་བྱ་རྒྱུ། ཤར་རྒྱུད་ས་ཁུལ་སྔོན་ལ་འཕེལ་རྒྱས་བཏང་ནས། སྒྲིག་སྲོལ་རྐྱེན་སྲོལ་གསར་གཏོད་དང་འཕེལ་རྒྱས་གཏོང་སྟངས་བསྒྱུར་རྒྱུ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་པར་རྒྱབ་སྐྱོར་ཧུར་ཐག་བྱ་དགོས། ཧྲེན་ཀྲེན་སོགས་པའི་དཔལ་འབྱོར་དམིགས་བསལ་ཁུལ་དང་། ཧྲང་ཧའེ་ཕུའུ་ཏུང་གསར་སྤེལ་ཁུལ། ཐན་ཅིན་པིན་ཧའེ་གསར་སྤེལ་ཁུལ་བཅས་ཀྱིས་སྒྱུར་བཅོས་སྒོ་འབྱེད་རིང་སྔོན་བསྐྱོད་ཚོད་ལྟ་བྱེད་པའི་ནུས་པ་འདོན་སྤེལ་སྔར་ལས་ལྷག་པར་བྱ་དགོས། གསར་བརྗེའི་གནས་ཪྙིང་ཁུལ་དང་། མི་རིགས་ས་ཁུལ། མཐའ་མཚམས་ས་ཁུལ་བཅས་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་2011ལོ་ནས་2020ལོའི་བར་གྱི་ཀྲུང་གོའི་གྲོང་གསེབ་དབུལ་སྐྱོར་གསར་སྤེལ་བྱེད་པའི་རྩ་གནད་ཡོངས་བསྒྲགས་ལག་བསྟར་དང་། གཅིག་སྡུད་མུ་འབྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་ཁུལ་དུ་གསར་སྤེལ་འགག་སྒྲོལ་གྱི་ལས་གཞི་འགོ་བཙུགས་ཏེ་དབུལ་ཕོངས་ས་ཁུལ་དབུལ་སྒྲོལ་ཕྱུག་འགྱུར་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས།

        གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་བར་སྐུལ་འདེད་ཧུར་ཐག་དང་བརྟན་པོར་གཏོང་དགོས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་བའི་བགྲོད་ལམ་ཐོག་བསྐྱོད་རྒྱུ་རྒྱུན་འཁྱོངས་དང་གྲོང་ཁྱེར་འཕེལ་རྒྱས་གཏོང་བའི་ཆོས་ཉིད་ལ་བརྩི་བཀུར་ཞུས་ནས་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་སྐྱོན་བྲལ་ངང་གོང་དུ་འཕེལ་བར་བྱ་དགོས། ཚན་རིག་དང་མཐུན་པའི་འཆར་འགོད་དང་། དོ་དམ་ནན་པོ་བྱ་རྒྱུ་མཐའ་འཁྱོངས་བྱ་དགོས། གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ་གྲོང་ཁྱེར་དང་གྲོང་རྡལ་གྱི་ཕྱོགས་བསྡུས་ཐེག་ནུས་ཆེ་རུ་གཏོང་བ་དང་། དོ་དམ་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་དགོས། ཡུལ་བབ་དང་བསྟུན་ཞིང་གོ་རིམ་ལྟར་སྐུལ་སྤེལ་བཏང་སྟེ་ངལ་རྩོལ་གྱི་འབྲེལ་བ་བརྟན་པོ་ཡོད་ཅིང་གྲོང་ཁྱེར་དང་གྲོང་རྡལ་ལ་དུས་ཡུན་ངེས་ཅན་བསྡད་པའི་ཞིང་པ་ལས་མི་རིམ་བཞིན་གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མིར་བསྒྱུར་དགོས། སྐབས་འཕྲལ་ཁྱིམ་གཞིས་ཆགས་པར་བྱེད་པའི་ཆ་རྐྱེན་མི་འཛོམས་པའི་ཞིང་པ་ལས་མིའི་ངལ་རྩོལ་གྱི་ཐོབ་ཆ་དང་། ཕྲུ་གུ་སློབ་ཞུགས། སྤྱི་པའི་འཕྲོད་བསྟེན། སྡོད་ཁང་བོགས་མར་གཏོང་ལེན། སྤྱི་ཚོགས་འགན་སྲུང་སོགས་ཀྱི་ཁོང་ཚོའི་དཀའ་ངལ་དངོས་དུས་ཐོག་ཏུ་ཐག་གཅོད་ཡག་པོར་བྱ་དགོས། གྲོང་ཁྱེར་ལ་སྐྱོད་པའམ་རང་ཡུལ་དུ་སྡོད་མིན་ཞིང་པའི་རང་བདག་གི་འདེམས་དབང་ལ་བརྩི་འཇོག་གང་ཐུབ་བྱས་ནས་ཞིང་པའི་འགན་གཙང་ལེན་པའི་ས་ཞིང་དང་ཁང་ས་སོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱ་དགོས། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་བསྒྱུར་རྒྱུ་དེ་ཞིང་ལས་དེང་རབས་ཅན་དུ་བསྒྱུར་རྒྱུ་དང་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱ་རྒྱུ་དང་སྐུལ་སྤེལ་གཏོང་རེས་བྱ་དགོས་པ་འདི་ནི་ངེས་པར་དུ་མཐའ་འཁྱོངས་བྱ་དགོས་པའི་ཁ་ཕྱོགས་ཡང་དག་པ་ཞིག་ཡིན། ནུས་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་། སྐྱེ་ཁམས་སྲུང་སྐྱོང་བཅས་ལ་ཤུགས་སྣོན་རྒྱག་པ་དང་གནམ་གཤིས་ཀྱི་འགྱུར་བར་ཁ་གཏད་ཧུར་ཐག་འཇལ་དགོས། བཟོ་ལས་དང་། བཟོ་བཀོད། འགྲིལ་འགྲུལ་སྐྱེལ་འདྲེན། སྤྱི་པའི་སྒྲིག་གཞི་སོགས་པའི་ཁྱབ་ཁོངས་ཀྱི་ནུས་ཁུངས་གྲོན་ཆུང་དམིགས་སུ་བཀར་ནས་དམ་འཛིན་ལེགས་པོར་བྱ་དགོས། གཙོ་གནད་ཆེ་བའི་ནུས་ཁུངས་གྲོན་ཆུང་ལས་གཞི་མུ་མཐུད་ལག་བསྟར་བྱ་དགོས། བཟོ་ལས་ནུས་གྲོན་ཤུགས་ཆེན་དང་། ནུས་གྲོན་ལག་རྩལ་ཁྱབ་སྤེལ། ནུས་ཁུངས་གྲོན་ཆུང་གི་སྒྲིག་བཀོད་བེད་སྤྱོད་བཅས་བྱས་ཏེ་ནུས་ཁུངས་སྤྱོད་པའི་ཕན་འབྲས་ཆེ་རུ་གཏོང་དགོས། ད་ཡོད་བཟོ་བཀོད་ནུས་ཁུངས་གྲོན་ཆུང་བསྒྱུར་བཀོད་ཐད་མ་དངུལ་འཇོག་གྲངས་མང་དུ་གཏོང་བ་དང་གསར་འཛུགས་བཟོ་བཀོད་ཀྱི་ནུས་ཁུངས་གྲོན་ཆུང་ལ་སྐུལ་སྤེལ་ཧུར་ཐག་གཏོང་དགོས། རེས་འཁོར་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། ཐན་ཉུང་གྲོང་ཁྱེར་འཛུགས་སྐྲུན་ཚོད་ལྟ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། གནམ་གཤིས་ཀྱི་འགྱུར་བར་འཚམ་པ་སྤྱི་དང་ཁྱད་པར་དུ་གནོད་སྐྱོན་ལྡན་པའི་གནམ་གཤིས་ལ་ཁ་གཏད་འཇལ་ནུས་ཆེ་རུ་གཏོང་བར་ཤུགས་སྣོན་རྒྱག་དགོས། དྲོད་ཁང་གི་རླངས་སྙིགས་འབུད་པ་དང་ནུས་སྲི་སྙིགས་འཕྲིའི་གནས་ཚུལ་བསྡོམས་རྩིས་དང་ལྟ་ཞིབ་ཚད་ལེན་བྱེད་པའི་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས། གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་འབུད་བྱེད་ཆུ་སྦུབས་དྲ་བ་དང་གད་སྙིགས་གཙང་བཟོའི་སྒྲིག་ཆས་འཛུགས་སྐྲུན་ཀྱི་འཆར་གཞི་གང་མགྱོགས་བཟོ་འགོད་བྱས་ནས་བཙོག་ཆུ་གཙང་བཟོ་བསྐྱར་སྤྱོད་བྱེད་རྩལ་ཁྱབ་སྤེལ་གཏོང་དགོས། རྡོ་སོལ་སྤར་སྤྱོད་གློག་འདོན་བཟོ་གྲྭའི་ཟེ་ཚྭ་སེལ་འགོ་རྩོམ་རྒྱུ་དང་། བཙོག་རྡུལ་འགོག་བཅོས་ཟབ་སྤེལ། རྒྱ་མཚོའི་སྦགས་བཙོག་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱ་དགོས། འབབ་རྒྱུད་གཙོ་བོའི་ཆུའི་སྦགས་བཙོག་བཅོས་སྐྱོང་དང་། མཁའ་རླུང་གི་སྦགས་བཙོག་བཅོས་སྐྱོང་། གནད་ཆེའི་ས་ཁུལ་གྱི་ལྕགས་རིགས་ལྗིད་གྲས་ཀྱི་སྦགས་བཙོག་བཅོས་སྐྱོང་། གྲོང་གསེབ་ཀྱི་ཡུལ་ཁམས་ཕྱོགས་བསྡུས་ཀྱིས་དག་ཐེར་བཅོས་སྐྱོང་བཅས་བྱེད་ཚད་མགྱོགས་སུ་གཏོང་བ་དང་། གྲོང་གསེབ་ཀྱི་ཁ་གཏིང་གཉིས་ཀྱི་སྦགས་བཙོག་ཚོད་འཛིན་བྱ་དགོས། སྐྱེ་དངོས་སླར་གསོའི་ལས་གྲྭ་ཆེ་གྲས་མུ་མཐུད་ལག་བསྟར་དང་། འབྱུང་ཁམས་སྙོམ་ཁུལ་གཙོ་གནད་སྲུང་སྐྱོང་དང་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། རང་བྱུང་ནགས་ཚལ་ཐོན་ཁུངས་སྲུང་སྐྱོང་གི་ལས་དུས་གཉིས་པ་ལག་བསྟར། རྩྭ་ཐང་གི་སྐྱེ་ཁམས་སྲུང་བའི་ཁ་གསབ་བྱ་དགའི་སྲིད་ཇུས་དོན་འཁྱོལ། ཞིང་དོར་ནགས་གསོ་རྩྭ་འདེབས་དང་ཕྱུགས་དོར་རྩྭ་འདེབས་ཀྱི་འབྲས་བུ་སྲ་བརྟན་དུ་གཏོང་བ་དང་། ཤིང་འཛུགས་ནགས་བཟོ་ཤུགས་ཆེན་བྱ་རྒྱུ་དང་། འདམ་ར་སྲུང་སྐྱོང་དང་སླར་གསོ་བྱེད་ཤུགས་ཆེ་རུ་གཏོང་བ། བྱེ་སྟོངས་དང་ཐང་རྒོད་དུ་འགྱུར་རིགས་ཕྱོགས་བསྡུས་ཀྱིས་བཅོས་སྐྱོང་བྱ་རྒྱུར་སྐུལ་འདེད་གཏོང་དགོས། གནོད་སྐྱོན་སྔོན་འགོག་དང་ཉུང་གཏོང་གི་འཕྲལ་རྐྱེན་སྔོན་ཇུས་འགོད་ཚུལ་འཐུས་སྒོ་ཚང་དུ་བཏང་ནས་ཆུ་ལོག་ས་གཤིས་ཀྱི་གནོད་སྐྱོན་ཡོང་སླ་བའི་ས་ཁུལ་དག་ལ་བརྟག་དཔྱད་གདེང་འཇོག་དང་། ལྟ་ཞིབ་ཚད་ལེན་དང་སྔོན་ཚུད་ཀྱི་ཉེན་བརྡ་གཏོང་བ། འཕྲལ་རྐྱེན་འགོག་སེལ་སོགས་ཀྱི་སྒྲིག་སྲོལ་གང་མགྱོགས་འཛུགས་དགོས།

        (ལྔ )ཚན་སློབ་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་དང་ཤེས་ལྡན་མི་སྣར་བརྟེན་ནས་རྒྱལ་ཁབ་སྟོབས་འབྱོར་ལྡན་པར་བྱེད་པའི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱ་དགོས།

        ཚན་རྩལ་དང་། སློབ་གསོ། ཤེས་ལྡན་པ་བཅས་ནི་རྒྱལ་ཁབ་འཕེལ་རྒྱས་གཏོང་བའི་རྨང་གཞི་དང་རྩ་བ་ཡིན་པས། ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་གོ་བབ་ངེས་པར་གལ་ཆེན་དུ་འཇོག་དགོས།

        སློབ་གསོ་འཕེལ་རྒྱས་གཏོང་རྒྱུ་དམིགས་སུ་བཀར་ནས་རྒྱུན་འཁྱོངས་བྱ་དགོས། སློབ་གསོའི་བྱ་གཞག་ཚན་རིག་དང་མཐུན་པར་འཕེལ་རྒྱས་འགྲོ་བར་བྱས་ནས་མི་རྣམ་ལ་སྔར་ལས་རྣམ་པ་མང་ཞིང་དྲང་སྙོམས་ལྡན་ལ་སྤུས་ཚད་མཐོ་བའི་སློབ་གསོ་མཁོ་འདོན་བྱ་དགོས། 2012ལོའི་ནོར་སྲིད་ཀྱི་རང་བཞིན་ལྡན་པའི་སློབ་གསོའི་གྲོན་དངུལ་གཏོང་སྒོས་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ནང་གི་བསྡུར་ཚད་ཀྱི་བརྒྱ་ཆ་4ཟིན་རྒྱུ་རེད། སློབ་ན་མ་སོན་གོང་གི་སློབ་གསོ་འཕེལ་རྒྱས་མགྱོགས་སུ་གཏོང་རྒྱུ་དང་། གཞུང་གཉེར་དང་དམངས་གཉེར་སློབ་གསོ་མཉམ་སྤེལ། སློབ་ན་མ་སོན་གོང་གི་སློབ་གསོའི་ཐོན་ཁུངས་འཕར་སྣོན་བྱས་ནས་“བུ་བཅོལ་ཁང་ལ་ཞུགས་དཀའ་བའི་”གནད་དོན་ཐག་གཅོད་གང་མགྱོགས་བྱ་དགོས། འོས་འགན་སློབ་གསོ་དོ་མཉམ་ངང་གོང་དུ་འཕེལ་བར་བྱ་དགོས་པ་དང་། འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་གྲྭ་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་སྤྱི་པའི་ཐོན་ཁུངས་བགོ་སྒྲིག་བྱེད་ཚུལ་གཙོ་བོ་གྲོང་གསེབ་དང་གྲོང་ཁྱེར་གྱི་ཆ་རྐྱེན་ཞན་པའི་སློབ་གྲྭར་ཕྱོགས་ཆ་ལྡན་པར་བྱ་དགོས། འབྱོར་ཡུལ་སྲིད་གཞུང་དང་གཞུང་གཉེར་སློབ་གྲྭས་གཙོས་པའི་ཞིང་པ་ལས་མིའི་མཉམ་ཁྲིད་ཕྲུ་གུ་ཚོས་འོས་འགན་སློབ་གསོ་འདྲ་མཉམ་དུ་དང་ལེན་བྱེད་ཐུབ་པར་འགན་ལེན་ཏན་ཏིག་བྱ་དགོས། མི་རིགས་ས་ཁུལ་གྱི་སློབ་གསོ་གོང་དུ་སྤེལ་བར་རྒྱབ་སྐྱོར་བྱས་ནས “སྐད་རིགས་གཉིས ”ཀྱི་སློབ་ཁྲིད་ལས་ཀ་ཡག་པོར་བསྒྲུབ་དགོས། བྱང་ཚད་སློབ་གསོར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས། སློབ་གསོ་སྒྱུར་བཅོས་མགྱོགས་སུ་གཏོང་བ་དང་། སློབ་གྲྭ་འབྲིང་ཆུང་གི་སློབ་མའི་སློབ་སྦྱོང་གི་ཁུར་པོ་ལྗིད་དྲགས་ཚུལ་དངོས་འབྲེལ་ཡང་དུ་བཏང་ནས་ཕྲུ་གུ་རྣམས་ཀྱི་རང་ཚུགས་ཐུབ་པའི་བསམ་གཞིགས་བྱེད་ནུས་དང་ལག་ལེན་གསར་གཏོད་བྱེད་ནུས་ལ་ཁྲིད་སྟོན་དང་གསོ་སྐྱོང་བྱ་རྒྱུ་གལ་ཆེན་དུ་འཛིན་དགོས། སློབ་གྲྭ་འབྲིང་ཆུང་གི་སློབ་མ་ཚོ་ཉིན་རེར་སློབ་གྲྭའི་ལུས་རྩལ་བྱེད་སྒོའི་ནང་ཆུ་ཚོད་རེ་ཞུགས་ཐུབ་པར་འགན་ལེན་བྱ་དགོས་པ་དང་། ལས་རིགས་སློབ་གསོ་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས། མཐོ་རིམ་སློབ་འབྲིང་དུས་རིམ་གྱི་སློབ་གྲྭ་དང་མཐོ་རིམ་སློབ་གྲྭས་ཁྱད་ཆོས་ལྡན་པའི་སློབ་གསོ་གཉེར་ཐུབ་པར་ཁྲིད་སྟོན་བྱས་ནས་སློབ་གསོའི་སྤུས་ཚད་མཐོང་རུ་གཏོང་བ་དང་སློབ་མའི་ལས་ཞུགས་དང་ལས་སྒོ་གསར་འབྱེད་བྱེད་ནུས་ཆེ་རུ་གཏོང་དགོས། རིག་གཞུང་ཚན་ཁག་གཙོ་བོ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་འཛམ་གླིང་ཐོག་སློབ་ཆེན་ལེགས་ཤོས་ཁག་ཅིག་འཛུགས་སྐྱོང་གང་མགྱོགས་བྱ་དགོས། དམིགས་བསལ་སློབ་གསོ་འཕེལ་རྒྱས་གཏོང་བར་རོགས་སྐྱོར་བྱེད་པ་དང་། རྒྱལ་ཁབ་ཀྱི་སློབ་ཞུགས་རོགས་དངུལ་ལམ་ལུགས་དོན་འཁྱོལ་དང་འཐུས་ལེགས་སུ་གཏོང་དགོས་ཤིང་། སློབ་གསོའི་དུས་རིམ་གང་ཡིན་ལ་མ་བལྟོས་པར་ཕྲུ་གུ་སུ་ཞིག་ཁྱིམ་ཚང་ལ་དཔལ་འབྱོར་དཀའ་ངལ་ཡོད་པའི་རྐྱེན་གྱིས་སློབ་ཞུགས་གོ་སྐབས་ཤོར་ཚུལ་མི་ཐོན་པའི་འགན་ལེན་ཏན་ཏིག་བྱ་དགོས།

        ཤེས་ལྡན་མི་སྣའི་ལས་དོན་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་དགོས། རིམ་པ་མཐོ་བ་དང་ལག་རྩལ་མཐོ་བའི་ཤེས་ལྡན་མི་སྣ་གཙོ་གནད་དུ་བཟུང་ནས་གསར་གཏོད་བྱེད་ནུས་ལྡན་པའི་ཤེས་ལྡན་མི་སྣ་དང་དགོས་མཁོ་ཆེ་ཞིང་ཤིན་ཏུ་དཀོན་པའི་ཤེས་ལྡན་མི་སྣ་ཁག་ཅིག་གསོ་སྐྱོང་གང་མགྱོགས་བྱ་དགོས། ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པར་དངུལ་འཇོག་གྲངས་མང་དུ་བཏང་ནས་ཤེས་ལྡན་པའི་ལས་གཞི་གལ་ཆེན་ལ་སྐུལ་སྤེལ་གཏོང་དགོས། མི་འདེམས་སྤྱོད་བྱེད་པའི་ལམ་ལུགས་སྒྱུར་བཅོས་ཟབ་སྤེལ་བྱས་ནས་འདྲ་མཉམ་ཡོངས་གྲགས་དང་འགྲན་རྩོད་བཟང་འདེམས་ཀྱི་ལམ་ལུགས་དང་སྤྱི་ཚོགས་ཀྱི་ཁོར་ཡུག་འཛུགས་སྐྱོང་གང་ཐུབ་བྱས་ནས་ཕུལ་བྱུང་མི་སྣས་ནུས་རྩལ་ཡོངས་རྫོགས་འདོན་པར་བསྔགས་སྐུལ་བྱས་ནས་མི་ནུས་གང་ཡོད་འདོན་ཐུབ་པའི་རྣམ་པ་བཟང་པོ་བསྐྲུན་དགོས།

        ཚན་རྩལ་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས། རྒྱལ་ཁབ་ཀྱི་ཚན་རྩལ་ཆེད་གཉེར་རྣམ་གྲངས་གལ་ཆེན་ལག་བསྟར་གང་མགྱོགས་བྱས་ནས་གནད་འགག་ཆེ་བའི་ལག་རྩལ་གཙོ་བོ་ཁག་ཅིག་འགག་གནད་ལས་སྒྲོལ་ཐབས་བྱ་དགོས། ཕྱོགས་བསྡུས་གལ་ཆེན་གསར་གཏོད་བྱེད་ནུས་ཆེ་རུ་གཏོང་བ་དང་། རྨང་གཞིའི་ཞིབ་འཇུག་དང་། མདུན་གྲལ་ལག་རྩལ་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་བ། ཐོག་མའི་གསར་གཏོད་བྱེད་ནུས་ཆེ་རུ་གཏོང་བ་བཅས་བྱ་དགོས། ཁེ་ལས་ཀྱིས་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་གསར་གཏོད་བྱ་རྒྱུར་གཙོ་ཁྲིད་བྱེད་པའི་སྒྲིག་སྲོལ་རྐྱེན་སྲོལ་འཛུགས་པར་སྐུལ་འདེད་གཏོང་དགོས། ཁེ་ལས་ཀྱིས་མ་དངུལ་མཉམ་འཇོག་གིས་འགག་རྩའི་རང་བཞིན་ལྡན་པའི་ལག་རྩལ་ཞིབ་འཇུག་དང་གསར་སྤེལ་བྱས་ནས་ཉེན་ཁ་མཉམ་འཁུར་དང་གྲུབ་འབྲས་མཉམ་སྤྱོད་ལ་བསྔགས་སྐུལ་བྱ་རྒྱུ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་བཟོ་ཕྱོགས་དང་མཐུན་རིགས་ཀྱི་རྣམ་གྲངས་ལ་སྲིད་གཞུང་གིས་སྲིད་ཇུས་དང་མ་དངུལ་ཐོག་ནས་རྒྱབ་སྐྱོར་བྱ་དགོས། ཚན་རྩལ་དོ་དམ་གྱི་སྒྲིག་སྲོལ་སྒྱུར་བཅོས་ཟབ་སྤེལ་བྱས་ནས་ཚན་རྩལ་ཐོན་ཁུངས་བགོ་སྒྲིག་བཟང་འགྱུར་དང་། བེད་སྤྱོད། སྒོ་འབྱེད་མཉམ་སྤྱོད་བཅས་ཕན་འབྲས་ཐོན་པར་བྱ་དགོས། ཚན་རིག་ཞིབ་འཇུག་སློབ་གླིང་དང་། མཐོ་རིམ་སློབ་གྲྭ། རྒྱ་ཆེའི་ཚན་རྩལ་མི་སྣ་བཅས་ཀྱིས་ཁེ་ལས་དང་མཉམ་ལས་བྱ་རྒྱུར་རྣམ་པ་སྣ་མང་ཐོག་ནས་བསྔགས་སྐུལ་བྱ་དགོས། ཚན་རྩལ་ཐད་ལ་ནོར་སྲིད་ཀྱི་མ་དངུལ་འཇོག་ཚད་འཕར་སྣོན་བརྟན་པོར་ཡོང་བ་རྒྱུན་འཁྱོངས་བྱ་དགོས་པ་དང་། ཚན་རྩལ་ཞིབ་འཇུག་གི་གྲོན་དངུལ་བེད་སྤྱོད་བྱེད་ཚད་མཐོ་རུ་གཏོང་དགོས། ཚན་རྩལ་ཐོན་ཁུངས་བཟང་འདེམས་ལེགས་སྒྲིག་དང་། བཀོལ་སྤྱོད་ནུས་ལྡན། སྒོ་འབྱེད་མཉམ་སྤྱོད་བཅས་བྱ་རྒྱུར་སྐུལ་སྤེལ་གཏོང་དགོས། རྒྱལ་ཁབ་ཀྱི་ཤེས་ཡོན་ཐོན་དངོས་བདག་དབང་གི་འཐབ་ཇུས་བློ་བརྟན་འགྱུར་མེད་ངང་ནས་ལག་ལེན་བྱས་ཏེ་ཤེས་ཡོན་གྱི་ཐོན་དངོས་བདག་དབང་གསར་བཟོ་དང་། བེད་སྤྱོད། སྲུང་སྐྱོང་། དོ་དམ་བཅས་བྱེད་ནུས་ཆེ་རུ་བཏང་ནས་སྤྱི་ཚོགས་ཡོངས་ཀྱི་གསར་གཏོད་སྐྱེ་སྟོབས་སྐུལ་སློང་བྱ་དགོས།

        (དྲུག ) སྤྱི་ཚོགས་ལེགས་སྐྱོང་དང་དམངས་འཚོ་འགན་སྲུང་ལེགས་བཅོས་བྱེད་ཤུགས་ཆེ་རུ་གཏོང་དགོས།

        དཔལ་འབྱོར་འཕེལ་རྒྱས་ཇི་ཙམ་བྱུང་བ་ན། སྤྱི་ཚོགས་འཛུགས་སྐྱོང་དང་དམངས་འཚོར་འགན་སྲུང་བྱེད་ཤུགས་དེ་ཙམ་གྱིས་ཆེ་རུ་གཏོང་དགོས།

        ཐབས་བརྒྱ་ཇུས་སྟོང་གིས་ལས་ཀར་ཞུགས་རྒྱ་ཆེ་རུ་གཏོང་དགོས། སྔར་ལས་དགེ་མཚན་ལྡན་པའི་ལས་ཞུགས་སྲིད་ཇུས་རྒྱུན་ཆད་མེད་པར་ལག་བསྟར་བྱ་དགོས། འདི་ལོར་ཀྲུང་དབྱང་ནོར་སྲིད་ཀྱིས་སྒོར་དུང་ཕྱུར་423བཏང་ནས་ལས་ཞུགས་ལ་རོགས་སྐྱོར་དང་སྐུལ་སྤེལ་བྱེད་པར་སྤྱོད་རྒྱུ་ཡིན་ཞིང་། རང་རྒྱལ་གྱི་ངལ་རྩོལ་ནུས་ཤུགས་གྲུབ་ཚུལ་གྱི་ཁྱད་ཆོས་དང་འཚམ་པར་བྱས་ཏེ་ངལ་རྩོལ་འདུས་ཚད་ཆེ་བའི་ཐོན་ལས་དང་། ཞབས་ཞུའི་ལས་རིགས། ཁེ་ལས་ཆུང་གྲས། གསར་གཏོད་ཅན་གྱི་ཚན་རྩལ་ཁེ་ལས་བཅས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་རིམ་པ་མི་འདྲ་བའི་ལས་ཞུགས་ཀྱི་དགོས་མཁོ་སྐོང་གང་ཐུབ་བྱ་དགོས། མཐོ་རིམ་སློབ་གྲྭའི་སློབ་ཐོན་སློབ་མ་ལས་ཀར་ཞུགས་རྒྱུ་དེ་མུ་མཐུད་ནས་གོ་བབ་དང་པོར་བཞག་སྟེ་མི་ཚོགས་གཙོ་བོ་རྣམས་ཀྱི་ལས་ཞུགས་ལས་ཀ་ལེགས་པར་བསྒྲུབ་དགོས། ལས་རིགས་ཀྱི་ནུས་རྩལ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས་རང་བརྟེན་གསར་གཏོད་ལ་བསྔགས་སྐུལ་བྱ་དགོས། སྤྱི་པའི་ལས་ཞུགས་ཞབས་ཞུར་ཤུགས་སྣོན་བརྒྱབ་སྟེ་མི་ཤུགས་ཐོན་ཁུངས་ཀྱི་ཚོང་ར་གཅིག་གྱུར་ཚད་ལྡན་དང་གང་ལ་དེ་འཚམ་གྱིས་འཐུས་སྒོ་ཚང་དུ་གཏོང་དགོས། ལས་ཞུགས་ཀྱི་ཆ་འཕྲིན་དྲ་བ་འཛུགས་སྐྲུན་མགྱོགས་སུ་བྱས་ནས་རྒྱལ་ཡོངས་ཀྱི་དྲ་བ་ཕན་ཚུན་སྦྲེལ་མཐུད་མངོན་འགྱུར་ཡོང་བར་བྱ་དགོས། ངལ་རྩོལ་འགན་སྲུང་ཐད་ལྟ་ཞིབ་ཁྲིམས་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ངལ་རྩོལ་ཀྱི་རྩོད་གཞི་ཐག་གཅོད་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས་ངལ་རྩོལ་པའི་ཁེ་དབང་ཁྲིམས་མཐུན་ལྟར་སྲུང་སྐྱོང་བྱས་ནས་འཆམ་ཞིང་མཐུན་པའི་ངལ་རྩོལ་འབྲེལ་བ་འཛུགས་དགོས།

        ཡོང་འབབ་བགོ་བཤའི་འབྲེལ་བ་ལེགས་སྒྲིག་ལུགས་མཐུན་བྱ་དགོས། དེ་ནི་ཡུན་རིང་གི་ལས་འགན་ཞིག་ཡིན་ལ་དེང་གི་ཁ་ཚ་དགོས་གཏུག་གི་ལས་ཀ་ཞིག་ཀྱང་ཡིན། ད་ལོར་གཙོ་བོ་བྱེད་ཐབས་གསུམ་སྤྱོད་རྒྱུ་སྟེ། གཅིག་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་མི་ཚོགས་ཀྱི་གཞི་རྩའི་ཡོང་འབབ་མཐོ་རུ་གཏོང་གང་ཐུབ་བྱ་རྒྱུ་ཡིན། ལས་བཟོ་པའི་ཕོགས་ཐོབ་དམའ་ཤོས་དང་། ཁེ་ལས་ཀྱི་ལས་འཁྱུར་ངལ་གསོ་མི་སྣའི་མ་མཐའི་རྒན་གསོའི་ཐེབས་རྩ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་འཚོ་བའི་འགན་སྲུང་ཚད་གཞི་དམའ་ཤོས་བཅས་བརྟན་པོའི་ངང་མཐོ་རུ་གཏོང་དགོས། ལས་བཟོ་པའི་ཕོགས་ཐོབ་རྒྱུན་ལྡན་དུ་འཕར་སྣོན་ཡོང་བའི་རྐྱེན་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་གླ་ཕོགས་དམའ་ཤོས་ལམ་ལུགས་ལག་བསྟར་ནན་པོར་བྱ་དགོས། གཉིས་ནས་ཡོང་འབབ་བགོ་བཤའ་ལེགས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན། སྒེར་གྱི་ཐོབ་ཁྲལ་ལས་གླ་ཕོགས་ཀྱི་གཏོང་ཆ་འཐེན་པའི་ཚད་གཞི་མཐོ་རུ་བཏང་ནས་ཁྲལ་ཚད་ཀྱི་གྲུབ་ཚུལ་ལེགས་སྒྲིག་ལུགས་མཐུན་བྱས་ཏེ་ཡོང་འབབ་དམའ་འབྲིང་གྲས་ཀྱི་དཔྱ་ཁྲལ་ཁུར་པོ་དངོས་འབྲེལ་ཡང་དུ་གཏོང་དགོས། ཡོང་འབབ་མཐོ་ཐལ་ཤོར་ཚུལ་ཚོད་འཛིན་ཕན་འབྲས་ལྡན་པར་བྱས་ཏེ་ཡོང་འབབ་མཐོ་དྲགས་པའི་ལས་རིགས་ཀྱི་ཕོགས་ཐོབ་བསྡོམས་གྲངས་དང་མང་ཉུང་གཉིས་ཀ་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱལ་ཁབ་ལ་དབང་བའི་ཁེ་ལས་དང་དངུལ་རྩའི་ལས་ཁུངས་ཀྱི་མཐོ་རིམ་དོ་དམ་མི་སྣའི་ཕོགས་ཐོབ་དོ་དམ་བྱེད་སྟངས་ཚད་ལྡན་ནན་པོར་བཟོ་དགོས། གསུམ་ནས་ཡོང་འབབ་བགོ་བཤའི་སྒྲིག་ལམ་དག་ཐེར་ཤུགས་ཆེན་དང་ཚད་ལྡན་དུ་བསྒྱུར་དགོས། ཁྲིམས་དང་མི་མཐུན་པའི་ཡོང་འབབ་བློ་ཐག་ཆོད་པོས་རྡུང་རྡེག་གཏོང་བ་དང་མེད་པར་བཟོ་དགོས། ཡོང་འབབ་བགོ་བཤའི་ལྟ་ཞིབ་ཚད་ལེན་མ་ལག་མགྱོགས་པོར་འཛུགས་དགོས། རྒྱུན་འཁྱོངས་ལྷོད་མེད་ཀྱིས་འབད་བརྩོན་བྱེད་པར་བརྟེན་ནས་ཡོང་འབབ་བགོ་བཤའི་ཧེ་བག་ཆེ་རུ་འགྲོ་བའི་གནས་ཚུལ་ལེགས་འགྱུར་གང་ཐུབ་བྱས་ནས་རྒྱ་ཆེའི་མི་དམངས་མང་ཚོགས་སྔར་ལས་མང་བར་སྒྱུར་བཅོས་དང་གོང་འཕེལ་གྱི་གྲུབ་འབྲས་ལོངས་སུ་སྤྱོད་དུ་འཇུག་གང་ཐུབ་བྱ་དགོས།

        གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་ཡོངས་ལ་ཁྱབ་པའི་སྤྱི་ཚོགས་འགན་སྲུང་མ་ལག་གང་མྱུར་འཐུས་སྒོ་ཚང་དུ་གཏོང་དགོས། གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་ཚོད་ལྟ་བྱེད་ཁྱོན་རྒྱལ་ཡོངས་ཀྱི་རྫོང་བརྒྱ་ཆ་40རུ་རྒྱ་བསྐྱེད་དགོས། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་རྒན་གསོའི་འགན་བཅོལ་ཚོད་ལྟར་སྐུལ་སྤེལ་བྱས་ནས་ཐུན་མོང་ཁེ་ལས་ཀྱི་ལས་འཁྱུར་ངལ་གསོ་མི་སྣའི་རྒན་གསོའི་འགན་སྲུང་ཐད་ལོ་རྒྱུས་ཐོག་ནས་ལྷགས་པའི་གནད་དོན་ཐག་གཅོད་བྱ་རྒྱུ་དང་། ཁེ་ལས་ཀྱི་ལས་འཁྱུར་ངལ་གསོ་མི་སྣའི་མ་མཐའི་རྒན་གསོའི་ཐེབས་རྩ་རྒྱུན་ལྡན་དུ་ལེགས་སྒྲིག་བྱེད་པའི་རྐྱེན་སྲོལ་འཛུགས་དགོས། ལས་ཁུངས་དང་བྱ་ལས་སྡེ་ཚན་གྱི་རྒན་གསོའི་འགན་བཅོལ་ལམ་ལུགས་སྒྱུར་བཅོས་བྱ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས། རྒྱལ་ཁབ་ལ་དབང་བའི་ཁེ་ལས་དང་མཉམ་སྡེབ་ཁེ་ལས་ཀྱི་“ལས་ཐོག་རྨས་སྐྱོན་ཕོག་པའི་”མི་སྣ་རྒན་གྲས་རྣམས་ལས་ཐོག་རྨས་སྐྱོན་འགན་བཅོལ་བྱེད་ཁོངས་སུ་འཇུག་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་རྟེན་འགན་སྲུང་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། ཐབས་ལམ་མང་དག་ཐོག་ནས་སྤྱི་ཚོགས་ཀྱི་འགན་སྲུང་ཐེབས་རྩ་མུ་མཐུད་འཕར་སྣོན་བྱ་དགོས། དྭ་ཕྲུག་གསོ་སྐྱོང་དང་དེ་དག་ལ་སློབ་གསོ་གཏོང་རྒྱུ་དང་དྭ་ཕྲུག་དབང་པོ་སྐྱོན་ཅན་གྱི་ནད་བཅོས་རྒྱུ་སོགས་ནོར་སྲིད་ཀྱི་འགན་སྲུང་ཁྱབ་ཁོངས་སུ་འཇུག་དགོས། དབང་པོ་སྐྱོན་ཅན་པའི་སྤྱི་ཚོགས་འགན་སྲུང་མ་ལག་དང་ཞབས་ཞུའི་མ་ལག་འཛུགས་སྐྱོང་བྱེད་པར་མུ་མཐུད་སྐུལ་འདེད་གཏོང་དགོས། སྤྱི་ཚོགས་འགན་སྲུང་གི་དོ་དམ་ཆ་འཕྲིན་ཅན་དུ་འགྱུར་བར་སྐུལ་འདེད་གང་མགྱོགས་གཏོང་དགོས་པ་དང་། སྤྱི་ཚོགས་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་གཏོང་བའི་ཁྲོད་ཀྱི་ཚོང་ལས་ཀྱི་འགན་བཅོལ་ནུས་པ་འདོན་སྤེལ་བྱ་དགོས། རྣམ་དཀར་དགེ་ལས་འཕེལ་རྒྱས་གཏོང་དགོས།

        ས་ཁང་བདག་ཁོངས་ཀྱི་ཚོང་ར་སྙོམས་སྒྲིག་བྱ་རྒྱུ་བློ་བརྟན་འགྱུར་མེད་ཀྱིས་ལེགས་སྒྲུབ་བྱ་དགོས། ས་ཁང་བདག་ཁོངས་ཀྱི་ཚོང་ར་སྙོམས་སྒྲིག་བྱེད་པའི་ཕུགས་ཕན་རྐྱེན་སྲོལ་གང་མྱུར་འཐུས་སྒོ་ཚང་དུ་བཏང་སྟེ་གྲོང་ཁྱེར་དང་གྲོང་རྡལ་གྱི་ཡོང་འབབ་དམའ་འབྲིང་ཁྱིམ་ཚང་གི་སྡོད་ཁང་དཀའ་ངལ་གཙོ་གནད་དུ་བཟུང་ནས་ཐག་གཅོད་བྱེད་པ་དང་། ས་ཁང་བདག་ཁོངས་ཚོང་རའི་རིན་གོང་དངོས་གནས་བརྟན་དུ་ཏན་ཏིག་བཏང་ནས་སྡོད་ཁང་ཐད་གྲོང་མིའི་ལུགས་མཐུན་དགོས་མཁོ་བསྐོང་དགོས། གཅིག་ནས་འགན་སྲུང་རང་བཞིན་ལྡན་པའི་སྡོད་ཁང་འཛུགས་སྐྲུན་བྱེད་ཁྱོན་སྔར་ལས་ཆེ་རུ་གཏོང་དགོས། ད་ལོར་འགན་སྲུང་རང་བཞིན་ལྡན་པའི་སྡོད་ཁང་སྐྲུན་འགོ་རྩོམ་གྲངས་དང་སྤྱིལ་ཁྱིམ་ཁུལ་སྡོད་ཁང་ཆ་འགྲིག་བསྒྱུར་བཀོད་བྱེད་གྲངས་ཁྱོན་བསྡོམས་ཁྲི་1000ཙམ་ཟིན་པར་བྱ་རྒྱུ་དང་། གྲོང་གསེབ་ཁྱིམ་དུད་ཀྱི་ཉེན་ཆེའི་སྡོད་ཁང་ཁྲི་150ཙམ་བསྒྱུར་བཀོད་བྱ་རྒྱུ་རེད། སྤྱི་པའི་བོགས་མར་གཏོང་ལེན་གྱི་སྡོད་ཁང་གཙོ་གནད་དུ་འཕེལ་རྒྱས་གཏོང་རྒྱུ་ཡིན་ཞིང་། ཀྲུང་དབྱང་གི་ནོར་སྲིད་སྔོན་རྩིས་ནང་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་1030བཀོད་སྒྲིག་བྱ་རྩིས་ཡོད་པས་ལོ་གོང་མ་ལས་སྒོར་དུང་ཕྱུར་265འཕར་རྒྱུ་རེད། སྲིད་གཞུང་རིམ་པ་ཁག་གིས་ཐབས་ལམ་སྣ་མང་ཐོག་ནས་མ་དངུལ་གྲབས་གསོག་བྱས་ནས་འཇོག་བྱ་འཕར་སྣོན་ཆེས་ཆེར་གཏོང་དགོས། འགན་སྲུང་རང་བཞིན་ལྡན་པའི་སྡོད་ཁང་བེད་སྤྱོད་དང་། གཉེར་སྐྱོང་། ཕྱིར་སློག་སོགས་ཀྱི་དོ་དམ་ལམ་ལུགས་འཛུགས་རྒྱུ་དམ་འཛིན་དང་། ཕྱི་གསལ་ནང་གསལ་ཡོང་ཚད་མཐོ་རུ་གཏོང་བ། སྤྱི་ཚོགས་ཀྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ཆ་རྐྱེན་འཛོམས་པའི་ཁྱིམ་དུད་ལ་ཕན་ཐོགས་ཡོང་བའི་འགན་ལེན་བྱ་དགོས། གཉིས་ནས་ས་ཁང་བདག་ཁོངས་ཚོང་རའི་སྙོམས་སྒྲིག་བྱེད་པའི་སྲིད་ཇུས་སྔར་ལས་དོན་ཐོག་ཏུ་འཁྱོལ་བ་དང་འཐུས་སྒོ་ཚང་དུ་བཏང་སྟེ་གྲོང་ཁྱེར་ཁག་ཅིག་གི་ཁང་རིན་འཕར་ཐལ་ཤོར་བའི་གནས་ཚུལ་བཀག་འགོག་མཐའ་གཅིག་ཏུ་བྱ་དགོས། ལོ་འཁོར་མོའི་སྡོད་ཁང་འཛུགས་སྐྲུན་གྱི་འཆར་གཞི་གཏན་འབེབས་བྱེད་པ་དང་འབྲེལ་སྤྱི་ཚོགས་ཡོངས་ལ་ཡོངས་བསྒྲགས་བྱ་རྒྱུ་དང་། འཛུགས་སྐྲུན་ལ་མཁོ་བའི་ས་ཆ་འཕར་སྣོན་བྱེད་པའི་འཆར་གཞིའི་ནང་འགན་སྲུང་རང་བཞིན་ལྡན་པའི་སྡོད་ཁང་གི་ས་ཆ་ལོགས་སུ་བཀོད་ནས་འགན་སྲུང་དགོས་རིགས་འགན་སྲུང་གང་ཐུབ་བྱ་དགོས། གཙོ་བོར་སྤྱིར་བཏང་གི་འཚོང་སྒྱུར་སྡོད་ཁང་འབྲིང་ཆུང་གྲས་འཛུགས་སྐྲུན་བྱེད་གྲངས་མང་དུ་གཏོང་དགོས་པ་དང་། སྡོད་ཁང་བོགས་གླར་གཏོང་ལེན་གྱི་ཚོང་ར་ཚད་ལྡན་དུ་འཕེལ་རྒྱས་གཏོང་དགོས། ཁྱད་པར་ལྡན་པའི་སྡོད་ཁང་གི་ཡིད་རྟོན་དངུལ་བུན་དང་། ཁྲལ་བསྡུའི་སྲིད་ཇུས་དོན་འཁྱོལ་གཟབ་ནན་བྱས་ནས་ས་ཁང་བདག་ཁོངས་ཀྱི་འབྲེལ་ཡོད་ཁྲལ་བསྡུའི་སྲིད་ཇུས་ལེགས་སྒྲིག་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ཁྲལ་བསྡུ་ལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། སྐབས་འཚོལ་མ་དངུལ་གྱིས་ཁང་པ་ཉོ་ཚོང་བྱེད་རིགས་བཀག་འགོག་ཕན་འབྲས་ཐོན་པ་བཅས་བྱ་དགོས། ས་ཁང་བདག་ཁོངས་ཚོང་རའི་ལྟ་ཞིབ་ཚད་ལེན་དང་ཚོང་རའི་བྱ་སྤྱོད་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ་ཁྲིམས་འགལ་ལུགས་འགལ་རིགས་རྩད་གཅོད་ནན་པོར་བྱ་དགོས། གསུམ་ནས་དཔྱད་ཞིབ་དང་འགན་འཁྲི་བསྒྲུབས་ཚུལ་འདྲི་རྩད་བྱེད་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། ཁང་རིན་བརྟན་ཏུ་གཏོང་རྒྱུ་དང་སྡོད་ཁང་འགན་སྲུང་ལས་ཀའི་ཐད་ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་གིས་སྤྱི་ཡོངས་ཀྱི་འགན་འཁུར་བ་དང་གྲོང་ཁྱེར་དང་རྫོང་མི་དམངས་སྲིད་གཞུང་གིས་ཐད་ཀའི་འགན་འཁྲི་འཁུར་དགོས། འབྲེལ་ཡོད་སྡེ་ཁག་གིས་སྐོར་ཞིབ་དང་། དཔྱད་བསྡུར། གདན་ཞུ་མཉམ་གྲོས། འགན་འཁྲི་བསྒྲུབས་ཚུལ་འདྲི་རྩད་བཅས་ཀྱི་ལམ་ལུགས་མགྱོགས་པོ་འཐུས་ཚང་དུ་གཏོང་བ་དང་། ཁང་རིན་བརྟན་དུ་གཏོང་བ་དང་འགན་སྲུང་རང་བཞིན་ལྡན་པའི་སྡོད་ཁང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ནུས་ཞན་པས། སྤྱི་ཚོགས་གོང་སྤེལ་དང་གཏན་འཇགས་ཡོང་བར་གནོད་རིགས་ཀྱི་འགན་འཁྲི་བདའ་འདེད་གཏོང་དགོས།

        སྨན་བཅོས་འཕྲོད་བསྟེན་བྱ་གཞག་སྒྱུར་བཅོས་དང་གོང་དུ་སྤེལ་བར་སྐུལ་འདེད་གཏོང་དགོས། ད་ལོ་ནི་སྨན་བཅོས་སྒྱུར་བཅོས་ལོ་གསུམ་ལག་བསྟར་བྱེད་པའི་འཆར་གཞིའི་འགག་གནད་སྒྲོལ་ལོ་ཡིན་པས། དམིགས་འབེན་དང་ལས་འགན་ཁག་ཡོངས་སུ་འགྲུབ་པའི་འགན་ལེན་ཏན་ཏིག་བྱ་དགོས། གཅིག་ནས་གཞི་རིམ་དུ་རྒྱལ་ཁབ་ཀྱི་མ་མཐའི་སྨན་རྫས་ལམ་ལུགས་ཁྱོན་ཡོངས་ནས་ལག་བསྟར་བྱ་དགོས། མ་མཐའི་སྨན་རྫས་འགན་སྲུང་མཁོ་སྤྲོད་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་སྨན་རྫས་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ཐོག་སྨན་སྤྱོད་བདེ་འཇགས་ཡོང་བར་འགན་ལེན་ཏན་ཏིག་དང་སྨན་རིན་དངོས་གནས་གཅོག་དགོས། གཉིས་ནས་གཞུང་གཉེར་སྨན་ཁང་སྒྱུར་བཅོས་ཚོད་ལྟ་དམ་འཛིན་ཡག་པོར་བྱ་དགོས། ས་གནས་ཁག་གིས་སྨན་ཁང་གི་དོ་དམ་སྒྲིག་སྲོལ་དང་། སྨན་བཅོས་ཞབས་ཞུའི་རིན་གོང་ཆགས་པའི་རྐྱེན་སྲོལ། ལྟ་སྐུལ་དོ་དམ་བྱེད་སྲོལ་སོགས་ཀྱི་ཐད་ལ་བློ་ཁོག་ཆེན་པོས་འཚོལ་ཞིབ་བྱེད་པར་བསྔགས་སྐུལ་བྱ་དགོས། སྨན་བཅོས་ཀྱི་རྩོད་གཞི་འདུམ་གཅོད་བྱེད་སྲོལ་འཐུས་ཚང་དུ་བཏང་ནས་སྨན་པ་དང་ནད་པའི་བར་གྱི་འབྲེལ་བ་ལེགས་བཅོས་བྱ་དགོས། གསུམ་ནས་གཞི་རྩའི་སྨན་བཅོས་འགན་སྲུང་བྱེད་ཚད་མཐོ་རུ་གཏོང་དགོས། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་པ་དང་ཡུལ་མི་སྨན་བཅོས་འགན་བཅོལ་ནང་ཞུགས་ཚད་དང་གྲོང་གསེབ་གསར་པའི་མཉམ་ལས་སྨན་བཅོས་ནང་ཞུགས་ཚད་བརྟན་པོའི་ངང་མཐོ་རུ་གཏོང་དགོས། ད་ལོ་གྲོང་གསེབ་གསར་པའི་མཉམ་ལས་སྨན་བཅོས་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་སྨན་བཅོས་འགན་བཅོལ་ཐད་ལ་ནོར་སྲིད་ཀྱིས་ཁ་གསབ་རོགས་དངུལ་སྤྲོད་ཚད་སྒོར་200ཙམ་དུ་འཕར་བར་བྱ་དགོས། བཞི་ནས་གྲོང་གསེབ་ཀྱི་རིམ་གསུམ་འཕྲོད་བསྟེན་ཞབས་ཞུའི་དྲ་བ་དང་གྲོང་ཁྱེར་དང་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ལས་ཁུངས་སྐྲུན་པའི་ལས་འགན་ལེགས་འགྲུབ་བྱ་དགོས། ད་ལོ་རྒྱལ་ཡོངས་ཀྱི་མི་རེའི་མ་མཐའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་འགྲོ་གྲོན་ཚད་གཞི་སྒོར་25བར་མཐོ་རུ་འགྲོ་བར་བྱ་དགོས། འགོས་ནད་དང་། རྒྱུན་ནད། ལས་རིགས་ཀྱི་ནད། ཡུལ་ནད། སྨྱོ་ནད་བཅས་སྔོན་འགོག་ཚོད་འཛིན་དང་དོ་དམ་ཚད་ལྡན་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། མ་བུ་བདེ་འཕྲོད་ཀྱི་ལས་དོན་སྒྲུབ་ཤུགས་ཆེ་རུ་གཏོང་བ་དང་། བུད་མེད་དར་མའི་མངལ་སྐེའི་འབྲས་སྐྲན་དང་། ནུ་མའི་འབྲས་སྐྲན་བསྟེན་དངུལ་མི་དགོས་པར་བརྟག་དཔྱད་དང་སྨན་བཅོས་འགན་སྲུང་གི་ཚོད་ལྟ་ཁྱབ་སྤེལ་མུ་མཐུད་བྱ་དགོས་པ་དང་། ཨེ་ཙེ་འགོས་ནད་འགོག་བཅོས་ལས་ཀ་ནན་ཏན་གྱིས་ལེགས་པར་བསྒྲུབ་དགོས། ཀྲུང་ལུགས་གསོ་རིག་དང་མི་རིགས་ཀྱི་གསོ་རིག་བྱ་གཞག་འཕེལ་རྒྱས་ཤུགས་ཆེན་བཏང་ནས་རོགས་སྐྱོར་ཀྱི་སྲིད་ཇུས་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་བར་བྱ་དགོས། ལྔ་ནས་སྤྱི་ཚོགས་ཀྱི་མ་དངུལ་གྱིས་སྨན་བཅོས་ལས་ཁུངས་འཛུགས་གཉེར་བྱེད་པར་བསྔགས་སྐུལ་བྱ་དགོས། སྤྱི་ཚོགས་ཀྱི་མ་དངུལ་དང་ཕྱི་ཕྱོགས་ཀྱི་མ་དངུལ་གྱིས་སྨན་བཅོས་ལས་ཁུངས་འཛུགས་གཉེར་ཆོག་འཐུས་ཀྱི་ཁྱབ་ཁོངས་རྒྱ་ཆེ་རུ་གཏོང་དགོས། སྨན་པས་གནས་མང་ལས་གཉེར་ཆོག་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་དར་སྤེལ་བཏང་ནས་སྨན་པ་སྨན་བཅོས་ལས་ཁུངས་སྣ་རིགས་སུ་ལུགས་མཐུན་གྱིས་རྒྱུན་འཁོར་དང་གཞི་རིམ་དུ་ནད་བརྟག་ཁང་གཉེར་བར་བསྔགས་སྐུལ་བྱས་ནས་མི་དམངས་མང་ཚོགས་ལ་སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཞུ་སྟབས་བདེ་འདོན་སྤྲོད་བྱ་དགོས།

        མི་འབོར་དང་འཆར་ཡོད་བུ་བཙའི་ལས་ཀ་ཁྱོན་ཡོངས་ནས་ལེགས་པོར་བསྒྲུབ་དགོས། བུ་བཙའི་ཚད་གཞི་དམའ་པོ་ཟམ་མི་ཆད་པར་རྒྱུན་འཁྱོངས་བྱ་དགོས་པ་དང་། འགྲུལ་བཞུད་ཀྱི་འཆར་ཡོད་བུ་བཙའི་ཞབས་ཞུ་དང་དོ་དམ་ལས་ཀ་ལེགས་པོར་བསྒྲུབ་དགོས། དབང་པོ་སྐྱོན་ཅན་པས་ཕྲུ་གུ་མི་བཙའ་བར་ཐེ་གཏོགས་བྱེད་ཤུགས་ཆེ་རུ་བཏང་སྟེ་ཕྲུ་གུ་ཐང་པོ་བཙའ་ཕྱིར་མངལ་མ་ཆགས་གོང་སྨན་ཡོན་མི་ལེན་པའི་ཞིབ་བཤེར་ཚོད་ལྟ་བྱེད་རྒྱ་སྔར་ལས་ཆེ་རུ་གཏོང་བ་དང་། མངལ་ཆགས་མ་དང་། སྦྲུམ་མ། ཕྲུ་གུ་དམར་འབྱར་བཅས་ཀྱི་ལུས་གསོའི་ལས་ཀ་ལེགས་པོར་བསྒྲུབ་དགོས། གྲོང་གསེབ་ཀྱི་བུད་མེད་སྨན་ཁང་ནང་ཞག་སྡོད་ཀྱིས་ཕྲུ་གུ་སྐྱེས་ཚད་བརྒྱ་ཆ་95ཡན་ཟིན་པར་བྱ་རྒྱུ། བུད་མེད་དང་བྱིས་པའི་བྱ་གཞག་འཕེལ་རྒྱས་གཏོང་བའི་དུས་འཁོར་གསར་པའི་རྩ་གནད་དོན་འཁྱོལ་བྱས་ཏེ་བུད་མེད་དང་ལོ་ན་མ་སོན་པ་ཚོའི་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱ་དགོས་པ་དང་། རྒན་རྒོན་གྱི་སྤྱི་ཚོགས་ཞབས་ཞུའི་མ་ལག་མགྱོགས་མྱུར་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་སྤྱི་ཕན་རང་བཞིན་ལྡན་པའི་རྒན་གསོའི་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས།

        སྤྱི་ཚོགས་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་གསར་གཏོད་བྱ་དགོས། སྤྱི་ཚོགས་དོ་དམ་བྱེད་པའི་སྲིད་གཞུང་གི་འགན་ནུས་ཆེ་རུ་གཏོང་བ་དང་། མང་ཚོགས་སྐུལ་སློང་དང་རྩ་འཛུགས་ཁྱབ་ཆེར་བྱས་ཏེ་ཁྲིམས་མཐུན་ལྟར་སྤྱི་ཚོགས་དོ་དམ་བྱེད་པར་ཞུགས་ནས་སྤྱི་ཚོགས་རྩ་འཛུགས་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་དང་། སྤྱི་ཚོགས་དོ་དམ་གྱི་རྣམ་པ་འཐུས་སྒོ་ཚང་དུ་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་གཞི་རྟེན་དུ་བྱེད་པ་དང་། གྲོང་མིའི་དགོས་མཁོ་ཕྱོགས་སྟོན་དུ་བྱས་ཏེ་མི་འབོར་དང་། ལས་ཞུགས། སྤྱི་ཚོགས་འགན་བཅོལ། དམངས་སྲིད། འཕྲོད་བསྟེན། རིག་གནས་སོགས་སྤྱི་ཚོགས་དོ་དམ་གྱི་འགན་ནུས་དང་ཞབས་ཞུའི་ཐོན་ཁུངས་བཅས་སྡེབ་སྒྲིག་བྱས་ཏེ་སྲིད་གཞུང་གི་སྲིད་འཛིན་དོ་དམ་དང་གཞི་རིམ་གྱི་མང་ཚོགས་རང་སྐྱོང་འབྲེལ་མཐུད་ཕན་འབྲས་ཐོན་པ་དང་ཕན་རེས་བཟང་པོ་ཐུབ་པར་བྱ་དགོས། མང་ཚོགས་ཀྱི་ཁེ་དབང་སྲུང་བའི་རྐྱེན་སྲོལ་དང་། སྲིད་འཛིན་གྱི་ཇུས་ཐག་གཅོད་པའི་ཉམས་ཉེན་དཔྱད་དཔོག་དང་ནོར་བཅོས་བྱེད་པའི་རྐྱེན་སྲོལ་གང་མགྱོགས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་ཡིག་བསྐུར་ངོ་གཏུག་དང་། མི་དམངས་འདུམ་འགྲིག སྲིད་འཛིན་བར་འདུམ་བཅས་ཀྱི་ལས་དོན་སྒྲུབ་ཤུགས་ཆེ་རུ་གཏོང་བ། ཡུལ་བབ་དམངས་འདུན་ཞུ་ལམ་རྒྱ་སྐྱེད། རྨོ་ཞིང་གང་བྱུང་བདག་འཛིན་དང་། ཁྲིམས་འགལ་གྱིས་བཤིག་སྤོ་བྱེད་རིགས་སོགས་མང་ཚོགས་ཀྱིས་བསམ་འཆར་དྲག་པོ་འདོན་པའི་གནད་དོན་ཐག་གཅོད་ཏན་ཏིག་བྱ་དགོས་པ་དང་། སྤྱི་པའི་བདེ་འཇགས་ཀྱི་མ་ལག་ལ་ཤུགས་སྣོན་རྒྱག་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས། གློ་བུར་གྱི་དོན་རྐྱེན་ལ་ཁ་གཏད་འཇལ་བའི་རྐྱེན་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་སྤྱི་ཚོགས་ཀྱི་ཉམས་ཉེན་དོ་དམ་དང་འགོག་ནུས་ཆེ་རུ་གཏོང་དགོས། ཆ་འཕྲིན་གྱི་བདེ་འཇགས་དང་གསང་བ་སྲུང་བའི་ལས་དོན་སྒྲུབ་ཤུགས་ཆེ་རུ་གཏོང་བ་དང་། ཆ་འཕྲིན་དྲ་བ་དོ་དམ་འཐུས་ཚང་བྱ་དགོས། སྤྱི་ཚོགས་ཀྱི་བདེ་དོན་ཕྱོགས་བསྡུས་ཀྱིས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་རིགས་བཀག་འགོག་ནན་པོ་བྱས་ནས། ཁྲིམས་མཐུན་ལྟར་རྡུང་རྡེག་གཏོང་དགོས། ཁེ་ལས་ཀྱི་ཉེན་མེད་ཐོན་སྐྱེད་དང་ཐོན་རྫས་ཀྱི་སྤུས་ཀའི་འགན་འཁྲི་གཙོ་བོ་དོན་འཁྱོལ་བྱས་ཏེ་བདེ་འཇགས་ཀྱི་ཐོན་སྐྱེད་དོན་རྐྱེན་ཆེན་པོ་དང་ཚབས་ཆེན་སྔོན་འགོག་མཐའ་གཅིག་ཏུ་བྱ་དགོས། ཟས་རིགས་ཉེན་མེད་ལྟ་སྐུལ་དོ་དམ་བྱེད་པའི་སྒྲིག་སྲོལ་དང་རྐྱེན་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ཁྲིམས་སྲོལ་འཐུས་ཚང་། ཚད་གཞི་ནན་འཛིན། ཞིབ་དཔྱད་དཔྱད་དཔོག་དང་ཞིབ་བཤེར་ཞིབ་དཔྱད་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ས་གནས་སྲིད་གཞུང་གི་ལྟ་སྐུལ་བྱེད་པའི་འགན་འཁྲི་ཆེ་རུ་གཏོང་བ་དང་། ཁྲིམས་ལྟར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཟས་རིགས་ཀྱི་བདེ་འཇགས་ལ་འགན་སྲུང་བྱེད་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་དགོས། སྲིད་གཞུང་རིམ་པ་ཁག་གིས་སྤྱི་ཚོགས་དོ་དམ་དང་སྤྱི་པའི་ཞབས་ཞུ་ངེས་པར་གོ་བབ་གལ་ཆེན་དུ་འཇོག་དགོས་པ་དང་། མི་དམངས་མང་ཚོགས་ཀྱིས་སེམས་ཁུར་ཆེ་ཤོས་བྱེད་པ་དང་བདེ་རྩར་ཐུག་པའི་ཁེ་ཕན་དངོས་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་བྱ་དགོས།

        (བདུན )རིག་གནས་དར་སྤེལ་ལ་ཤུགས་སྣོན་ཆེན་པོ་རྒྱག་དགོས།

        རིག་གནས་ནི་མི་རིགས་དང་རྒྱལ་ཁབ་ལ་བག་ཆགས་ཀུན་ལས་ཟབ་ཅིང་རྒྱུན་རིང་བ་ཡིན་པས། རིམ་པ་མང་ཞིང་སྣ་མང་ཅན་དུ་འགྱུར་བའི་མི་དམངས་མང་ཚོགས་ཀྱི་རིག་གནས་ཀྱི་དགོས་མཁོ་བསྐོང་ནས་སྤྱི་ཚོགས་ལ་སྐུལ་ཁྲིད་དང་། མི་དམངས་ལ་སློབ་གསོ་གཏོང་བ། གོང་སྤེལ་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་རིག་གནས་ནུས་པ་འདོན་སྤེལ་སྔར་ལས་ལེགས་པར་བྱེད་པ་དང་། མི་རིགས་གོང་བུར་འགྲིལ་ཤུགས་དང་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་དགོས། སྤྱི་དམངས་ཀྱི་ཀུན་སྤྱོད་ལེགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་སྤྱི་ཚོགས་ཡོངས་སུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་གི་ཕུགས་བསམ་དང་ཡིད་ཆེས་དར་སྤེལ་གཏོང་བ་དང་། ཀྲུང་ཧྭའི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་བྱེད་ལ་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་གྱི་བླང་བྱ་དང་མཐུན་ཞིང་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་དང་འཚམ་པའི་ཀུན་སྤྱོད་དང་བྱ་སྤྱོད་ཚད་ལྡན་ཅན་འཛུགས་སྐྱོང་མགྱོགས་པོ་བྱ་དགོས། ཁ་དན་ཚིག་གནས་ཀྱི་མ་ལག་ལེགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འབྲེལ་ཡོད་ལམ་ལུགས་དང་ཁྲིམས་ལུགས་མ་ལག་འཛུགས་དགོས། སྤྱི་པའི་རིག་གནས་ཐོན་རྫས་མཁོ་སྤྲོད་བྱེད་ནུས་དང་ཞབས་འདེགས་ཞུ་ནུས་ཆེ་རུ་བཏང་སྟེ་དབུས་ནུབ་ས་ཁུལ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་རྨང་གཞིའི་སྒྲིག་བཀོད་ལ་གཙོ་གནད་དུ་ཤུགས་སྣོན་བརྒྱབ་སྟེ་རིག་གནས་དམངས་ཀྱི་འདུ་འགོད་མུ་མཐུད་ལག་ལེན་བསྟར་དགོས། སྤྱི་ཕན་གྱི་རང་བཞིན་ལྡན་པའི་རིག་གནས་བྱ་གཞག་ལ་རོགས་སྐྱོར་དང་། རིག་གནས་ཤུལ་བཞག་སྲུང་སྐྱོང་དང་བཀོལ་སྤྱོད། རྒྱུན་འཛིན་བཅས་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་སྔར་ལས་དར་རྒྱས་ཕུན་སུམ་ཚོགས་སུ་གཏོང་དགོས། གསར་འགྱུར་དཔེ་སྐྲུན་དང་། རླུང་འཕྲིན་དང་གློག་བཪྙན་བཪྙན་འཕྲིན། རིག་གནས་སྒྱུ་རྩལ། ཡིག་ཚགས་ལས་དོན་བཅས་འཕེལ་རྒྱས་གཏོང་དགོས། དྲ་སྦྲེལ་བེད་སྤྱོད་དང་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། རིག་གནས་སྒྲིག་སྲོལ་སྒྱུར་བཅོས་ཟབ་སྤེལ་བྱས་ནས་གཉེར་སྐྱོང་གི་རང་བཞིན་ལྡན་པའི་རིག་གནས་སྡེ་ཚན་ཁེ་ལས་སུ་བསྒྱུར་བ་དང་སྒྲིག་གཞི་སྒྱུར་བཅོས་བྱེད་པར་སྐུལ་འདེད་ཧུར་ཐག་གཏོང་དགོས། རིག་གནས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་རིག་གནས་ཀྱི་གཉེར་སྐྱོང་རྣམ་པ་དཔེ་གསར་སྐྱེད་སྲིང་བྱས་ནས་རིག་གནས་ཐོན་ལས་རྒྱལ་དམངས་དཔལ་འབྱོར་གྱི་རྒྱབ་རྟེན་རང་བཞིན་ལྡན་པའི་ཐོན་ལས་སུ་འགྱུར་བར་སྐུལ་འདེད་གཏོང་དགོས། དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོ་ཤུགས་ཆེན་སྤེལ་ཏེ་མང་ཚོགས་ཀྱི་ལུས་རྩལ་དང་རྩལ་འགྲན་ལུས་རྩལ་མཐུན་སྦྱོར་ངང་གོང་དུ་འཕེལ་བར་བྱ་དགོས། ཕྱི་ཕྱོགས་སུ་རིག་གནས་དང་ལུས་རྩལ་སྤེལ་རེས་དང་མཉམ་ལས་བྱེད་པར་ཤུགས་སྣོན་བརྒྱབ་སྟེ་རྒྱལ་སྤྱིའི་ཐོག་ཀྲུང་ཧྭའི་རིག་གནས་ཀྱི་བག་ཆགས་རྒྱུན་མ་ཆད་པར་ཇེ་ཆེར་བཏང་ནས་ཀྲུང་ཧྭའི་རིག་གནས་རྒྱ་ཡངས་ལ་འོད་སྟོང་བསྐྱར་མ་འཕྲོད་དུ་ཆུག་ཅིག

        (བརྒྱད ) ཁྱབ་ཁོངས་གཙོ་གནད་སྒྱུར་བཅོས་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་དགོས།

        རྒྱལ་ཁབ་ལ་དབང་བའི་དཔལ་འབྱོར་འཐབ་ཇུས་ཀྱི་རང་བཞིན་ལྡན་པའི་ལེགས་སྒྲིག་བྱེད་པར་མུ་མཐུད་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་ལ་དབང་བའི་མ་རྩ་གཏོང་འཐེན་གང་འཚམ་དང་འཁོར་རྒྱུག་ལུགས་མཐུན་བྱེད་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། རྒྱལ་ཁབ་ལ་དབང་བའི་དངུལ་རྩའི་རྒྱུ་ནོར་དང་གཉེར་སྐྱོང་མིན་པའི་རྒྱུ་ནོར། རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་བཅས་ལ་ལྟ་སྐུལ་དོ་དམ་བྱེད་སྲོལ་འཐུས་ལེགས་སུ་བཏང་ནས་རྒྱལ་ཁབ་ལ་དབང་བའི་མངའ་ཁོངས་ཕྱི་རོལ་གྱི་རྒྱུ་ནོར་ལ་ལྟ་སྐུལ་དང་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས། སྤྱི་ལ་དབང་བ་མིན་པའི་དཔལ་འབྱོར་འཕེལ་རྒྱས་གཏོང་བར་མུ་མཐུད་ནས་བསྔགས་སྐུལ་དང་། རྒྱབ་སྐྱོར། ཁྲིད་སྟོན་བཅས་བྱ་དགོས། ནོར་ཤུགས་དང་དོན་གཅོད་དབང་ཆ་འཚམ་མཐུན་ཡོང་བའི་ནོར་ཁྲལ་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་བ་དང་། ཆེད་དམིགས་གཏོང་སྤྲོད་སྤོ་སྒྱུར་རྣམ་གྲངས་གཙང་བཤེར་དང་ཟླ་སྒྲིལ་བཏང་ནས་སྤྱིར་བཏང་གི་རང་བཞིན་ལྡན་པའི་གཏོང་སྤྲོད་སྤོ་སྒྱུར་རྣམ་གྲངས་མང་དུ་གཏོང་དགོས། རྫོང་རིམ་པའི་ནོར་ཤུགས་འགན་སྲུང་བྱེད་སྲོལ་འཐུས་ཚང་དུ་གཏོང་དགོས། ཐོན་སྐྱེད་ཀྱི་རང་བཞིན་ལྡན་པའི་ཞབས་ཞུའི་ལས་རིགས་ཁྱབ་ཁོངས་འགའ་ཤས་སུ་གནས་ཐང་འཕར་ཁྲལ་སྒྱུར་བཅོས་ཚོད་ལྟ་ཁྱབ་སྤེལ་གཏོང་བ་དང་། ཐོན་ཁུངས་ཀྱི་དཔྱ་ཁྲལ་སྒྱུར་བཅོས་བྱ་རྒྱུར་སྐུལ་འདེད་གཏོང་དགོས། སྔོན་རྩིས་དོ་དམ་ལམ་ལུགས་སྒྱུར་བཅོས་ཟབ་སྤེལ་བྱས་ནས་སྲིད་གཞུང་གི་རང་བཞིན་ལྡན་པའི་ཐེབས་རྩའི་སྔོན་རྩིས་འཆར་གཞི་ཆ་ཚང་བཟོ་བ་དང་། རྒྱལ་ཁབ་ལ་དབང་བའི་མ་རྩ་གཉེར་སྐྱོང་སྔོན་རྩིས་རྒྱག་ཁོངས་ཆེ་རུ་བཏང་ནས་སྤྱི་ཚོགས་ཀྱི་འགན་བཅོལ་ཐེབས་རྩའི་སྔོན་རྩིས་འཆར་གཞི་ཚོད་བཟོ་བྱ་དགོས། དངུལ་རྩའི་ཁེ་ལས་སྒྱུར་བཅོས་མུ་མཐུད་ཟབ་སྤེལ་བྱེད་པ་དང་དེང་རབས་ཀྱི་དངུལ་རྩའི་ཁེ་ལས་ལམ་ལུགས་མགྱོགས་མྱུར་འཛུགས་དགོས། གྲོང་གསེབ་ཀྱི་དངུལ་རྩའི་ལས་ཁུངས་དཔེ་གསར་སྐྱེད་སྲིང་གང་མགྱོགས་བྱ་དགོས། དངུལ་རྩའི་ཚོང་ར་མུ་མཐུད་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་དངུལ་རྩ་གསར་གཏོད་བྱེད་པར་བསྔགས་སྐུལ་བྱ་དགོས། སྐྱེད་ཀ་ཚོང་ར་ཅན་དུ་འགྱུར་བའི་སྒྱུར་བཅོས་བྱེད་པར་སྐུལ་འདེད་གཏོང་བ་དང་། མངའ་ཁོངས་ལས་བརྒལ་བའི་ཉོ་འཚོང་དང་མ་དངུལ་འཇོག་པའི་ཁྲོད་ཀྱི་མི་དམངས་ཤོག་སྒོར་བེད་སྤྱོད་བྱེད་ཁྱོན་ཆེ་རུ་གཏོང་དགོས། མི་དམངས་ཤོག་སྒོར་མ་རྩའི་རྣམ་གྲངས་འོག་བརྗེ་སྤྲོད་བྱེད་པར་སྐུལ་འདེད་གཏོང་དགོས། དངུལ་རྩའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་དང་ལེགས་བཅོས་བྱས་ནས་རྒྱུད་རིམ་ལྡན་པའི་དངུལ་རྩའི་ཉམས་ཉེན་སྔོན་ཚུད་ནས་ཉེན་བརྡ་གཏོང་བའི་མ་ལག་དང་ཐག་གཅོད་བྱེད་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས། བཅོས་སྣུམ་དང་རང་བྱུང་སོལ་རླངས་ཀྱི་རིན་གོང་ཆགས་སྲོལ་དང་གློག་རིན་གྱི་གོང་ཚད་སྣ་ཚོགས་གཏན་ལ་འབེབས་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ཆུ་རིན་སྒྱུར་བཅོས་ལ་སྐུལ་འདེད་གཏོང་དགོས། བཙོག་རིགས་འབུད་དབང་རིན་ལེན་བེད་སྤྱོད་དང་ཉོ་ཚོང་ཚོད་ལྟ་བྱ་རྒྱུའི་སྐོར་གྱི་ཁྲིད་སྟོན་བསམ་འཆར་ཞིབ་འཇུག་དང་གཏན་འབེབས་བྱ་དགོས། རིན་གོང་སྒྱུར་བཅོས་བྱེད་སྐབས་མི་དམངས་མང་ཚོགས་སྤྱི་དང་ཁྱད་པར་དུ་ཡོང་སྒོ་དམའ་བའི་མང་ཚོགས་ཀྱི་ཐེག་ནུས་ལ་བསམ་གཞིགས་གང་ཐུབ་བྱ་དགོས། སྲིད་གཞུང་དང་བྱ་ལས་སྡེ་ཚན་སོ་སོར་འབྱེད་པ་དང་། བྱ་ལས་སྡེ་ཚན་དང་ཁེ་ལས་སོ་སོར་འབྱེད་པ། དོ་དམ་དང་དོན་གཅོད་སོ་སོར་འབྱེད་པ། ཁེ་གཉེར་དང་ཁེ་གཉེར་མ་ཡིན་པ་དབྱེ་འབྱེད་བཅས་བྱ་དགོས་པའི་བླང་བྱ་ལྟར། བྱ་ལས་སྡེ་ཚན་རིགས་དབྱེ་སྒྱུར་བཅོས་བྱ་རྒྱུར་སྐུལ་འདེད་ཧུར་ཐག་དང་བརྟན་པོར་གཏོང་དགོས།

        (དགུ ) ཕྱི་ཕྱོགས་ལ་སྒོ་འབྱེད་པའི་ཆུ་ཚད་སྔར་ལས་ཇེ་མཐོར་གཏོང་དགོས།

        ཀྲུང་གོ་ཇི་ཙམ་གོང་འཕེལ་བྱུང་བ་ན་དེ་ཙམ་གྱིས་འཛམ་གླིང་དང་བྲལ་ཐབས་མེད། གཉིས་ཕན་མཉམ་ཁེའི་ཕྱོགས་མང་ཉོ་འཚོང་གི་འབྲེལ་བ་འཕེལ་རྒྱས་ཧུར་ཐག་བཏང་ནས་སྒོ་ཕྱེ་བའི་ཁྱབ་ཁོངས་དང་བར་སྟོང་གསར་པ་རྒྱུན་མ་ཆད་པར་གསར་གཏོད་བྱ་དགོས། ཏོ་ཧའི་ཕྱོགས་མང་ཉོ་ཚོང་གྲོས་མོལ་ལ་མུ་མཐུད་སྐུལ་འདེད་བཏང་སྟེ་ཉོ་ཚོང་སྲུང་སྐྱོང་རིང་ལུགས་སྣ་ཚོགས་ལ་ངོ་རྒོལ་བྱས་ཏེ་རྒྱལ་སྤྱིའི་དཔལ་འབྱོར་སྒྲིག་ལམ་དེ་བས་དྲང་གཞག་དང་། ལུགས་མཐུན། མཉམ་རྒྱལ་བཅས་ཀྱི་ཕྱོགས་སུ་སྤེལ་བར་སྐུལ་འདེད་གཏོང་དགོས།

        ཕྱི་ཕྱོགས་ཉོ་ཚོང་གོང་འཕེལ་གཏོང་སྟངས་ཏན་ཏིག་གིས་བསྒྱུར་རྒྱུ། གྲུབ་ཚུལ་ལེགས་འགྱུར་དང་ཕན་འབྲས་ཆེ་རུ་གཏོང་གང་ཐུབ་བྱེད་པའི་རྨང་གཞིའི་ཐོག་ཕྱི་ཕྱོགས་ཉོ་ཚོང་བརྟན་པོར་འཕར་བར་བྱ་དགོས། ཉོ་ཚོང་སྤྱིར་བཏང་པའམ་ཡང་ན་ཞིབ་ལས་ཉོ་ཚོང་ཕྱིར་གཏོང་གང་ཡིན་ལ་མ་བལྟོས་པར་ཚང་མས་ངལ་རྩོལ་ནུས་ཤུགས་ཀྱི་ཐོན་ཁུངས་བཟང་ཆ་མུ་མཐུད་དེ་འདོན་སྤེལ་བྱ་རྒྱུ་དང་། ནུས་ཁུངས་དང་ཐོན་ཁུངས་ཀྱི་ཟད་གྲོན་ཆུང་དུ་གཏོང་བ། ཐོན་ལས་འཁོར་འབྲེལ་རྩེར་སོན་དུ་སྣུར་སྲིང་བྱ་རྒྱུ། སྤུས་ཚད་དང་གནས་རིམ། ཟུར་སྣོན་རིན་ཐང་བཅས་མཐོ་རུ་གཏོང་དགོས། རང་བརྟེན་སྤུས་རྟགས་ཀྱི་ཐོན་རྫས་ཕྱི་རུ་གཏོང་ཁྱོན་མུ་མཐུད་དེ་ཆེ་རུ་གཏོང་བ་དང་། ཞབས་ཞུ་ཉོ་ཚོང་དང་ཞབས་ཞུ་ཕྱིར་འགན་གཙང་སྤྲོད་རྒྱུ་གོང་འཕེལ་ཤུགས་ཆེན་བཏང་སྟེ་ཞབས་ཞུའི་ཉོ་ཚོང་གི་བསྡུར་ཚད་རྒྱུན་མ་ཆད་པར་ཇེ་མཐོར་གཏོང་རྒྱུ། ནང་འདྲེན་དང་ཕྱིར་གཏོང་གལ་ཆེ་མཉམ་བརྩི་མཐའ་འཁྱོངས་བྱས་ནས་ལག་རྩལ་སྒྲིག་ཆས་སྔོན་ཐོན་ཅན་དང་། འགག་རྩའི་ལྷུ་ལག་ཆེ་ཆུང་དང་ནུས་ཁུངས་ཀྱི་རྒྱུ་ཆ་དང་རྒྱུ་ཆས་ནང་འདྲེན་བྱེད་རྒྱ་ཆེ་རུ་གཏོང་བ། དར་རྒྱས་གཏན་ནས་བྱུང་མེད་པའི་རྒྱལ་ཁབ་དང་དྲང་ཁྱད་བྱུང་བའི་རྒྱལ་ཁབ་གཙོ་བོ་ནས་ནང་འདྲེན་འཕར་སྣོན་བྱེད་པར་སྐུལ་སྤེལ། ཉོ་ཚོང་དོ་མཉམ་མིན་པའི་གནས་ཚུལ་རིམ་གྱིས་ལེགས་བཅོས་བཅས་བྱས་ནས་ཉོ་ཚོང་གི་འགལ་བ་ཐག་གཅོད་འོས་འཚམ་བྱ་དགོས། ཕྱི་ཕྱོགས་ལ་མ་དངུལ་འཇོག་པ་དང་ཕྱི་རྒྱལ་གྱི་མ་དངུལ་བེད་སྤྱོད་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་བྱ་དགོས། “ཕྱིར་བསྐྱོད་པའི་”འཐབ་ཇུས་ལག་བསྟར་མགྱོགས་སུ་བསྟར་བ་དང་། འབྲེལ་ཡོད་ཀྱི་རོགས་སྐྱོར་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ། ཞིབ་མཆན་འགོད་པའི་འགྲོ་ལུགས་སྟབས་བདེ་བཟོས་ནས། ཆ་རྐྱེན་འཛོམས་པའི་ཁེ་ལས་དང་སྒེར་གྱིས་རྒྱལ་ཁོངས་ཕྱི་རུ་མ་དངུལ་འཇོག་པར་སྟོབས་བདེ་བསྐྲུན་དགོས། ཁེ་ལས་ཀྱིས་གོ་རིམ་ལྡན་པའི་སྒོ་ནས་རྒྱལ་ཁོངས་ལས་བརྒལ་བའི་བདག་གཉེར་ཧུར་ཐག་བྱེད་པར་བསྔགས་སྐུལ་བྱ་དགོས། ཕྱི་ཕྱོགས་ལ་མ་དངུལ་འཇོག་པར་སྤྱི་ཁོག་ནས་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མ་དངུལ་འཇོག་པར་སྐུལ་འདེད་དང་སྲུང་སྐྱོང་བྱེད་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། མ་དངུལ་འཇོག་པའི་ཉམས་ཉེན་འགོག་ཟོན་བཅས་བྱས་ཏེ་ཕྱི་རྒྱལ་གྱི་མ་དངུལ་བེད་སྤྱོད་ནུས་ལྡན་ཧུར་ཐག་བྱེད་པའི་བྱེད་ཕྱོགས་མཐའ་འཁྱོངས་བྱས་ནས་སྔོན་ཐོན་གྱི་ལག་རྩལ་དང་ཤེས་ལྡན་པ། རིག་སྟོབས་ཐོན་ཁུངས་བཅས་ནང་འདྲེན་བྱེད་པར་མཐོང་ཆེན་དང་། རྒྱལ་ཁོངས་ལས་བརྒལ་བའི་ཀུང་སིས་ཀྲུང་གོར་ཞིབ་འཇུག་གསར་སྤེལ་ལྟེ་གནས་འཛུགས་པར་བསྔགས་སྐུལ་བྱས་ཏེ་ཕྱི་རྒྱལ་གྱི་མ་དངུལ་བེད་སྤྱོད་བྱེད་པའི་སྤྱིའི་ཆུ་ཚད་དང་ཕྱོགས་བསྡུས་ཀྱི་ཕན་འབྲས་མཐོ་རུ་ཏན་ཏིག་གཏོང་དགོས། ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་འཇོག་པའི་ཐོན་ལས་ཀྱི་དཀར་ཆག་བཟོ་བཅོས་རྒྱག་རྒྱུ་དམ་འཛིན་བྱས་ནས་ཕྱི་རྒྱལ་གྱི་མ་དངུལ་ལག་རྩལ་མཐོ་གསར་དང་། ནུས་སྲི་ཁམས་སྲུང་། དེང་རབས་ཀྱི་ཞབས་ཞུའི་ལས་རིགས་སོགས་པའི་ཁྱབ་ཁོངས་དང་དབུས་ནུབ་ས་ཁུལ་ལ་འཇོག་པར་བསྔགས་སྐུལ་བྱ་དགོས།

        (བཅུ )སྲིད་དོན་གཙང་སྐྱོང་དང་རུལ་སུངས་ལ་རྒོལ་བའི་ལས་དོན་སྒྲུབ་ཤུགས་ཆེ་རུ་གཏོང་དགོས།

        སྲིད་དོན་གཙང་སྐྱོང་གི་སྲིད་གཞུང་འཛུགས་སྐྱོང་བྱ་རྒྱུ་ནི་རྒྱུན་རིང་ལ་མཁོ་གལ་ཆེ་བའི་ལས་འགན་ཞིག་ཡིན་པ་དང་། མི་དམངས་ཀྱི་ཁ་ཞེ་གཉིས་མེད་ཀྱི་རེ་བ་རེད། རུལ་རྒོལ་གཙང་སྤེལ་བྱེད་རིང་གི་གནད་དོན་མངོན་གསལ་དོད་པོ་ཐག་གཅོད་གང་མགྱོགས་དང་། རུལ་སུངས་ལ་ཆད་པ་གཅོད་པ་དང་སྔོན་འགོག་བྱེད་པའི་མ་ལག་ལེགས་སྐྱོང་ཏན་ཏིག་བྱས་ཏེ་གྱོད་གཞི་ཆེ་གྲས་དང་གནད་ཆེའི་གྱོད་གཞི་ཐག་གཅོད་བྱ་རྒྱུ་དེ་རུལ་སུངས་ལ་རྒོལ་བའི་བྱེད་ཐབས་གལ་ཆེན་དུ་འཛིན་རྒྱུ་དང་དུས་མཚུངས་ལམ་ལུགས་ལེགས་སྐྱོང་ལ་དེ་བས་ཀྱང་ཡིད་གཟབ་བྱ་དགོས། གཅིག་ནས་སྲིད་གཞུང་གི་ལས་དོན་མི་སྣས་དབང་ཆར་བརྟེན་ནས་སྒེར་ཕན་གཉེར་བ་དང་འགན་འཛོལ་གིས་དབང་ཆར་གནོད་རིགས་བཅོས་སྐྱོང་ནན་པོར་བྱ་དགོས། ལས་གྲྭ་སྐྲུན་པ་དང་། ས་ཆ་བཀོལ་སྤྱོད་བྱེད་དབང་བཤུག་སྤྲོད། གཏེར་ཁའི་ཐོན་ཁུངས་གསར་སྤེལ། རྒྱལ་ཁབ་ལ་དབང་བའི་ཐོན་ལས་བདག་དབང་ཉོ་འཚོང་། སྲིད་གཞུང་གི་ཉོ་སྒྲུབ་སོགས་ཁྱབ་ཁོངས་གལ་ཆེན་དུ་མཆིས་པའི་གནད་དོན་ལ་དམིགས་ཏེ་ཁྲིམས་འགལ་སྒྲིག་འགལ་གྱི་གྱོད་དོན་ཞིབ་བཤེར་ཐག་གཅོད་བྱེད་པའི་ལས་དོན་སྒྲུབ་ཤུགས་ཆེ་རུ་བཏང་ནས་རུལ་སུངས་པར་ཆད་པ་མཐའ་གཅིག་ཏུ་གཅོད་དགོས། གཉིས་ནས་སྤྱོད་གཙང་རང་གཅུན་ཆེ་རུ་ཏན་ཏིག་བཏང་སྟེ། 《སྲིད་དོན་གཙང་སྐྱོང་གི་ཚད་གཞི 》ལག་བསྟར་དང་དོན་འཁྱོལ་ནན་ཏན། འགོ་ཁྲིད་ལས་བྱེད་པའི་ཡོང་འབབ་དང་། ཁང་ཁོངས། མ་དངུལ་འཇོག་ཚུལ་དེ་བཞིན་བཟའ་ཟླ་དང་བུ་ཕྲུག་ལས་ཀར་ཞུགས་ཚུལ་དང་ཕྱི་རྒྱལ (མངའ་ཁོངས )ལ་ཕྱིར་སྡོད་གནས་སྤོ་སོགས་བྱས་ཚུལ་དུས་བཀག་ལྟར་སྙན་ཞུ་འབུལ་བའི་ལམ་ལུགས་ནན་ཏན་གྱིས་དོན་འཁྱོལ་བྱས་ནས་རང་རྟོགས་ཀྱིས་ལྟ་སྐུལ་དང་ལེན་ཞུ་དགོས། རྩིས་བཤེར་དང་ལྟ་སྐུལ་ཞིབ་བཤེར་གྱི་ལས་དོན་སྒྲུབ་ཤུགས་ཆེ་རུ་གཏོང་དགོས་པ་དང་། སྲིད་འཛིན་ལས་ཁུངས་ཀྱི་འགོ་ཁྲིད་ལས་བྱེད་པ་དང་རྒྱལ་ཁབ་ལ་དབང་བའི་ཁེ་ལས་དང་བྱ་ལས་སྡེ་ཚན་གྱི་འགན་འཁུར་པར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས། གསུམ་ནས་རྒྱས་སྤྲོས་ཆུད་ཟོས་དང་ཕྱི་ཚུལ་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱ་དགོས། གྲོས་ཚོགས་དང་། ཡིག་ཆ་ཁུ་བསྡུ་བྱ་དགོས་པ་དང་། ཚད་ལོན་དང་། དཔྱད་བསྡུར། གཟེངས་བསྟོད་བཅས་དང་དེ་བཞིན་གླེང་སྟེགས། རྟེན་འབྲེལ་མཛད་སྒོ་སོགས་ཀྱི་བྱེད་སྒོ་གཙང་བཤེར་དང་ཚད་ལྡན་བཟོས་ནས་གྲོན་དངུལ་ཐོག་ནས་ཚོད་འཛིན་ནན་པོར་བྱ་དགོས། གཞུང་དོན་དུ་རླངས་འཁོར་བགོ་སྒྲིག་དོ་དམ་ཚད་ལྡན་བྱེད་པ་མ་ཟད་གཞུང་དོན་དུ་རླངས་འཁོར་སྤྱོད་པའི་ལམ་ལུགས་སྒྱུར་བཅོས་བྱེད་པར་ཡང་སྐུལ་སྤེལ་ཧུར་ཐག་གཏོང་དགོས། ནོར་སྲིད་ཀྱི་སྔོན་རྩིས་ཡོངས་བསྒྲགས་བྱ་རྒྱུ་མགྱོགས་སུ་བཏང་ནས་སྲིད་གཞུང་གིས་དངུལ་མང་ཉུང་ཇི་ཙམ་བཏང་མིན་དང་། བྱ་བ་གང་དག་སྒྲུབ་མིན་མི་དམངས་ལ་ཤེས་སུ་འཇུག་དགོས། སྲིད་གཞུང་རིམ་པ་ཁག་ཚང་མས་མི་དམངས་ཀྱི་དོན་དུ་བྱ་བ་སྒྲུབ་གང་ཐུབ་བྱ་དགོས་པ་དང་། གཞུང་ཞབས་པ་ཡོངས་རྫོགས་ངོ་མ་མི་དམངས་ཀྱི་སྤྱི་ཞབས་པར་འགྱུར་བར་བྱ་དགོས།

        འཐུས་མི་རྣམ་པ།

        མི་རིགས་ཁག་གི་མཐུན་སྒྲིལ་ཆེན་པོ་སྲ་བརྟན་དང་གོང་འཕེལ་གཏོང་བ་དེ་ནི་རྒྱལ་ཁབ་ཡུན་རིང་བདེར་འགོད་དང་དར་རྒྱས་གོང་འཕེལ་གཏོང་བའི་རྩ་བའི་འགན་ལེན་ཡིན་པ་དང་། མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་ཁེ་ཕན་ལ་ཐུག་ས་རེད། མི་རིགས་ས་ཁོངས་རང་སྐྱོང་གི་ལམ་ལུགས་མཐའ་སྐྱོང་དང་འཐུས་སྒོ་ཚང་དུ་བཏང་སྟེ་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གོང་དུ་སྤེལ་བར་རོགས་སྐྱོར་བྱེད་པའི་སྐོར་གྱི་ཀྲུང་དབྱང་གི་སྲིད་ཇུས་དང་བྱ་ཐབས་ཁྱོན་ཡོངས་ནས་དོན་འཁྱོལ་བྱ་དགོས། མི་འབོར་ཅུང་ཉུང་བའི་མི་རིགས་གོང་དུ་སྤེལ་བར་རོགས་སྐྱོར་དང་། མཐའ་དར་དམངས་ཕྱུག་བྱ་བར་སྐུལ་སྤེལ། གྲངས་ཉུང་མི་རིགས་ཀྱི་ལས་དོན་གོང་འཕེལ་གཏོང་བའི་སྐོར་གྱི་ལོ་ལྔའི་འཆར་འགོད་བཟོ་བ་དང་ལག་བསྟར་བྱ་དགོས། ང་ཚོས་མཐུན་སྒྲིལ་ཡར་བརྩོན་གྱིས་མདུན་སྐྱོད་བྱས་ཏེ་ལྷན་དུ་ཀྲུང་ཧྭ་མི་རིགས་དར་རྒྱས་གོང་འཕེལ་གཏོང་བའི་ལོ་རྒྱུས་ཀྱི་ལེ་ཚན་གསར་པ་གཏོད་དགོས།

        ཏང་གི་ཆོས་ལུགས་ལས་དོན་སྐོར་གྱི་གཞི་རྩའི་བྱེད་ཕྱོགས་སྒོ་ཀུན་ནས་ལག་ལེན་མཐར་ཕྱིན་བྱས་ནས 《ཆོས་ལུགས་ལས་དོན་གྱི་སྲོལ་ཡིག 》དོན་འཁྱོལ་གཏིང་ཟབ་དང་། དཔལ་འབྱོར་གོང་སྤེལ་དང་སྤྱི་ཚོགས་འཆམ་མཐུན་ཡོང་བར་བྱེད་སྐབས་ཆོས་ལུགས་ལས་རིགས་མི་དྲག་དང་ཆོས་དད་མང་ཚོགས་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་དགོས།

        ཕྱིར་སྡོད་རང་མིའི་ལས་དོན་ལ་མུ་མཐུད་ནས་ཤུགས་སྣོན་བརྒྱབ་སྟེ་ཕྱིར་སྡོད་རང་མིའི་ལུགས་མཐུན་གྱི་ཁེ་དབང་སྲུང་སྐྱོང་དང་ཕྱིར་སྡོད་སྤུན་ཟླ་དང་ཕྱིར་སྡོད་རང་མིའི་ཁྱིམ་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་ནས་མེས་རྒྱལ་གཅིག་གྱུར་དང་མི་རིགས་དར་རྒྱས་ཡོང་བ་བྱེད་སྐབས་ཁོང་ཚོའི་ནུས་པ་དམིགས་བསལ་འདོན་སྤེལ་གང་ལེགས་བྱ་དགོས།

        འཐུས་མི་རྣམ་པ།

        རྒྱལ་མཚམས་བརྟན་སྲུང་དང་། མི་དམངས་ཀྱི་དམག་དཔུང་སྟོབས་ལྡན་འཛུགས་སྐྱོང་བྱ་རྒྱུ་ནི་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་གྱི་ཁེ་ཕན་བཅས་སྲུང་བ་དང་འབྱོར་འབྲིང་གི་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འགན་སྲུང་གལ་ཆེན་ཞིག་རེད། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཁྱོན་ཡོངས་ལ་རྩེ་གཅིག་ཏུ་དམིགས་ནས་དུས་རབས་གསར་པ་དང་དུས་རིམ་གསར་པའི་ནང་རང་དམག་གི་ལོ་རྒྱུས་ལས་འགན་ཕན་ནུས་ལྡན་པའི་སྒོ་ནས་སྒྲུབ་པར་དམིགས་ཏེ་ཁྱོན་ཡོངས་ནས་དམག་དཔུང་གསར་བརྗེ་ཅན་དང་། དེང་རབས་ཅན། ཚད་ལྡན་ཅན་བཅས་སུ་འགྱུར་བའི་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ། ཆ་འཕྲིན་ཅན་དུ་གྱུར་པའི་ཆ་རྐྱེན་འོག་དམག་འཁྲུག་ཆ་ཤས་རྣམ་པར་རྒྱལ་བར་བྱེད་པའི་ནུས་པ་གཙོ་བོར་འཛིན་པའི་དམག་དོན་གྱི་ལས་འགན་སྣ་ཚོགས་ལེགས་འགྲུབ་བྱེད་པའི་ནུས་པ་རྒྱུན་མི་ཆད་པར་ཆེ་རུ་གཏོང་དགོས། བསམ་བློ་དང་ཆབ་སྲིད་ལེགས་སྐྱོང་ཨང་དང་པོར་འཛིན་རྒྱུ་མཐའ་འཁྱོངས་བྱ་དགོས་པ་དང་། ཆ་འཕྲིན་གྱི་ཆ་རྐྱེན་འོག་ཏུ་དམག་དོན་སྦྱོང་བརྡར་ཧུར་ཐག་བྱ་དགོས། ཁྱོན་ཡོངས་ནས་དེང་རབས་ཅན་དུ་འགྱུར་བའི་རྒྱབ་ཕྱོགས་ཀྱི་མཁོ་སྒྲུབ་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས། དམག་དམངས་མཉམ་འདྲེས་ཀྱིས་གོང་དུ་སྤེལ་བར་སྐུལ་འདེད་གཏོང་དགོས་པ་དང་། རྒྱལ་སྲུང་ཚན་ཞིབ་དང་གོ་མཚོན་དང་སྒྲིག་ཆས་བཟོ་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་ཧུར་ཐག་དང་བརྟན་པོའི་སྒོ་ནས་བྱ་དགོས། ཁྲིམས་མཐུན་ལྟར་དམག་སྐྱོང་དང་དམག་སྐྱོང་ནན་པོར་བྱ་རྒྱུ་མཐའ་འཁྱོངས་དང་། ཉེན་སེལ་གུད་སྐྱོབ་སོགས་པའི་བྲེལ་དཀའ་ཉེན་ལྕིའི་ལས་འགན་མཐའ་གཅིག་ཏུ་ལེགས་འགྲུབ་བྱ་དགོས། དེང་རབས་ཅན་དུ་འགྱུར་བའི་ཉེན་རྟོག་དྲག་དཔུང་གི་སྟོབས་ཤུགས་འཛུགས་སྐྱོང་བྱ་རྒྱུ་དང་། སྲུང་བྱ་ཇེ་དམ། གློ་བུར་དུ་བྱུང་བའི་དོན་རྐྱེན་ཐག་གཅོད། འཇིགས་གཏུམ་ལ་རྒོལ་བ་དང་བརྟན་ལྷིང་སྲུང་ནུས་ཆེ་རུ་གཏོང་དགོས། རྒྱལ་སྲུང་ལ་སྐུལ་སློང་དང་རྗེས་གྲབས་སྟོབས་ཤུགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་དམག་སྲིད་དང་དམག་དམངས་བར་གྱི་མཐུན་སྒྲིལ་སྲ་བརྟན་དང་གོང་འཕེལ་གཏོང་དགོས།

        འཐུས་མི་རྣམ་པ།

        “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས ”དང་། “ཤང་ཀང་བས་ཤང་ཀང་སྐྱོང་བ ”“ཨའོ་མོན་པས་ཨའོ་མོན་སྐྱོང་བ ” རང་སྐྱོང་ཚད་མཐོ་བྱེད་པ་བཅས་ཀྱི་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཤང་ཀང་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གཉིས་ཀྱིས་དཔལ་འབྱོར་གོང་དུ་སྤེལ་བའི་ནུས་ཤུགས་ཡོད་དགུ་འདོན་པར་རོགས་སྐྱོར་བྱས་ཏེ་དམངས་འཚོ་ལེགས་བཅོས་བྱ་དགོས། རྒྱལ་སྤྱིའི་དངུལ་རྩ་དང་། ཉོ་ཚོང་། མཚོ་ཐོག་སྐྱེལ་འདྲེན་བཅས་ཤང་ཀང་གི་ལྟེ་གནས་གོ་བབ་སྲ་བརྟན་དང་ཇེ་མཐོར་གཏོང་བར་རོགས་སྐྱོར་བྱ་དགོས། ཨའོ་མོན་གྱིས་འཛམ་གླིང་གི་ཡུལ་སྐོར་སྤྲོ་གསེང་ལྟེ་གནས་འཛུགས་སྐྱོང་བྱེད་པར་རོགས་སྐྱོར་དང་། དཔལ་འབྱོར་སྣེ་མང་གོང་སྤེལ་འཚམ་པོར་གཏོང་བར་སྐུལ་འདེད་བྱ་རྒྱུ་དང་། རྒྱལ་ཁབ་སྤྱི་ཡོངས་ནས་གོང་དུ་སྤེལ་བའི་འཐབ་ཇུས་ནང་ཞང་ཀང་དང་ཨའོ་མོན་གྱི་དམིགས་བསལ་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས། ནང་ས་ནས་ཤང་ཀང་དང་ཨའོ་མོན་བར་མཉམ་ལས་བྱེད་པའི་རྐྱེན་སྲོལ་དུ་འགྱུར་བའི་ཆུ་ཚད་སྔར་ལས་མཐོ་རུ་གཏོང་རྒྱུ་དང་། ཀོང་ཏུང་དང་། ཤང་ཀང་། ཨའོ་མོན་བཅས་བར་ས་ཁོངས་མཉམ་ལས་ཟབ་ཏུ་གཏོང་བར་རོགས་སྐྱོར་བྱས་ནས་གཉིས་ཕན་མཉམ་རྒྱལ་ཡོང་བར་བྱ་དགོས། ཀྲུང་ཧྭ་མི་རིགས་དར་རྒྱས་རླབས་ཆེན་ཡོང་བར་བྱེད་པའི་ལོ་རྒྱུས་ཀྱི་རྒྱུད་རིམ་ནང་མེས་རྒྱལ་ནང་ཁུལ་གྱི་མི་དམངས་ཀྱིས་སྤུན་ཟླ་ཤང་ཀང་པ་དང་ཨའོ་མོན་པ་དག་དང་ལག་གདང་སྦྲེལ་ནས་མདུན་དུ་བསྐྱོད་དེ་མེས་རྒྱལ་རླབས་པོ་ཆེའི་བརྗིད་ཉམས་དང་གཟི་བརྗིད་དཔལ་འབར་མཉམ་དུ་ལོངས་སྤྱོད་བྱ་རྒྱུ་ཡིན།

        ང་ཚོས་གནས་བབ་གསར་པའི་འོག་མཚོ་འགག་ངོགས་གཉིས་ཀྱི་འབྲེལ་བ་གོང་དུ་སྤེལ་བ་དང་མེས་རྒྱལ་ཞི་བས་གཅིག་གྱུར་བྱེད་པའི་སྲིད་ཇུས་དང་བྱེད་ཕྱོགས་གནད་ཆེ་དང་སྲིད་ཇུས་ཁག་མཐའ་འཁྱོངས་བྱ་དགོས། མཚོ་འགག་ངོགས་གཉིས་བར་མུ་མཐུད་གྲོས་མོལ་བྱེད་པ་དང་། མཚོ་འགག་ངོགས་གཉིས་བར་དཔལ་འབྱོར་མཉམ་ལས་བྱེད་པའི་འཆར་གཞིའི་གྲོས་མཐུན་དོན་འཁྱོལ་ཧུར་ཐག་བྱས་ནས་ཐོན་ལས་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གསར་དར་ཐོན་ལས་དང་དངུལ་རྩ་སོགས་དེང་རབས་ཀྱི་ཞབས་ཞུའི་ལས་རིགས་ཀྱི་མཉམ་ལས་གོང་འཕེལ་མགྱོགས་སུ་གཏོང་དགོས། ཆ་རྐྱེན་འཛོམས་པའི་སྐམ་ས་ཆེན་པོའི་ཁེ་ལས་ཐའེ་དབན་ལ་མ་དངུལ་འཇོག་པར་བསྐྱོད་པར་རོགས་སྐྱོར་བྱ་དགོས། ངོགས་གཉིས་པོ་སྤེལ་རེས་དང་མཉམ་ལས་བྱེད་སྐབས་མཚོ་འགག་ནུབ་ངོགས་དཔལ་འབྱོར་ཁུལ་གྱིས་སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱེད་པའི་ནུས་པ་འདོན་སྤེལ་བྱེད་པར་རོགས་སྐྱོར་བྱ་རྒྱུ་དང་། མཚོ་འགག་ངོགས་གཉིས་པོའི་སྤྱི་ཚོགས་ཀྱི་ལས་རིགས་ཁག་བར་སྤེལ་རེས་ཟབ་ཏུ་གཏོང་བ་དང་། མཚོ་འགག་ངོགས་གཉིས་བར་རིག་གནས་དང་སློབ་གསོ་མཉམ་ལས་ཧུར་ཐག་ངང་གོང་འཕེལ་གཏོང་བ། མཚོ་འགག་ངོགས་གཉིས་ཆབ་སྲིད་ཐོག་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། མཚོ་འགག་ངོགས་གཉིས་བར་གྱི་འབྲེལ་བ་ཞི་བས་གོང་དུ་སྤེལ་བའི་ཆབ་སྲིད་རྨང་གཞི་བརྟན་དུ་གཏོང་བ། མཚོ་འགག་ངོགས་གཉིས་བར་གྱི་འབྲེལ་བ་ཞི་བས་གོང་དུ་སྤེལ་བའི་རྣམ་པ་བཟང་པོ་ལྷན་དུ་སྲུང་སྐྱོང་བྱ་དགོས། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་གིས་མུ་མཐུད་དེ་ཐུན་མོང་ཐོག་འབད་བརྩོན་ལྷོད་མེད་བྱས་ཕྱིན། མེས་རྒྱལ་ཞི་བས་གོང་བུ་གཅིག་གྱུར་བྱེད་པའི་བྱ་གཞག་ཆེན་པོ་མངོན་འགྱུར་ཡོང་ངེས་ཡིན་པར་ང་ཚོས་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད།

        འཐུས་མི་རྣམ་པ།

        ལོ་གསར་པའི་ནང་ང་ཚོས་མུ་མཐུད་དེ་ཞི་བདེ་དང་། གོང་སྤེལ། མཉམ་ལས་བཅས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས་རང་བཙན་རང་བདག་གི་ཞི་བའི་ཕྱི་འབྲེལ་སྲིད་ཇུས་མཐའ་འཁྱོངས་དང་། ཞི་བས་གོང་དུ་སྤེལ་བའི་བགྲོད་ལམ་དུ་བསྐྱོད་པ་མཐའ་འཁྱོངས། གཉིས་ཕན་མཉམ་རྒྱལ་གྱི་སྒོ་འབྱེད་འཐབ་ཇུས་ལག་བསྟར་མཐའ་འཁྱོངས། ཡུན་རིང་ཞི་བདེ་དང་མཉམ་དུ་དར་རྒྱས་ཡོང་བར་བྱེད་པའི་འཆམ་མཐུན་གྱི་འཇིག་རྟེན་འཛུགས་སྐྱོང་བྱེད་པར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བཅས་བྱས་ནས་རང་རྒྱལ་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་བྱེད་པར་དགེ་མཚན་སྔར་ལས་ཆེ་བའི་ཕྱི་ཕྱོགས་ཀྱི་ཁོར་ཡུག་དང་ཆ་རྐྱེན་བསྐྲུན་དགོས།

        ང་ཚོས་རྒྱལ་ཁབ་ཆེ་རིགས་གཙོ་བོའི་བར་གྱི་འབྲེལ་བ་སྐྱོན་བྲལ་ངང་གོང་འཕེལ་བརྟན་པོ་ཡོང་བ་དང་གྲོས་མོལ་མཉམ་ལས་ཧུར་ཐག་བྱས་ཏེ་ཐུན་མོང་གི་ཁེ་ཕན་དང་མཉམ་ལས་བྱེད་པའི་རྨང་གཞི་རྒྱ་ཆེ་རུ་གཏོང་དགོས། “ཁྱིམ་མཚེས་གྲོང་པ་སེམས་བཟང་། ཁྱིམ་མཚེས་གྲོང་པ་གདང་སྦྲེལ་”ཟེར་བ་ལྟར་མཐའ་འཁོར་གྱི་ཕྱི་འབྲེལ་བྱེད་ཕྱོགས་མཐའ་འཁྱོངས་བྱས་ནས་མཐའ་སྐོར་གྱི་རྒྱལ་ཁབ་བར་གྱི་ཁྱིམ་མཚེས་མཛའ་མཐུན་གྱི་མཉམ་ལས་འབྲེལ་བ་ཟབ་ཏུ་སྤེལ་ཏེ་ས་ཁོངས་དང་ས་ཁོངས་ཕལ་པའི་བར་མཉམ་ལས་བྱེད་རིམ་ལ་སྐུལ་སྤེལ་གཏོང་དགོས། དར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དག་དང་སྲོལ་རྒྱུན་ལྡན་པའི་མཛའ་མཐུན་མཉམ་ལས་འབྲེལ་བ་དམ་དུ་བཏང་སྟེ་མཉམ་ལས་ཀྱི་གྲུབ་འབྲས་སྔར་ལས་ལྷག་པར་དོན་འཁྱོལ་དང་རྒྱ་སྐྱེད་གཏོང་བ་དང་། མཉམ་ལས་བྱེད་སྟངས་གསར་གཏོད་དང་རྐྱེན་སྲོལ་འཛུགས་སྐྱོང་བྱེད་པར་སྐུལ་འདེད་གཏོང་དགོས། ཕྱོགས་མང་ཕྱི་འབྲེལ་ཧུར་ཐག་གིས་སྤེལ་ཏེ་རྒྱལ་ཁབ་ཉི་ཤུའི་ཚོགས་ཁག་གི་འགོ་གཙོའི་ཚོགས་འདུ་སོགས་སྟེགས་བུ་གཙོ་བོར་བཟུང་སྟེ་སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒྱལ་སྤྱིའི་དཔལ་འབྱོར་དངུལ་རྩའི་མ་ལག་སྒྱུར་བཅོས་བྱེད་པར་སྐུལ་འདེད་གཏོང་བ། འཛམ་གླིང་གི་དཔལ་འབྱོར་སྟོབས་དང་ལྡན་ཞིང་། རྒྱུན་མཐུད། དོ་མཉམ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ཐོག རྟག་གླེང་གནད་དོན་དང་འཛམ་གླིང་ཧྲིལ་པོའི་གནད་དོན་ཐག་གཅོད་པར་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་པའི་སྐུལ་འདེད་བཏང་སྟེ་འཁུར་དགོས་པའི་རྒྱལ་སྤྱིའི་འགན་འཁྲི་དང་འོས་འགན་བསྒྲུབ་དགོས། ཀྲུང་གོའི་སྲིད་གཞུང་དང་མི་དམངས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་ཉེན་ཁའི་འགྲན་སློང་ལ་ཁ་གཏད་དེ་གོང་དུ་སྤེལ་བའི་གོ་སྐབས་མཉམ་སྤྱོད་བྱས་ནས་མིའི་རིགས་ཞི་བདེ་དང་གོང་འཕེལ་ཡོང་བར་བྱེད་པའི་བྱ་གཞག་བླ་ན་མེད་དོན་དུ་བྱས་རྗེས་གསར་པ་འཇོག་རྒྱུ་ཡིན།

        འཐུས་མི་རྣམ་པ།

        སྔོན་ཆད་ཕྱིར་དྲན་བྱེད་སྐབས། ང་ཚོས་འོད་སྟོང་འབར་བའི་བྱས་རྗེས་སྤྱིར་བཏང་མིན་པ་བཞག་པ་དང་། མ་འོངས་པར་རྒྱང་བལྟ་བྱེད་སྐབས། ང་ཚོ་རྒྱལ་ཁབ་ཀྱི་མདུན་ལམ་བཟང་པོར་ཡིད་ཆེས་ཀྱིས་ཁེངས་ཡོད། བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་དབུ་ཁྲིད་འོག་ང་ཚོས་ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ་འགྲན་སློང་སྣ་ཚོགས་ལ་དཔའ་ངར་ཆེན་པོས་ཁ་གཏད་འཇལ་བ་དང་། གསར་གཏོད་ཡར་བརྩོན་དང་། མཐུན་སྒྲིལ་འབད་འཐབ། ལས་དོན་ཏན་ཏིག་ངང་སྒྲུབ་པ། “ལོ་ལྔ་ཚན་བཅུ་གཉིས་པ ”འགོ་ལེགས་པོར་ཚུགས་ཐུབ་པའི་འབད་བརྩོན་བཅས་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་རླབས་པོ་ཆེ་མུ་མཐུད་དེ་གོང་དུ་སྤེལ་དགོས།

        (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་15ཉིན་འབྱོར་བའི་གློག་འཕྲིན )

        (རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་ཡིག་སྒྱུར་ཚོགས་ཆུང་གིས་བསྒྱུར་བ་གཞིར་བཟུང )

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།