བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན།
བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་ཀྲང་། ཀྲང་ཕེའི་ཀྲུང་གིས།
ཟླ་1ཚེས་12ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་ཚོགས་འདུ་ཐེངས་བཞི་པའི་ཐོག་བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་ཀྲང་ཀྲང་ཕེའི་ཀྲུང་གིས་ལས་དོན་སྙན་སྒྲོན་གནང་བཞིན་པ།
འཐུས་མི་རྣམ་པ།
ད་ལྟ་ངས་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཚབ་ཞུས་ཏེ་ཚོགས་ཆེན་ལ་ལས་དོན་སྙན་སྒྲོན་ཞུ་རྒྱུ་ཡིན་པས་གྲོས་ཞིབ་ཡོད་པ་ཞུ་རྒྱུ་དང་འབྲེལ་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་རྣམ་པ་དང་། ཟུར་ཞུགས་བློ་མཐུན་རྣམ་པས་ཀྱང་དགོངས་འཆར་འདོན་རོགས་གནང་།
2010ལོ་ནི་རང་ལྗོངས་ཀྱི་ཞིབ་དཔྱོད་བྱ་གཞག་གོང་འཕེལ་གཏོང་བའི་འཕེལ་རིམ་ནང་གལ་ཆེའི་དོན་སྙིང་ལྡན་པའི་ལོ་ཞིག་ཡིན། དེ་ཡང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་སྐོང་ཚོགས་གནང་བ་དང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་རྒྱལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཁག་ནས་བོད་སྐྱོར་བྱེད་རྒྱུའི་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་སྐོང་ཚོགས་གནང་བ། རང་སྐྱོང་ལྗོངས་ཏང་ཨུད་དང་མི་དམངས་འཐུས་ཚོགས་ཀྱིས་ཆེད་མངགས་ཞིབ་དཔྱོད་ལས་དོན་གྱི་སྙན་ཞུ་གསན་པ། ཞིབ་དཔྱོད་ཀྲང་ཚའོ་ཅན་མིན་བོད་དུ་ལས་དོན་རྟོག་ཞིབ་དང་མཛུབ་སྟོན་གནང་བར་ཕེབས་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས 《ཞིབ་དཔྱོད་ལས་ཁུངས་ཀྱི་ཁྲིམས་ལུགས་ཀྱི་ལྟ་སྐུལ་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་གཏན་འབེབས 》བཏོན་གནང་བ་བཅས་ཀྱིས་དུས་བབ་གསར་པའི་འོག་ང་ཚོས་ཞིབ་དཔྱོད་ལས་དོན་ཡག་པོ་སྒྲུབ་རྒྱུར་ཁ་ཕྱོགས་གསལ་སྟོན་གནང་ཡོད། ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་བཏོན་པའི་བླང་བྱ་ཁག་གཞིར་བཟུང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག་བཏོན་པའི་ཞིབ་དཔྱོད་ལས་དོན་གྱི་གྲོས་ཆོད་ལག་བསྟར་ནན་ཏན་བྱས་ནས་ལྗོངས་ཡོངས་ཀྱི་ལྟེ་བའི་ལས་དོན་ལ་དམ་པོར་བསྟུན་པ་དང་། ཞིབ་དཔྱོད་ཀྱི་འགན་ནུས་ཏན་ཏིག་སྒྲུབ་པ། གཙོ་གནད་ལས་དོན་ཁག་གསུམ་ལ་སྐུལ་སྤེལ་ཤུགས་ཆེ་གཏོང་བ་བཅས་བྱས་ནས་ཞབས་ཞུ་སྒྲུབ་རྒྱུར་དམ་འཛིན་གྱིས་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ་དང་། རྡུང་རྡེག་གཏོང་རྒྱུ་དམ་འཛིན་གྱིས་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུ། སློབ་གསོ་དམ་འཛིན་གྱིས་བྱང་ཚད་མཐོ་རུ་གཏོང་རྒྱུ། གཞི་རིམ་དམ་འཛིན་གྱིས་རྨང་གཞི་བརྟན་དུ་གཏོང་རྒྱུ། རོགས་སྐྱོར་དང་དུ་ལེན་རྒྱུ་དམ་འཛིན་གྱིས་ཕྱི་ཕྱོགས་ཀྱི་སྟོབས་ཤུགས་ལ་བརྟེན་རྒྱུ་བཅས་རྒྱུན་འཁྱོངས་བྱས་པར་བརྟེན་ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་དོན་ལ་གོང་འཕེལ་གྱི་རྣམ་པ་བཟང་པོ་བྱུང་ཡོད།
གཅིག ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་ལག་བསྟར་དང་ཁྲིམས་སྒྱུར་གྱི་འདུ་ཤེས་གསར་བརྗེས་ཀྱིས་དཔལ་འབྱོར་གོང་འཕེལ་གཏོང་རྒྱུར་ཞབས་འདེགས་ཧུར་ཐག་ཞུས་པ།
དུས་བབ་ཀྱིས་དཀྲིས་པའི་ལས་འགན་གྱི་བླང་བྱ་གཞིར་བཟུང་དཔལ་འབྱོར་གོང་འཕེལ་གཏོང་རྒྱུར་ཞབས་འདེགས་ཞུ་རྒྱུ་དེ་ལས་འགན་ཨང་དང་པོར་བརྩིས་ནས་“བརྟན་པོ་འཛུགས་དགོས་པ་གསུམ་”གྱི་ཐད་བྱས་རྗེས་འཇོག་གང་ཐུབ་དང་ཕན་འབྲས་ཐོན་གང་ཐུབ་བྱས་ཡོད།
སྤྱི་ཡོངས་ཀྱི་ལྟ་བ་བརྟན་པོ་བཙུགས་ཏེ “ཐོན་ལས་དང་པོ་ཆུ་ཚད་གོང་མཐོར་གཏོང་རྒྱུ་དང་། ཐོན་ལས་གཉིས་པ་གཙོ་གནད་དམ་འཛིན་བྱེད་རྒྱུ། ཐོན་ལས་གསུམ་པ་གོང་འཕེལ་ཤུགས་ཆེ་གཏོང་རྒྱུ ”བཅས་ཀྱི་དཔལ་འབྱོར་གོང་འཕེལ་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་ཕྱིར་ཞབས་འདེགས་ཞུས་ཡོད། མཛུབ་ཁྲིད་བསམ་བློའི་ཐད་སྤྱི་ཡོངས་ཀྱི་འདུ་ཤེས་བཙུགས་ཐོག་ཞིབ་དཔྱོད་ལས་དོན་འདི་ཉིད་མཆོང་སྐྱོད་ལྟ་བུའི་གོང་འཕེལ་གཏོང་རྒྱུའི་སྤྱི་ཡོངས་ཀྱི་ལས་དོན་ཐོག་བཞག་སྟེ་འཆར་འགོད་དང་། ཞིབ་འཇུག བཀོད་སྒྲིག དོན་འཁྱོལ་བཅས་བྱས་ནས་ནུས་ཤུགས་ཡོད་རྒུས་ལྟེ་བ་དང་། སྤྱི་ཡོངས། གོང་འཕེལ་གཏོང་རྒྱུ་བཅས་ཀྱི་ཁ་ཕྱོགས་དང་མི་འཛོལ་བ་བྱས་ཐོག་ཞིབ་དཔྱོད་ལས་དོན་གྱིས་དཔལ་འབྱོར་གོང་འཕེལ་ལ་ཞབས་འདེགས་ཞུ་རྒྱུའི་ཟུང་འབྲེལ་བྱེད་ས་དང་ཤུགས་བརྒྱབ་ས་གནད་ལ་འཁེལ་བ་འཚོལ་ཐུབ་པ་བྱས་ཡོད། ཞིང་འབྲོག་ཁུལ་དང་ཁེ་ལས་སོགས་གཞི་རིམ་ཚན་པར་བསྐྱོད་དེ་རྒྱབ་ཁྱབ་ཏུ་བརྟག་ཞིབ་ཀྱིས་རང་འགུལ་ངང་དགོས་མཁོ་ཤེས་རྟོགས་ཐུབ་པ་དང་། ཕྱོགས་མང་པོའི་བསམ་འཆར་བསྡུ་ལེན་བྱེད་པ། ཞིབ་དཔྱོད་ཀྱི་འགན་ནུས་དང་ཟུང་འབྲེལ་དམ་ཟབ་བྱེད་པ་བཅས་བྱས་ཏེ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཞབས་འདེགས་དང་། གྲོང་གསེབ་གསར་པ་སྐྲུན་རྒྱུར་ཞབས་འདེགས། ཁེ་ལས་གོང་འཕེལ་གཏོང་རྒྱུར་ཞབས་འདེགས་བཅས་ཞུ་བའི་བྱ་ཐབས་གསར་པ་རབ་དང་རིམ་པ་བཟོ་འདོན་བྱས་ཡོད། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་རྒྱུ་དང་། གྲོང་གསེབ་གསར་པ་སྐྲུན་རྒྱུ། ཁེ་ལས་གོང་འཕེལ་གཏོང་རྒྱུ་བཅས་ལ་འགོག་རྐྱེན་བཟོ་བ་དང་། གཏོར་བཤིག་གཏོང་བ། བརྟན་ལྷིང་ལ་ཤུགས་རྐྱེན་ངན་པ་བཟོ་བ་བཅས་ཀྱི་ཉེས་གསོག་གི་བྱེད་སྤྱོད་སྣ་ཚོགས་ལ་ཁྲིམས་ལུགས་གཞིར་བཟུང་སེམས་ཐག་གཙང་བཅད་ཀྱིས་རྡུང་རྡེག་ཚ་ནན་བཏང་བ་དང་། རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་ལ་མ་འཇོག་བྱེད་པ་དང་གཙོ་གནད་ལས་གྲྭའི་རྣམ་གྲངས་འཛུགས་སྐྲུན་བྱེད་པ་ནང་གི་རུལ་སུངས་ཀྱི་གྱོད་གཞིའི་རིགས་ལ་ཞིབ་གཅོད་བྱེད་རྒྱུར་མཐོང་ཆེན་བྱས་ཡོད། ཁྲིམས་སྒྱུར་དང་གྱོད་ཞིབ་བྱེད་རིམ་ནང་བྱེད་སྟངས་དང་བྱེད་ལུགས་ལ་དོ་སྣང་བྱེད་པ་དང་ཁྲིམས་སྒྱུར་བྱེད་པའི་ཕན་འབྲས་ལ་མཐོང་ཆེན་བྱས་ཏེ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་རྒྱུ་དང་། དམངས་འཚོའི་ལས་གཞི ཁེ་ལས་ཀྱི་གཉེར་སྐྱོང་། དཔལ་འབྱོར་གོང་འཕེལ་གཏོང་རྒྱུ། སྤྱི་ཚོགས་བརྟན་ལྷིང་ཡོང་རྒྱུ་བཅས་ལ་ཤུགས་རྐྱེན་ངན་པ་མི་ཡོང་བའམ་ཡང་ན་ཆུང་དུ་གཏོང་གང་ཐུབ་བྱས་ཡོད། བཅའ་ཁྲིམས་དང་སྲིད་ཇུས་གནད་འཕིགས་ལག་བསྟར་བྱས་ཤིང་། ལས་ཐོག་ཉེས་གསོག་དང་སྲིད་ཇུས་ལག་བསྟར་བྱེད་ནོར་ཤོར་བའི་དབྱེ་མཚམས་ནན་པོ་ཕྱེ་ནས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་གཏོང་བའི་བརྒྱུད་རིམ་ནང་གི་བསྒྱུར་བཅོས་འཚོལ་ཞིབ་བྱེད་མཁན་ལ་སྲུང་སྐྱོབ་དང་རྒྱབ་སྐྱོར་བྱས་ཡོད། རིགས་འདྲ་མིན་གྱི་དཔལ་འབྱོར་གཉེར་མཁན་གྱི་ཁྲིམས་མཐུན་ཁེ་དབང་ཁྲིམས་ལུགས་གཞིར་བཟུང་འདྲ་མཉམ་གྱིས་སྲུང་སྐྱོབ་བྱས་ནས “ཆེ་འཛིན་ཆུང་གློད ”བྱེད་རྒྱུ་རྒྱུན་འཁྱོངས་དང་། གཞུང་ཁོངས་ཁེ་ལས་དང་དམངས་གཉེར་ཁེ་ལས་མཉམ་འཛིན་བྱེད་རྒྱུ་རྒྱུན་འཁྱོངས། ཕྱི་རོལ་གྱི་ཁོར་ཡུག་གཏོད་རྒྱུ་དང་ནང་ཁོངས་སུ་སྔོན་འགོག་བྱེད་རྒྱུ་རྒྱུན་འཁྱོངས་བཅས་བྱས་ནས་སྔ་རྗེས་སུ་ཁེ་ལས་ཁག་36དང་གཙོ་གནད་ཀྱི་འབྲེལ་གཏུག་ཞབས་ཞུའི་འབྲེལ་བ་བཙུགས་ཐོག་མ་འཇོག་བྱེད་མཁན་འགུགས་འདྲེན་དང་ལས་ལམ་གཏོད་མཁན་ལ་རྒྱབ་སྐྱོར་བྱེད་པའི་རྣམ་པ་བཟང་པོ་ཞིག་ཧུར་ཐག་བསྐྲུན་ཏེ་རང་ལྗོངས་འདི་ཉིད་གོང་འཕེལ་སྔར་ལས་ཡག་པ་དང་། སྔར་ལས་མགྱོགས་པ། སྔར་ལས་ཆེ་བ་ཡོང་བའི་ཐོག་བསྒྱུར་བཅོས་གཏིང་ཟབ་དང་སྒོ་མོ་རྒྱ་ཆེར་དབྱེ་རྒྱུར་ཁྲིམས་སྐྱོང་གི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཡོད།
འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱེད་པའི་བསམ་བློ་བརྟན་པོ་བཙུགས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་གཏོད་ཕྱིར་ཞབས་འདེགས་ཞུས་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་ཞིབ་དཔྱོད་ལས་ཁུངས་ཀྱིས་སྤྱི་ཚོགས་ཀྱི་དམངས་གཙོ་དང་། ཁྲིམས་སྐྱོང་། ཡར་ཐོན་བཅས་ཀྱི་རླབས་རྒྱུན་དང་འཚམ་མཐུན་ཧུར་ཐག་བྱས་ཏེ་ཉེས་གསོག་ལ་རྡུང་རྡེག་གཏོང་རྒྱུ་དང་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་བྱེད་རྒྱུ་གཉིས་གཅིག་གྱུར་ཡོང་རྒྱུར་མཐོང་ཆེན་བྱས་ནས་བཅའ་ཁྲིམས་ཀྱི་འདུ་ཤེས་དང་། དཔང་འཛིན་གྱི་འདུ་ཤེས། གོ་རིམ་གྱི་འདུ་ཤེས་བཅས་ཤུགས་ཆེར་བཏང་སྟེ་ཁྲིམས་སྒྱུར་ནན་པོ་དང་། དྲང་གཞག ཡ་རབས་བཅས་བྱས་ཡོད། ཉེས་དོན་གཏུག་བཤེར་བཅའ་ཁྲིམས་ལག་བསྟར་ནན་པོ་བྱས་ཏེ་ཁྲིམས་རྩོད་པ་གཏུག་བཤེར་གྱི་བྱེད་སྒོའི་ནང་ཞུགས་རྒྱུ་འགན་སྲུང་བྱེད་རྒྱུའི་ལས་ཀའི་གཏན་འབེབས་བཟོས་ནས་ཁྲིམས་རྩོད་པས་ཁྲིམས་ལུགས་གཞིར་བཟུང་འགན་འཁྲི་སྒྲུབ་རྒྱུར་རྒྱབ་སྐྱོར་ཧུར་ཐག་བྱས་ཡོད། 《གཤམ་འོག་མི་དམངས་ཞིབ་དཔྱོད་ཁང་གིས་གྱོད་ཁོངས་སུ་བཅུག་སྟེ་མྱུལ་ཞིབ་བྱས་པའི་གྱོད་གཞི་དེ་རང་ལས་རིམ་པ་གཅིག་གིས་མཐོ་བའི་མི་དམངས་ཞིབ་གཅོད་ཁང་ནས་ཞིབ་དཔྱད་བྱས་ཏེ་འཛིན་བཟུང་བྱེད་དགོས་མིན་ཐག་གཅོད་བྱེད་ཕྱོགས་སྐོར་གྱི་རང་སྐྱོང་ལྗོངས་ཞིབ་དཔྱོད་ཁང་གི་ལག་བསྟར་ཞིབ་སྲོལ 》བཟོས་ནས་ཆོག་མཆན་སྤྲོད་དབང་དེ་རང་ལས་རིམ་པ་གཅིག་གིས་མཐོ་བའི་ཞིབ་དཔྱོད་ཁང་ལ་སྤྲད་ཡོད། བྱ་ཐབས་དེ་དག་ལག་བསྟར་བྱས་པ་དེས་ཁྲིམས་སྒྱུར་གྱོད་ཞིབ་ཀྱི་བྱེད་སྤྱོད་སྔར་བས་ཚད་ལྡན་བཟོ་ཐུབ་པ་བྱུང་ནས་གཏུག་བཤེར་ནང་ཞུགས་མཁན་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་ཡོད།
དམངས་ཀྱི་དོན་དུ་ཁྲིམས་སྒྱུར་བྱེད་རྒྱུའི་བསམ་བློ་བརྟན་པོ་བཙུགས་ཏེ་མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་དང་སྒྲུབ་རྒྱུར་ཞབས་འདེགས་ཞུས་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་ཞིབ་དཔྱོད་ལས་ཁུངས་ཀྱིས་མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་དང་སྒྲུབ་རྒྱུ་དེ་ཞིབ་དཔྱོད་ལས་དོན་གྱི་ཐོག་མའི་དམིགས་ས་དང་དོན་ལ་བབས་སར་བརྩི་རྒྱུ་རྒྱུན་འཁྱོངས་བྱས་ཏེ་བཅའ་ཁྲིམས་ཀྱི་ལྟ་སྐུལ་བྱེད་རྒྱུའི་འགན་འཁྲི་སྒྲུབ་པའི་ནང་མང་ཚོགས་ཀྱི་ལས་དོན་ཡག་པོ་སྒྲུབ་གང་ཐུབ་བྱས་ཡོད། བསམ་བློའི་ལྟ་བའི་ཐད་དམངས་ལ་བརྩེ་སེམས་བཅངས་ཤིང་། ཞིབ་དཔྱོད་ལས་བྱེད་པ་དང་ཉེན་རྟོག་པར་ཞིབ་དཔྱོད་བྱེད་པའི་དབང་ཆ་ནི་མི་དམངས་ཀྱིས་གནང་བ་ཞིག་ཡིན་ཞིང་། མང་ཚོགས་ནི་ང་ཚོར་ཟས་གོས་སྦྱིན་མཁན་ཕ་མ་ལྟ་བུ་ཡིན་པ་དང་། མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་ནི་ང་ཚོའི་རང་འགན་རྩོད་མེད་ཡིན་པའི་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ་རང་རྟོགས་ངང་སེམས་ནང་མང་ཚོགས་ལ་བརྩི་འཇོག་དང་མང་ཚོགས་ལ་བརྩེ་སེམས་བཅངས་ནས་ཁྲིམས་ལུགས་ཁོ་ནའི་ཐོག་ནས་ཁྲིམས་ལུགས་ཤོད་པ་དང་། གྱོད་གཞི་ཁོ་ནའི་ཐོག་ནས་གྱོད་ཞིབ་བྱེད་པ། མང་ཚོགས་ཀྱི་བསམ་བློར་མ་བསྟུན་པའི་བྱེད་སྟངས་རྒྱབ་སྐྱུར་གྱིས་མང་ཚོགས་ལ་བརྩེ་གདུང་ཟབ་མོ་བཅངས་ཏེ་ཁྲིམས་སྒྱུར་བྱེད་པ་དང་། མང་ཚོགས་ཀྱི་ཁེ་ཕན་ལ་ཚད་མཐོའི་འགན་འཁུར་བའི་བསམ་བློའི་ཐོག་ནས་གྱོད་ཞིབ་བྱས་ཏེ་ཞིབ་དཔྱོད་ལས་དོན་དེ་མང་ཚོགས་ཀྱི་བློ་ལ་བབས་གང་ཐུབ་བྱས་ཡོད། ལས་དོན་བཀོད་སྒྲིག་ཐད་དམངས་ཀྱི་དོན་དུ་རྒྱུན་འཁྱོངས་བྱས་ཤིང་། མི་དམངས་མང་ཚོགས་ཀྱི་རེ་འབོད་དེ་འཕྲིན་བརྡ་ཨང་དང་པོར་བརྩི་བ་དང་། མི་དམངས་མང་ཚོགས་ཀྱི་དགོས་མཁོ་དེ་གདམ་ག་ཨང་དང་པོར་བརྩི་བ། མི་དམངས་མང་ཚོགས་ཀྱི་ཁེ་ཕན་དེ་བསམ་བློ་གཏོང་ཡུལ་ཨང་དང་པོར་བརྩི་བ། མི་དམངས་མང་ཚོགས་ཀྱི་ཡིད་མོས་བྱེད་རྒྱུ་དེ་ཚད་གཞི་ཨང་དང་པོར་བརྩི་བ་བཅས་དངོས་འབྲེལ་བྱས་ནས་མི་དམངས་མང་ཚོགས་ཀྱིས་སེམས་ཁུར་ཆེ་ཤོས་བྱེད་པའི་གནད་དོན་ཐག་གཅོད་བྱེད་རྒྱུ་ནས་འགོ་བརྩམས་ཏེ་ཐད་ཀར་མི་དམངས་མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བ་ཡོད་པའི་དམངས་དོན་སྲིད་འཛིན་ཐད་ཀྱི་ཞིབ་དཔྱོད་དང་། ཐེར་འཛུགས་ཞུ་སྦྱོར་ཐད་ཀྱི་ཞིབ་དཔྱོད། འགན་འཛོལ་དང་ཁེ་དབང་བཙན་གནོད་ཐད་ཀྱི་ཞིབ་དཔྱོད་བཅས་ཀྱི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས་ཞིབ་དཔྱོད་ཀྱི་འགན་ནུས་གང་ལེགས་བསྒྲུབས་པར་བརྟེན་མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་ཐུབ་ཡོད། ལས་ཀའི་བྱ་ཐབས་ཐད་དམངས་ཕན་རྒྱུན་འཁྱོངས་བྱས་ཤིང་། མང་ཚོགས་ཀྱི་ཁེ་ཕན་ནི་བྱ་བ་ཆུང་རྩག་ཅིག་མིན་པ་སེམས་ལ་བརྟན་པོར་བཅངས་ཏེ་མང་ཚོགས་ཀྱི་གྱོད་གཞི་ཆུང་གྲས་ལ་སྣང་ཆུང་མི་བྱེད་པ་དང་། མང་ཚོགས་ཀྱི་བསམ་འཆར་ཆུང་གྲས་ལ་སྣང་ཆུང་མི་བྱེད་པ། མང་ཚོགས་ཀྱི་གནད་དོན་ཆུང་གྲས་ལ་སྣང་ཆུང་མི་བྱེད་པ་བཅས་བྱས་ནས་བྱ་བ་ཆུང་ས་ནས་འགོ་བརྩམས་ཏེ་ཞིབ་དཔྱོད་ལས་དོན་དམ་འཛིན་ཡག་པོ་བྱས་ཡོད། མང་ཚོགས་ཀྱི་ཡིག་འབུལ་ཞུ་བཅར་རེ་རེ་བཞིན་ཡག་པོ་སྒྲུབ་རྒྱུ་དེ་དམངས་ཀྱི་དོན་དུ་ཁྲིམས་སྒྱུར་བྱེད་པ་མཚོན་གང་ཐུབ་དང་མི་སེམས་འགུགས་ཐབས་བྱེད་པའི་མ་མཐའི་བླང་བྱ་དང་ཚད་གཞི་དམའ་ཤོས་སུ་བརྩིས་ཡོད། ཞིབ་དཔྱོད་ལས་དོན་དེ་མང་ཚོགས་དང་ཇི་ཙམ་ཐག་ཉེ་བ་དེ་ཙམ་གྱིས་ང་ཚོ་དང་བརྩེ་གདུང་ཟབ་ཏུ་འགྲོ་གི་ཡོད། ལོ་གཅིག་རིང་ང་ཚོས་“ཚད་ཡོད་ཀྱི་འགན་འཁྲི་དང་ཚད་མེད་ཀྱི་ཞབས་ཞུ་སྒྲུབ་རྒྱུའི ”ལྟ་བའི་ཐོག་ནས་མང་ཚོགས་ལ་ཞབས་ཞུ་སྒྲུབ་པའི་གཞི་རྟེན་གསར་པ་ཧུར་ཐག་བཏོད་དེ་མང་ཚོགས་ཀྱི་ཞུ་རེར་ཕར་ཁ་ཚུར་དཀྲིས་མ་བྱས་པར་ལྷག་བསམ་ཟོལ་མེད་ཀྱིས་མང་ཚོགས་ལ་དཀའ་གནད་སེལ་རོགས་བྱས་པ་དང་། མང་ཚོགས་ཀྱིས་རེ་བ་ཆེན་པོ་བཅངས་ནས་ཡོང་བར་བློ་ཕམ་དུ་མ་བཅུག་པར་ཞུ་བཅར་དུ་ཡོང་མཁན་མང་ཚོགས་ལ་གཞུང་དྲང་དམངས་གཅེས་ཀྱི་བསམ་པ་བཅངས་ཏེ་ཁོ་ཚོའི་ཞུ་རེ་ངང་རྒྱུད་རིང་པོའི་སྒོ་ནས་ཉན་པ་དང་། དཀའ་ངལ་ལྷག་བསམ་རྣམ་དག་གིས་སེལ་རོགས་བྱེད་པ། ཁྲིམས་ལུགས་གཞིར་བཟུང་ཁོ་ཚོའི་བདེན་པ་སྐྱོང་ཐུབ་པ་བཅས་བྱས་ཡོད། ན་ནིང་དམངས་དོན་དང་། དཔལ་འབྱོར། ཉེས་དོན། སྲིད་འཛིན་བཅས་ཕྱོགས་གང་ཐད་ཀྱི་མང་ཚོགས་ཀྱི་ཞུ་རེ་ཁྱོན་བསྡོམས་ཁག་202བདག་སྤྲོད་བྱས་ཡོད། མང་ཚོགས་ལ་མ་ཉེས་ཁ་གཡོགས་ཕོག་པའི་གྱོད་གཞིའི་རིགས་བཀག་འགོག་དང་འགོག་རྐྱེན་སེལ་ནས་ཁྲིམས་ལུགས་གཞིར་བཟུང་ཡོ་བསྲང་བྱེད་རྒྱུར་ལྟ་སྐུལ་བྱས་ཐོག་བདེན་པ་སྐྱོང་ཐུབ་པ་བྱས་ཡོད་པ་དང་། མང་ཚོགས་ཀྱི་དཀའ་ངལ་ལ་རོགས་རམ་གང་ཐུབ་བྱས་ཡོད།
དོགས་གནད་ཆེ་བའི་ཡིག་འབུལ་ཞུ་བཅར་གྱི་གྱོད་གཞི་གཙོ་གནད་རིགས་ལ་ཞིབ་དཔྱོད་ཀྲང་གིས་འགན་འཁུར་བའི་ལམ་ལུགས་བཟོས་ཏེ་འདེད་སྐུལ་དང་། མི་སྣ་དམིགས་བཙུགས། གཤམ་ལ་སྐྱོད་པ། དུས་བཅད་བཟོ་བ་བཅས་ཀྱི་ཐོག་ནས་གྱོད་ཞིབ་བྱས་པས་ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་སྣེ་ལེན་ཐག་གཅོད་བྱས་པའི་ཁྲིམས་ལུགས་གྱོད་གཏུག་དང་འབྲེལ་བ་ཡོད་པའི་གྱོད་གཞིའི་རིགས་པེ་ཅིང་ལ་ཞུ་སྦྱོར་དུ་མི་འགྲོ་བ་དང་། རུབ་འདུས་མི་བྱེད་པ། བསྐྱར་ལོག་མི་བྱེད་པ། འཁྲས་ཞུ་མི་བྱེད་པ། ཪྙོག་དྲ་མི་སློང་བ་བཅས་ཀྱི་འགན་ལེན་བྱས་ཡོད།
གཉིས། ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་ལག་ལེན་བྱས་ནས་ཁྲིམས་ལུགས་གཞིར་བཟུང་ཉེས་གསོག་ལ་རྡུང་རྡེག་བཏང་སྟེ་ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་གཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱས་པ།
ལྗོངས་ཡོངས་ཀྱི་རིམ་ཁག་ཞིབ་དཔྱོད་ལས་ཁུངས་ཀྱིས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུ་དང་སྤྱི་ཚོགས་གཞི་མཐུན་ལ་སྐུལ་འདེད་གཏོང་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་དུ་བརྩིས་ནས་ཞིབ་དཔྱོད་ཀྱི་འགན་ནུས་ནན་ཏན་བསྒྲུབས་ཏེ་ལས་དོན་ཁག་དོན་འཁྱོལ་བྱེད་རྒྱུར་སྐུལ་སྤེལ་ཧུར་ཐག་བཏང་ཡོད།
ཏཱ་ལ་རུ་ཚོགས་ཀྱི་ཁ་ཕྲལ་གཏོར་བཤིག་གི་བྱེད་སྤྱོད་རིགས་ལ་ཁྲིམས་ལུགས་གཞིར་བཟུང་རྡུང་རྡེག་བཏང་ཡོད། ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཐོག་མཐའ་བར་གསུམ་དུ་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་སྲུང་སྐྱོང་། མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་། མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བཅས་བྱེད་པའི་དར་ཆ་མཐོན་པོར་བསྒྲེངས་ནས་ཀྲུང་དབྱང་གིས་གཏན་འཁེལ་གནང་བའི་ཏཱ་ལའི་རུ་ཚོགས་ཀྱི་ངོ་བོ་དང་ཏཱ་ལ་རུ་ཚོགས་ལ་འཐབ་རྩོད་བྱེད་པའི་མཛད་ཕྱོགས་རྒྱུན་འཁྱོངས་ཀྱིས་དར་ཆ་གསལ་སྟོན་དང་མདུང་རྩེ་ཁ་སྤྲོད་བྱེད་རྒྱུ་དེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་རྒྱུའི་རྩ་བའི་ལངས་ཕྱོགས་དང་རྣམ་འགྱུར་ལ་བརྩི་བ་དང་། རང་དབང་རང་ལག་ཏུ་འཛིན་རྒྱུ་དང་མི་སེམས་འགུགས་ཐབས་བྱེད་རྒྱུ་དེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་རྒྱུའི་རྩ་བའི་བྱེད་སྟངས་དང་བྱ་ཐབས་ལ་བརྩི་བ། རྨང་རྩ་བརྟན་གཏོང་བྱེད་རྒྱུ་དེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་རྒྱུའི་རྩ་བའི་དམིགས་ཚད་དང་བླང་བྱར་བརྩི་བ་བཅས་བྱས་ཏེ་བརྟན་པོ་དང་། གནད་འཕིགས། དམ་ནན། རང་འགུལ། མགྱོགས་མྱུར་བཅས་ཀྱི་ཐོག་ནས་རྡུང་རྡེག་ཚ་ནན་གཏོང་རྒྱུ་རྒྱུན་འཁྱོངས་ཀྱིས་ནུས་ལྡན་གྱི་སྒོ་ནས་ཏཱ་ལའི་རུ་ཚོགས་ཀྱི་ཁ་ཕྲལ་གཏོར་བཤིག་བྱེད་སྤྱོད་རིགས་ལ་རྡུང་རྡེག་མཐའ་གཅིག་ཏུ་བཏང་ཡོད།
ཚབས་ཆེའི་ཉེས་དོན་ཉེས་གསོག་ལ་ཁྲིམས་ལུགས་གཞིར་བཟུང་རྡུང་རྡེག་བཏང་སྟེ་སྤྱི་ཚོགས་ཀྱི་གཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱས་ཡོད། འཛིན་བཟུང་ཆོག་མཆན་སྤྲོད་རྒྱུ་དང་ཁྲིམས་སྦྱོར་བྱེད་རྒྱུའི་འགན་འཁྲི་ཏན་ཏིག་བསྒྲུབས་ཤིང་། མྱུལ་ཞིབ་ལས་ཁུངས་ཀྱིས་འཛིན་བཟུང་ཆོག་མཆན་ཡོང་རེ་ཞུས་པའི་ཉེས་གསོག་དོགས་ཡོད་པ་མི་གྲངས་1950བདག་སྤྲོད་བྱས་ཤིང་། ཞིབ་བཤེར་ཁྲིམས་སྦྱོར་དུ་བསྐྱལ་བའི་གྱོད་གཞི་ཁག་1181གི་མི་གྲངས་1783བདག་སྤྲོད་བྱས་ཡོད་པ་དང་། ཞིབ་བཤེར་བྱས་པ་བརྒྱུད་མི་གྲངས་1684འཛིན་བཟུང་བྱེད་རྒྱུའི་ཆོག་མཆན་སྤྲད་པ་དང་གྱོད་གཞི་ཁག་1099ཡི་མི་གྲངས་1707ལ་གཞུང་གཏུག་བྱས་ཡོད། རྡུང་རྡེག་གཏོང་རྒྱུའི་གཙོ་གནད་མངོན་ཆེར་བཟུང་སྟེ་རིགས་འདྲ་མིན་གྱི་ཚབས་ཆེའི་ཉེས་དོན་ཉེས་གསོག་ལ་རྡུང་རྡེག་ནན་པོ་བཏང་ཞིང་། རྐང་བཙུགས་ནས་མི་བསད་པ་དང་། མེ་བརྒྱབ་པ། འབར་གས་བྱས་པ་དང་། བཙན་གཡེམ་བྱས་པ་སོགས་ཀྱི་གཏུམ་སྤྱོད་ཉེས་གསོག་དོགས་ཡོད་པ་ཁྱོན་བསྡོམས་མི་གྲངས་246འཛིན་བཟུང་བྱེད་རྒྱུའི་ཆོག་མཆན་སྤྲད་པ་དང་མི་གྲངས་290ལ་གཞུང་གཏུག་བྱས་ཡོད་པ་དང་། འཕྲོག་བཅོམ་དང་རྐུ་རྒྱག་སོགས་རྒྱུ་ནོར་མི་བདག་བདག་བཟུང་བྱེད་མཁན་ཉེས་གསོག་དོགས་ཡོད་པ་མི་གྲངས་823འཛིན་བཟུང་བྱེད་རྒྱུའི་ཆོག་མཆན་སྤྲད་པ་དང་མི་གྲངས་783ལ་གཞུང་གཏུག་བྱས་ཡོད་པ། ནག་ཚོགས་དང་ངན་རེངས་ཕྱོགས་གཏོགས་ཀྱི་ཉེས་གསོག་དོགས་ཡོད་པ་མི་གྲངས་59འཛིན་བཟུང་བྱེད་རྒྱུའི་ཆོག་མཆན་སྤྲད་པ་དང་མི་གྲངས་47ལ་གཞུང་གཏུག་བྱས་ཡོད་པ་བཅས་སྤྱི་ཚོགས་ཀྱི་དུས་བབ་སྲུང་སྐྱོང་ཧུར་ཐག་བྱས་ཡོད། ཁྲོམ་རའི་སྒྲིག་ལམ་བཅོས་སྒྲིག་དང་ཚད་ལྡན་བཟོ་རྒྱུའི་ཆེད་དོན་བྱེད་སྒོའི་ནང་ཧུར་ཐག་ཞུགས་ཏེ་ཚོང་ཟོག་རྫུན་མ་བཟོ་འཚོང་བྱས་པ་། ཁྲལ་འབབ་བསྡུ་སྡོམ་བྱེད་སྒོར་གནོད་འཚེ་བཏང་བ། ཁ་བསླུས་བརྒྱབ་པ་སོགས་ཉེས་གསོག་བྱེད་སྤྱོད་རིགས་ལ་རྡུང་རྡེག་གཏོང་ཤུགས་ཆེ་རུ་བཏང་ཞིང་། དེ་ཐད་ཀྱི་ཉེས་གསོག་དོགས་ཡོད་པ་ཁྱོན་བསྡོམས་མི་གྲངས་93འཛིན་བཟུང་བྱེད་རྒྱུའི་ཆོག་མཆན་སྤྲད་པ་དང་མི་གྲངས་90ལ་གཞུང་གཏུག་བྱས་ནས་ཁྲོམ་རའི་དཔལ་འབྱོར་གྱི་སྒྲིག་ལམ་བཟང་པོ་སྲུང་སྐྱོང་ཧུར་ཐག་བྱས་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་ཡོད།
ལས་ཐོག་ཉེས་གསོག་ལ་ཁྲིམས་ལུགས་གཞིར་བཟུང་ཞིབ་བཤེར་ཐག་གཅོད་དང་མི་ཐོན་སྔོན་འགོག་བྱས་ཡོད། ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཏང་སྲོལ་སྤྱོད་གཙང་ལེགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་རྒྱུའི་འཐབ་རྩོད་སྐོར་གྱི་སྤྱིའི་བཀོད་སྒྲིག་ལག་བསྟར་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས་ཉེས་གཅོད་དང་སྔོན་འགོག་བྱེད་རྒྱུའི་མ་ལག་སྐྲུན་པའི་ནང་གི་ཞིབ་དཔྱོད་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ཡོད། ལས་ཐོག་ཉེས་གསོག་ལ་ཞིབ་བཤེར་ཐག་གཅོད་དང་མི་ཐོན་སྔོན་འགོག་བྱེད་པའི་ལས་ཀའི་ནང་སྤྱི་ཚོགས་གཞི་མཐུན་བརྟན་ལྷིང་སྲུང་སྐྱོང་དང་དཔལ་འབྱོར་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ་དེ་དང་རུལ་སུངས་ལ་ངོ་རྒོལ་བྱེད་རྒྱུའི་དབར་གྱི་འབྲེལ་བ་ཤེས་རྟོགས་དང་ཐག་གཅོད་ཡང་དག་པ་བྱས་ཐོག “གཅིག་ནས་བློ་ཐག་ཆོད་པོ་དགོས་པ་དང་། གཉིས་ནས་གཟབ་ནན་དང་གནད་འཕིགས་ཤེས་རྟོགས་ཐུབ་དགོས་པའི ”རྩ་དོན་རྒྱུན་འཁྱོངས་ཀྱིས་དཔལ་འབྱོར་གྱི་རྩོད་གཞི་དང་དཔལ་འབྱོར་གྱི་ཉེས་གསོག་དང་། ལས་ཀའི་ནོར་འཛོལ་དང་འགན་འཛོལ་གྱི་ཉེས་གསོག ཚུལ་མིན་སྤྱོད་ཚུལ་དང་ལྐོག་རྔན་སྤྲོད་ལེན་གྱི་ཉེས་གསོག་བཅས་དབར་དབྱེ་མཚམས་གསལ་པོ་ཕྱེ་སྟེ་ནག་ཉེས་པར་བདའ་འདེད་དང་ཉེས་མེད་པར་སྲུང་སྐྱོབ་བྱས་ནས་ལུགས་མཐུན་དྲང་གཞག་ཐུབ་པ་བྱས་ཡོད། ཡ་རབས་དང་ལྡན་པའི་ཁྲིམས་སྒྱུར་བྱེད་རྒྱུ་དང་མི་ཆོས་དང་མཐུན་པའི་གྱོད་ཞིབ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས་ཉེས་གསོག་དོགས་ཡོད་པ་དང་ཁོ་ཚོའི་ནང་མི་སྤུན་མཆེད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་བརྩི་འཇོག་གང་ལེགས་བྱས་པ་དང་། གྱོད་གཞི་ཐོན་སའི་ཚན་པའི་རྒྱུན་ལྡན་གྱི་ལས་ཀ་དང་ཐོན་སྐྱེད་གཉེར་སྐྱོང་གི་སྒྲིག་ལམ་ལ་བསམ་གཞིགས་གང་ལེགས་བྱས་ཐོག་དེ་ལས་བྱུང་བའི་བག་ཆགས་ངན་པ་ཡོང་བཟོ་མེད་པ་བཟོ་གང་ཐུབ་བྱས་པ་དང་། དཔལ་འབྱོར་གྱི་གྱོང་གུན་སེལ་རོགས་བྱེད་གང་ཐུབ་བྱས་ཡོད། གྱོད་ཞིབ་ཀྱི་བརྒྱུད་རིམ་ནང་རྒྱལ་ཁབ་ལ་དཔལ་འབྱོར་གྱི་གྱོང་གུན་སྒོར་ཁྲི་4310ལྷག་ཙམ་སེལ་ཐུབ་པ་དང་། བཅའ་ཁྲིམས་དང་སྲིད་ཇུས་གཞིར་བཟུང་ཉེས་གསོག་གི་དངུལ་གྲངས་མང་པོ་མེད་པ་དང་ནག་ཉེས་ངོས་ལེན་ཞུ་བའི་རྣམ་འགྱུར་ཡག་པའི་འགག་རྩའི་ལས་གནས་ཐོག་གི་མི་སྣ་དང་ལས་སྒོའི་ལག་རྩལ་གྱི་རྐང་འཛིན་པ་མི་4ལ་ཁྲིམས་ལུགས་གཞིར་བཟུང་ཁྲིམས་ཐག་ཡང་གཅོད་བྱས་པ་དང་། ཞུ་འཛོལ་ཤོར་བ་དང་མ་ཉེས་ཁ་གཡོགས་ཕོག་པའི་འགོ་ཁྲིད་ལས་བྱེད་པ་དང་ཁེ་ལས་ཀྱི་འགན་འཁུར་བར་གནད་དོན་གཙང་སེལ་བྱས་ཏེ་ཉེས་མེད་དག་འབུད་བྱས་ཡོད།
སེམས་ཐག་གཙང་བཅད་ཀྱིས་རུལ་སུངས་ལ་ཁྲིམས་ཆད་གཅོད་པ་དང་ཕྱོགས་མཚུངས་རྩ་བ་ནས་བཅོས་སྐྱོང་བྱེད་རྒྱུར་སྔར་བས་མཐོང་ཆེན་དང་སྔོན་འགོག་བྱེད་རྒྱུར་སྔར་བས་མཐོང་ཆེན་བྱས་ནས་ལས་བྱེད་པ་རྣམས་ནོར་འཁྲུལ་མི་ཤོར་བ་དང་། བྱ་གཞག་ལ་གྱོང་གུན་མི་ཕོག་པ། ཁྱིམ་ཚང་ལ་ཕོག་ཐུག་མི་ཡོང་བ་བཅས་བྱེད་གང་ཐུབ་བྱས་པར་བརྟེན་སྤྱི་ཚོགས་སྔར་བས་གཞི་མཐུན་བྱུང་ཡོད། ཉེན་ཟོན་དྲན་སྐུལ་སློབ་གསོ་ཧུར་ཐག་སྤེལ་ཞིང་། གྱོད་གཞིར་གཞིགས་ནས་ཁྲིམས་དོན་གསལ་འགྲེལ་དང་། ཉེན་ཟོན་དྲན་སྐུལ་གྱི་སློབ་གསོའི་རྟེན་གཞི་འཛུགས་པ། སྲིད་གཙང་ཐད་ཀྱི་འགྲེམས་སྟོན་གཉེར་བ་སོགས་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོ་ཐེངས་282སྤེལ་བར་མི་ཐེངས་44068ལ་སློབ་གསོ་ཐེབས་པ་དང་། དྲིལ་བསྒྲགས་ཀྱི་དཔྱད་ཡིག་32940ལྷག་ཙམ་བཀྲམ་ཡོད། རང་སྐྱོང་ལྗོངས་སྒྲིག་ཨུད་དང་མཉམ་དུ་ལས་ཐོག་ཉེས་གསོག་ཐོན་ཉེན་སྔོན་དཔག་དང་ཉེན་ཟོན་གྱི་ལས་དོན་བླས་སྤེལ་ནས་ལས་ཐོག་ཉེས་གསོག་གི་ཆ་འཕྲིན་བསྡུ་རུབ་དང་། དབྱེ་ཞིབ་ཚོད་སྐོར། ཉེན་ཟོན་བཅས་ཀྱི་ལས་དོན་སྤེལ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ལས་ཐོག་ཉེས་གསོག་མི་ཐོན་སྔོན་འགོག་བྱེད་པའི་ཚན་རིག་རང་བཞིན་དང་རང་འགུལ་རང་བཞིན་ཤུགས་ཆེར་ཧུར་ཐག་བཏང་ཡོད།
འཇམ་དྲག་ཟུང་སྦྱོར་བྱེད་པའི་ཉེས་དོན་སྲིད་ཇུས་ལག་བསྟར་ནན་ཏན་བྱས་ཡོད། ཚབས་ཆེའི་ཉེས་དོན་ཉེས་གསོག་ལ་རྡུང་རྡེག་ཚ་ནན་བཏང་བ་དང་ཕྱོགས་མཚུངས། སྤྱི་ཚོགས་ལ་འགྲན་རྒོལ་བྱེད་མཁན་ཉུང་དུ་གཏོང་རྒྱུ་དང་སྤྱི་ཚོགས་གཞི་མཐུན་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ཏེ་རང་སྣང་གི་ངན་ཚབས་ཆུང་ཙམ་དང་། ཉེས་གསོག་གནས་ཚུལ་ཆུང་བ། སྤྱི་ཚོགས་ལ་གནོད་ཚབས་ཅུང་ཆུང་བ་བཅས་ཀྱི་ཉེས་པ་དང་པོ་བསགས་པ་དང་། ཐོལ་བྱུང་ཉེས་གསོག བྱེད་ཉེས་ཤོར་བའི་ཉེས་གསོག ནར་མ་སོན་པའི་མིའི་ཉེས་གསོག་བཅས་དང་། དེ་བཞིན་གཉེན་སྒྲིག་དང་ཁྱིམ་ཚང་གི་འགལ་ཟླ་དང་། ཐོན་ཁུངས་ཀྱི་རྩོད་གཞི། གྲོང་པ་ཁྱིམ་མཚེས་ཀྱི་རྩོད་གཞི་བཅས་ལས་བྱུང་བའི་ཉེས་ཚབས་ཆུང་བའི་ཉེས་དོན་གྱོད་གཞིའི་རིགས་ལ་དབྱེ་བ་ཕྱེ་ནས་ལྟ་སྟངས་འཛིན་རྒྱུ་དང་འཛིན་བཟུང་གཏུག་བཤེར་གཟབ་ནན་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས་ཉེས་གསོག་གི་དོགས་པ་ཡོད་ཀྱང་འཛིན་བཟུང་བྱེད་མི་དགོས་པའི་ཉེས་གསོག་དོགས་ཡོད་པ་ཁྱོན་བསྡོམས་མི་གྲངས་261ལ་འཛིན་བཟུང་མི་བྱེད་རྒྱུའི་ཆོག་མཆན་སྤྲད་པ་དང་། ཉེས་ཚབས་ཆུང་བ་དང་སྤྱི་ཚོགས་ལ་གནོད་ཚབས་ཆུང་བའི་ཉེས་གསོག་དོགས་ཡོད་པ་མི་གྲངས་118ལ་ཁྲིམས་ལུགས་གཞིར་བཟུང་ཁྲིམས་སྦྱོར་བྱས་མེད་པ་རེད། “སློབ་གསོ་དང་། བློ་འགུགས། སྐྱོབ་ཐབས ”བཅས་ཀྱི་མཛད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་ཉེས་ཚབས་ཆུང་བའི་ཉེས་དོན་གྱོད་གཞི་དང་ནར་མ་སོན་པའི་མིའི་ཉེས་གསོག་གི་གྱོད་གཞི་གཉེར་སྒྲུབ་མགྱོགས་མྱུར་བྱེད་པའི་ལས་ཀའི་བྱེད་ལམ་ཟམ་མི་ཆད་པར་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ཞིང་། གུང་གཞོན་སྡེ་ཚོགས་དང་། བུད་མེད་མཉམ་འབྲེལ་ལྷན་ཚོགས། སློབ་གྲྭ ཁྲོམ་གཞུང་། སྡེ་ཁུལ། གྲོང་གསེབ་སོགས་གཞི་རིམ་རྩ་འཛུགས་དང་མཉམ་དུ་ཐུན་མོང་ཐོག་འཛིན་བཟུང་མི་བྱེད་རྒྱུ་དང་ཁྲིམས་སྦྱོར་མི་བྱེད་རྒྱུའི་ནར་མ་སོན་པའི་མི་ལ་རྟོག་ཞིབ་སློབ་གསོའི་འབྲེལ་མཐུད་ལམ་ལུགས་བཟོས་ནས་ཉེས་གསོག་གི་དོགས་པ་ཡོད་མཁན་ནར་མ་སོན་པའི་མི་152ལ་མཇུག་འདེད་རྟོག་ཞིབ་དང་རོགས་རམ་སློབ་གསོ་སྤེལ་ཡོད།
གསུམ། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་བྱས་ཏེ་ཁྲིམས་ལུགས་ཀྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དྲང་གཞག་བདེན་སྐྱོང་བྱེད་རྒྱུར་སྲུང་སྐྱོང་ཧུར་ཐག་བྱས་པ།
ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་རྩ་ཁྲིམས་ཀྱི་གཏན་འབེབས་བློ་ལ་བརྟན་པོ་ངེས་ནས་མི་དམངས་མང་ཚོགས་ཀྱི་དོ་ཁུར་བྱ་ཡུལ་དེ་ལྟ་སྐུལ་ལས་དོན་གྱི་གཙོ་གནད་ཞིག་ཏུ་བརྩིས་ནས་ལྟ་སྐུལ་བྱེད་པའི་བསམ་གཞི་རྒྱ་ཆེར་གཏོད་པ་དང་། ལྟ་སྐུལ་བྱེད་རྒྱུའི་གཙོ་གནད་མངོན་ཆེར་འཛིན་པ། ལྟ་སྐུལ་བྱེད་པའི་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱས་ཐོག་སྤྱི་ཚོགས་དྲང་གཞག་བདེན་སྐྱོང་ཡོང་རྒྱུར་སྲུང་སྐྱོབ་ཧུར་ཐག་བྱས་ཡོད།
ཉེས་དོན་གྱོད་ཁོངས་སུ་འཇུག་རྒྱུ་དང་མྱུལ་ཞིབ་བྱེད་སྒོར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་བ། གྱོད་གཞི་གྱོད་ཁོངས་སུ་མ་བཅུག་པ་དང་། ཉེས་པ་ཡོད་ཀྱང་རྩད་གཅོད་མི་གཏོང་བ། དངུལ་ཆད་ཀྱིས་ཁྲིམས་ཆད་ཀྱི་ཚབ་བྱེད་པ་སོགས་རྡུང་རྡེག་གཏོང་ཤུགས་མི་འདང་བའི་གནད་དོན་ལ་ཁྲིམས་ལུགས་གཞིར་བཟུང་ལྟ་སྐུལ་དང་ཡོ་བསྲང་བྱས་ནས་མྱུལ་ཞིབ་ལས་ཁུངས་ལ་གྱོད་གཞི་ཁག་14གྱོད་ཁོངས་སུ་འཇུག་རྒྱུའི་ལྟ་སྐུལ་བྱས་ཡོད་པ་དེ་དུས་མཚུངས་དང་བསྡུར་ན་40%འཕར་ཡོད། ཁྲིམས་ལུགས་གཞིར་བཟུང་མི་8འཛིན་བཟུང་དང་། མི་8ཁྲིམས་སྦྱོར་སྣོན་འགེལ་བྱེད་རྒྱུའི་གཏན་འཁེལ་བྱས་ཡོད། ཁྲིམས་ལུགས་གཞིར་བཟུང་ཉུལ་ཞིབ་བྱེད་སྒོར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་སྟེ་སྔོན་ཚུད་ནས་ཚབས་ཆེའི་གྱོད་གཞི་12མྱུལ་ཞིབ་བྱེད་པའི་ནང་ཞུགས་ཡོད་པ་དེ་དུས་མཚུངས་དང་བསྡུར་ན་200%འཕར་ཡོད། ཉུལ་ཞིབ་བྱེད་སྒོའི་ནང་ཁྲིམས་འགལ་གྱི་དཔང་རྟགས་འཚོལ་བ་དང་། གྱོད་གཞི་སྒྲུབ་པའི་གོ་རིམ་འཛོལ་བ། བཙན་ཤེད་ཀྱི་བྱ་ཐབས་གང་བྱུང་སྤྱོད་པ་སོགས་ཀྱི་ཁྲིམས་འགལ་གྱི་བྱེད་སྤྱོད་ཡོ་བསྲང་བྱེད་རྒྱུའི་བསམ་འཆར་ཐེངས་97བཏོན་ཡོད།
འདྲི་གཅོད་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་བ། ཉེས་དོན་འདྲི་གཅོད་ལ་ལྟ་སྐུལ་བྱེད་པའི་ནང་ཉེས་ཆད་ལྕི་ཡང་བབས་འབྲེལ་མ་བྱུང་བ་དང་། ཉེས་པ་ཡོད་མཁན་ལ་ཉེན་མེད་ཀྱི་ཁྲིམས་ཐག་བཅད་པ། དེ་བཞིན་ཉེ་ཕྱོགས་ཁྲིམས་བཤིག་བྱེད་པ། ཁྲིམས་བཅད་ཀྱི་གོ་རིམ་དང་འགལ་ཚབས་ཆེ་བས་འདྲི་གཅོད་དྲང་གཞག་བྱེད་རྒྱུར་ཤུགས་རྐྱེན་ངན་པ་བཟོས་པ་བཅས་ཀྱི་གནད་དོན་ཡོ་བསྲང་བྱེད་རྒྱུར་གཙོ་གནད་དུ་ལྟ་སྐུལ་བྱས་ཏེ་ཉེས་དོན་ཁྲུན་གཅོད་ལ་དངོས་འབྲེལ་ནོར་འཁྲུལ་ཡོད་རིགས་དང་བསྐྱར་གཅོད་ཞུ་གཏུག་ཆོག་པའི་ཁྲུན་གཅོད་བྱས་རིགས་ཚང་མ་ཁྲིམས་ཁང་ནས་སྤྱིར་ན་ཁྲིམས་ཐག་བསྐྱར་གཅོད་དང་བསྐྱར་ཞིབ་བྱས་ཡོད། ཉེན་དོན་འདྲི་གཅོད་བྱེད་པའི་ནང་གོ་རིམ་ཁྲིམས་འགལ་རིགས་ཡོ་བསྲང་བྱེད་རྒྱུའི་བསམ་འཆར་བཏོན་ཡོད། སྲོག་ཁྲིམས་འདྲི་གཅོད་གཉིས་པའི་གྱོད་དོན་ལ་ཞིབ་བཤེར་བྱེད་རྒྱུ་དང་། ཁྲིམས་སར་དོན་རྒྱུ། ལྟ་སྐུལ་བྱེད་རྒྱུ་བཅས་ཀྱི་ལས་ཀ་གཙོ་གནད་དུ་དམ་འཛིན་བྱས་ནས་སྲོག་ཁྲིམས་གཅོད་རྒྱུ་དེ་བཅའ་ཁྲིམས་གཞིར་བཟུང་བབ་མཐུན་འཚམ་པོ་ཡོང་བའི་འགན་ལེན་བྱས་ཡོད། ཚབས་ཆེན་གྱོད་དོན་གྱི་སྲིད་ཁྲིམས་ཁྲུན་གཅོད་བྱེད་དབང་ལ་ལྟ་སྐུལ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་པ་དང་། ཞིབ་དཔྱོད་ཀྲང་ཁྲིམས་ཁང་འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་ཚོགས་འདུར་ཟུར་ཞུགས་བྱེད་རྒྱུའི་ལམ་ལུགས་ཚགས་ཚུད་དུ་བཏང་བ་དེས་ལྗོངས་ཡོངས་ཀྱི་རིམ་ཁག་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་ཀྲང་ཁྲིམས་ཁང་འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་ཚོགས་འདུར་ཐེངས་41ཟུར་ཞུགས་བྱས་ཡོད། དམངས་དོན་འདྲི་གཅོད་དང་སྲིད་འཛིན་གཏུག་བཤེར་ལ་ལྟ་སྐུལ་བྱེད་པའི་ཁྲོད་དམངས་དོན་དང་སྲིད་འཛིན་བསྐྱར་གཅོད་ཞུ་གཏུག་ཁྲུན་གཅོད་ཚད་གཞི་གཏན་འཁེལ་བྱས་ནས་གཤམ་འོག་ལ་སྤྲས་པ་མ་ཟད། དངོས་འབྲེལ་ནོར་འཁྲུལ་བྱུང་བའི་དམངས་དོན་དང་སྲིད་འཛིན་འདུམ་གཅོད་ཀྱི་གྱོད་གཞི་ཁག་4ལ་བསྐྱར་གཅོད་ཞུ་གཏུག་བྱས་ཤིང་། ཁྲིམས་ཁང་གིས་འདྲི་གཅོད་མཇུག་བསྡོམས་ཁག་6བྱས་ཡོད་པ་དེའི་ནང་(ཁྲིམས་ཐག་གཅོད་རྒྱུར་ལུས་པའི་གྱོད་དོན་ཚུད )ཁྲིམས་ཐག་སྒྱུར་གཅོད་བྱས་པ་ཁག་4དང་། བསྐྱར་གཅོད་བྱེད་རྒྱུར་སློག་པ་ཁག་2བཏོན་ཡོད། ཁྲིམས་ཁང་གི་འདུམ་གཅོད་ཡག་པོ་བྱས་རུང་ཡིད་རང་མ་བྱུང་བའི་གྱོད་གཞི་ཁག་18ཀྱི་དོ་བདག་ལ་ཁྲིམས་བཀུར་རྩོད་ཞི་བྱེད་རྒྱུའི་ལས་ཀ་ཡག་པོ་སྒྲུབ་ཡོད།
ཁྲིམས་ཆད་ལག་བསྟར་དང་ལྟ་འདོམས་བྱེད་སྒོར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་བ། ཁྲིམས་ཆད་སྒྱུར་བ་བཏང་བ་ལག་བསྟར་བྱེད་པར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་སྟེ་ཁྲིམས་ཆད་ཡང་བཟོས་དང་། དངོས་མིན་བཙོན་འགྲོལ་གཏོང་རྒྱུ་སོགས་ཀྱི་གྱོད་གཞི་ཁག་1719ལ་ཞིབ་བཤེར་བྱས་ནས་ཁྲིམས་ཆད་སྒྱུར་བ་གཏོང་རྒྱུ་འཚམ་པོ་མ་བྱུང་བ་ཁག་2ཡོ་བསྲང་བྱས་པ་དང་། བཙོན་ཕྱིར་ཁྲིམས་ཆད་འཁུར་མཁན་ལ་དོ་དམ་ནན་པོ་མ་བྱུང་བ་སོགས་ཀྱི་གནད་དོན་མི་ཐེངས་24ཡོ་བསྲང་བྱེད་རྒྱུའི་ལྟ་སྐུལ་བྱས་པ་མ་ཟད་མི་4བསྐྱར་དུ་བཙོན་འཇུག་བྱས་ཡོད། ཁ་ཕྲལ་གཏོར་བཤིག་བྱེད་སྒོར་ཐེ་ཞུགས་དང་། ནག་ཚོགས། གཏུམ་སྤྱོད། དུག་ཚོང་སོགས་ཀྱི་ལྗོངས་ཡོངས་ཀྱི་གཙོ་གནད་ཉེས་གསོག་གི་ཆ་འཕྲིན་ཐོ་མཛོད་བཟོས་ནས་ཁྲིམས་ཆད་འགྱུར་བ་ལག་བསྟར་བྱས་ཚུལ་ལ་རྗེས་སྙེག་ལྟ་སྐུལ་བྱས་ཡོད། ལྟ་འདོམས་བྱེད་སྒོར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་སྟེ་སྤྱི་བདེ་དང་། ཁྲིམས་ཁང་། སྲིད་ཁྲིམས། སྲིད་འཛིན་ལས་ཁུངས་བཅས་དང་མཉམ་དུ་ལྗོངས་ཡོངས་སུ་ལྟ་སྡོམ་བྱེད་སར་ལྟ་སྡོམ་བྱེད་ཕྱོགས་ཀྱི་ཆེད་དོན་ཞིབ་བཤེར་བྱེད་རྒྱུ་དང་། བཙོན་ཁང་གི “དོན་རྐྱེན་འབྱུང་གཞིར་ཞིབ་བཤེར་དང་། བདེ་འཇགས་ལྟ་སྡོམ་ལ་སྐུལ་འདེད་གཏོང་རྒྱུ ”སོགས་ཀྱི་ཆེད་དོན་ལས་ཀ་སྤེལ་རྒྱུ་སྒྲིག་འཛུགས་བྱས་ཏེ་དུས་ཚད་བརྒལ་ནས་བཀག་སྐྱིལ་བྱེད་པ་དང་། ལུས་ཆད་སྡུག་སྦྱོང་གཏོང་རིགས་ཀྱི་གནད་དོན་ལ་བཅའ་ཁྲིམས་གཞིར་བཟུང་ལྟ་སྐུལ་ཡོ་བསྲང་བྱས་ཏེ “བཙོན་པ་དབང་ཤེད་ཅན ”གྱིས་བཙོན་ཁང་གི་ལྟ་འདོམས་ལ་འགོག་རྐྱེན་བཟོ་ཉེན་ཡོད་པའི་གནད་དོན་རིགས་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་ཆེ་རུ་བཏང་བ་དང་། ན་ནིང་སྐོར་སྐྱོད་ཞིབ་བཤེར་ཁྱོན་1182བྱས་པ་དང་། བདེ་འཇགས་ལ་གནོད་པའི་རྐྱེན་རྩའི་རིགས་164ཤེས་རྟོགས་བྱུང་བ་མ་ཟད་ཡོ་བསྲང་བྱས་པ། ཞིབ་བཤེར་གྲོས་འཆར་ཁག་17བཏོན་པ་བཅས་རྒྱུན་ལྡན་གྱི་ལྟ་འདོམས་སྒྲིག་ལམ་སྲུང་སྐྱོང་བྱས་ཡོད། ཁྲིམས་སྒྱུར་ནན་པོ་མི་བྱེད་པ་དང་། སྲིད་འཛིན་དྲང་གཞག་མི་བྱེད་པའི་གནད་དོན་ལ་དོ་སྣང་བྱས་ཏེ་ཁྲིམས་འཛིན་རུལ་སུངས་བྱེད་པའི་ཉེས་གསོག་རིགས་བཤེར་འདོན་བྱེད་པ་དང་། ཉེན་རྟོག་པའི་ལས་ཐོག་ཉེས་གསོག་གྱོད་གཞི་1དང་མི་3ལ་བཅའ་ཁྲིམས་གཞིར་བཟུང་ཞིབ་གཅོད་བྱས་པ་དེས་ཁྲིམས་ལུགས་ཀྱི་གཟི་རྔམ་དང་སྲིད་ཁྲིམས་ཀྱི་དྲང་གཞག་སྲུང་སྐྱོང་བྱས་ཡོད།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ནས་བཏོན་པའི 《ཞིབ་དཔྱོད་ལས་ཁུངས་ཀྱི་ཁྲིམས་ལུགས་ལྟ་སྐུལ་ལས་ཀར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་གཏན་འབེབས 》ལག་བསྟར་དོན་འཁྱོན་བྱེད་རྒྱུར་སྐུལ་འདེད་ཧུར་ཐག་བཏང་བ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ནས་བཏོན་པའི 《ཞིབ་དཔྱོད་ལས་ཁུངས་ཀྱི་ཁྲིམས་ལུགས་ལྟ་སྐུལ་ལས་ཀར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་གཏན་འབེབས 》ལག་བསྟར་བྱེད་རྒྱུའི་འགྲེམ་སྤེལ་བྱས་རྗེས་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གིས་ལས་ཀའི་བསམ་ཕྱོགས་ལ་ཞིབ་འཇུག་བྱེད་པ་དང་། ལག་བསྟར་དོན་འཁྱོལ་བྱེད་རྒྱུའི་ཚོགས་འདུ་སྐོང་ཚོགས་བྱས་ཐོག་དྲིལ་བསྒྲགས་རྒྱ་ཁྱབ་བྱས་ཏེ 《གཏན་འབེབས 》ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དམ་འཛིན་བྱས་ཡོད། རིམ་ཁག་ཞིབ་དཔྱོད་ཁང་གིས་《གཏན་འབེབས 》ཀྱི་བླང་བྱ་ཁག་ལག་བསྟར་ཧུར་ཐག་བྱས་ཐོག་ལྟ་སྐུལ་འདུ་ཤེས་ཤུགས་ཆེར་བཏང་བ་དང་། ལྟ་སྐུལ་བྱེད་ནུས་ཆེ་རུ་བཏང་བ། ལྟ་སྐུལ་ལམ་སྲོལ་ཚགས་ཚུད་པོ་བཟོ་བ། ལྟ་སྐུལ་ཕན་འབྲས་ལ་མཐོང་ཆེན་བྱེད་པ་བཅས་ཀྱི་ཁྲིམས་ལུགས་ལྟ་སྐུལ་ལས་ཀའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་ཡོད།
བཞི། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་བྱས་ཏེ་རང་ངོས་ལེགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དཔུང་ཁག་གི་ཆབ་སྲིད་ཀྱི་བྱང་ཚད་དང་འགན་བབས་ལས་སྒོའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་བ།
ཞིབ་དཔྱོད་དཔུང་ཁག་འཛུགས་སྐྱོང་བྱེད་རྒྱུ་རྨང་གཞི་ཅན་དང་། སྤྱི་ཡོངས་ཅན། འཐབ་ཇུས་ཅན་བཅས་ཀྱི་གལ་ཆེའི་ལས་འགན་ལ་བརྩི་རྒྱུ་རྒྱུན་འཁྱོངས་བྱས་ནས་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པ་དང་། འགན་བབས་ལས་སྒོ་བྱང་ཆུབ་པ། ཀུན་སྤྱོད་ལེགས་པ། ཁྲིམས་སྒྱུར་དྲང་གཞག སྒྲིག་ཁྲིམས་ནན་པ་བཅས་ཀྱི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་ཞིབ་དཔྱོད་དཔུང་ཁག་ཅིག་འཛུགས་སྐྱོང་བྱེད་ཐུབ་པའི་འབད་བརྩོན་བྱས་ཡོད།
འགོ་ཁྲིད་ཚན་པའི་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་པ། སྔོན་གཏོད་ལེགས་བརྩོན་དང་ནུས་ཕྱོད་ཆེར་སྐྱེད་ལོའི་བྱེད་སྒོ་གཏིང་ཟབ་སྤེལ་ཐོག་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་རང་སྐྱོང་ལྗོངས་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ལ་གཟིགས་ཞིབ་གནང་བ་དང་ཟུང་འབྲེལ་བྱས་ནས་སྤྱི་ཡོངས་ལ་ཞབས་ཞུ་སྒྲུབ་རྒྱུ་དང་། དམངས་འཚོ་འགན་ལེན་བྱེད་རྒྱུ། ཁྲིམས་ལུགས་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། རང་ངོས་ལེགས་སྐྱོང་ཤུགས་ཆེར་གཏོང་རྒྱུ། ཁྲིམས་ལུགས་ལྟ་སྐུལ་གྱི་ནུས་པ་ཆེ་རུ་གཏོང་རྒྱུ་སོགས་ཕྱོགས་5ཐད་ཀྱི་བཅོས་སྒྲིག་བྱ་ཐབས་17བཟོས་ཏེ་དོན་འཁྱོལ་ཐུབ་པའི་དམ་འཛིན་ནན་ཏན་བྱས་ཡོད། འགོ་ཁྲིད་བྱེད་སྟངས་དང་ལས་ཀའི་སྤྱོད་ཚུལ་འགྱུར་ལྡོག་ཏན་ཏིག་བཏང་བ་དང་། དཔལ་འབྱོར་གོང་འཕེལ་ལ་ཞབས་ཞུ་སྒྲུབ་པ། སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོབ་བྱེད་པ། འགོ་ཁྲིད་ལས་བྱེད་པའི་ནུས་པ་ལེགས་སྐྱོང་། གྱོད་གཞི་དོ་དམ་བྱེད་རྒྱུ་སོགས་བོད་ཀྱི་ཞིབ་དཔྱོད་ལས་དོན་སྤྱི་ཡོངས་དང་ཡུན་རིང་གོང་འཕེལ་ཐད་འབྲེལ་བ་ཡོད་པའི་ཕྱོགས་ཁག་7གྱི་གནད་དོན་ལ་རང་སྐྱོང་ལྗོངས་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཁོངས་མིས་སྣེ་ཁྲིད་དེ་ཆེད་དོན་ཞིབ་འཇུག་བརྟག་དཔྱད་བྱས་པ་མ་ཟད། བརྟག་ཞིབ་བྱས་འབྲས་དོན་དངོས་ལ་འཁྱོལ་བ་བྱེད་རྒྱུ་དམ་འཛིན་ནན་པོ་བྱས་ཡོད། འགོ་ཁྲིད་ལས་བྱེད་པའི་ལས་གནས་བརྗེ་རེས་བྱེད་ཤུགས་ཆེ་རུ་བཏང་ནས་སྤྱོད་གཙང་གི་ཞིབ་དཔྱོད་བྱེད་རྒྱུར་འགན་ལེན་བྱས་པ་དེའང་ཁྲུའུ་རིམ་པའི་ལས་བྱེད་པ་51ཀྱི་ལས་གནས་བརྗེ་རེས་བྱས་པ་དེའི་ནང་ཡན་ལག་ཞིབ་དཔྱོད་ཁང་དང་གྲོང་ཁྱེར་ཞིབ་དཔྱོད་ཁང་། དེ་བཞིན་གཞི་རིམ་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་ཀྲང་19ཡོད། གཞོན་ནུ་ལས་བྱེད་པར་གཞི་རིམ་ལས་ཀའི་ཉམས་མྱོང་དང་མང་ཚོགས་ཀྱི་ལས་ཀ་ཡག་པོ་སྒྲུབ་རྒྱུའི་ཉམས་མྱོང་མེད་པའི་གནད་དོན་ལ་གཞིགས་ཏེ་ཕུལ་བྱུང་གི་གཞོན་ནུ་ལས་བྱེད་པ་25བདམས་ནས་གཞི་རིམ་གྱི་སྡེ་ཚན་གཞན་ལ་ལས་འགན་གཞན་འཁུར་གྱི་གནས་སྦྱར་སྦྱོང་བརྡར་བྱེད་དུ་བཅུག་ཡོད།
དཔུང་ཁག་ཆེད་ལས་ཅན་དུ་ལེགས་སྐྱོང་བྱེད་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ། ཆེད་ལས་སྦྱོང་བརྡར་སྤྲོད་རྒྱུ་གཙོ་གནད་དུ་དམ་འཛིན་བྱེད་པ་དང་། རང་སྐྱོང་ལྗོངས་ཞིབ་དཔྱོད་ཁང་གིས་ཚད་ལྡན་གྱི་སློབ་གསོའི་སྦྱོང་བརྡར་མ་ལག་ཧུར་ཐག་གཏོད་ནས 《བོད་ལྗོངས་ཞིབ་དཔྱོད་ལས་ཁུངས་ཀྱི་ལོ་གསུམ་སློབ་གསོའི་སྦྱོང་བརྡར་འཆར་འགོད 》བཟོ་སྒྲིག་བྱས་པ་དང་འབྲེལ་ཕྱིར་ལ་སྐྱོད་པ་དང་ནང་ལ་གདན་ཞུ་བྱེད་རྒྱུ་ཟུང་འབྲེལ་བྱེད་པའི་སྦྱོང་བརྡར་བྱ་ཐབས་བརྒྱུད་ནས་རང་སྐྱོང་ལྗོངས་ཞིབ་དཔྱོད་ཁང་གིས་ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ཉེན་རྟོག་པར་གཅིག་གྱུར་ཐོག་སྦྱོང་བརྡར་སྤྲས་ཡོད། ལས་ཀའི་ནུས་ཕྱོད་ཆེ་རུ་གཏོང་རྒྱུར་དམིགས་ཏེ་ཉེན་རྟོག་ལས་བྱེད་པས་ལྗོངས་ཕྱི་རུ་གྱོད་གཞི་སྒྲུབ་པའི་ནང་ཐེ་ཞུགས་བྱེད་རྒྱུ་དེ་ལྗོངས་ཕྱི་རུ་སྦྱོང་བརྡར་སྤྲོས་པའི་གཞི་རྟེན་ལ་བརྩི་བ་དང་། ལྗོངས་ནང་ཁོངས་སུ་ཁྲིམས་རྩོད་ཉན་ནས་དཔྱད་གླེང་དང་། གྱོད་དོན་ལ་དཔྱད་ཞིབ། གྱོད་དོན་རེ་ལ་ཕྱོགས་བསྡོམས་རེ་བཅས་བྱེད་རྒྱུ་དེ་ལྗོངས་ནང་ཁུལ་དུ་ལས་གནས་སྦྱོང་བརྡར་བྱེད་པའི་གཞི་རྟེན་དུ་བརྩིས་ནས་སྦྱོང་བརྡར་གྱི་དམིགས་ཚུགས་རང་བཞིན་དང་ཕན་འབྲས་རང་བཞིན་ཆེ་རུ་བཏང་ཡོད། ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ཉེན་རྟོག་ལས་བྱེད་པ་མི་ཐེངས་2456ལས་སྒོའི་སྦྱོང་བརྡར་ནང་ཞུགས་ཡོད་པ་དང་། ན་ནིང་ང་ཚོས་ཞིབ་དཔྱོད་ཉེན་རྟོག་ལས་བྱེད་པ 169ཅིའི་ལིང་དང་། ཁྲུང་ཆིང་། ཡུན་ནན། སི་ཁྲོན་བཅས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་གྱི་ཞིབ་དཔྱོད་ལས་ཁུངས་ལ་སྲིད་ཁྲིམས་ཡིག་རྒྱུགས་སྤྲོས་རྒྱུའི་སྦྱོང་བརྡར་བྱེད་པར་མངག་གཏོང་བྱས་པར་བརྟེན་ཞིབ་དཔྱོད་པ་མི་གྲངས་80སྲིད་འཛིན་ཡིག་རྒྱུགས་ལོན་ཡོད་པ་དེ་རྒྱུགས་ལོན་ཚད་47.34%ཟིན་ཡོད། ཞིབ་དཔྱོད་ལས་དོན་དང་དཔུང་ཁག་ལ་དོ་དམ་བྱེད་པའི་ནུས་པ་རྒྱུན་ཐོན་གྱི་ལམ་སྲོལ་འཛུཌ་རྒྱུ་འཚོལ་ཞིབ་ཧུར་ཐག་བྱས་ཏེ་ཚད་ལྡན་ཅན་དུ་ལེགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ཡོད། འགན་བབས་ལས་སྒོའི་ཐད་ལྗོངས་ཞིབ་དཔྱོད་ཁང་གིས 《བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཚན་པ་སོ་སོའི་2010ལོའི་ལོ་འཁོར་ལས་ཀའི་དམིགས་ཚད་རིཌ་དབྱེ་དང་དཔྱད་བསྡུར་བྱ་ཐབས 》དང་། 《བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་བཤེར་འཛིན་བཟུང་ལས་དོན་ཐད་ཀྱི་གཏན་འབེབས 》《གཞུང་གཏུག་གྱོད་དོན་ཞིབ་གཅོད་ལས་ཀའི་གོ་རིམ 》བཅས་གཏན་ལ་ཕབ་ནས་ཞིབ་དཔྱོད་ལས་དོན་ཁག་ཚད་ལྡན་བཟོས་ཡོད། དཔུང་ཁག་དོ་དམ་བྱེད་པའི་ཐད་ལས་བྱེད་པར་དཔྱད་བསྡུར་བྱ་ཐབས་གསར་པ་བཏོན་པ་དེས་ལམ་ལུགས་ཀྱིས་མི་ལ་དོ་དམ་བྱེད་པ་དང་། ལམ་ལུགས་ཀྱིས་མི་ལ་ལྟ་སྐུལ་བྱེད་པ། ལམ་ལུགས་ཀྱིས་མི་ལ་སྐུལ་ལྕག་གཏོང་བ་བཅས་ཀྱི་དོ་དམ་ལམ་སྲོལ་ཞིག་ཐོག་མའི་ཆར་ཆགས་ཟིན་པ་དང་། ལམ་སྲོལ་དེ་དག་བཙུགས་པ་དང་ལག་བསྟར་བྱས་པ་དེས་ཞིབ་དཔྱོད་ལས་ཀའི་གོང་འཕེལ་དང་ཞིབ་དཔྱོད་དཔུང་ཁག་ལེགས་སྐྱོང་ལ་གསོན་ཤུགས་གསར་པ་ཞིག་སྦྱིན་ཡོད།
གཞི་རིམ་གྱི་རྨང་གཞིའི་ལས་ཀ་བརྟན་པོའི་ངང་ནས་སྤེལ་བ། གཞི་རིམ་ཞིབ་དཔྱོད་ཁང་གི་འཛུགས་སྐྱོང་ལ་དཔྱད་བསྡུར་བྱ་ཐབས་བཟོས་པ་དང་། གཞི་རིམ་ཞིབ་དཔྱོད་ཁང་གི་འཛུགས་སྐྱོང་འཆར་འགོད་དོན་འཁྱོལ་བྱེད་ཚུལ་ལ་ཆེད་དོན་ཞིབ་བཤེར་བྱས་ཏེ་གཞི་རིམ་ཞིབ་དཔྱོད་ཁང་རྣམས་ཁྲིམས་སྒྱུར་ཚད་ལྡན་ཅན་དང་། དཔུང་ཁག་ཆེད་ལས་ཅན། འགན་སྲུང་དེང་རབས་ཅན་བཅས་ལ་འཛུགས་སྐྱོང་བྱེད་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་བ་མ་ཟད། ཞིབ་དཔྱོད་ལས་ཀའི་གཙོ་གནད་གཤམ་སྒྱུར་བྱེད་རྒྱུ་དང་ཞིབ་དཔྱོད་སྟོབས་ཤུགས་དེ་གཤམ་འོག་ལ་འདོན་རྒྱུར་སྐུལ་འདེད་བཏང་ཡོད། སྲིད་ཁྲིམས་ཀྱི་འགྲོ་གྲོན་འགན་སྲུང་ལམ་སྲོལ་བསྒྱུར་བཅོས་བྱེད་རྒྱུ་དོན་འཁྱོལ་ནན་ཏན་བྱེད་པ་དང་། གཞི་རྩའི་འཛུགས་སྐྲུན་གྱི་མ་འཇོག་འགན་ལེན་བྱེད་རྒྱུ་སོགས་ཀྱི་ལམ་སྲོལ་ཚད་ལྡན་བཟོས་པས་ཀྲུང་དབྱང་སྲིད་ཁྲིམས་ནས་མ་དངུལ་སྒྱུར་སྤྲོད་བྱེད་ཚད་དེ་2009ལོ་ལས་སྒོར་ཁྲི་1900མང་བ་བྱུང་བ་དང་། “ལས་ཞག་དང་གཞུང་ལས་ཁང་”གི་འཛུགས་སྐྲུན་ལ་ཁ་གསབ་རོགས་དངུལ་སྤྲོད་ཚད་189%འཕར་ཡོད། སྔོན་གཏོད་ལེགས་བརྩོན་གྱི་བྱེད་སྒོ་ཧུར་ཐག་སྤེལ་བ་དེས་སྔོན་ཐོན་མཉམ་སྡེབ་193དང་། སྔོན་ཐོན་མི་སྒེར་317ལ་རང་སྐྱོང་ལྗོངས་དང་། ས་གནས། རྫོང་བཅས་ཀྱི་གཟེངས་བསྟོད་ཐོབ་ཡོད། གཞན་ཡང་གཞིས་རྩེ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་དེ་རྒྱལ་ཡོངས་ཀྱི་དཔེ་སྟོན་ཞིབ་དཔྱོད་ཁང་ལ་བདམས་ཐོན་བྱུང་བ་དང་། ཚེ་དབང་འཇིགས་མེད་རྒྱལ་ཡོངས་ཀྱི་སྔོན་ཐོན་ལས་དོན་པར་བདམས་ཐོན་བྱུང་བ་སོགས་སྔོན་ཐོན་གྱི་མིག་དཔེ་ཐོན་ཡོད།
“ཞིབ་དཔྱོད་ལས་རིགས་ཀྱི་ཀུན་སྤྱོད་ནན་པོ་སྲུང་ནས་གཞུང་དྲང་སྤྱོད་གཙང་གི་ཁྲིམས་སྒྱུར་ལ་སྐུལ་འདེད ”གཏོང་བའི་བརྗོད་དོན་གཙོ་བོའི་བྱེད་སྒོ་ནན་ཏན་ངང་སྤེལ་བ། ཚུལ་དང་མཐུན་པ་དང་། སེམས་བརྣལ་ལ་བབ་པ། ཡ་རབས་ལྡན་པ། ཚད་ལྡན་བཅས་ཀྱི་ཁྲིམས་སྒྱུར་བྱེད་རྒྱུའི་ལྟ་བ་ལག་བསྟར་གཏིང་ཟབ་བྱེད་པ་དང་། 《ཞིབ་དཔྱོད་དཔོན་གྱི་ལས་རིགས་ཀུན་སྤྱོད་ཐད་ཀྱི་གཞི་རྩའི་རྩ་དོན 》བརྩི་སྲུང་ནན་པོ་བྱས་པ་དེས་ཞིབ་དཔྱོད་ཉེན་རྟོག་ལས་བྱེད་པས་ཟོལ་མེད་དྲང་གཞག་དང་། འཇོན་ཐང་ཆེ་བ། ཀུན་སྤྱོད་གཙང་མ་བཅས་བྱེད་ཐུབ་པའི་འགན་ལེན་བྱུང་ཡོད། “སྡེ་ཁུལ་དང་། ཁེ་ལས། གྲོང་གསེབ། གཞི་རིམ་བཅས་ལ་སྐྱོད་པ་དང་། དཔལ་འབྱོར་དང་། སྤྱི་ཚོགས། གཞི་རིམ། མང་ཚོགས་བཅས་ལ་ཞབས་ཞུ་སྒྲུབ་པའི ”ལག་ལེན་བྱེད་སྒོ་སྤེལ་རྒྱུ་སྒྲིག་འཛུགས་བྱས་པ་མ་ཟད། གྲོང་གསེབ་གསར་པ་སྐྲུན་རྒྱུར་ཞབས་ཞུ་སྒྲུབ་མཁན་དང་། དམངས་འཚོའི་ཁྱབ་ཁོངས་ལ་གནོད་པའི་ཉེས་གསོག་པར་རྡུང་རྡེག་གཏོང་མཁན། དེ་བཞིན་ཉེས་གསོག་གི་ཚད་ལ་སླེབས་པའི་ནར་མ་སོན་པའི་མིར་སྤྱི་ཚོགས་ནས་སློབ་གསོ་དང་རོགས་རམ་བྱེད་པའི་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་མཁན་བཅས་ཀྱི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་སྤྲོད་པ་དང་དྲིལ་བསྒྲགས་བྱས་ཏེ་ཞིབ་དཔྱོད་ཉེན་རྟོག་ལས་བྱེད་པས་སྤྱི་ཡོངས་ལ་ཞབས་ཞུ་སྒྲུབ་པའི་འདུ་ཤེས་ཤུགས་ཆེ་རུ་བཏང་བ་དང་། “ལྷག་བསམ་རྣམ་དག་དང་། དྲང་གཞག། སྤྱོད་གཙང་། ཡ་རབས ”བཅས་ལྡན་པའི་ཞིབ་དཔྱོད་ལས་རིགས་ཀྱི་ཀུན་སྤྱོད་བརྟན་པོ་བཙུགས་ཡོད།
རོགས་སྐྱོར་དང་ལེན་བྱེད་ཤུགས་ཆེ་རུ་བཏང་ནས་ཕྱི་ནང་ཟུང་འབྲེལ་གྱི་སྟོབས་ཤུགས་ཤིག་ཆགས་པ་བྱས་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་ཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་སྐོང་ཚོགས་བྱས་རྗེས་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཚད་མཐོའི་མཐོང་ཆེན་བྱས་ནས་སྔ་རྗེས་སུ་པེ་ཅིང་དང་། ཀོང་ཀྲའུ། ཉིང་ཁྲི་བཅས་ལ་བོད་སྐྱོར་ལས་དོན་ཚོགས་འདུ་སྐོང་ཚོགས་བྱས་ཏེ་བོད་སྐྱོར་ལས་དོན་བཀོད་སྒྲིག་བྱེད་པ་དང་། བོད་སྐྱོར་གྱི་དགོས་མཁོ་ཇི་ཡོད་རྟོག་ཞིབ་བྱས་ཏེ་བོད་སྐྱོར་ལས་འགན་དོན་འཁྱོལ་བཅས་བྱས་ཡོད། ན་ནིང་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་22དང་། འཆར་གཞི་ལོགས་བཀོད་ཀྱི་གྲོང་ཁྱེར་5བཅས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་འགན་འཁུར་མི་སྣས་བོད་དུ་ཕེབས་ནས་རྟོག་ཞིབ་དང་འཆར་འགོད་བཟོས་པ་མ་ཟད། རྣམ་གྲངས་མ་དངུལ་ཡང་འཁྱེར་ཡོད། བོད་སྐྱོར་རྣམ་གྲངས་ཁྱོན་32དོན་འཁྱོལ་བྱས་པ་དང་། བོད་སྐྱོར་མ་དངུལ་སྒོར་ཁྲི་3690དོན་འཁྱོལ་བྱས་ཡོད། རྒྱལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཁག་27དང་འབྲེལ་ལམ་འཛུགས་རྒྱུ་གཏན་འཁེལ་བྱེད་པ་དང་། དུས་ཐེངས་གསར་པའི་ཞིབ་དཔྱོད་བོད་སྐྱོར་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་འཛུགས་རྒྱུ་དང་། ལམ་ལྷོང་ངང་སྤེལ་ཐུབ་པ། ཕན་འབྲས་དངོས་ཐོན་ཐུབ་པ་བཅས་ཀྱི་འགན་ལེན་བྱས་ཡོད།
ལྔ། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་བྱས་ནས་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་རང་འགུལ་ངང་དང་ལེན་ཞུས་ཏེ་ཞིབ་གཅོད་དབང་ཆ་ཁྲིམས་ལུགས་བཞིན་འཛིན་སྤྱོད་ཡང་དག་པ་བྱེད་རྒྱུའི་འགན་ལེན་བྱས་པ།
ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་རྒྱུ་དེ་ནི་ཞིབ་དཔྱོད་ལས་དོན་ཡག་པོ་སྒྲུབ་པའི་གཞི་རྩའི་འགན་ལེན་ཞིག་ཡིན་པས་ཞིབ་དཔྱོད་ལས་དོན་གོང་འཕེལ་གཏོང་རྒྱུ་དེ་རིམ་ཁག་མི་དམངས་འཐུས་ཚོགས་དང་། སྲིད་གྲོས། སྤྱི་ཚོགས་ལས་རིགས་ཁག་བཅས་ཀྱི་ཐུགས་ཁུར་དང་། རྒྱབ་སྐྱོར། ལྟ་སྐུལ་དང་ཁ་འབྲལ་ཐབས་མེད། ལོ་གཅིག་རིང་ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ལྟ་སྐུལ་དང་ལེན་ཞུ་བའི་རང་རྟོགས་རང་བཞིན་ཤུགས་ཆེ་རུ་བཏང་ནས་ལྟ་སྐུལ་དང་ལེན་ཞུ་བའི་ཕན་འབྲས་མཐོ་རུ་གཏོང་གང་ཐུབ་བྱས་ཡོད། ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཞིབ་དཔྱོད་ལས་དོན་བཀོད་སྒྲིག་དང་། གལ་ཆེའི་ལྟ་སྐུལ་བྱེད་དགོས་རིགས། གལ་ཆེའི་ཞིབ་དཔྱོད་ཀྱི་གྲོས་འཆར་སོགས་ཀྱི་སྙན་སེང་ཞུ་བའི་ལས་ཀའི་ལམ་ལུགས་རྒྱུན་འཁྱོངས་བྱེད་པ་དང་། མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ལས་དོན་ཁག་ལ་བཏོན་པའི་བླང་བྱ་ནན་ཏན་ངང་དོན་འཁྱོལ་བྱས་ཡོད། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་གྱི་བསམ་འཆར་དང་གྲོས་འཆར་ཉན་རྒྱུར་མཐོང་ཆེན་བྱས་ཏེ་ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། སྲིད་གྲོས་ཨུ་ཡོན་གྱི་ཞུགས་མོལ་ཚོགས་འདུ་ཐེངས་160སྐོང་ཚོགས་བྱས་ནས་འཐུས་མི་དང་ཨུ་ཡོན་གྱི་བསམ་འཆར་དང་གྲོས་འཆར་ཉན་པ་མ་ཟད། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་ལ་སོགས་པའི་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་339ཞིབ་དཔྱོད་ལས་ཁུངས་ཀྱི་ལས་དོན་ལ་གཟིགས་ཞིབ་དང་མཛུབ་ཁྲིད་གནང་བར་གདན་ཞུ་བྱས་ཡོད། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་གྱི་གྲོས་འཆར་དང་བསམ་འཆར་ཆེད་དོན་སྒྲུབ་སྐུལ་དང་། ཆེད་བསྐོས་མི་སྣས་འགན་འཁུར། རིམ་པས་ལན་འདེབས་བཅས་བྱས་ཡོད། རིམ་ཁག་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ནུས་ལྡན་ལྟ་སྐུལ་དང་། སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་དང་དེ་བཞིན་སྤྱི་ཚོགས་ཀྱི་ལྟ་སྐུལ་བྱས་པ་དེས་ཞིབ་དཔྱོད་ལས་ཁུངས་ཀྱི་ཁྲིམས་ལུགས་ལྟ་སྐུལ་ལས་ཀ་ནུས་ལྡན་ངང་སྤེལ་རྒྱུར་ཕན་སྐུལ་ཤུགས་ཆེ་ཐེབས་ཡོད།
དྲུག་པ། ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་ལག་ལེན་བྱས་ནས་བློ་རྩ་བརྟན་པོས་ཡར་བརྩོན་བྱས་ཏེ་ཞིབ་དཔྱོད་ལས་དོན་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་རྒྱུ།
ལོ་གཅིག་རིང་རིམ་ཁག་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས་བཅས་ཀྱིས་ཞིབ་དཔྱོད་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་ཐུགས་འཁུར་གནང་ཡོད། ཞིབ་དཔྱོད་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཀྲུང་དབྱང་དབུ་ཁྲིད་ཀྱི་གལ་ཆེའི་མཛུབ་ཁྲིད་ལྗོངས་ཏང་ཨུད་ཀྱིས་དོན་འཁྱོལ་ནན་ཏན་བྱས་ནས་ཞིབ་དཔྱོད་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་དང་ལེགས་བཅོས་བྱེད་ཕྱོགས་ཐད་གལ་ཆེའི་མཛད་ཇུས་རབ་དང་རིམ་པ་བཏོན་ནས་གོང་འཕེལ་གཏོང་རྒྱུར་ཚོད་འཛིན་བྱེད་པའི་མངོན་ཆེའི་གནད་དོན་འགའ་ཞིག་ཐག་གཅོད་བྱས་ཡོད། ལྗོངས་ཏང་ཨུད་ཀྱི་འགོ་ཁྲིད་གཙོ་བོས་རྟག་ཏུ་ཞིབ་དཔྱོད་ལས་ཁུངས་ཀྱི་གལ་ཆེའི་ལས་དོན་གནས་ཚུལ་གྱི་སྙན་སེང་གསན་པ་དང་། ཧྲུའུ་ཅི་ཀྲང་ཆིང་ལིས་ཞིབ་དཔྱོད་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས་ཁ་ཕྱོགས་དམ་འཛིན་དང་། དོན་ཆེན་གཏན་འཁེལ། དོན་འཁྱོལ་དམ་འཛིན་བྱེད་རྒྱུ་སོགས་གལ་ཆེའི་ལས་དོན་མང་པོར་སྐུ་ངོ་མས་དམ་འཛིན་གནང་ཞིང་། སྔ་རྗེས་སུ་གལ་ཆེའི་མཆན་བཀོད་མཛུབ་སྟོན་ཐེངས་20ལྷག་ཙམ་གནང་ནས་སྐུལ་ལྕག་དང་རྒྱབ་སྐྱོར་གནང་ཡོད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་ཞིབ་དཔྱོད་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས་རྟོག་ཞིབ་རྒྱ་ཆེ་བྱས་པའི་རྨང་གཞིའི་ཐོག 《ཞིབ་དཔྱོད་ལས་ཁུངས་ཀྱི་བཅའ་ཁྲིམས་ཀྱི་ལྟ་སྐུལ་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་གཏན་འབེབས 》བཟོས་ཏེ་ཞིབ་དཔྱོད་ལས་ཁུངས་ལ་ལྟ་སྐུལ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཐུན་མོང་ཐོག་ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་དོན་གནས་ཚུལ་གྱི་སྙན་སེང་གསན་ནས་གལ་ཆེའི་མཛུབ་ཁྲིད་དང་བསམ་འཆར་བཏོན་ཏེ་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་ལུགས་བཞིར་བཟུང་རང་འགན་གཙང་སྒྲུབ་བྱེད་རྒྱུར་རྒྱབ་སྐྱོར་ཧུར་ཐག་བྱས་ཡོད། རང་སྐྱོང་ལྗོངས་སྲིད་གཞུང་གིས་ནུས་ཤུགས་ཡོད་རྒུས་ཞིབ་དཔྱོད་ལས་དོན་ལ་རྒྱབ་སྐྱོར་བྱས་ནས་དཔུང་ཁག་འཛུགས་སྐྱོང་དང་ཁྲིམས་སྒྱུར་འགན་སྲུང་བྱེད་རྒྱུའི་ཐད་དངོས་ཡོད་ཀྱི་དཀའ་ངལ་འབོར་ཆེན་ཐག་གཅོད་བྱེད་རོགས་བྱས་ཡོད། རང་སྐྱོང་ལྗོངས་སྲིད་གྲོས་དང་དེའི་འབྲེལ་རྒྱ་ཆེ་བའི་དགེ་མཚན་ལ་བརྟེན་ནས་སྤྱི་ཚོགས་ལས་རིགས་ཁག་གིས་ཞིབ་དཔྱོད་ལས་ཁུངས་ལ་དམངས་གཙོའི་ལྟ་སྐུལ་བྱེད་རྒྱུ་དང་ལས་དོན་ལ་རྒྱབ་སྐྱོར་བྱེད་རྒྱུའི་སྐུལ་ཁྲིད་དང་བག་ཆགས་སྤྲད་ཡོད། རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་གྱིས་ཞིབ་དཔྱོད་ལས་དོན་ལ་དོ་འཁུར་དང་སེམས་འཁུར་བྱས་ནས་རང་ལྗོངས་ཀྱི་ཞིབ་དཔྱོད་བྱ་གཞག་གོང་འཕེལ་གཏོང་རྒྱུར་སེམས་ནུས་ཆེན་པོ་བཏོན་ཡོད། དེར་ངས་ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་དང་ཞིབ་དཔྱོད་ལས་བྱེད་པ་དང་ཉེན་རྟོག་པ་ཡོངས་ཀྱི་ཚབ་ཞུས་ནས་རིམ་ཁག་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས་བཅས་ཀྱི་དབུ་ཁྲིད་དང་། མི་དམངས་འཐུས་ཚོགས་ཀྱི་འཐུས་མི། སྲིད་གྲོས་ཨུ་ཡོན་ཡོངས་རྫོགས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་ཡིན། གྲུབ་འབྲས་ཕྱོགས་བསྡོམས་བྱས་པ་དང་ཆབས་ཅིག་ང་ཚོས་རིག་པ་དྭངས་གསལ་གྱི་སྒོ་ནས་བོད་ཀྱི་ཞིབ་དཔྱོད་ལས་དོན་དེ་དང་ཚན་རིག་དང་མཐུན་པའི་གོང་འཕེལ་གཏོང་རྒྱུའི་བླང་བྱ་དང་བསྡུར་ན་ད་དུང་ཧེ་བག་ཆེན་པོ་ཡོད་པ་མཐོང་དགོས། གཅིག་ནི་འགན་འཁྲི་སྒྲུབ་རྒྱུ་དེ་མཆོང་སྐྱོད་ལྟ་བུའི་གོང་འཕེལ་གཏོང་རྒྱུ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུའི་བླང་བྱ་དང་ད་དུང་འཚམ་ཐུབ་ཀྱི་མེད། གཞི་རིམ་ཞིབ་དཔྱོད་ཁང་ཁག་གཅིག་གི་སྤྱི་ཡོངས་ལ་ཞབས་ཞུ་སྒྲུབ་པའི་རང་རྟོགས་རང་བཞིན་དང་རང་འགུལ་བྱེད་ཤུགས་ཆེན་པོ་མེད་པ་དང་ཞབས་ཞུའི་བྱ་ཐབས་སྤེལ་ནུས་ཤུགས་ཆེན་པོ་མེད། གཉིས་ནི་བཅའ་ཁྲིམས་ཀྱི་ལྟ་སྐུལ་བྱེད་ཤུགས་དང་ཕན་འབྲས་ཐོན་ཤུགས་དེ་དང་མི་དམངས་མང་ཚོགས་ཀྱི་རེ་བ་དང་བསྡུར་ན་ད་དུང་ཧེ་བག་ཡོད། ལྟ་སྐུལ་བྱེད་མི་ཤེས་པ་དང་། ལྟ་སྐུལ་བྱེད་མི་ནུས་པ། ལྟ་སྐུལ་གྱི་སྤུས་ཚད་མཐོ་པོ་མེད་པ་བཅས་ཀྱི་གནད་དོན་སྔར་བཞིན་གནས་མུས་ཡིན་པ་དང་མང་ཚོགས་འགའ་ཞིག་གིས་ཞུ་གླེང་ཆེ་བའི་དམངས་འཚོའི་གནད་དོན་ཐད་ལ་ལྟ་སྐུལ་ཐག་གཅོད་ཡག་པོ་མ་བྱུང་བར་བརྟེན་མང་ཚོགས་ཀྱིས་ད་དུང་བསམ་འཆར་ཡོད། གསུམ་ནི་བསྒྱུར་བཅོས་གསར་གཏོད་བྱེད་ཤུགས་མི་འདང་བ་དང་ཞིབ་དཔྱོད་ལས་དོན་ནང་གི་སྒྲིག་སྲོལ་རང་བཞིན་དང་། ལམ་སྲོལ་རང་བཞིན། འགན་སྲུང་རང་བཞིན་གྱི་འགལ་རྐྱེན་རིགས་ཡོངས་སུ་སེལ་ཐུབ་མེད། བཞི་ནི་དཔུང་ཁག་ཧྲིལ་པོའི་ཆབ་སྲིད་བྱང་ཚད་དང་འཚམ་མི་ཐུབ་པ། ལས་སྒོའི་བྱང་ཚད་མཐོ་པོ་མེད་པ་དང་། ཁྲིམས་སྒྱུར་བྱེད་ནུས་དང་མང་ཚོགས་ཀྱི་ལས་དོན་སྤེལ་ནུས་ཆེན་པོ་མེད་པ། སྒོ་དབྱེ་དང་། གསལ་ཆ་ཆེ་བ། ཆ་འཕྲིན་ཅན་བཅས་ཀྱི་ཆ་རྐྱེན་འོག་ཁྲིམས་སྒྱུར་གྱོད་ཞིབ་བྱེད་རྒྱུའི་བླང་བྱ་དང་འཚམ་ཐུབ་ཀྱི་མེད་པ་བཅས་རེད། ལྔ་ནི་གཞི་རིམ་ཞིབ་དཔྱོད་ཁང་གི་ལས་བྱ་མི་འདང་བ་དང་། ཤེས་ལྡན་པ་དཀོན་པ། སྒྲིག་ཆས་འདེང་པོ་མེད་པ། སྡོད་ཁང་གི་དཀའ་ངལ་ཆེ་བ་སོགས་ཀྱི་གནད་དོན་ད་དུང་ཐག་གཅོད་ཡག་པོ་བྱུང་མེད་པར་བརྟེན་ཞིབ་དཔྱོད་བྱ་གཞག་གོང་འཕེལ་གཏོང་རྒྱུར་འགོག་རྐྱེན་བཟོ་གི་ཡོད། གནད་དོན་དེ་རིགས་ལ་གཞིགས་ཏེ་ང་ཚོས་དེ་བས་དམ་པ་དོན་གཉེར་གྱི་རྣམ་འགྱུར་བཟུང་སྟེ་རྒྱབ་སྐྱོར་ཡོང་བའི་འབད་བརྩོན་ཧུར་ཐག་བྱེད་རྒྱུ་དང་བྱ་ཐབས་ནུས་ལྡན་སྤྱད་དེ་བཅོས་སྒྲིག་ནན་པོ་བྱས་ནས་ཁ་ཙམ་མིན་པའི་ཐག་གཅོད་ཐུབ་པ་བྱེད་རྒྱུ་ཡིན།
འཐུས་མི་རྣམ་པ། 2011ལོ་ནི་“ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ཕྱོགས་ཡོངས་ནས་ལག་བསྟར་བྱེད་འགོ་ཚུགས་པའི་ལོ་ཞིག་ཡིན་ལ་ཀྲུང་གོ་གུང་ཁྲན་ཏང་དབུ་བཪྙེས་ནས་ལོ་90འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་ལོ་ཞིག་ཀྱང་ཡིན་པས་ལྗོངས་ཡོངས་ཀྱི་ལས་དོན་ཡིན་ནའང་འདྲ་ཡང་ན་ཞིབ་དཔྱོད་ལས་དོན་ཡིན་ནའང་འདྲ་ཚང་མའི་ངོས་ནས་བརྗོད་ན་སྤྱིར་བཏང་གི་ལོ་ཞིག་རྩ་བ་ནས་མིན། དེའང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་ཚོགས་འདུ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་བདུན་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ། ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་བཅས་ཀྱི་ཐོག་སླད་ཕྱིན་ལོ་ལྔའི་རིང་གི་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་བརྗིད་ཆེའི་འཆར་གཞི་བཀོད་ཡོད། ང་ཚོས་སླར་ཡང་ལོ་ལྔ་གསར་པའི་ཐོག་སྐྱོད་འགོ་ཚུགས་པ་རེད། དུས་བབ་གསར་པའི་འོག་ཞིབ་དཔྱོད་ལས་ཁུངས་ཀྱི་ཁྲིམས་སྒྱུར་དྲང་གཞག་བྱེད་རྒྱུའི་འགན་འཁྲི་དེ་བས་ཆེ་བ་དང་། བཅའ་ཁྲིམས་ཀྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་བླང་བྱ་ནི་དེ་བས་མཐོ་བ། ཁྱོན་ཡོངས་ལ་ཞབས་ཞུ་སྒྲུབ་རྒྱུའི་ལས་འགན་ནི་དེ་བས་ལྕི་བ་བཅས་ཡིན། འདི་ལོར་ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་རྒྱལ་ཡོངས་ཀྱི་སྲིད་ཁྲིམས་ལས་དོན་ཚོགས་འདུའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ་ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་ཀྱིས་ལྗོངས་ཏང་ཨུད་ཀྱི་སྐབས་བདུན་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་། རྒྱལ་ཡོངས་ཞིབ་དཔྱོད་དཔོན་གྱི་ཚོགས་འདུ། ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་བཅས་ཀྱི་བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་དང་། མཆོང་སྐྱོད་ལྟ་བུའི་གོང་འཕེལ་གཏོང་སྟངས། ཡུན་རིང་བདེ་འཁོད་ཡོང་རྒྱུ་བཅས་ཀྱི་བརྗོད་དོན་གཙོ་བོ་དང་། “ཐོན་ལས་དང་པོ་ཆུ་ཚད་གོང་མཐོར་གཏོང་རྒྱུ་དང་། ཐོན་ལས་གཉིས་པ་གཙོ་གནད་དམ་འཛིན་བྱེད་རྒྱུ། ཐོན་ལས་གསུམ་པ་གོང་འཕེལ་ཤུགས་ཆེ་གཏོང་རྒྱུའི ”དཔལ་འབྱོར་གོང་འཕེལ་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་རྒྱུ། དཔལ་འབྱོར་གོང་འཕེལ་གཏོང་སྟངས་གང་མགྱོགས་འགྱུར་ལྡོག་གཏོང་རྒྱུའི་གཙོ་དོན་བཅས་ལ་དམ་པོར་དམིགས་ནས་དཔལ་འབྱོར་གོང་འཕེལ་གཏོང་རྒྱུར་ཞབས་ཞུ་གང་ལེགས་སྒྲུབ་པ་དང་། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་གང་ལེགས་བྱེད་པ། གཙོ་གནད་ལས་དོན་ཁག་གསུམ་ལ་སྐུལ་སྤེལ་གང་ལེགས་གཏོང་བ། དུས་བབ་གསར་པའི་འོག་མང་ཚོགས་ཀྱི་ལས་དོན་གང་ལེགས་ས་སྒྲུབ་པ། བཅའ་ཁྲིམས་ཀྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གང་ལེགས་གཏོང་བ། རོགས་རམ་དང་ལེན་བྱེད་པའི་ལས་ཀའི་ལམ་སྲོལ་གསར་གཏོད་གང་ལེགས་བྱེད་པ། དཔུང་ཁག་འཛུགས་སྐྱོང་དང་གཞི་རིམ་ཞིབ་དཔྱོད་ཁང་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་གང་ལེགས་རྒྱག་པ་བཅས་བྱས་ཏེ་རང་ལྗོངས་ཀྱི “ལོ་ལྔ་ཚན་བཅུ་གཉིས་པའི ”ལས་འགོ་ཡག་པོ་བརྩམ་ཐུབ་པ་དང་གོམ་སྟབས་ཡག་པོ་སྤོ་ཐུབ་པ་བྱས་ནས་གཞི་མཐུན་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་དང་། སྟངས་སྙོམས་དྲང་བདེན་གྱི་ཁྲིམས་ལུགས་ཁོར་ཡུག སྤུས་ལེགས་ཕན་མཐོའི་ཞབས་ཞུའི་ཁོར་ཡུག་བཅས་སྐྲུན་ཐུབ་པ་བྱེད་དགོས།
གཅིག་ནི་སྤྱི་ཚོགས་གཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་ཕྱོགས་ཐད་གྲུབ་འབྲས་གསར་པ་ཐོབ་པ་བྱེད་རྒྱུ། གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས “དྲག་རྡུང་”གི་མཛད་ཕྱོགས་མཐའ་འཁྱོངས་བྱས་ཏེ་ཏཱ་ལའི་རུ་ཚོགས་ཀྱི་ཁ་ཕྲལ་གཏོར་བཤིག་གི་བྱེད་སྤྱོད་འདྲ་མིན་རིགས་ལ་ཁྲིམས་ལུགས་གཞིར་བཟུང་རྡུང་རྡེག་ཚ་ནན་གཏོང་རྒྱུ་དང་། ཚབས་ཆེའི་ཉེས་དོན་ཉེས་གསོག་གི་བྱེད་སྤྱོད་རིགས་ལ་ཁྲིམས་ལུགས་གཞིར་བཟུང་རྡུང་རྡེག་ཚ་ནན་བཏང་ནས་སྤྱི་ཚོགས་ཀྱི་དུས་བབ་རྒྱུན་མཐུད་བརྟན་ལྷིང་ཡོང་བའི་སྲུང་སྐྱོབ་བྱེད་རྒྱུ། གཞི་མཐུན་ཁྲིམས་སྒྱུར་བྱེད་པའི་འདུ་ཤེས་ཤུགས་ཆེར་བཏང་ནས་སྤྱི་ཚོགས་ཀྱི་འགལ་ཟླ་སེལ་རྒྱུ་དང་སྤྱི་ཚོགས་ཀྱི་དོ་དམ་གསར་གཏོད་བྱེད་རྒྱུར་དེ་བས་དོ་འཁུར་ཆེན་པོ་བྱེད་རྒྱུ། འཇམ་དྲག་ཟུང་སྦྱོར་ཐོག་ནས་ཉེས་དོན་སྲིད་ཇུས་ལག་བསྟར་བྱེད་རྒྱུར་དེ་བས་དོ་འཁུར་ཆེན་པོ། ཁྲིམས་འགལ་ཉེས་གསོག་གི་གནད་དོན་ཕྱོགས་བསྡུས་བཅོས་སྐྱོང་བྱེད་རྒྱུར་དེ་བས་དོ་འཁུར་ཆེན་པོ་བཅས་བྱས་ནས་གཞི་མཐུན་གྱི་རིགས་མང་དུ་གཏོང་གང་ཐུབ་དང་། གཞི་མཐུན་མ་ཡིན་པའི་རིགས་ཉུང་དུ་གཏོང་གང་ཐུབ་བྱེད་རྒྱུ། སྤྱི་ཚོགས་ཀྱི་གསར་གཏོད་ནུས་པ་སྐུལ་སློང་བྱེད་གང་ཐུབ་བཅས་བྱས་ཏེ་མང་ཚོགས་ཀྱི་ལས་དོན་དང་རྒྱུན་ལྡན་གྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་ནུས་པ་ཟམ་མི་ཆད་པར་མཐོ་རུ་བཏང་ཐོག་ཞིབ་དཔྱོད་ལས་དོན་དེ་སྤྱི་ཚོགས་ཀྱི་འགལ་ཟླ་ཞི་ལྷོད་དུ་གཏོང་རྒྱུའི “འཇམ་སྣུམ ”ལྟ་བུ་དང་། སྤྱི་ཚོགས་ཀྱི་གདོང་ཐུག་སིམ་པའི “འགྱིག་བལ ”ལྟ་བུ། སྤྱི་ཚོགས་ཀྱི་གནོན་ཤུགས་སེལ་དཀྲོལ་བྱེད་པའི “ཤུགས་གཅོག ”ལྟ་བུ་བཅས་སུ་གྱུར་ཐུབ་པ་བྱས་ནས་བརྟན་ལྷིང་གི་ཕན་འབྲས་དེ་དམངས་ཡོངས་ལ་ཕན་པ་བཟང་པོ་ཐོབ་པ་དང་སྤྱི་ཚོགས་ཡོངས་ལ་ཕན་པ་བཟང་པོ་ཐོབ་པ་བྱེད་རྒྱུ།
གཉིས་ནི་དཔལ་འབྱོར་གོང་འཕེལ་གཏོང་རྒྱུར་ཞབས་ཞུ་སྒྲུབ་རྒྱུའི་ཐད་གྲུབ་འབྲས་གསར་པ་ཐོབ་པ་བྱེད་རྒྱུ། དཔལ་འབྱོར་གོང་འཕེལ་སྔར་ལས་ཡག་པ་དང་། སྔར་ལས་མགྱོགས་པ། སྔར་ལས་ཆེ་བ་བཅས་གཏོང་རྒྱུར་འགན་ལེན་བྱེད་ཆེད་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས་ཁྲོམ་རའི་དཔལ་འབྱོར་གྱི་སྒྲིག་ལམ་གཏོར་བཤིག་ཚབས་ཆེ་གཏོང་མཁན་གྱི་ཉེས་གསོག་པར་རྡུང་རྡེག་ཚ་ནན་གཏོང་རྒྱུ་དང་གཙོ་ཆེའི་ལས་གྲྭ་འཛུགས་སྐྲུན་གྱི་དམངས་འཚོའི་ཁྱབ་ཁོངས་ནང་ཐོན་པའི་ལས་ཐོག་ཉེས་གསོག་རིགས་རྩད་ཞིབ་ཐག་གཅོད་ནན་པོ་བྱེད་རྒྱུ། ཐོན་ཁུངས་དང་སྣོད་བཅུད་གཏོར་བཤིག་ཚབས་ཆེ་གཏོང་བའི་ཉེས་གསོག་རིགས་རྩད་ཞིབ་ཐག་གཅོད་ནན་པོ་བྱས་ནས་ཁོར་ཡུག་ཐོན་ཁུངས་ལ་ཁྲིམས་འཛིན་གྱི་སྲུང་སྐྱོབ་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ།
གསུམ་ནི་རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་གཏོང་རྒྱུའི་ཐད་གྲུབ་འབྲས་གསར་པ་ཐོབ་པ་བྱེད་རྒྱུ། འགོ་ཁྲིད་ལས་ཁུངས་དང་འགོ་ཁྲིད་ལས་བྱེད་པའི་ནང་ཐོན་པའི་རྒྱུ་རྔན་ཟ་བེད་བྱེད་པ་དང་། འགན་འཛོལ། རང་འགན་ཟོལ་འཇོག་བཅས་ཀྱི་ཉེས་གསོག་གྱོད་གཞིའི་རིགས་རྩད་ཞིབ་བྱེད་རྒྱུ་གཙོ་གནད་དུ་བཟུང་སྟེ་དཔོན་ཚོང་ངན་འབྲེལ་དང། རྒྱུ་དབང་བརྗེ་རེས། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་ཚབས་ཆེ་བཟོ་བ་བཅས་ཀྱི་ཉེས་གསོག་གི་གྱོད་གཞི་རྩད་ཞིབ་ནན་པོ་བྱེད་རྒྱུ། ཚོང་ལས་ཐད་ཀྱི་རྒྱུ་རྔན་ཟ་བེད་བྱེད་རིགས་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་སྟེ་རུལ་སུངས་ཁྲིམས་ཀྱིས་གནོན་པའི་ངར་ཤུགས་ཀྱི་རྣམ་པ་སྔ་ཕྱི་བར་གསུམ་དུ་རྒྱུན་འཁྱོངས་ཐུབ་པ་བྱེད་རྒྱུ། སྔོན་འགོག་ལས་དོན་ལ་དེ་བས་མཐོང་ཆེན་བྱེད་རྒྱུ་དང་སྔོན་འགོག་གི་བརྟག་དཔྱད་དང་། ཉེས་གསོག་དབྱེ་ཞིབ། ཐབས་ཇུས་ཞིབ་འཇུག་བཅས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་རུལ་སུངས་ཁྲིམས་ཀྱིས་གནོན་པ་དང་སྔོན་འགོག་བྱེད་པའི་མ་ལག་འཛུགས་སྐྱོང་བྱེད་རྒྱུར་སྐུལ་སྤེལ་གཏོང་རྒྱུ།
བཞི་ནི་མང་ཚོགས་ཀྱི་བསམ་བློའི་ལྟ་བ་འཛིན་སྟངས་ཐད་འགྱུར་ལྡོག་གསར་པ་ཡོང་བ་བྱེད་རྒྱུ། མང་ཚོགས་ཀྱི་ལས་དོན་དེ་མངོན་ཆེའི་གནས་བབ་ཐོག་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་མང་ཚོགས་ལ་རྣམ་འགྱུར་ཡག་པོ་འཛིན་རྒྱུ་དང་བརྩེ་སེམས་ཟབ་མོ་འཆང་རྒྱུ་འགག་རྩར་འཛིན་པ་དང་། མི་དམངས་མང་ཚོགས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་རྒྱུ་རྩ་བར་འཛིན་པ། མང་ཚོགས་ལ་ཞབས་ཞུ་སྒྲུབ་པའི་ལམ་སྲོལ་གསར་གཏོད་བྱེད་རྒྱུ་བྱ་ཐབས་སུ་འཛིན་པ་བཅས་ཀྱི་ཐོག་ནས་མང་ཚོགས་ཀྱི་འདུ་ཤེས་འཇོག་རྒྱུའི་སློབ་གསོ་རྒྱག་རྒྱུར་ཤུགས་སྣོན་དང་། མང་ཚོགས་དང་འབྲེལ་འདྲིས་བྱེད་རྒྱུར་ཤུགས་སྣོན། མང་ཚོགས་ཀྱི་ལས་དོན་སྒྲུབ་རྒྱུའི་ནུས་པ་གསོ་སྦྱོང་བྱེད་རྒྱུར་ཤུགས་སྣོན་བཅས་བརྒྱབ་ནས་ལས་ཀའི་ལམ་སྲོལ་གསར་གཏོད་ཧུར་ཐག་བྱས་ཏེ་མང་ཚོགས་ཀྱི་ལས་དོན་དེ་ཁྲིམས་སྒྱུར་དང་གྱོད་ཞིབ་ནང་ཁྱབ་པ་བྱེད་དགོས། གཞན་ཡང་ཞབས་ཞུའི་གཞི་རྟེན་ཧུར་ཐག་སྐྲུན་ནས་མང་ཚོགས་ཀྱི་ལས་དོན་སྤེལ་རྒྱ་ཆེ་རུ་གཏོང་གང་ཐུབ་བྱེད་དགོས།
ལྔ་ནི་གཞི་རིམ་གྱི་རྨང་གཞི་སྲ་བརྟན་དུ་གཏོང་རྒྱུའི་ཐད་སྔར་མེད་གསར་གཏོད་ཐུབ་པ་བྱེད་རྒྱུ། ཡང་དག་པའི་ཁ་ཕྱོགས་མཐའ་འཁྱོངས་བྱེད་རྒྱུ་དེ་གཞི་རིམ་ཞིབ་དཔྱོད་ཁང་གི་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་རྒྱུའི་རྩ་བའི་སྔོན་འགྲོ་ཡིན་པ་དང་། མི་རྩ་བར་འཛིན་རྒྱུ་དང་ཁྲིམས་སྒྱུར་དམངས་ཕན་མཐའ་འཁྱོངས་བྱེད་རྒྱུ་དེ་གཞི་རིམ་ཞིབ་དཔྱོད་ཁང་གི་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་རྒྱུའི་ལྟེ་བའི་བླང་བྱ་ཡིན་པ། བཅའ་ཁྲིམས་ཀྱི་ལྟ་སྐུལ་བྱེད་ནུས་མཐོ་རུ་གཏོང་རྒྱུ་དེ་གཞི་རིམ་ཞིབ་དཔྱོད་ཁང་གི་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་རྒྱུའི་འགག་རྩ་ཡིན་པ། སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་བྱེད་རྒྱུ་དེ་ཞིབ་དཔྱོད་ཁང་གི་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་རྒྱུའི་འགུལ་ཤུགས་དང་འགན་ལེན་ཡིན་པ། བྱང་ཚད་མཐོ་བའི་ཞིབ་དཔྱོད་དཔུང་ཁག་ལེགས་སྐྱོང་བྱེད་རྒྱུ་དེ་གཞི་རིམ་ཞིབ་དཔྱོད་ཁང་གི་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་རྒྱུའི་མི་ཉམས་ཡུན་གནས་ཀྱི་བརྗོད་དོན་གཙོ་བོ་དེ་ཡིན་པ། གཞི་རིམ་གྱི་དངོས་ཡོད་དཀའ་ངལ་དང་གནད་དོན་ཐག་གཅོད་བྱེད་རྒྱུ་དེ་གཞི་རིམ་ཞིབ་དཔྱོད་ཁང་གི་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་རྒྱུའི་གལ་ཆེའི་ལས་འགན་བཅས་ཡིན།
དྲུག་ནི་ཞིབ་དཔྱོད་ཀྱི་རོགས་རམ་དང་ལེན་ལས་དོན་དོན་འཁྱོལ་བྱེད་རྒྱུའི་ཐད་བསམ་གཞི་གསར་པ་གཏོད་རྒྱུ། ག་སྦྱར་བོད་སྐྱོར་བྱེད་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་འཐབ་ཇུས་དགོངས་དོན་ལ་ངོས་འཛིན་གཏིང་ཟབ་བྱས་ནས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་སྤྱིའི་བཀོད་སྒྲིག་གཞིར་བཟུང་རང་ལྗོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་ཆབ་སྲིད་ཀྱི་བསམ་བློ་དང་། ཁྱོན་ཡོངས་ཀྱི་བསམ་བློ། རྗེས་ཡོང་སྔོན་དྲན་གྱི་བསམ་བློ། འགན་འཁྲི་འཁུར་སེམས་བཅས་ཤུགས་ཆེ་བཅངས་ཐོག་དུས་ཐེངས་གསར་པའི་བོད་སྐྱོར་གྱི་གོ་སྐབས་དམ་འཛིན་ཡག་པོ་བྱས་ནས་ནུས་ཤུགས་སྒྲིལ་རྒྱུ་དམ་འཛིན་དང་། ནང་ཁུལ་གྱི་སྟོབས་ཤུགས་འདོན་ཐུབ་པ། ཕྱིའི་སྟོབས་ཤུགས་ལ་བརྟེན་པ་བཅས་ཞིབ་དཔྱོད་ཀྱི་རོགས་རམ་དང་ལེན་བྱེད་ལམ་གསར་གཏོད་བྱས་ནས་རང་ལྗོངས་ཀྱི་ཞིབ་དཔྱོད་ལས་དོན་དེ་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཐུབ་པ་བྱེད་རྒྱུ། ལས་སྒོའི་རོགས་རམ་དང་ལེན་བྱེད་རྒྱུའི་ཐད་རྩ་བ་དམ་འཛིན་གྱིས་རང་ལྗོངས་ཀྱི་བཅའ་ཁྲིམས་ལྟ་སྐུལ་ལས་དོན་ཧྲིལ་པོའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་རྒྱུར་སྐུལ་འདེད་གང་ལེགས་གཏོང་རྒྱུ་དང་། ཤེས་ལྡན་པའི་རོགས་རམ་དང་ལེན་བྱེད་རྒྱུའི་ཐད་ལྟེ་བར་གཅིག་བསྡུས་ཀྱིས་རང་ལྗོངས་ཀྱི་ཞིབ་དཔྱོད་དཔུང་ཁག་གི་བྱང་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་རྒྱུར་སྐུལ་འདེད་གང་ལེགས་གཏོང་རྒྱུ། རིག་སྟོབས་ཀྱི་རོགས་རམ་དང་ལེན་བྱེད་རྒྱུའི་ཐད་གཙོ་གནད་འབུར་དུ་ཐོན་པ་བྱས་ཏེ་རང་ལྗོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་སྒྱུར་བྱེད་ནུས་ཕྱོགས་ཡོངས་ནས་གོང་མཐོར་གཏོང་རྒྱུར་སྐུལ་འདེད་གང་ལེགས་གཏོང་རྒྱུ། རྣམ་གྲངས་རོགས་རམ་དང་ལེན་བྱེད་རྒྱུའི་ཐད་རྨང་གཞི་བརྟན་པོ་བཏིང་ནས་རང་ལྗོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་འགན་སྲུང་བྱེད་ནུས་ཕྱོགས་ཡོངས་ནས་མཐོ་རུ་གཏོང་རྒྱུར་སྐུལ་འདེད་གང་ལེགས་གཏོང་རྒྱུ།
བདུན་ནི་དཔུང་ཁག་ལེགས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་རྒྱུའི་ཐད་བྱ་ཐབས་གསར་པ་འདོན་རྒྱུ། ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་བདུན་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་བཅས་ཀྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱེད་རྒྱུ་གཙོ་དོན་དུ་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་མཐའ་འཁྱོངས་བྱེད་རྒྱུ་དང་། ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་ལག་ལེན་བྱེད་རྒྱུ་གཙོ་གནད་དུ་བྱས་ཏེ་སྔོན་གཏོད་ལེགས་བརྩོན་གྱི་བྱེད་སྒོ་དང་“སློབ་སྦྱོང་རྣམ་པའི་ཏང་རྩ་འཛུགས་འཛུགས་སྐྱོང་དང་སློབ་སྦྱོང་རྣམ་པའི་ཞིབ་དཔྱོད་ཁང་འཛུགས་སྐྱོང་”གི་བྱེད་སྒོ་སྤེལ་རྒྱུ་དང་ཟུང་འབྲེལ་བྱས་ནས་ཞིབ་དཔྱོད་ལས་བྱེད་པ་དང་ཉེན་རྟོག་པ་ཡོངས་ཀྱི་ནང་“སྲོལ་བཟང་དར་སྤེལ་དང་། དད་སེམས་བརྟན་པོ། ཁྲིམས་སྒྱུར་དམངས་ཕན ”བཅས་ཀྱི་བརྗོད་བྱ་གཙོ་བོའི་སློབ་གསོ་དང་ལག་ལེན་གྱི་བྱེད་སྒོ་སྤེལ་ནས་ཕུགས་བསམ་དད་མོས་དང་། དམིགས་ཡུལ་བཅངས་སེམས། ཁྲིམས་སྒྱུར་ཁྲིམས་འཛིན་སོགས་ཀྱི་ཐད་ལྷག་སྡད་པའི་གནད་དོན་མངོན་གསལ་དོད་རིགས་ཐག་གཅོད་གང་ལེགས་བྱས་ཏེ་བསམ་བློའི་གོ་རྟོགས་མཐོ་རུ་ཤུགས་ཆེ་འགྲོ་ཐུབ་པ་དང་། བསམ་བློའི་འཁྱེར་སོ་བཟང་དུ་ཤུགས་ཆེ་འགྲོ་ཐུབ་པ། ལས་ཀའི་ཆུ་ཚད་མཐོ་རུ་ཤུགས་ཆེ་འགྲོ་ཐུབ་པ་བཅས་བྱས་ནས་ཞིབ་དཔྱོད་ལས་ཁུངས་ལ་འགྱུར་ལྡོག་གསར་པ་དང་རྣམ་པ་གསར་པ་ཐོན་པའི་རིགས་མི་དམངས་མང་ཚོགས་ལ་མྱོང་ཚོར་ཡོང་ཐུབ་པ་བྱེད་དགོས། གསར་བརྗེའི་སྲོལ་རྒྱུན་དང་ཕུགས་བསམ་དད་མོས་ཀྱི་སློབ་གསོ་གཅིག་སྡུད་ངང་སྤེལ་ནས་བོད་སྐྱོད་ལས་བྱེད་པ་རྒན་གྲས་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ་ཏང་ནང་ཞུགས་དོན་དང་། ཞིབ་དཔྱོད་ལས་དོན་ནང་ཞུགས་དོན། འབད་བརྩོན་བྱེད་དགོས་དོན་བཅས་དང་། སུའི་ཆེད་དུ་དབང་ཆ་འཛིན་པ་དང་། སུའི་ཆེད་དུ་ཁྲིམས་སྒྱུར་བྱེད་པ། སུའི་ཆེད་དུ་ཞབས་ཞུ་སྒྲུབ་པ་བཅས་ཀྱི་གནད་དོན་སེམས་ཀྱི་གཏིང་ནས་ཐག་གཅོད་ཡག་པོ་བྱས་ཏེ་ཞིབ་དཔྱོད་དཔུང་ཁག་གིས་སྔ་བར་ཕྱི་གསུམ་དུ་ཏང་ལ་ལྷག་བསམ་རྣམ་དག་དང་། རྒྱལ་ཁབ་ལ་ལྷག་བསམ་རྣམ་དག མི་དམངས་ལ་ལྷག་བསམ་རྣམ་དག ཁྲིམས་ལུགས་ལ་ལྷག་བསམ་རྣམ་དག་བཅས་བྱེད་པའི་ཆབ་སྲིད་ཀྱི་ངོ་བོ་མཐའ་འཁྱོངས་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་དད་སེམས་བརྟན་པོ་ཡོད་མཁན་ཞིག་དང་། ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་ལྷག་བསམ་རྣམ་དག་གིས་ལག་བསྟར་བྱེད་མཁན་ཞིག སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་རང་འགུལ་ཐོག་ལག་ལེན་བྱེད་མཁན་ཞིག གཞི་མཐུན་སྤྱི་ཚོགས་འཛུགས་སྐྱོང་བྱེད་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་མཁན་ཞིག་བཅས་ཆགས་པ་བྱེད་དགོས།
འཐུས་མི་རྣམ་པ། 2011ལོའི་ཞིབ་དཔྱོད་ལས་དོན་ནི་ལས་འགན་ལྕི་ལ་ལམ་ཐག་རིང་བ་ཞིག་ཡིན་པ་དང་“ལོ་ལྔ་ཚན་བཅུ་གཉིས་པའི ”ལས་འགོ་ཡག་པོ་འཛུགས་རྒྱུ་དང་གོམ་སྟབས་ཡག་པོ་སྤོ་རྒྱུའི་འགག་རྩའི་ལོ་ཞིག་ཡིན་པ་ང་ཚོས་ཤེས་ཀྱི་འདུག ང་ཚོས་རང་སྐྱོང་ལྗོངས་ཏང་ཨུད་དང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་བཀོད་སྒྲིག་ཁག་ལག་བསྟར་མཐའ་གཅིག་ཏུ་བྱེད་རྒྱུ་དང་། མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་དང་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ལྟ་སྐུལ་དང་ལེན་མཐའ་གཅིག་ཏུ་ཞུ་རྒྱུ། སྲིད་གཞུང་དང་སྲིད་གྲོས་ཀྱི་རྒྱབ་སྐྱོར་ཡོང་བའི་འབད་བརྩོན་མཐའ་གཅིག་ཏུ་བྱེད་རྒྱུ་བཅས་ཐེངས་དེའི་ཚོགས་འདུའི་གྲོས་ཆོད་ལག་བསྟར་ནན་ཏན་བྱས་ནས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་《ཞིབ་དཔྱོད་ལས་ཁུངས་ཀྱི་ཁྲིམས་ལུགས་ཀྱི་ལྟ་སྐུལ་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་གཏན་འབེབས 》ལག་བསྟར་དོན་འཁྱོལ་བྱེད་རྒྱུའི་གོ་སྐབས་དམ་འཛིན་ཡག་པོ་བྱས་ནས་གཏུག་བཤེར་ལྟ་སྐུལ་ལས་དོན་ལ་སྐུལ་འདེད་གཏོང་རྒྱུའི་ཆུ་ཚད་གོང་མཐོར་བཏང་སྟེ་ཏང་དང་། མི་དམངས། ཞིབ་དཔྱོད་བྱ་གཞག་བཅས་ལ་ཚད་མཐོའི་འཁུར་སེམས་བྱེད་པའི་ལས་ཀའི་རྣམ་འགྱུར་བཟུང་སྟེ་འབད་འབུངས་ཡར་བརྩོན་གྱི་སྙིང་སྟོབས་བཅངས་ནས་བསམ་བློར་བཅིངས་འགྲོལ་དང་། དངོས་ཐོག་བདེན་འཚོལ། དུས་བསྟུན་ཡར་རྒྱས། གསར་གཏོད་ཡར་བརྩོན། དམ་པ་དོན་གཉེར་བཅས་ཀྱི་སྒོ་ནས་ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་དོན་ལ་དུས་བསྟུན་ཡར་རྒྱས་ཀྱི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་དེ་བོད་དེ་མཆོང་སྐྱོད་ལྟ་བུའི་གོང་འཕེལ་གཏོང་རྒྱུ་དང་ཡུན་རིང་བདེ་འཁོད་ཡོང་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུ་དང་། རྣམ་པ་གསར་རྐྱང་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་དབུ་བཪྙེས་ནས་ལོ་90འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བར་བསུ་བ་ཞུ་རྒྱུ་ཡིན།
(ལྗོངས་རྩོམ་སྒྱུར་ཅུས་ཀྱིས་བསྒྱུར )
འགན་འཁུར་རྩོམ་སྒྲིག་པ། admin
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣