བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན།
བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ནོར་བུ་དོན་གྲུབ་ཀྱིས།
ཟླ་1ཚེས་12ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་ཚོགས་འདུ་ཐེངས་བཞི་པའི་ཐོག་བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ནོར་བུ་དོན་གྲུབ་ཀྱིས་ལས་དོན་སྙན་སྒྲོན་གནང་བཞིན་པ།
འཐུས་མི་རྣམ་པ།
ད་ལྟ་ངས་བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་ལ་ལས་དོན་སྙན་སྒྲོན་ཞུ་རྒྱུ་ཡིན་པས་གྲོས་ཞིབ་གནང་རོགས་ཞུ་རྒྱུ་མ་ཟད། སྲིད་གྲོས་ཀྱི་ཨུ་ཡོན་རྣམ་པས་ཀྱང་དགོངས་འཆར་འདོན་གནང་ཡོད་པ་ཞུ།
2010ལོའི་ལས་དོན་གཙོ་བོ།
2010ལོ་ནི་ལྗོངས་ཡོངས་ཀྱི་མི་རིགས་ཁག་མི་དམངས་ཀྱིས་ཕྱོགས་ཡོངས་ནས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་མཆོང་སྐྱོད་ལྟ་བུའི་གོང་འཕེལ་གཏོང་རྒྱུ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུ་མངོན་གྱུར་བྱེད་པའི་འགག་རྩའི་ལོ་ཞིག་ཡིན་ལ “ལོ་ལྔ་ཚན་བཅུ་གཅིག་པའི ”རྒྱལ་ཕམ་ཐག་གཅོད་དང་། གོང་འཕེལ་དང་བརྟན་ལྷིང་གཉིས་ཀྱི་ལས་འགན་ཤིན་ཏུ་ལྕི་བའི་ལོ་ཞིག་ཀྱང་ཡིན། ལོ་གཅིག་རིང་ལྗོངས་ཡོངས་ཀྱི་རིམ་ཁག་ཁྲིམས་ཁང་གིས་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ལྗོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་ནུས་ལྡན་ལྟ་སྐུལ་འོག་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་“མཚོན་བྱེད་གསུམ ”གྱི་གལ་ཆེའི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། “གོང་དུ་བཀུར་དགོས་པ་གསུམ ”གྱི་མཛུབ་ཁྲིད་བསམ་བློ་མཐའ་འཁྱོངས་བྱེད་པ་བཅས་བྱས་ཏེ་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་མཛད་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་ཐོག་རང་སྐྱོང་ལྗོངས་སྐབས་དགུ་པའི་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུ་ཐེངས་གསུམ་པའི་ཐོག་གི་གྲོས་ཆོད་བླང་བྱ་གཞིར་བཟུང་བོད་ཀྱི་ད་ལྟའི་དུས་མཚམས་ཀྱི་འགལ་ཟླ་གཙོ་བོ་དང་དམིགས་བསལ་འགལ་ཟླ་སྟངས་འཛིན་མ་འཕྱུགས་པ་བྱེད་པ་དང་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་དམིགས་ཏེ “ཁ་ཕྱོགས་བརྟན་པོ་དང་། ཉེས་དོན་དང་དམངས་དོན་མཉམ་འཛིན། འདྲི་གཅོད་དང་དཔྱད་མཚམས་ལག་བསྟར་བྱེད་རྒྱུ་གལ་ཆེ་མཉམ་འཇོག དོ་དམ་བྱེད་ཐབས་གསར་གཏོད། ཁྱོན་ཡོངས་མདུན་སྤེལ ”བཅས་བྱེད་པའི་ལས་དོན་སྤེལ་ཐབས་མཐའ་འཁྱོངས་བྱས་ཐོག ཚགས་ཚུད་དུ་བཏང་སྟེ་སྤྱི་ཚོགས་ཀྱི་འགལ་ཟླ་སེལ་བ་དང་། སྤྱི་ཚོགས་ཀྱི་དོ་དམ་གསར་གཏོད། དྲང་བདེན་དང་སྤྱོད་གཙང་གིས་ཁྲིམས་སྒྱུར་བྱེད་པ་བཅས་གཙོ་གནད་ལས་དོན་ཁག་གསུམ་གཏིང་ཟབ་སྤེལ་རྒྱུར་སྐུལ་འདེད་བཏང་ཐོག་བྱང་ཚད་དང་། དྲང་བདེན་དང་ནུས་ཕྱོད། རྨང་བརྟན། དམངས་སེམས་བཅས་ཀྱི “ལས་གཞི་ཆེན་པོ་བཞི ”ལག་བསྟར་ཤུགས་ཆེ་བྱས་ནས་ལས་དོན་ཁག་ལ་འཕེལ་རྒྱས་གསར་པ་བྱུང་ཡོད། ལོ་ཧྲིལ་པོར་ཁྱོན་བསྡོམས་གྱོད་གཞི་འདྲ་མིན་རིགས་20439བདག་སྤྲོད་བྱས་ཁོངས་ནས་ཞིབ་གཅོད་ལག་བསྟར་མཐའ་འདོམས་བྱས་པ་གྱོད་གཞི་ཁག་19335ཡོད་པ་དེ་དུས་མཚུངས་དང་བསྡུར་ན་ཁག་སོ་སོར་10.37%དང་11.42%འཕར་ཅིང་། ཕྱོགས་བསྡུས་གྱོད་ཐག་བཅད་ཚད་94.6%ཟིན་ཡོད། དེའི་ནང་རིམ་ཁག་ཁྲིམས་ཁང་གིས་ཐད་ཀར་བདག་སྤྲོད་བྱས་པའི་དམངས་དོན་དང་། སྲིད་འཛིན། ལག་བསྟར་སོགས་ཀྱི་གྱོད་གཞི་ཁག་18923བྱུང་བ་དེས་གྱོད་གཞི་ཡོངས་ཀྱི་92.5%ཟིན་ཡོད།
གཅིག ཡུན་རིང་བདེ་འཁོད་ཡོང་བར་དམིགས་ནས་ནུས་ཤུགས་ཡོད་རྒུས་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་ཀྱི་བརྟན་ལྷིང་སྲུང་སྐྱོང་བྱས་པ།
ང་ཚོས་ཐོག་མཐའ་བར་གསུམ་དུ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་རྒྱུ་དང་ནུས་ཤུགས་ཡོད་རྒུས་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་ཀྱི་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུ་དེ་ཁྲིམས་འཛིན་འདྲི་གཅོད་ལས་ཁུངས་ཀྱི་བླ་ན་མེད་པའི་ལས་འགན་དང་འགན་འཁྲི་ཨང་དང་པོར་བརྩིས་ཡོད། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་སྲུང་སྐྱོང་། མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་། མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བཅས་བྱེད་པའི་དར་ཆ་མཐོན་པོར་བསྒྲེངས་ཤིང་། དར་ཆ་གསལ་སྟོན་དང་། མདུང་རྩེ་ཁ་སྤྲོད། རང་འགུལ་དམ་འཛིན། མི་སེམས་འགུགས་པ། རྨང་རྩ་གཉིས་བརྟན་བཅས་ཀྱི་གཞི་རྩའི་མཛད་ཕྱོགས་གཞིར་བཟུང་ཪྙོག་འཛིང་དང་འགྱུར་ལྡོག་ཆེ་བའི་རྒྱལ་སྤྱི་རྒྱལ་ནང་གི་དུས་བབ་གསར་པའི་འོག་དགྲ་བོར་འཐབ་རྩོད་བྱེད་པའི་ཡུན་རིང་རང་བཞིན་དང་། རྣོ་ངར་རང་བཞིན། ཪྙོག་འཛིང་རང་བཞིན། ཆོས་ཉིད་རང་བཞིན་བཅས་ལ་ངོས་འཛིན་སྔར་བས་གཏིང་ཟབ་བྱས་ཐོག ཐབས་རྣམ་གསར་གཏོད་དང་། ཐབས་ཇུས་འདོན་མཁས། ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས “བྱ་སྤྱོད་སྔོན་དུ་སྤེལ་བ་དང་རང་འགུལ་དམག་འཐབ་ཡག་པོ་བརྒྱབ་སྟེ ”ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རང་དབང་རང་ལག་ཏུ་དམ་པོར་བཟུང་ཡོད། རྒྱལ་ཁབ་ཁ་ཕྲལ་གཏོང་བའི་ངན་སྐུལ་དང་གསང་ཉུལ་སོགས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་ཉེས་དོན་ཉེས་གསོག་ལ་ཁྲིམས་ལུགས་ལྟར་འདྲི་གཅོད་དངརྡུང་རྡེག་ཚ་ནན་བཏང་ཐོག་རྡུང་རྡེག་གཏོང་རྒྱུའི་མདུང་རྩེ་དེ་ཁ་ཕྲལ་དང་དོན་རྐྱེན་རིགས་བཟོ་བར་སྒྲིག་འཛུགས་ངན་སྐུལ་བྱེད་མཁན་དང་སྣེ་ཁྲིད་མཁན་ཚབས་ཆེའི་ཁྲིམས་འགལ་པའི་རིགས་ལ་གཏད་ཐོག་དམ་བསྒྲགས་ཀྱི་བྱ་ཐབས་ལ་བརྟེན་ནས་སྔ་ཕྱི་བར་གསུམ་དུ་བསམ་བློར་ལྷོད་གཡེང་མི་གཏོང་བ་དང་། བྱ་སྤྱོད་ལ་འགྱུར་བ་མི་གཏོང་བ། འཐབ་ས་ནས་ཕྱིར་བཤོལ་མི་བྱེད་པ། འཐབ་སེམས་ཆུང་དུ་མི་གཏོང་བ་བཅས་བྱས་ཡོད། སྤྱི་ཡོངས་ཀྱི་འདུ་ཤེས་དང་འཐབ་ས་དང་པོའི་འདུ་ཤེས་བརྟན་པོར་བཙུགས་ཏེ་འདྲི་གཅོད་ཁེར་རྐྱང་བྱེད་པའི་ལྟ་བར་འགྱུར་བ་བཏང་ནས་སྲིད་ཁྲིམས་ལས་ཁུངས་གཞན་དག་དང་ཕན་ཚུན་མཉམ་ལས་དང་། གཞོགས་འདེགས་དམ་ཟབ། མཉམ་ཤུགས་ཆགས་པ་བཅས་ཀྱི་ཁྲིམས་འཛིན་ཐོག་ནས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ལམ་སྲོལ་ཞིག་འཛུགས་རྒྱུ་འཚོལ་ཞིབ་ཧུར་ཐག་བྱས་ཐོག སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུའི་འགོ་སྣེའི་རང་བཞིན་དང་རྨང་གཞིའི་རང་བཞིན་གྱི་ལས་དོན་གང་ལེགས་བསྒྲུབས་ཏེ་ནུས་ཤུགས་ཡོད་རྒུས་མཐའ་མཚམས་འགོག་ཟོན་བྱེད་པ་དང་། དགོན་སྡེར་སློབ་གསོ་སྤེལ་བའི་ལས་དོན་ཁག་ནང་ཞུགས་ནས་འཚུབ་ཆ་ཆེ་བའི་དུས་མཚམས་དང་གལ་ཆེའི་དུས་ཆེན་རིང་གི་སྤྱི་ཚོགས་བརྟན་ལྷིང་འགན་སྲུང་ཐུབ་པ་བྱས་ཡོད།
དཔལ་འབྱོར་གོང་འཕེལ་གཏོང་ལམ་ཁ་སྒྱུར་དང་སྤྱི་ཚོགས་འཕོ་འགྱུར་འགྲོ་བའི་གནས་ཚུལ་འོག་ཉེས་དོན་ཉེས་གསོག་གི་འགུལ་ཕྱོགས་གསར་པ་དང་ཆོས་ཉིད་གསར་པར་དབྱེ་ཞིབ་ནན་ནན་བྱས་ཏེ་ཁྲིམས་འཛིན་འདྲི་གཅོད་ཀྱི་ཁྱད་ཆོས་འདོན་སྤེལ་དང་“དྲག་རྡུང་”མཛད་ཕྱོགས་མཐའ་འཁྱོངས་བྱས་ནས་ཁྲིམས་ལུགས་ལྟར་ཉེས་དོན་ཉེས་གསོག་རིགས་འདྲ་མིན་ལ་རྡུང་རྡེག་བཏང་ཡོད། སྤྱི་ཚོགས་ཀྱི་དོ་སྣང་ཆེན་པོ་བྱེད་པ་དང་མང་ཚོགས་ཀྱིས་དོ་འཁུར་ཆེན་པོ་བྱེད་པའི་བདེ་འཇགས་ཐད་ཀྱི་གླེང་ཆ་ཆེ་བའི་གནད་དོན་དམ་བཟུང་གིས་ཚབས་ཆེའི་གཏུམ་སྤྱོད་ཀྱི་ཉེས་གསོག་དང་། ནག་ཚོགས་ངན་རེངས་ཕྱོགས་གཏོགས་ཀྱི་ཉེས་གསོག རྒྱུ་ནོར་མི་བདག་བདག་བཟུང་ཐོན་རྟག་པའི་ཉེས་གསོག སྤྱི་བྱིངས་དང་འབྲེལ་བའི་དཔལ་འབྱོར་གྱི་ཉེས་གསོག་དང་དུག་རྫས་ཀྱི་ཉེས་གསོག་བཅས་གཙོ་གནད་དུ་བཟུང་སྟེ་རྡུང་རྡེག་བཏང་ཐོག སྤྱི་ཚོགས་ཀྱི་བདེ་འཇགས་སྒྲིག་ལམ་སྲུང་སྐྱོང་བྱས་ནས་མི་དམངས་མང་ཚོགས་རྣམས་གནས་བཟོད་བདེ་པོ་ཡོང་བ་བྱས་ཡོད། སྲོག་ཁྲིམས་གཅོད་རྒྱུ་ཚོད་འཛིན་ནན་པོ་དང་གཟབ་ནན་གང་ལེགས་བྱས་པ་དང་། དཔང་རྟགས་ཀྱི་གཏན་འབེབས་གཉིས་ལག་བསྟར་ནན་ཏན་བྱས་ཐོག སྲོག་ཁྲིམས་གཅོད་རྒྱུའི་གྱོད་གཞིའི་དོན་དངོས་དང་། དཔང་རྟགས། གོ་རིམ་དང་བཅའ་ཁྲིམས་སྤྱོད་འཐུས་བཅས་ཀྱི་འགག་སྒོ་ནན་བཟུང་བྱས་ཏེ་འདྲི་གཅོད་བྱེད་པའི་སྤུས་ཚད་འགན་ལེན་བྱས་ཡོད། ཁྱོན་ཡོངས་ལ་དམིགས་པ་དང་ཐོན་ཁུངས་སྒྲིལ་སྤྱོད་ཀྱིས “དང་པོའི་ཉེར་བརྒྱད ”ཀྱི་དབྱར་རྩྭ་དགུན་འབུ་ཁ་བསླུས་བརྒྱབ་པའི་གྱོད་གཞི་སོགས་གནས་ཚུལ་ཪྙོག་འཛིང་ཆེ་བ་དང་ཤུགས་རྐྱེན་ཅུང་ཆེ་བའི་གྱོད་གཞི་ཆེ་གྲས་ཐག་གཅོད་འཚམ་པོ་བྱས་ཏེ་ཏང་ཨུད་དང་སྲིད་གཞུང་གི་སེམས་ཁྲལ་སེལ་རོགས་དང་མི་དམངས་མང་ཚོགས་ཀྱི་རྩོད་གཞི་ཐག་གཅོད་བྱས་ཡོད། ལོ་ཧྲིལ་པོར་ཁྱོན་བསྡོམས་ཉེས་དོན་གྱོད་གཞི་ཁག་1536འདྲི་གཅོད་མཐའ་འདོམས་བྱས་པ་དང་། ཉེས་གསོག་པ་མི་གྲངས་1677ལ་ཁྲིམས་ཆད་བཅད་པ་དེ་དུས་མཚུངས་དང་བསྡུར་ན་ཁག་སོ་སོར་4.1%དང་4.7%འཕར་ཞིང་། དེའི་ནང་དུས་བཙོན་ལོ་ལྔ་ཡན་དང་ཚེ་བཙོན་ནས་སྲོག་ཁྲིམས་གཅོད་པའི་བར་གྱི་ཉེས་གསོག་པ་མི་གྲངས་494ཡོད།
ནན་ཡང་ཟུང་གཅོད་ཀྱི་ཉེས་དོན་སྲིད་ཇུས་ཁོང་དུ་ཡག་པོ་ཆུད་པ་དང་ལག་བསྟར་ཡང་དག་པ་བྱས་ཏེ་ཉེས་གསོག་འགོ་པ་དང་། ཉེས་གསོག་གཏེ་པོ། ཕྱིར་ཞིང་ཉེས་ཅན་བཅས་ལ་བློ་ཐག་ཆོད་པོས་རྡུང་རྡེག་ཚ་ནན་བཏང་བ་དང་། ཉེས་གསོག་དང་པོ་དང་། ཐོལ་བྱུང་ཉེས་གསོག བྱས་འཛོལ་ཉེས་གསོག་སོགས་ལ་ཁྲིམས་ལུགས་ལྟར་ཁྲིམས་ཆད་ཡང་པོ་དང་ཡང་དུ་གཏོང་བའམ་ཡང་ན་མེད་པ་བཟོས་ཏེ་མི་གྲངས་28ལ་གཅུན་སྡོམ་འཚམ་པོ་དང་། ཁྲིམས་ཆད་འགྱངས་གཅོད་དང་ཉེས་དོན་ཁྲིམས་ཆད་མེད་པ་བཟོས་ཡོད། ནག་ཉེས་ལ་ཆད་གཅོད་འཚམ་པོ་བྱེད་ཐུབ་པ་བྱུང་ནས་ཁྲིམས་འཛིན་དྲང་གཞག་ཡིན་པ་མཚོན་གང་ཐུབ་བྱས་པ་དང་། སྤྱི་ཚོགས་ཀྱི་འགྲན་རྒོལ་ཉུང་དུ་གཏོང་གང་ཐུབ་བྱས་པ། སྤྱི་ཚོགས་གཞི་མཐུན་ཡོང་གང་ཐུབ་བཅས་བྱས་ཡོད། རང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ “གཅིག་གྱུར་གྱི་ཚད་གཞི་དང་། གོ་རིམ་ཚད་ལྡན། འདྲི་གཅོད་དང་རྩད་བཤེར་ནན་པོ། འགག་གནད་གཉིས་བཟུང་བ། ཕྱོགས་གཉིས་ལ་ལྟ་ཐུབ་པ། འགྱོད་བཤགས་དངོས་འབྲེལ་བྱེད་རྒྱུ་གཙོ་བོར་འཛིན་པ། བྱ་སྤྱོད་ངོ་མར་ལྟ་བ། སྤྱི་ཚོགས་ཐོག་སློག་དུས་བློ་བདེ་བ ”བཅས་ཀྱི་ཁྲིམས་ཆད་ཡང་བཟོས་དང་དངོས་མིན་བཙོན་དགྲོལ་གྱི་ལས་ཀའི་ལམ་སྲོལ་ཞིག་བཙུགས་ཏེ་འདྲི་གཅོད་ནན་ཏན་བྱེད་པའི་ཐོག་ནས་ཉེས་ཁག་ཁྲིམས་འཁུར་དང་བསྒྱུར་བཀོད་ཡག་ཙམ་བྱེད་མཁན་ཉེས་གསོག་པ་མི་གྲངས་1647 ལ་ཁྲིམས་ལུགས་གཞིར་བཟུང་ཁྲིམས་ཆད་ཡང་བཟོས་དང་དངོས་མིན་བཙོན་དགྲོལ་བྱས་ཡོད། ཉེས་གསོག་ལ་ཉེས་ཆད་གཅོད་རྒྱུ་དང་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་བྱེད་རྒྱུ་གཉིས་གལ་ཆེ་མཉམ་འཇོག་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས་ཉེས་གསོག་གི་ཚད་ལ་སླེབས་མེད་པའི་གྱོད་ཡ་མི་གྲངས་1ལ་ཁྲིམས་ལུགས་གཞིར་བཟུང་ཉེས་པ་མེད་པའི་ཁྲིམས་ཐག་བཅད་པ་དང་། གྱོད་ཡ་མི་གྲངས་246ལ་ཁྲིམས་རྩོད་པ་དམིགས་འཛུགས་བྱས་པ་དང་གྲངས་ཉུང་མི་རིགས་དང་ཕྱི་རྒྱལ་གྱི་གྱོད་ཡ་མི་གྲངས་315ལ་སྐད་སྒྱུར་བྱེད་མཁན་མཁོ་འདོན་བྱས་ཡོད། གཞན་ཡང་ཁྲིམས་སར་འདྲི་གཅོད་དང་བཅའ་ཁྲིམས་ཀྱི་ཡིག་རིགས་བཟོ་བ་སོགས་ཁྲིམས་སྒྱུར་གྱོད་ཞིབ་བྱེད་པའི་ནང་བོད་རྒྱ་ཡིག་རིགས་གཉིས་སྤྱོད་རྒྱ་ཆེ་རུ་བཏང་ཡོད།
གཉིས། མཆོང་སྐྱོད་ལྟ་བུའི་གོང་འཕེལ་གཏོང་རྒྱུར་དམིགས་ནས་སྤུས་ལེགས་ནུས་ཆེའི་ཁྲིམས་འཛིན་འགན་སྲུང་འདོན་སྤྲོད་ཧུར་ཐག་བྱས་པ།
ང་ཚོས་རྒྱལ་ཁབ་ཀྱི་གལ་ཆེའི་བདེ་འཇགས་སྲུང་བཅད་དང་། སྣོད་བཅུད་སྲུང་བཅད། ཐབས་ཇུས་ཀྱི་ཐོན་ཁུངས་གྲབས་གསོག་རྟེན་གཞི། ས་མཐོའི་ཁྱད་ལྡན་གྱི་ཞིང་ལས་ཐོན་རྫས་རྟེན་གཞི། ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་སྲུང་སྐྱོང་ཁུལ། འཛམ་གླིང་གི་ཡུལ་སྐོར་བྱེད་གནས་ཁུལ་བཅས་འཛུགས་རྒྱུའི་ཐབས་ཇུས་དམིགས་ཚད་ལ་དམ་པོར་དམིགས་ཤིང་། ཞབས་ཞུ་དང་གོང་འཕེལ་གཏོང་རྒྱུ་དེ་ལས་འགན་ཨང་དང་པོར་བརྩིས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་གོང་འཕེལ་ལམ་བུའི་ནང་དོན་ཟབ་པོ་ཁོང་དུ་ཡག་པོ་ཆུད་པ་བྱས་ཏེ་བོད་ཀྱི་གནས་ཚུལ་དང་མཐུན་པ་དང་། ཚན་རིག་དང་མཐུན་པའི་གོང་འཕེལ་གཏོང་རྒྱུ་དང་མཐུན་པའི་ཁྲིམས་འཛིན་འགན་སྲུང་གི་བྱ་ཐབས་གསར་པ་ཞིག་འཚོལ་ཞིབ་ཧུར་ཐག་བྱས་ཐོག་ཁྲིམས་འཛིན་འདྲི་གཅོད་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འབྲེལ་བ་མཐུན་སྦྱོར་དང་སྙོམས་སྒྲིག་བྱེད་པའི་ནང་གི་བཀྲག་ཆེའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ནུས་ཤུགས་ཡོད་རྒུས་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་གཏོང་རྒྱུར་ཞབས་འདེགས་ཞུས་ཡོད།
ཕྱོགས་ཡོངས་ནས “ཐོན་ལས་དང་པོ་ཆུ་ཚད་མཐོ་རུ་གཏོང་བ་དང་། ཐོན་ལས་གཉིས་པ་གཙོ་གནད་དམ་འཛིན་བྱེད་པ། ཐོན་ལས་གསུམ་པ་གོང་འཕེལ་ཤུགས་ཆེ་གཏོང་བ ”བཅས་དང་“གོམ་སྟབས་གསུམ་སྤོ་རྒྱུའི ”སྐོར་གྱི་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་གོང་འཕེལ་གཏོང་ཐབས་ལག་བསྟར་བྱེད་རྒྱུར་དམིགས་ཏེ་དཔལ་འབྱོར་གྱི་སྒྲིག་ལམ་དེ་བས་ཡག་པ་དང་། ཁྲོམ་རའི་ཁོར་ཡུག་དེ་བས་ལེགས་པ། གོང་འཕེལ་མྱུར་ཚད་དེ་བས་མགྱོགས་པ། གོང་འཕེལ་གཏོང་ཐབས་དེ་བས་ཚན་རིག་དང་མཐུན་པ་བཅས་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ཐོག་འདྲི་གཅོད་ཀྱི་ཉེན་ཟོན་ཚོད་སྐོར་དང་སྤྱི་ཚོགས་བརྟན་ལྷིང་གི་ཉེན་ཟོན་ཚོད་སྐོར་བྱེད་པའི་ལམ་སྲོལ་ཞིག་འཛུགས་རྒྱུ་འཚོལ་ཞིབ་བྱས་ནས་འདུ་ཤེས་དང་། ལམ་སྲོལ། ཐབས་རྣམ། ཁྱབ་ཁོངས་བཅས་གསར་གཏོད་བྱེད་རྒྱུར་མཐོང་ཆེ་བྱས་ཐོག་ཁྲིམས་འཛིན་ཞབས་ཞུའི་ཁྱབ་ཁོངས་དང་བྱེད་གཞི་ཟམ་མི་ཆད་པར་རྒྱ་ཆེར་བཏང་སྟེ་ཁྲིམས་འཛིན་འདྲི་གཅོད་ལས་ཀ་དེ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་འགྲོ་བའི་དགོས་མཁོ་དང་དེ་བས་འཚམ་ཐུབ་པ་བྱུང་ཡོད། གཉིས་ཕན་མཉམ་རྒྱལ་ཡོང་བ་བྱེད་རྒྱུ་དང་། ཁྲིམས་སྲུང་ཟོལ་མེད་ཡོང་བར་སྐུལ་འདེད། ཐུན་མོང་ཐོག་གཞི་མཐུན་ཡོང་བ་བྱེད་རྒྱུ་དར་སྤེལ་བཅས་གཏོང་རྒྱུར་དམིགས་ཤིང་། དེའང་འཕར་སྣོན་བརྟན་པོ་ཡོང་བ་དང་། གྲུབ་ཆ་ལེགས་སྒྲིག་བྱེད་པ། དངུལ་ལོར་འགྲེམ་ཚད་ཚོད་འཛིན་བཅས་བྱེད་པའི་བརྒྱུད་རིམ་ནང་ཐོན་པའི་དབྱར་རྩྭ་དགུན་འབུ་ཉོ་ཚོང་དང་། གཏེར་ཁའི་ཐོན་ཁུངས་གསར་སྤེལ་དང་གཙོ་གནད་ཁེ་ལས་དང་གཙོ་གནད་ལས་གཞི་དང་འབྲེལ་བ་ཡོད་པ་སོགས་ཀྱི་གན་རྒྱའི་རྩོད་གཞི་རིགས་འདྲ་མིན་གྱི་གྱོད་གཞི་གཙོ་གནད་དུ་འདྲི་གཅོད་ཡག་པོ་བྱས་ནས་དྲང་གཞག་འགྲན་རྩོད་བྱེད་པའི་ཁྲོམ་རའི་སྒྲིག་ལམ་སྲུང་སྐྱོང་ཧུར་ཐག་བྱས་ཡོད། རང་ལྗོངས་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་དང་གྲོང་ཁྱེར་གྲོང་རྡལ་ཅན་དུ་འགྱུར་བའི་བརྒྱུད་རིམ་ནང་གི་ཁྲིམས་འཛིན་གནད་དོན་ལ་དོ་སྣང་ཆེན་པོ་བྱས་ཏེ “ཞིང་འབྲེལ ”གྱི་གྱོད་གཞིར་འདྲི་གཅོད་འོས་འཚམ་བྱས་ཡོད། དམག་དོན་དང་འབྲེལ་བ་ཡོད་པའི་དབང་ཆ་སྲུང་སྐྱོང་གི་ལྷན་གྲོས་ཁྲིམས་ས་འཛུགས་འགོ་བཙུགས་ནས་དམག་དོན་དང་འབྲེལ་བའི་དབང་ཆ་སྲུང་སྐྱོང་གི་ལམ་སྲོལ་ཞིག་འཛུགས་བཞིན་ཡོད། ལོ་ཧྲིལ་པོར་ཁྱོན་བསྡོམས་དམངས་དོན་གྱོད་གཞི་ཁག་7652འདྲི་ཞིབ་བྱས་པ་དང་། དམིགས་རྟེན་དངུལ་འབོར་སྒོར་དུང་ཕྱུར་10.5ཟིན་པ་དེ་དུས་མཚུངས་དང་བསྡུར་ན་27.4%འཕར་ཡོད།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི 《ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར 》ལ་ཚད་མཐོའི་མཐོང་ཆེ་བྱས་ཏེ་ལྟ་སྐུལ་དང་རྒྱབ་སྐྱོར་བྱེད་རྒྱུ་གཉིས་གལ་ཆེ་མཉམ་འཇོག་བྱེད་པ་དང་། འགན་སྲུང་དང་སྲུང་སྐྱོང་བྱེད་རྒྱུ་གཉིས་མཉམ་དུ་འཛིན་པ། མཐུན་སྦྱོར་དང་ཁྲུན་གཅོད་བྱེད་རྒྱུ་གཉིས་མཉམ་སྤྱོད་བཅས་བྱས་ཏེ་གྲོང་ཁྱེར་དོ་དམ་བྱེད་ཐབས་དང་། ས་ཞིང་བསྡུ་སྤྱོད། ངལ་རྩོལ་དང་སྤྱི་ཚོགས་འགན་སྲུང་བྱེད་རྒྱུ་སོགས་ཀྱི་ཐད་ཐོན་པའི་སྲིད་འཛིན་ཞུ་གཏུག་བྱེད་རིགས་ཐག་གཅོད་འོས་འཚམ་བྱས་པ་དང་། ཁྱོན་བསྡོམས་སྲིད་འཛིན་གྱི་གྱོད་གཞི་དང་རྒྱལ་ཁབ་ཀྱི་གུན་གསབ་གྱོད་གཞི་ཁག་37འདྲི་གཅོད་བྱས་པ་དེ་དུས་མཚུངས་དང་བསྡུར་ན་116.2%ཆག་ཡོད། གལ་ཆེའི་གནས་ཚུལ་བརྡ་ཁྱབ་གཏོང་རྒྱུ་དང་གྱོད་གཞི་ཆེ་གྲས་མཐུན་སྦྱོར་བྱེད་པའི་ལམ་ལུགས་ཚགས་ཚུད་དུ་བཏང་སྟེ་མི་དཔུང་ཁྱུ་སྒྲིག་གི་ཞུ་བཅར་ཐོན་བཟོ་ཡོད་པ་དང་སྤྱི་ཚོགས་ཀྱི་གཞི་མཐུན་བརྟན་ལྷིང་ལ་གནོད་བཟོ་ཡོད་པའི་གནས་ཚུལ་དང་། ཉེན་ཟོན་སྔོན་བརྡའི་རང་བཞིན་གྱི་འགུལ་ཕྱོགས་དང་ཆ་འཕྲིན་རིགས་དུས་ཐོག་ཏུ་སྙན་སེང་དང་རང་འགུལ་མཐུན་སྦྱོར་བྱས་ནས་དེར་ཁྲིད་སྟོན་དང་། བར་འདུམ། ཞུ་འབུལ་མཚམས་འཇོག་བཅས་བྱེད་རྒྱུའི་ལས་ཀ་བྱས་ཡོད། ཕུལ་བྱུང་ཁྲིམས་དཔོན་མི་གྲངས་7ལ་རྫོང་དཔོན་གཞོན་པ་དང་ཤང་ཀྲང་གཞོན་པའི་གོ་གནས་གནས་སྦྱར་གྱིས་བདམས་གཏོང་བྱས་པས་མཐོང་རྒྱ་ཆེ་རུ་སོང་བ་དང་སྦྱོར་བརྡར་ཐེབས་པ་དང་། ཁྲིམས་ཁང་ནས་ཕྱིར་བསྐྱོད་དེ་ཁྲིམས་ཁང་ལ་ལྟ་བའི་བསམ་གཞི་མངོན་གྱུར་ཐུབ་པ་དང་ཁྲིམས་འཛིན་དང་སྲིད་འཛིན་དབར་ཕན་ཚུན་སྐུལ་སྤེལ་ཐུབ་པ་བྱུང་ཡོད།
ཏང་དང་རྒྱལ་ཁབ་ཀྱི་གཟུགས་བཪྙན་སྲུང་སྐྱོང་དང་ཁྲིམས་འཛིན་གྱི་དབང་གྲགས་སྲུང་སྐྱོང་བྱེད་པའི་མཐོ་ཚད་ཀྱི་ཐོག་ནས་གྱོད་ཪྙིང་ལག་བསྟར་བྱས་པའི་བྱེད་སྒོའི་གྲུབ་འབྲས་གཅིག་སྡུད་གཙང་བཤེར་བྱེད་རྒྱུ་སྲ་བརྟན་དང་རྒྱ་ཆེར་བཏང་སྟེ “ལག་བསྟར་བྱེད་དཀའ་བའི ”འགག་གནད་བཟུང་ཐོག “གྱོད་ཪྙིང་ལག་བསྟར་བྱེད་མི་དགོས་པའི་སྔོན་ཐོན་ཁྲིམས་ཁང་”གསར་གཏོད་དང་ལག་བསྟར་བྱེད་རྒྱུར་མངག་བཅོལ་བྱེད་པའི་ཆེད་དམིགས་གཙང་བཤེར་བྱེད་སྒོ་སྤེལ་རྒྱུའི་གོ་སྐབས་ལ་བརྟེན་ནས་ཕྱི་ནང་གཉིས་ནས་ཤུགས་རྒྱག་པ་དང་གོ་འོག་མཉམ་འགུལ་བྱས་ཏེ་ལག་བསྟར་ལས་དོན་སྤེལ་རྒྱུའི་ནུས་པ་རྒྱུན་ཐོན་གྱི་ལམ་སྲོལ་ཞིག་ཧུར་ཐག་བཙུགས་ཡོད། ལག་བསྟར་ལས་ཀའི་འགན་འཁྲིའི་ལམ་ལུགས་དང་དེའི་བྱ་དགའ་ཆད་གཅོད་དང་འདྲི་རྩད་སོགས་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་བཏང་ཐོག་འགན་འཁྲི་ཤུགས་ཆེར་གཏོང་བ་དང་། དཀའ་སྤྱད་ཀྱིས་འཇོན་ཐང་ཆེ་རུ་གཏོང་བ། ལམ་སྲོལ་འཐུས་ཚང་དུ་གཏོང་བ། བྱེད་ཐབས་ཡག་ཏུ་གཏོང་བ། བཅའ་ཁྲིམས་ལ་བརྟེན་པ། ཚན་རྩལ་བེད་སྤྱོད་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་ལག་བསྟར་གྱོད་གཞིའི་སྤུས་ཚད་དང་ནུས་ཕྱོད་ཆེ་རུ་གཏོང་རྒྱུར་སྐུལ་འདེད་བཏང་ཡོད། ལག་བསྟར་མཉམ་བཞུགས་གྲོས་ཚོགས་ལམ་ལུགས་འཛུགས་རྒྱུར་སྐུལ་འདེད་གཏོང་བ་དང་། ལས་བསྟར་ལས་དོན་དེ་ཕྱོགས་བསྡུས་བཅོས་སྐྱོང་གི་དམིགས་ཚད་འགན་འཁྲི་དང་དུས་བདེ་སྐྲུན་རྒྱུའི་དཔྱད་ཞིབ་བྱེད་ཁོངས་སུ་བཅུག་ཐོག “ཏང་ཨུད་ཀྱིས་འགོ་ཁྲིད་བྱེད་པ་དང་། མི་དམངས་འཐུས་ཚོགས་ཀྱིས་ལྟ་སྐུལ་བྱེད་པ། སྲིད་གཞུང་ནས་རྒྱབ་སྐྱོར་བྱེད་པ། ཁྲིམས་ཁང་གིས་གཙོ་གཉེར་བྱེད་པ། ཕྱོགས་ཁག་གིས་གཞོགས་འདེགས་བྱེད་པ ”བཅས་ཀྱི་ལག་བསྟར་ལས་ཀའི་ལམ་སྲོལ་སྔར་བས་འཐུས་ཚང་དུ་བཏང་ནས་སྤྱི་ཚོགས་ཡོངས་ཀྱིས་དོ་འཁུར་དང་། རྒྱབ་སྐྱོར། ལག་བསྟར་ལས་དོན་ནང་ཞུགས་པ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་པ་བྱས་ཡོད། ལོ་ཧྲིལ་པོར་ཁྱོན་བསྡོམས་ལག་བསྟར་གྱོད་གཞི་ཁག་2315བདག་སྤྲོད་བྱས་པ་དང་ལག་བསྟར་མཐའ་འདོམས་བྱས་པ་ཁག་2016ཡིན་པ་དེ་དུས་མཚུངས་དང་བསྡུར་ན་ཁག་སོ་སོར་11%དང་11.6%འཕར་ཞིང་། ལག་བསྟར་དམིགས་རྟེན་དངུལ་འབོར་སྒོར་དུང་ཕྱུར་4.8ཟིན་ཡོད།
གསུམ། དམངས་ཀྱི་ཆེད་དུ་ཁྲིམས་འཛིན་ཧུར་ཐག་བྱས་ནས་མི་དམངས་མང་ཚོགས་ཀྱི་ཁྲིམས་འཛིན་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་གང་ཐུབ་བྱས་པ།
“དམངས་འདོད་ལས་གཞི ”ལག་བསྟར་ཤུགས་ཆེ་བྱེད་པ་དང་། “མི་དམངས་ཁྲིམས་དཔོན་གྱིས་མི་དམངས་ཆེད་དུ་ལས་ཀ་བྱེད་དགོས་པའི ”བརྗོད་དོན་གཙོ་བོའི་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་བ། དམངས་ལ་སྟབས་བདེ་དང་དམངས་ལ་ཕན་པའི་ལམ་སྲོལ་ཞིག་འཚོལ་ཞིབ་བྱེད་པ། དམངས་ཀྱི་ཆེད་དུ་ཁྲིམས་འཛིན་བྱེད་པའི་ཐབས་ལམ་རྒྱ་ཆེར་གཏོང་བ་བཅས་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཁྲིམས་འཛིན་དགོས་མཁོ་ཇེ་ཆེར་འགྲོ་བ་དེ་སྐོང་གང་ཐུབ་བྱས་ཡོད།
ཞུ་གཏུག་དང་འབྲེལ་བ་ཡོད་པའི་ཡིག་འབུལ་ཞུ་བཅར་གྱི་དཀའ་གནད་སེལ་རྒྱུར་ཤུགས་བརྒྱབ་ནས “ཡིད་རྟོན ”ཡོང་རྒྱུའི་ཐོག་ནས་དམངས་ཀྱི་ཁེ་ཕན་སྲུང་སྐྱོང་བྱས་ཡོད། བརྩེ་སེམས་དངོས་འབྲེལ་བཅངས་བ་དང་བྱ་ཐབས་དངོས་འདོན་རྒྱུ་མཐའ་འཁྱོངས་བྱས་ཤིང་། ཞུ་གཏུག་དང་འབྲེལ་བ་ཡོད་པའི་ཡིག་འབུལ་ཞུ་བཅར་གྱི་གྱོད་ཪྙིང་རིགས་གཅིག་སྡུད་གཙང་བཤེར་བྱེད་པའི་ཆེད་དམིགས་བྱེད་སྒོ་གཏིང་ཟབ་སྤེལ་ནས་དུས་ཐོག་ཏུ་ཞུ་གཏུག་དང་འབྲེལ་བ་ཡོད་པའི་ཡིག་འབུལ་ཞུ་བཅར་གྱི་གནད་དོན་མངོན་གསལ་ཆེ་རིགས་ཐག་གཅོད་བྱས་ཡོད། “གཏན་འཁེལ་བཞི་དང་འགན་གཙང་གཅིག ”གི་ནང་དོན་ཟམ་མི་ཆད་པར་ཕུན་སུམ་ཚོགས་སུ་བཏང་བ་དང་འགོ་ཁྲིད་ཨང་དང་པོས་སྤྱི་ཡོངས་ཀྱི་འགན་འཁྲི་འཁུར་ཏེ་ཐོག་མ་འདྲི་མཁན་གྱིས་འགན་འཁུར་བ་དང་། ཞབས་ཞུ་ཁས་ལེན། གྱོད་ཞིབ་བྱེད་རྒྱུ་ཡོངས་བསྒྲགས། ཡ་རབས་ཀྱིས་སྣེ་ལེན། འགན་འཁྲི་ལྡོག་བཤེར་སོགས་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ཐོག་ཆུ་ཚོད་24རིང་གི་སྡོད་བྱ་བཟོས་ཏེ་ཞུ་བཅར་སྣེ་ལེན་བྱས་ནས་མང་ཚོགས་ཀྱི་བསམ་འཆར་ཆེ་ཤོས་ཡིན་པའི་ཞུ་གཏུག་དང་འབྲེལ་བ་ཡོད་པའི་ཡིག་འབུལ་ཞུ་བཅར་གྱི་གྱོད་གཞི་རྣམས་དམ་འཛིན་བྱེད་པ་དང་། རྗེས་འདེད་ཀྱིས་ལྟ་བཤེར་བྱེད་པ། དུས་བཀག་ནང་བརྡ་ལན་སློག་པ་བཅས་བྱས་པ་དང་། འགོ་རྩ་ནས་གྱོད་གཞི་གཉེར་སྒྲུབ་བྱེད་པའི་སྤུས་ཚད་ཡག་ཏུ་བཏང་སྟེ་གྱོད་གཞི་ཆུང་གྲས་ཆེ་རུ་མི་འགྲོ་བ་དང་། འདྲི་ཞིབ་བྱེད་བདེ་བའི་གྱོད་གཞི་བྱེད་ཁག་པོར་མི་འགྱུར་བ། མི་རེ་ཟུང་གི་ཞུ་བཅར་མི་དཔུང་ཁྱུ་སྒྲིག་གི་ཞུ་བཅར་དུ་མི་འགྱུར་བ། མ་གནས་ཆུང་རིགས་ཆེ་རུ་མི་འགྲོ་བ་བཅས་བྱས་ཡོད། གྱོད་ཁོངས་སུ་འཇུག་རྒྱུ་དང་ཡིག་འབུལ་ཞུ་བཅར་གྱི་ཞབས་ཞུར་ཤུགས་སྣོན་བརྒྱབ་སྟེ “གཏུག་བཤེར་བྱེད་རྒྱུར་ཁྲིད་སྟོན་བྱེད་པ་དང་། གྱོད་ཁོངས་སུ་བཅུག་ནས་ཞིབ་བཤེར་བྱེད་པ། གྱོད་ཁོངས་སུ་བཅུག་ནས་འདུམ་འགྲིག་བྱེད་པ། རོགས་སྐྱོབ་ཀྱི་ཞབས་ཞུ་བྱེད་པ། འདྲི་རྩད་བློ་འདྲི་བྱེད་པ། དཔྱད་ཡིག་བསྡུ་སྤྲོད་བྱེད་པ། ཡིག་འབུལ་ཞུ་བཅར་ལ་སྣེ་ལེན་བྱེད་པ། ཁྲིམས་ཐག་བཅད་རྗེས་དོགས་གཞི་སེལ་བ ”བཅས་ཀྱི་དགོས་པ་སྐོང་གང་ཐུབ་བྱས་ཡོད། ཁྱོན་བསྡོམས་ཞུ་འབུལ་དང་བསྐྱར་ཞིབ་བྱེད་དགོས་པའི་གྱོད་གཞི་རིགས་འདྲ་མིན་133འདྲི་ཞིབ་བྱས་པ་དང་། མང་ཚོགས་ཀྱི་ཡིག་འབུལ་ཞུ་བཅར་ཁག (མི་ཐེངས )1758ཐག་གཅོད་བྱས་པ་དེ་དུས་མཚུངས་དང་བསྡུར་ན་9%ཆག་ཡོད། དམངས་ཀྱི་ཆེད་དུ་ཁྲིམས་འཛིན་བྱེད་ཐབས་མང་དུ་བཏང་སྟེ “ཁེ་ཕན ”གྱི་ཐོག་དམངས་ཕན་ཡོང་བ་བྱས་པ། ཤར་གཏོང་སྟབས་བདེ་ཐུབ་པའི་དམངས་ཀྱི་བསམ་འདུན་དང་ཞུ་ལམ་འཐུས་སྒོ་ཚང་དུ་ཧུར་ཐག་བཏང་ཡོད། མི་དམངས་མཉམ་ཞུགས་གྱོད་ཞིབ་ལམ་ལུགས་དོན་འཁྱོལ་བྱས་ཏེ་ལྗོངས་ཡོངས་ཀྱི་མི་དམངས་མཉམ་ཞུགས་གྱོད་ཞིབ་པ་མི་གྲངས་157གྱིས་གྱོད་གཞི་འདྲི་གཅོད་བྱེད་པའི་ནང་ཞུགས་པ་ཁག་119ཡོད། ལས་གྲྭའི་མ་དངུལ་ཆད་འགྱངས་དང་ཞིང་པ་ལས་མིའི་གླ་ཆ་ཆད་འགྱངས་བྱས་པ་སོགས་དམངས་ཀྱི་འཚོ་བ་དང་འབྲེལ་བ་ཡོད་པའི་གྱོད་ཞིའི་རིགས་གྱོད་ཁོངས་སུ་འཇུག་པ་དང་། འདྲི་ཞིབ་བྱེད་པ། ལག་བསྟར་བྱེད་པ་གསུམ་སྔོན་དུ་བྱས་ནས་ཁྱོན་བསྡོམས་གྱོད་གཞི་འདི་རིགས་ཁག་1151ཞིབ་གཅོད་བྱས་ཏེ་ཞིང་པ་ལས་མིའི་གླ་ཕོགས་སྒོར་ཁྲི་3975ཚུར་ལེན་ཐུབ་པ་བྱུང་ཡོད། གཞན་ཡང་ཁྲིམས་འཛིན་རོགས་སྐྱོབ་ཧུར་ཐག་སྤེལ་ནས་འཚོ་བར་དཀའ་ངལ་ཡོད་པའི་དོ་བདག་མི་གྲངས་1528ལ་གཏུག་བཤེར་རིན་དངུལ་སྒོར་ཁྲི་2005 དུས་འགྱངས་དང་། རྩ་ཆག ཆག་ཡང་བཅས་བཏང་ཁར་ཆ་རྐྱེན་དང་མཐུན་པའི་རོགས་སྐྱོབ་བྱ་ཡུལ་ལ་རོགས་སྐྱོབ་དངུལ་སྒོར་ཁྲི་135སྤྲད་ཡོད།
ཁྲིམས་འཛིན་བྱེད་རྒྱ་ཆེ་རུ་བཏང་སྟེ “རང་འགུལ ”ཐོག་དམངས་ལ་སྟབས་བདེ་ཡོང་བ་བྱས་པ། “འཁོར་ཐོག་སྐོར་སྐྱོད་ཁྲིམས་སའི ”ཕན་ཡོད་ཉམས་མྱོང་རྣམས་ཕྱོགས་བསྡོམས་ནན་ཏན་བྱས་ཏེ་དམངས་ཀྱི་བསམ་འདུན་དང་། དམངས་ཀྱི་རེ་བཅོལ། དམངས་ཀྱི་དགོས་པ་བཅས་རྒྱ་ཁྱབ་ཏུ་བསྡུ་ལེན་བྱེད་པའི་རྨང་གཞིའི་ཐོག་གོ་མཚོན་སྒྲིག་བཀོད་ཡག་ཏུ་གཏོང་བ་དང་། ཞབས་ཞུ་བྱེད་ནུས་ཆེ་རུ་གཏོང་བ། ཁྲིམས་བཅད་ཀྱི་ཚད་གཞི་ཚད་ལྡན་བཟོ་བ། སྐོར་སྐྱོད་བྱེད་ལམ་ཚགས་ཚུད་དུ་གཏོང་བ་བཅས་བྱས་ཡོད། སྐོར་སྐྱོད་ཁྲིམས་ས་དང་གཅིག་འཐུས་ཞབས་ཞུ་བྱེད་རྒྱུ་ཟུང་འབྲེལ་དང་། ཏང་གི་དམངས་ཕན་སྲིད་ཇུས་དྲིལ་བསྒྲགས་བྱེད་རྒྱུ་དང་ཁྲིམས་ལུགས་ཁྲིམས་སྲོལ་དྲིལ་བསྒྲགས་བྱེད་རྒྱུ་ཟུང་འབྲེལ། འདྲི་གཅོད་ཀྱི་ཞབས་ཞུ་བྱེད་རྒྱུ་དང་དམངས་ཕྱུག་བོད་དར་ཡོང་བ་བྱེད་རྒྱུ་ཟུང་འབྲེལ། ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དང་མང་ཚོགས་སྐུལ་སློང་གིས་ཏཱ་ལར་ཐེར་འདོན་དགག་རྒྱག་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུ་ཟུང་འབྲེལ་བཅས་བྱེད་རྒྱུ་མཐའ་འཁྱོངས་བྱས་པར་བརྟེན་སྟབས་བདེའི་རང་བཞིན་དང་སྒམ་ནན་རང་བཞིན་གཉིས་གཅིག་གྱུར་ཐུབ་པ་བྱུང་ཡོད། ལོ་ཧྲིལ་པོར “འཁོར་ཐོག་སྐོར་སྐྱོད་ཁྲིམས་སས ”སྐོར་སྐྱོད་གྱོད་ཞིབ་ཐེངས་གྲངས་3120བྱས་པ་དང་ཁྱོན་བསྡོམས་སྤྱི་ལེ་ཁྲི་109ལྷག་ཙམ་སྐྱོད་པ་བཅས་བྱས་ཡོད་པས་གཞི་རྩའི་ཆར་དུད་ཚང་ཡོངས་ལ་ཁྱབ་པ་དང་མི་ཐོག་ཏུ་ཞབས་འདེགས་ཞུ་ཐུབ་པ་བྱུང་ཡོད།
བཞི། ལས་ས་མདུན་སྤོས་ཀྱིས་སྤྱི་ཚོགས་ཀྱི་འགལ་ཟླ་སེལ་བ་དང་སྤྱི་ཚོགས་དོ་དམ་བྱེད་ཐབས་གསར་གཏོད་བྱེད་རྒྱུར་སྐུལ་འདེད་ཧུར་ཐག་བཏང་བ།
ཁྱོན་ཡོངས་བཏང་འཛིན་བྱེད་རྒྱུར་དམིགས་པ་དང་གཞི་མཐུན་བརྟན་ལྷིང་ཡོང་བ་བྱས་ནས་བསྒྱུར་བཅོས་གོང་འཕེལ་བྱེད་པའི་ནང་གི་སྤྱི་ཚོགས་ཀྱི་འགལ་ཟླ་དང་རྩོད་གཞི་འདྲ་མིན་རིགས་མངོན་ཆེར་འགྲོ་བའི་ཁྱད་ཆོས་གསར་པར་ཚན་རིག་དང་མཐུན་པའི་དབྱེ་ཞིབ་དང་ལས་ས་མདུན་སྤོས་མཐའ་འཁྱོངས་བྱས་ཏེ་ཐབས་མང་མཉམ་སྤྱོད་དང་། ཐབས་ལམ་སྣེ་མང་། བྱེད་ཐབས་སྣ་མང་བཅས་ལ་བརྟེན་ནས་ཐོན་བཟོ་ཡོད་པའི་རྐྱེན་རྩ་དུས་ཐོག་ཏུ་མེད་པ་བཟོ་ཐབས་བྱས་ཡོད།
“འདུམ་འགྲིག་བྱེད་རྒྱུ་སྔོན་འགྲོར་བྱས་ཏེ་འདུམ་འགྲིག་དང་འདྲི་གཅོད་ཟུང་འབྲེལ་བྱེད་པའི ”ཁྲིམས་འཛིན་བླང་བྱ་མཐའ་འཁྱོངས་བྱས་པ། འདུམ་འགྲིག་བྱེད་རྒྱུ་དེའང་ཁྲིམས་འཛིན་གྱོད་ཞིབ་ལས་ཀ་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ཐོག “གཞུང་དྲང་ནི་གང་ལས་ལྷག་པ་དང་དམངས་འཚོ་ནི་གང་ལས་གལ་ཆེ་བར་བརྩི་རྒྱུ ”མཐའ་འཁྱོངས་བྱས་ནས་འདུམ་འགྲིག་དང་པོར་བྱེད་པ་དང་། སྤུས་ཚད་འགག་རྩར་བརྩི་བ། ཐག་གཅོད་ཐུབ་པ་བྱེད་རྒྱུ་དམིགས་ཡུལ་དུ་འཛིན་པ་བཅས་དང་ངང་རྒྱུད་རིང་པོ་དང་། ལྷག་བསམ་རྣམ་དག འགན་འཁྲི་འཁུར་སེམས་ཆེན་པོ་བཅས་ཀྱི་ཐོག་ནས་སྤྱི་ཚོགས་ཀྱི་འབྲེལ་འཛིང་བསང་རྒྱུའི་ཐོག་ཤུགས་གང་ཆེ་བརྒྱབ་སྟེ་འགལ་ཟླ་དང་རྩོད་གཞི་མང་པོ་ཞིག་ཁྲིམས་ཁང་དུ་གཏུགས་མི་དགོས་པ་བྱས་ཐོག ཁྲིམས་མཐུན་ཁེ་དབང་རྣམས་དྲང་བདེན་ངང་ཐག་གཅོད་བྱས་ནས་མི་ཡུལ་གྱི་མཛའ་སེམས་ཡུན་རིང་གནས་ཐུབ་པ་དང་། དཔལ་འབྱོར་མཉམ་ལས་རྒྱུན་མཐུད་ཐུབ་པ། ཁྲིམས་འཛིན་གྱི་མ་གནས་ཆུང་དུ་གཏོང་བ། ཁྲིམས་འཛིན་ལ་ཀུན་གྱི་མོས་ཚད་མཐོ་རུ་འགྲོ་བ་བཅས་བྱས་ཡོད། སྤྱི་ཚོགས་ལ་ཁ་ཕྱོགས་པ་དང་། བྱེད་ནུས་ཆ་ཚང་བ། ཐབས་རྣམ་མང་བ། ནུས་པ་ཐོན་ཆེ་བ་བཅས་ཀྱི་འདུམ་འགྲིག་ཞབས་ཞུའི་ལྟེ་གནས་ཤིག་བཙུགས་ཐོག འདྲི་གཅོད་ཁོ་ནར་དམིགས་ནས་འདྲི་གཅོད་བྱེད་པ་དང་། གྱོད་ཡིག་ཁོ་ནར་བལྟས་ནས་གྱོད་ཞིབ་བྱེད་པ། གྱོད་ཡིག་རིགས་གཅིག་པུར་བལྟས་ནས་གྱོད་ཐག་གཅོད་པ་བཅས་ཀྱི་གོམས་གཤིས་ཪྙིང་པ་དོར་ཏེ་བཅའ་ཁྲིམས་དང་། སྲིད་ཇུས། དཔལ་འབྱོར། སྲིད་འཛིན། རིག་གནས། དམངས་ཁྲོད། ལས་རིགས། མཛའ་སེམས། ཁོར་ཡུག་སོགས་ཀྱི་བྱ་ཐབས་དང་ཐབས་རྣམ་སྣ་ཚོགས་སྤྱད་དེ་འགལ་ཟླ་བྱུང་སར་སྐྱོད་པ་དང་རྩོད་གཞི་ཐོན་སར་བཅར་ཏེ་ཁྲིམས་ཀྱི་རིགས་པའི་གཞུང་ལུགས་དང་། གནས་ལུགས་རྒྱུ་མཚན་གསལ་པོ་ཤོད་རྒྱུར་དོ་སྣང་ཆེན་པོ་བྱས་ཐོག་གྱོད་དོན་ཞིབ་གཅོད་དང་། གནད་དོན་ཐག་གཅོད། མཐུན་འགྲིག་ཡོང་བ་བཅས་བྱེད་རྒྱུའི་ཐོག་ཤུགས་བརྒྱབ་སྟེ་འགལ་ཟླ་རྩ་བའི་ཐོག་ནས་སེལ་གང་ཐུབ་བྱས་ཡོད། ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་དམངས་དོན་གྱོད་གཞི་འདུམ་འགྲིག་དང་ཕྱིར་འཐེན་བྱེད་ཚད་74.7%ཟིན་ཏེ་རྒྱལ་ཡོངས་ཁྲིམས་ཁང་གི་ཆ་སྙོམས་ཀྱི་ཚད་གཞི་ལས་བརྒྱ་ཆའི་གྲངས་9མཐོ་བ་ཡོད།
སྤྱི་ཚོགས་ཀྱི་འགལ་ཟླ་འབྱུང་རྩ་ནས་བཅོས་སྐྱོང་བྱས་པ། མི་དམངས་འདུམ་འགྲིག་དང་། སྲིད་འཛིན་འདུམ་འགྲིག ཁྲིམས་འཛིན་འདུམ་འགྲིག་བཅས་གནས་གསུམ་གཞི་གཅིག་ཏུ་སྒྲིལ་བའི་འདུམ་འགྲིག་ཆེན་པོ་བྱེད་པའི་ལས་ཀའི་མ་ལག་འཐུས་ཚང་དུ་བཏང་སྟེ་གཏུག་བཤེར་དང་གཏུག་བཤེར་མིན་པ་སྦྲེལ་མཐུད་ཤུགས་ཆེ་བྱེད་རྒྱུ་དང་། འབྲེལ་ཡོད་སྡེ་ཚན་དང་མཉམ་ལས་བྱེད་རྒྱུར་རང་འགུལ་ངང་ཤུགས་སྣོན་བརྒྱབ་ཐོག་ཐབས་ལམ་ལེགས་སྒྱུར་བྱེད་པར་བརྟེན་ནས་འགལ་ཟླ་དང་རྩོད་གཞི་རྣམས་གཏུག་བཤེར་མ་བྱས་གོང་དང་ཁྲིམས་སའི་ཕྱི་རོལ་དུ་ཐག་གཅོད་བྱས་ཤིང་ཁྱོན་བསྡོམས་གཏུག་བཤེར་མིན་པའི་འགལ་ཟླ་དང་རྩོད་གཞི་ཁག་7119འདུམ་འགྲིག་ཐག་གཅོད་བྱས་པ་དང་། དམངས་ཁྲོད་ཀྱི་རྩོད་གཞི་ཁག་5400ལྷག་ཙམ་འདུམ་འགྲིག་ཐག་གཅོད་བྱེད་རྒྱུར་མཛུབ་ཁྲིད་བྱས་ཡོད། དབྱར་རྩྭ་དགུན་འབུ་དང་། གཏེར་ཁ། རྩྭ་ར་བཅས་ཀྱི་ཐོན་ཁུངས་སྔོག་འདོན་དང་ཉོ་འཚོང་བྱེད་པའི་རྩོད་གཞི་དང་བོད་རིགས་ས་ཁུལ་གྱི་མི་གསོད་གྱོད་གཞི་དང་དམངས་དོན་གུན་གསབ་སོགས་ཀྱི་དཔྱོད་དོན་ལ་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ནས་ཁྲིམས་འཛིན་འདྲི་གཅོད་ཐོག་ནས་སྤྱི་ཚོགས་ཀྱི་འགལ་ཟླ་སེལ་རྒྱུ་དང་སྤྱི་ཚོགས་ཀྱི་དོ་དམ་གསར་གཏོད་བྱེད་པའི་ནང་ཞུགས་རྒྱུ་ཟུང་འབྲེལ་བྱེད་ས་གནད་ལ་འཁེལ་བ་འཚོལ་ཐུབ་པ་བྱས་ཡོད། “གནས་བདུན་ལ་ཁྲིམས་ལུགས་སྤེལ་བ ”དང་། “ཁྲིམས་དཔོན་གྱི་བཤད་སྟེགས ”གྱོད་གཞིའི་ཐོག་ནས་ཁྲིམས་ལུགས་ཤོད་པ་བཅས་ཀྱི་ཐབས་ཤེས་སྔར་བས་མང་དུ་གཏོང་བ་དང་འཐུས་ཚང་དུ་བཏང་ཐོག་གོ་བདེ་ལ་ཤེས་བདེ་བའི་སྐད་ཡིག་དང་དོན་ཟབ་ལ་གོ་བདེ་བའི་འགྲེལ་བཤད་རྒྱག་ཐབས་ལ་བརྟེན་ནས་མང་ཚོགས་ཀྱིས་ཁྲིམས་མཐུན་སྟངས་འཛིན་གྱི་ཁེ་ཕན་ཞུ་རེ་མཚོན་པ་དང་ཁེ་ཕན་གྱི་རྩོད་གཞི་ཐག་གཅོད་བྱེད་རྒྱུར་ཁྲིད་སྟོན་བྱས་ཡོད། བོད་ཡིག་གི 《རྒྱུན་སྤྱོད་བཅའ་ཁྲིམས་ཤེས་བྱའི་ཀློག་དེབ 》དཔེ་སྐྲུན་འགྲེམས་སྤེལ་དང་། ཁྱོན་བསྡོམས་ཁྲིམས་དཔོན་མི་གྲངས་240བདམས་གཏོང་གིས་སློབ་འབྲིང་དང་སློབ་ཆུང་གི་ཁྲིམས་ལུགས་སློབ་སྤྱི་གཞོན་པའི་འགན་གནས་འཁུར་དུ་འཇུག་པ། ཁྲིམས་ལུགས་སྐོར་གྱི་བཤད་ཁྲིད་ཐེངས་གྲངས་946 ཁྲིམས་ལུགས་ཐད་ཀྱི་བློ་འདྲི་ཐེངས་གྲངས་920བཅས་བྱས་ཤིང་མང་ཚོགས་མི་གྲངས་ཁྲི་35.5ལ་སློབ་གསོ་ཐེབས་ཡོད།
ལྔ། ཁྲིམས་ཁང་རང་ངོས་ལེགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་གང་ཆེ་བརྒྱབ་ནས་དྲང་གཞག་སྤྱོད་གཙང་གི་ཁྲིམས་སྒྱུར་བྱེད་རྒྱུར་སྐུལ་འདེད་བཏང་བ།
ཧྲུའུ་ཅི་ཀྲང་ཆིང་ལིས་ཁྲིམས་ཁང་ལས་དོན་ལ་རྟོག་ཞིབ་གནང་སྐབས་བཏོན་གནང་བའི “ཆབ་སྲིད་ཐད་ངེས་པར་དུ་རིག་པ་དྭངས་གསལ་དང་ལངས་ཕྱོགས་བརྟན་པོ་དགོས་པ་དང་། ལས་སྒོའི་ཐད་ངེས་པར་དུ་ཡག་ཐོག་ཡག་བརྩེགས་ཡོང་བ། སྤྱོད་གཙང་ཐད་ངེས་པར་དུ་ཚོད་བགམ་ཐེག་ཐུབ་པ ”བཅས་ཀྱི་བླང་བྱ་གཞིར་བཟུང་ཐོག དྲང་གཞག་སྤྱོད་གཙང་གི་ཁྲིམས་སྒྱུར་བྱེད་ནུས་ཆེ་རུ་གཏོང་རྒྱུ་དམིགས་ཡུལ་དུ་བཟུང་ནས་ཁྲིམས་ཁང་གི་དཔུང་ཁག་ལེགས་སྐྱོང་དང་། ཁྲིམས་འཛིན་ལམ་སྲོལ་འཛུགས་སྐྱོང་། ཁྲིམས་འཛིན་འགན་ལེན་བྱེད་ནུས་ཆེ་རུ་གཏོང་བ་བཅས་བྱེད་རྒྱུར་ཤུགས་སྣོན་ཟམ་མི་ཆད་པ་བརྒྱབ་སྟེ་མི་དམངས་ཁྲིམས་ཁང་རང་ངོས་ཚན་རིག་དང་མཐུན་པའི་གོང་འཕེལ་ཧུར་ཐག་གཏོང་ཐུབ་པ་བྱས་ཡོད།
ཁྲིམས་ཁང་དཔུང་ཁག་ལེགས་སྐྱོང་བྱེད་རྒྱུར་གྲུབ་འབྲས་གསར་པ་ཐོབ་པ། བྱང་ཚད་མཐོ་རུ་གཏོང་རྒྱུའི་ལས་གཞི་ལག་བསྟར་ཤུགས་ཆེ་བྱས་ནས་སློབ་སྦྱོང་རྣམ་པའི་ཁྲིམས་ཁང་དང་སློབ་སྦྱོང་རྣམ་པའི་ཏང་ཙུའུ་ལེགས་སྐྱོང་དམ་འཛིན་བྱས་པ་དང་། བསམ་བློ་ཆབ་སྲིད་འཛུགས་སྐྱོང་བྱེད་རྒྱུ་དམ་པོར་བཟུང་སྟེ་ཁྲིམས་ཁང་དཔུང་ཁག་གི་ཆབ་སྲིད་ལངས་ཕྱོགས་བརྟན་པོ་དང་བསམ་བློ་དྭངས་གཙང་ཡོང་བ་བྱས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ལྟ་བ་ལག་ལེན་མཐའ་གཅིག་ཏུ་བྱས་ཏེ་སེམས་ནང་ཏང་དང་། མི་དམངས། བཅའ་ཁྲིམས། བདེན་དོན་བཅས་ཡོད་པ་བྱས་ཡོད། སྤྱོད་ཡོན་གཉིས་ལྡན་དང་ཀུན་སྤྱོད་གཙིགས་ཆེན་དུ་འཛིན་པའི་ཚད་གཞི་དང་“ཁ་བྲལ་ཐབས་མེད་པ་གསུམ ”གྱི་མཛད་ཕྱོགས། “ཕྱོགས་བཞི་མཚམས་བརྒྱད ”ཀྱི་རྩ་དོན་བཅས་མཐའ་འཁྱོངས་ཀྱིས་ཕུལ་བྱུང་ཤེས་ལྡན་པའི་ནུས་རྩལ་ཀུན་འདོན་བྱེད་སའི་ཁོར་ཡུག་ཧུར་ཐག་གཏོད་པ་དང་། ལས་བྱེད་པ་བདམས་གསེས་གནས་སྤར་དང་ལས་གནས་བརྗེ་རེས་བྱེད་ཤུགས་ཆེ་རུ་བཏང་ནས་རིམ་ཁག་ཁྲིམས་ཁང་གི་འགོ་ཁྲིད་ལས་བྱེད་པས “གོ་གནས་གཅིག་གིས་འགན་འཁྲི་གཉིས་འཁུར་བ་དང་། བྱ་ཐབས་གཉིས་སྤེལ་བ། ཕན་འབྲས་གཉིས་ཐོན་པ ”བཅས་ཀྱི་ཐོག་ནས་ཕྱོགས་གཅིག་དུས་བདེ་ཡོང་བའི་ནུས་པ་གང་ལེགས་མངོན་ཐུབ་པ་བྱས་ཡོད། ཉེས་དོན་སྒྲུབ་མཁན་རྩེ་གྲས་དང་། དམངས་དོན་སྒྲུབ་མཁན་རྐང་འཛིན་པ། ལག་བསྟར་ཐུབ་པའི་འགག་སྒྲོལ་བྱེད་མཁན་བཅས་གཙོ་གནད་དུ་གསོ་སྐྱོང་བྱས་ནས་ཁྲིམས་དཔོན་ཁོངས་མི་ཡོངས་ལ་སྦྱོང་བརྡར་སྤྲས་ཏེ་བཅའ་ཁྲིམས་བཀོལ་སྤྱོད་ཡང་དག་པ་དང་། མང་ཚོགས་ཀྱི་ལས་དོན་བྱེད་མཁས་པོ། སྤྱི་ཚོགས་ཀྱི་འགལ་ཟླ་སེལ་བ་བཅས་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུར་ཤུགས་བརྒྱབ་པ་དང་། ལོ་ཧྲིལ་པོར་ཁྱོན་བསྡོམས་ལས་བྱེད་པ་དང་ཉེན་རྟོག་པ་མི་ཐེངས་2174ལ་སྦྱོང་བརྡར་སྤྲས་ཡོད། མི་སྣའི་སྒྲིག་གྲངས་མང་དུ་གཏོང་རྒྱུ་དེ་འཇོན་ཐང་དང་བྱང་ཚད་མཐོ་རུ་གཏོང་རྒྱུ་དང་ཟུང་འབྲེལ་བྱས་ཏེ་བོད་ཀྱི་སྐར་གྲངས་ཚད་གཞི་དང་ཚོད་ལྟའི་ཚད་གཞི་ལག་བསྟར་བྱས་པ་བརྒྱུད་ལྗོངས་ཡོངས་ཀྱི་ཁྲིམས་དཔོན་མི་གྲངས་དེ་1216བར་མང་དུ་སོང་བ་དང་། “ཁྲིམས་དཔོན་རྒྱུན་ཆད་འགྲོ་བའི ”གནད་དོན་ཐག་གཅོད་ནུས་ལྡན་བྱུང་ཡོད། ཏང་སྲོལ་སྤྱོད་གཙང་ལེགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་སློབ་གསོ་དང་། ལམ་ལུགས། ལྟ་སྐུལ་བཅས་བྱེད་རྒྱུ་གལ་ཆེ་མཉམ་འཛིན་བྱས་པ་དང་། “ནན་འགོག་ལྔ ”དང་“བཀག་རྒྱ་དྲུག ”ལག་བསྟར་ནན་པོ་བྱས་ནས་གཙོ་གནད་མངོན་ཆེའི་ལས་གནས་ལ་ལྟ་སྐུལ་བྱས་ཏེ་སྤྱོད་གཙང་ལྟ་ཞིབ་པ་དང་ཁྲིམས་འཛིན་སྐོར་ཞིབ་པའི་ལམ་ལུགས་བཙུགས་པ་མ་ཟད་ཚགས་ཚུད་དུ་བཏང་བ། བསླད་སྐྱོན་མ་འགོས་པ་བྱེད་རྒྱུའི་བསམ་བློའི་འགོག་རགས་བརྟན་པོ་བཟོས་པས་ལྗོངས་ཡོངས་ཀྱི་ཁྲིམས་ཁང་དཔུང་ཁག་ནང་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་ཐོན་མྱོང་མེད། ཁྲིམས་ཁང་གི་རིག་གནས་དར་སྤེལ་གཏོང་རྒྱུར་ཤུགས་སྣོན་གང་ཆེ་བརྒྱབ་པ་དང་། “གསེར་འོད་ལྡན་པའི་སྲང་མདའི ”རིག་རྩལ་འཁྲབ་སྟོན་ཐེངས་དང་པོ་གཉེར་བ་དང་། ཚོགས་པ་ཕྱི་རྒྱལ་དུ་ཁྲིམས་འཛིན་ཉམས་མྱོང་སྤེལ་རེས་བྱེད་པར་ཐེངས་དང་པོ་བསྐྱོད་པར་བརྟེན་བོད་ཀྱི་ཁྲིམས་སྐྱོང་ལས་ཀར་གྲུབ་འབྲས་ཆེན་པོ་ཐོབ་པ་དང་བོད་ཀྱི་ཁྲིམས་དཔོན་གྱི་ཉམས་བཟང་མངོན་པར་བྱས་ཡོད། སྔོན་གཏོད་ལེགས་བརྩོན་གྱི་བྱེད་སྒོ་སྤེལ་རྒྱུ་དེ “མི་དམངས་ཁྲིམས་དཔོན་གྱིས་མི་དམངས་ཀྱི་ཆེད་དུ་ལས་ཀ་བྱེད་པ ”དང་། ནུས་ཕྱོད་ཆེར་གཏོང་གི་བྱེད་སྒོའི་ལོ། སྒྲིག་ཁྲིམས་དང་སྤྱོད་ཚུལ་གཅིག་སྡུད་ཐོག་སློབ་གསོ་བཅོས་སྒྲིག་བྱེད་པ་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ་དང་ཟུང་འབྲེལ་བྱས་ནས་ལས་བྱེད་ཉེན་རྟོག་པ་ཉུང་ཤས་ཀྱི་འདུ་ཤེས་ཞན་པ་དང་ཏང་གཤིས་ཟབ་པོ་མེད་པ། དེ་བཞིན “དྲང་བདེན་མི་བྱེད་པ་དང་། མང་ཚོགས་དང་ཁ་བྲལ་བ། འགན་འཁྲི་མི་ཁུར་བ། སྡུག་བསྲན་མི་ཐུབ་པ། བློ་རྒྱ་ཆུང་བ། གྲུབ་འབྲས་ཕྲན་ཙམ་ཐོབ་དུས་ཡུད་དང་ཉམས་བྱེད་པ ”སོགས་ཀྱི་ཚུལ་མིན་སྤྱོད་ངན་རིགས་གཙོ་གནད་དུ་ཐག་གཅོད་བྱས་ནས་ཁྲིམས་འཛིན་ནུས་ཕྱོད་ཆེ་རུ་བཏང་བས་སྔོན་ཐོན་དཔེ་མཚོན་མང་པོ་ཞིག་ཐོན་ཞིང་། ལྗོངས་ཡོངས་ཀྱི་ཁྲིམས་ཁང་ལ་ཁྱོན་བསྡོམས་མཉམ་སྡེབ་པ་60དང་མི་སྒེར་368ལ་གཟེངས་བསྟོད་ཐོབ་ཡོད།
ཁྲིམས་འཛིན་ལམ་སྲོལ་འཛུགས་སྐྱོང་བྱེད་རྒྱུར་གོང་འཕེལ་གསར་པ་བྱུང་བ། གཙོ་གནད་ལས་དོན་ཁག་གསུམ་གཏིང་ཟབ་སྤེལ་རྒྱུ་དེ་ཁྲིམས་འཛིན་བསྒྱུར་བཅོས་བྱེད་རྒྱུ་དང་ཟུང་འབྲེལ་བྱས་ནས “ལོ་ལྔ་ཚན་གསུམ་པའི་བསྒྱུར་བཅོས་རྩ་གནད ”དོན་འཁྱོལ་ནན་ཏན་བྱས་ཏེ “དྲང་གཞག་དམ་དོན་དང་ནུས་ཕྱོད་ཆེ་སྐྱེད་ལས་གཞི ”ལག་བསྟར་ཤུགས་ཆེ་བྱས་ཡོད། “གྲོས་གཞི་བརྒྱ་ཕྲག་ལ་ཞིབ་དཔྱད་ཆེན་པོ་བྱེད་པའི ”བྱེད་སྒོ་སྤེལ་ནས་2009ལོའི་གྱོད་གཞི་ཁག་ལ་ཞིབ་དཔྱད་ནན་པོ་བྱས་ཡོད། འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་དང་ལས་ཀའི་ལམ་སྲོལ་བསྒྱུར་བཅོས་བྱས་ནས་ཉེས་དོན་དང་དམངས་དོན་སྲིད་འཛིན་གྱི་ཆེད་ལས་ཨུ་ཡོན་ལྷན་ཁང་གཉིས་བཙུགས་ཡོད། ཉེས་ཆད་གཅོད་ཚད་ཚད་ལྡན་བཟོ་རྒྱུ་ཕྱོགས་ཡོངས་ནས་སྐུལ་སྤེལ་བཏང་སྟེ་ཁྲིམས་དཔོན་གྱི་རང་མོས་ཁྲུན་གཅོད་དབང་ཆ་ཚད་ལྡན་ནན་པོ་བཟོས་ཏེ་ཉེས་ཆད་གཅོད་ཚད་ཡོངས་བསྒྲགས་དང་འདྲ་མཉམ་དྲང་བདེན་བྱེད་རྒྱུར་སྐུལ་འདེད་བཏང་བ་དང་། “གྱོད་གཞི་གཅིག་པའི་རིགས་ལ་འདྲི་གཅོད་མི་གཅིག་པ་བྱེད་པའི ”གནད་དོན་ཐག་གཅོད་བྱེད་རྒྱུར་ཤུགས་བརྒྱབ་ཡོད། འདྲི་གཅོད་དོ་དམ་དང་། དཔུང་ཁག་དོ་དམ། སྲིད་ལས་དོ་དམ་སོགས་དང་འབྲེལ་བའི་ལམ་ལུགས་ཁག་84འཐུས་སྒོ་ཚང་དུ་བཏང་ཞིང་། ཚན་པར་དཔྱད་བསྡུར་བྱེད་རྒྱུ་དེ་དོ་དམ་བྱེད་རྒྱུས་གཙོ་བོ་བྱེད་པ་དང་། མི་སྒེར་ལ་དཔྱད་བསྡུར་བྱེད་རྒྱུ་དེ་གྱོད་ཞིབ་ཀྱི་སྤུས་ཚད་གཙོ་བོ་བྱེད་པའི་ལས་རྗེས་དཔྱད་བསྡུར་བྱེད་ལམ་ཞིག་ཆགས་པ་བྱས་ཡོད།
ཁྲིམས་འཛིན་འགན་ལེན་བྱེད་ནུས་འཛུགས་སྐྱོང་བྱེད་རྒྱུར་འགག་སྒྲོལ་གསར་པ་བྱུང་བ། “ཕུགས་འཕེར་གྱི་ཇུས་གཞི་འདིང་རྒྱུ་དང་། རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་སྤྱོད་རྒྱུར ”གཞིགས་ནས་གཞི་རིམ་དུ་ལས་ཀ་བྱེད་དགོས་པ་དང་། གཞི་རིམ་དུ་ནུས་ཤུགས་འདོན་དགོས་པ། གཞི་རིམ་དུ་དགོས་མཁོ་འཇོག་དགོས་པ། གཞི་རིམ་དུ་རྩ་བ་འཛུགས་དགོས་པ། གཞི་རིམ་དུ་དཀའ་གནད་སེལ་དགོས་པ་བཅས་ཀྱི་ཐོག རྨང་གཞི་བརྟན་པོ་མེད་པ་དང་ཁྱོན་ཡོངས་ཀྱི་ལས་དོན་ལ་ཤུགས་རྐྱེན་ཐེབས་པ་སོགས་ཥ་ཅང་གལ་འགངས་ཆེ་བའི་གནད་དོན་བཅས་ལ་ངོས་འཛིན་གང་ལེགས་བྱས་ཏེ “རྨང་གཞི་སྲ་བརྟན་དུ་གཏོང་རྒྱུའི་ལས་གཞི ”སྤེལ་ཤུགས་ཆེ་རུ་བཏང་ཡོད། རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་། རྩ་འཛུགས། མི་དོན། སྒྲིག་གཞི། འཕེལ་བསྒྱུར་ཨུ་ལྷན། ནོར་སྲིད་སོགས་འབྲེལ་ཡོད་སྡེ་ཚན་གྱི་ཚད་མཐོའི་མཐོང་ཆེན་དང་ཤུགས་ཆེའི་རྒྱབ་སྐྱོར་འོག “སྲང་མདའི་གཞི་རིམ་རྨང་གཞིའི་ལས་གཞིའི ”དམིགས་ཚད་ལས་འགན་ཁག་13རྩ་བའི་ཆར་ལེགས་སྒྲུབ་བྱུང་བ་དང་། གཞི་རིམ་ཁྲིམས་ཁང་གི་ཏང་རྩ་འཛུགས་ལེགས་སྐྱོང་བྱེད་རྒྱུར་ཕྱོགས་ཡོངས་ནས་ཤུགས་སྣོན་ཐེབས་ཐུབ་པ་བྱུང་བ། འདྲི་གཅོད་རྩ་འཛུགས་དང་ནང་བཙུགས་ཚན་པ་ཁ་སྐོང་དང་འཐུས་སྒོ་ཚང་དུ་སོང་བ། ཁྲིམས་སྒྱུར་གྱོད་ཞིབ་དང་ལས་ཀ་དང་འཚོ་བའི་ཆ་རྐྱེན་ཕྱོགས་ཡོངས་ནས་ལེགས་སུ་སོང་བ་བཅས་བྱུང་ཡོད། གཞི་རིམ་གྱི་འཐབ་ས་དང་པོར་ཕྱོགས་པ་དང་དཀའ་སྡུག་ཆེ་བའི་ཐག་རིང་ལུང་ཁུག་ཏུ་འཁྱོགས་རྒྱུ་མཐའ་འཁྱོངས་བྱས་ནས་གཞི་རྩའི་འཛུགས་སྐྲུན་བྱེད་རྒྱུའི་རྣམ་གྲངས་དང་། ཀྲུང་དབྱང་སྲིད་ཁྲིམས་ཀྱི་སྒྲིག་ཆས། གྱོད་ཞིབ་ཁ་གསབ་རོགས་དངུལ་བཅས་ཀྱི་93%ཡན་གཞི་རིམ་དུ་བཏང་ཞིང་། བསྡོམས་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་3.6དོན་འཁྱོལ་བྱེད་རོགས་བྱས་ཡོད་པས་གཞི་རིམ་གྱི་ཁྲིམས་འཛིན་ཆ་རྐྱེན་ཥ་ཅང་ཡག་ཏུ་སོང་ཡོད། 《བོད་རང་སྐྱོང་ལྗོངས་སྲིད་ཁྲིམས་ཀྱི་འགྲོ་གྲོན་འགན་ལེན་ལམ་སྲོལ་བསྒྱུར་བཅོས་བྱེད་རྒྱུའི་ལག་བསྟར་བསམ་འཆར 》དོན་འཁྱོལ་ནན་ཏན་བྱས་ཏེ་འགྲོ་གྲོན་དང་སྒྲིག་ཆས་འགན་ལེན་བྱེད་རྒྱུའི་ལས་དོན་ལ་ཤུགས་སྣོན་སྔར་ལས་ལྷག་པ་བརྒྱབ་ཡོད། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་རྒྱུའི་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས “ལོ་ལྔ་ཚན་བཅུ་གཅིག་པའི ”རྣམ་གྲངས་ཁག་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱས་པ་དང་། “ལོ་ལྔ་ཚན་བཅུ་གཉིས་པའི ”སྔོན་གྲབས་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་ཡོད།
རྒྱལ་ཡོངས་ཁྲིམས་ཁང་ནས་ག་སྦྱར་རོགས་སྐྱོར་བྱེད་པའི་ལས་ཀ་དུས་མཚམས་གསར་པར་སླེབས་པ། རང་འགུལ་ཐོག་སྙན་སེང་དང་། མཐུན་སྦྱོར་བརྩོན་ལེན། སྒྲིག་འཛུགས་ཚགས་ཚུད་བཅས་བྱས་པ་བརྒྱུད། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ལྷ་སར་རྒྱལ་ཡོངས་ཁྲིམས་ཁང་གི་བོད་སྐྱོར་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་སྐོང་ཚོགས་བྱས་ཤིང་། 《བོད་ལྗོངས་ཁྲིམས་ཁང་ལ་ག་སྦྱར་རོགས་སྐྱོར་བྱེད་རྒྱུའི་ལས་ཀའི་མཛུབ་ཁྲིད་བསམ་འཆར 》གཤམ་སྤེལ་བྱས་ནས། དུས་ཐེངས་གསར་པའི་ཁྲིམས་ཁང་ཁོངས་གཏོགས་ཀྱི་ག་སྦྱར་བོད་སྐྱོར་ལས་དོན་སྤེལ་འགོ་ཚུགས་པ་དང་། རྒྱལ་ཡོངས་ཁྲིམས་ཁང་གི་སྟོབས་ཤུགས་ལ་བརྟེན་ཏེ་རིག་སྟོབས་ཐོག་ནས་རོགས་སྐྱོར་བྱེད་རྒྱུ་སྣེ་འདྲེན་དུ་བྱེད་པ་དང་། རྣམ་གྲངས་ཐོག་ནས་རོགས་སྐྱོར་བྱེད་རྒྱུ་བྱ་ཐབས་སུ་འཛིན་པ། ལམ་སྲོལ་ཚགས་ཚུད་དུ་གཏོང་རྒྱུ་འགན་ལེན་དུ་བྱེད་པ་བཅས་ཀྱི་བོད་སྐྱོར་ལས་ཀར་ནུས་པ་རྒྱུན་ཐོན་གྱི་ལམ་སྲོལ་བཙུགས་པ་དང་། དུས་ཚོད་ལོ་གསུམ་རིང་གི་ཤེས་ལྡན་པ་དང་ལས་སྒོའི་ཐོག་ནས་བོད་སྐྱོར་བྱེད་པའི་རྣམ་གྲངས་དང་“གཅིག་གཉིས་གསུམ་གྱི་དྲོ་སྐྱིད་ལས་གཞི ”གཙོ་གནད་དུ་བྱེད་པའི་དངོས་པོའི་ཐད་ཀྱི་བོད་སྐྱོར་རྣམ་གྲངས་གཏན་འཁེལ་བྱས་པ་དེར་འཆར་གཞི་བྱས་ན་མ་དངུལ་སྒོར་དུང་ཕྱུར་3གཏོང་རྩིས་ཡོད་པ་དང་། བོད་སྐྱོར་རྣམ་གྲངས་ཁག་ཏན་ཏིག་ངང་སྤེལ་བཞིན་ཡོད།
དྲུག ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་རང་འགུལ་ངང་ལྟ་སྐུལ་དང་ལེན་བྱས་ནས་ཁྲིམས་ཁང་གི་ལས་དོན་ཁག་ལ་ཤུགས་སྣོན་དང་ལེགས་བཅོས་ཟམ་མི་ཆད་པ་བྱས་པ།
ང་ཚོས་སྔ་བར་ཕྱི་གསུམ་དུ “ཆབ་སྲིད་སྒྲིག་ལྡན་བྱུང་ན་ཁྲིམས་སྐྱོང་ནན་པོ་ཡོང་བ་དང་། ཆབ་སྲིད་ཚགས་ཚུད་མེད་ན་ཁྲིམས་སྐྱོང་གི་ནུས་པ་ཤོར་ངེས་རེད ”ཅེས་པའི་གནའ་བོའི་གནས་ལུགས་རྒྱུ་མཚན་ལ་སྲུང་བརྩི་ཞུས་ནས་ཏང་གིས་འགོ་ཁྲིད་གཙང་བཙན་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ་རྩ་འཛུགས་ཀྱི་གོ་རིམ་བརྟན་འཁྱོངས་དང་བཅའ་ཁྲིམས་ཀྱི་ལས་རིམ་བརྟན་འཁྱོངས་བྱེད་པའི་འབྲེལ་བ་ཚན་རིག་དང་མཐུན་པའི་སྒོ་ནས་ཐག་གཅོད་ཡག་པོ་བྱས་ནས་ཏང་གི་བསམ་ཇུས་དང་འདོད་ཚུལ་རྣམས་ཁྲིམས་འཛིན་འདྲི་གཅོད་ཀྱི་ཁྱབ་ཁོངས་ཁག་ནང་ཆད་ལུས་མེད་པར་མངོན་པར་བྱེད་པ་དང་། ཏང་གི་མཛད་ཕྱོགས་དང་ཇུས་གཞི་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དེ་ཁྲིམས་ལག་བསྟར་ནན་པོ་བྱེད་རྒྱུ་དང་ཟུང་འབྲེལ་ཏན་ཏིག་བྱས་ཏེ་བཅའ་ཁྲིམས་ལག་བསྟར་ཡང་དག་ཐུབ་པ་བྱས་ཡོད། 《གལ་ཆེའི་དོན་གནད་རིགས་ཏང་ཨུད་ལ་དགོངས་སྐོར་སྙན་ཞུ་བྱེད་པའི་ལམ་ལུགས 》ལག་བསྟར་ནན་པོ་བྱས་ཏེ་གལ་ཆེའི་བཀོད་སྒྲིག་དང་། གཙོ་གནད་ལས་དོན། གལ་ཆེའི་གནད་དོན། དེ་བཞིན་གྱོད་གཞི་ཆེ་གྲས་དང་གནད་ཆེའི་གྱོད་གཞི་རྣམས་དུས་ཐོག་ཏུ་ཏང་ཨུད་ལ་སྙན་སེང་ཞུ་རྒྱུ་མཐའ་འཁྱོངས་བྱས་ནས་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་གལ་ཆེའི་མཛད་ཇུས་དང་བཀོད་སྒྲིག་རྣམས་རང་ལྗོངས་ཀྱི་ཁྲིམས་ཁང་ཁྲོད་དུ་ལག་བསྟར་ཐུབ་པ་བྱས་ཡོད།
《ལྟ་སྐུལ་བཅའ་ཁྲིམས 》ལག་བསྟར་ནན་ཏན་བྱེད་པ་དང་《ལྗོངས་ཡོངས་ཀྱི་རིམ་ཁག་མི་དམངས་ཁྲིམས་ཁང་གིས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་ལྟ་སྐུལ་དང་ལེན་བྱེད་རྒྱུའི་ལས་དོན་སྐོར་གྱི་བསམ་འཆར 》ལག་བསྟར་ནན་པོ་བྱས་ཏེ་ལྟ་སྐུལ་དང་ལེན་བྱེད་པའི་རང་རྟོགས་བྱེད་སེམས་དང་རང་འགུལ་བྱེད་སེམས་ཆེ་རུ་འགྲོ་ཐུབ་པ་བྱུང་ཡོད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་དམངས་དོན་ལག་བསྟར་ལས་དོན་གྱི་ཆེད་དོན་སྙན་ཞུ་ཕུལ་ཏེ་རིམ་ཁག་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ནས་ཁྲིམས་སྒྱུར་ཞིབ་བཤེར་དང་། རྟོག་ཞིབ། ཆེད་དོན་བརྟག་ཞིབ་བཅས་བྱེད་པར་གཞོགས་འདེགས་ཧུར་ཐག་བྱས་ཡོད། རང་འགུལ་ངང་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་དང་ལེན་ཞུས་ཡོད། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་ལ་འབྲེལ་བ་བྱེད་ལམ་ཚགས་ཚུད་དུ་བཏང་ནས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་གྱིས་བཏོན་པའི་སྐྱོན་བརྗོད་དང་། བསམ་འཆར། གྲོས་འཆར་ཁྱོན་བསྡོམས་ཁག་6གཉེར་སྒྲུབ་ལན་འདེབས་བྱས་པ་དང་། གྱོད་ཁག་115ལ་ཟུར་ཉན་དང་། ཁྲིམས་སའི་འདྲི་གཅོད་ལ་དཔྱད་གླེང་བྱེད་པ་དང་། ཟུར་ཉན་བྱེད་མཁན་མི་ཐེངས་གྲངས་647གདན་ཞུ་བྱས་པ་དང་ཁྲིམས་ཁང་ལས་དོན་ལ་རྟོག་ཞིབ་བྱེད་པར་མི་ཐེངས་563གདན་ཞུ་བྱས་ཡོད། ཞིབ་དཔྱོད་ལས་ཁུངས་ཀྱི་བཅའ་ཁྲིམས་ལྟ་སྐུལ་ཁྲིམས་ལུགས་གཞིར་བཟུང་དང་ལེན་ཞུས་ནས་བསྐྱར་གཅོད་ཞུ་གཏུག་གྱོད་གཞི་ཁག་6ལ་འདྲི་གཅོད་མཐའ་འདོམས་བྱས་ཡོད།
འཐུས་མི་རྣམ་པ། ལོ་གཅིག་རིང་ལྗོངས་ཡོངས་ཀྱི་ཁྲིམས་ཁང་ལས་དོན་ཐད་གྲུབ་འབྲས་ཐོབ་པ་དང་ཡར་རྒྱས་བྱུང་བ་དེ་ནི་ལྗོངས་ཏང་ཨུད་ཀྱིས་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་གནང་བ་དང་། མི་དམངས་འཐུས་ཚོགས་ཀྱིས་ནུས་ལྡན་ལྟ་སྐུལ་གནང་བ། སྲིད་གཞུང་དང་། སྲིད་གྲོས། འབྲེལ་ཡོད་སྡེ་ཚན། དེ་བཞིན་སྤྱི་ཚོགས་ལས་རིགས་ཁག་གིས་ཤུགས་ཆེའི་རྒྱབ་སྐྱོར་གནང་བ་བཅས་ཀྱི་འབྲས་བུ་རེད། འདིར་ངས་ལྗོངས་ཡོངས་ཀྱི་ཁྲིམས་ཁང་གི་རྒྱ་ཆེའི་ལས་བྱེད་ཉེན་རྟོག་པའི་ཚབ་ཞུས་ཏེ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད། བླ་ན་མེད་པའི་གུས་བཏུད་ཞུ་རྒྱུ་ཡིན།
ང་ཚོས་རིག་པ་དྭངས་གསལ་གྱི་སྒོ་ནས་ངོས་འཛིན་ཐུབ་པར། ལྗོངས་ཡོངས་ཀྱི་ཁྲིམས་ཁང་གི་ལས་དོན་ཐད་ད་དུང་མི་ལྡེང་བའི་ཆ་ཁ་ཤས་ཡོད་པ་དེའི་མཚོན་ཚུལ་གཙོ་བོ་ནི། ཁྲིམས་འཛིན་འགན་ལེན་བྱེད་ནུས་དང་མི་དམངས་མང་ཚོགས་ཀྱི་ཁྲིམས་འཛིན་དགོས་མཁོ་ཉིན་རེ་བཞིན་ཇེ་ཆེར་འགྲོ་བའི་དབར་ད་དུང་ཧེ་བག་ཆེ་ཙམ་ཡོད་པ་དང་། ཁྲིམས་འཛིན་འདྲི་གཅོད་ཁྱབ་ཁོངས་ནང་“ཕུགས་འཕེར་གྱི་ཇུས་གཞི་འདིང་བ་དང་། རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་སྤྱོད་པའི ”བསམ་གཞི་དང་། བྱ་ཐབས། བྱེད་སྟངས་བཅས་རྒྱ་ཆེར་གཏོང་དགོས་ཀྱི་ཡོད་པ། ཪྙོག་འཛིང་ཆེ་བའི་དུས་བབ་ལ་ཁ་གཏད་གཅོག་ནུས་དང་། ཪྙོག་འཛིང་ཆེ་བའི་གྱོད་གཞི་དང་དོན་རྐྱེན་ཐག་གཅོད་བྱེད་ནུས་ཆེ་རུ་གཏོང་དགོས་ཀྱི་ཡོད་པ། འདྲི་གཅོད་དོ་དམ་ལམ་སྲོལ་ཚགས་ཚུད་དུ་གཏོང་དགོས་ཀྱི་ཡོད་པ། ཁྲིམས་ཁང་རེ་ཟུང་ནང་ཁུལ་གྱི་བདེ་འཇགས་ལ་གནོད་གཞིའི་རྐྱེན་རྩ་ཅུང་མངོན་གསལ་དོད་པོ་ཡོད་པ། “སྲང་མདའི་གཞི་རིམ་རྨང་གཞིའི་ལས་གཞི ”སྤེལ་རྒྱུ་ཆ་སྙོམས་པོ་མེད་པ། གཞི་རིམ་ཁྲིམས་ཁང་རེ་ཟུང་གི་གྱོད་ཞིབ་ལས་སྒོའི་འགྲོ་གྲོན་དུས་ཐོག་དང་གྲངས་ཚང་ངང་དོན་འཁྱོལ་མི་ཐུབ་པ། ནང་བཙུགས་ཚན་པ་འཐུས་ཚང་མེད་པ་སོགས་ཡིན། དེར་བརྟེན་ང་ཚོས་དེ་བས་ཡང་དག་པའི་རྣམ་འགྱུར་དང་། དེ་བས་ནུས་པ་ལྡན་པའི་བྱ་ཐབས། དེ་བས་དོན་དངོས་དང་མཐུན་པའི་དམ་པ་དོན་གཉེར་གྱི་སྤྱོད་ཚུལ་བཅས་ཀྱི་ཐོག་ནས་གནད་དོན་དེ་དག་ཐག་གཅོད་གང་ཐུབ་བྱེད་རྒྱུ་ཡིན།
གཉིས། 2011ལོའི་ལས་འགན།
འཐུས་མི་རྣམ་པ། 2011ལོ་ནི་ང་ཚོའི་ཏང་དབུ་བཪྙེས་ནས་ལོ་90འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་ལོ་ཞིག་རེད་ལ “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ལག་བསྟར་བྱེད་འགོ་འཛུགས་པའི་འགག་རྩའི་ལོ་ཞིག་ཀྱང་རེད། ང་ཚོས་ཏང་གི་ཚོགས་ཆེན་བཅུ་བདུན་པ་དང་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་། ལྗོངས་ཏང་ཨུད་ཀྱི་སྐབས་བདུན་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ། ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་ཐེངས་འདིའི་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཆོད་གཞིར་བཟུང་“ལོ་ལྔ་ཚན་བཅུ་གཉིས་པའི ”རིང་གི་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུའི་དམིགས་ཚད་ཀྱི་བླང་བྱ་དམ་པོར་བཟུང་ཐོག
ཚན་རིག་དང་མཐུན་པའི་གོང་འཕེལ་གཏོང་རྒྱུ་དང་། མཆོང་སྐྱོད་ལྟ་བུའི་གོང་འཕེལ་གཏོང་རྒྱུ། ཡུན་རིང་བདེ་འཁོད་ཡོང་བ་བྱེད་རྒྱུ་བཅས་ཀྱི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ནས། “ཐོན་ལས་དང་པོ་ཆུ་ཚད་མཐོ་རུ་གཏོང་བ་དང་། ཐོན་ལས་གཉིས་པ་གཙོ་གནད་དམ་འཛིན་བྱེད་པ། ཐོན་ལས་གསུམ་པ་གོང་འཕེལ་ཤུགས་ཆེ་གཏོང་བ ”བཅས་ཀྱི་དཔལ་འབྱོར་གོང་འཕེལ་གཏོང་རྒྱུའི་འཐབ་ཇུས་ལག་བསྟར་ནན་པོ་བྱེད་པ། དཔལ་འབྱོར་གོང་འཕེལ་གཏོང་སྟངས་གང་མགྱོགས་གྱུར་བ་བྱེད་པ་བཅས་བྱེད་རྒྱུ་དང་། ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། “གོང་དུ་བཀུར་དགོས་པ་གསུམ ”གྱི་མཛུབ་ཁྲིད་བསམ་བློ་མཐའ་འཁྱོངས། སྤྱི་ཡོངས་ཀྱི་ཞབས་ཞུ་སྒྲུབ་རྒྱུ་དང་དམངས་ཀྱི་དོན་དུ་ཁྲིམས་འཛིན་བྱེད་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ “གཙོ་གནད་ལས་དོན་ཁག་གསུམ ”ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཐོག ཁྲིམས་འཛིན་འདྲི་གཅོད་དམ་འཛིན་བྱེད་པ་དང་། འགལ་ཟླ་སེལ་གང་ཐུབ་བྱེད་པ། ཁྲིམས་འཛིན་བསྒྱུར་བཅོས་གཏིང་ཟབ་བྱེད་པ། བྱང་ཚད་མཐོ་རུ་གཏོང་རྒྱུ་མངོན་ཆེར་བཟུང་བ། རྨང་གཞི་བརྟན་དུ་གཏོང་བ་བཅས་བྱས་ནས “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་འགོ་ཡག་པོ་ཞིག་བརྩམས་རྒྱུར་ཁྲིམས་འཛིན་གྱི་འགན་ལེན་ནུས་ལྡན་བྱེད་རྒྱུ་ཡིན།
གཅིག་ནི་དོགས་ཟོན་ཆེར་སྐྱེད་བྱས་ནས་ནུས་ཤུགས་ཡོད་རྒུས་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུ། ཏང་བཙུགས་ནས་ལོ་90འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་སྐབས་ཆབ་སྲིད་བརྟན་ལྷིང་ཡོང་རྒྱུར་དམ་པོར་དམིགས་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་ཐོག ནུས་ཤུགས་ཡོད་རྒུས་རྒྱལ་ཁབ་བདེ་འཇགས་ཡོང་རྒྱུ་དེ་ཁྲིམས་འཛིན་འདྲི་གཅོད་ཀྱི་ལས་འགན་ཨང་དང་པོར་བརྩིས་རྒྱུ་དང་། དུས་བབ་གསར་པའི་འོག་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཁྱད་ཆོས་གསར་པ་དང་། ཆོས་ཉིད་གསར་པ། འགྱུར་ལྡོག་གསར་པ་བཅས་ཤེས་རྟོགས་གཏིང་ཟབ་བྱས་ཏེ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཀྲུང་དབྱང་གི་གཞི་རྩའི་མཛད་ཕྱོགས་ཁག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་ཕུགས་འཕེར་གྱི་ཇུས་གཞི་འདིང་རྒྱུ་དང་རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་སྤྱོད་རྒྱུ། ཏཱ་ལའི་རུ་ཚོགས་ཀྱི་ཁ་ཕྲལ་གཏོར་བཤིག་གི་བྱེད་སྤྱོད་སྣ་ཚོགས་ལ་དམིགས་ཏེ་བསམ་བློའི་ཐད་ཚད་མཐོའི་དོ་སྣང་དང་། ངོས་འཛིན་ཐད་ཚད་མཐོའི་གཅིག་མཐུན། ལས་ཀའི་ཐད་རང་འགུལ་ཧུར་ཐག་བཅས་བྱས་ཏེ་ཁ་གཏད་གཅོག་ཐབས་སྔ་ཙམ་གྲ་སྒྲིག་བྱེད་པ་དང་། བསམ་གཞིགས་དང་འཆར་འགོད་བྱེད་པ། ཉེས་དོན་འདྲི་གཅོད་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ་བཅས་བྱེད་རྒྱུ་དང་། ཐོག་མཐའ་བར་གསུམ་དུ་དམ་བསྒྲགས་བྱེད་ཐབས་བཟུང་ནས་སྤྱི་ཡོངས་ཀྱི་ལྟ་བ་དང་། འགན་འཁྲི་འཁུར་སེམས། འཐབ་ས་དང་པོའི་ལྟ་བ་བཅས་བརྟན་པོ་བཙུགས་ཏེ་འཐབ་རྩོད་བྱེད་པའི་རང་དབང་རང་ལག་ཏུ་དམ་པོར་འཛིན་རྒྱུ་བཅས་ཡིན།
གཉིས་ནི་རང་སྟོབས་ཁྲིམས་འཛིན་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས་ནུས་ཤུགས་ཡོད་རྒུས་དཔལ་འབྱོར་དང་སྤྱི་ཚོགས་སྔར་བས་ཡག་པ་དང་སྔར་བས་ཆེ་བའི་སྒོ་ནས་གོང་འཕེལ་གཏོང་རྒྱུར་ཞབས་འདེགས་ཞུ་རྒྱུ། ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་བཏོན་པའི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ཐོག་སྤྱི་ཡོངས་ལ་བསྟུན་པ་དང་། རང་སྟོབས་ཁྲིམས་འཛིན་བྱེད་པ། རང་འགུལ་ཐོག་ཞབས་ཞུ་སྒྲུབ་པ་བཅས་བྱེད་རྒྱུ། དཔལ་འབྱོར་གོང་འཕེལ་གཏོང་སྟངས་འགྱུར་བའི་ནང་ཐོན་པའི་འགལ་ཟླ་དང་རྩོད་ཪྙོག་འདྲ་མིན་རིགས་ལ་དོ་ཁུར་ཆེན་པོ་བྱེད་པ་དང་དུས་ཐོག་ཏུ་འདུམ་གཅོད་བྱེད་རྒྱུ། ལས་ཀ་བྱེད་སྟངས་ལེགས་བཅོས་བྱས་ནས་འཐབ་ས་དང་པོར་ཟབ་སྐྱོད་དང་། འགལ་ཟླ་དང་རྩོད་ཪྙོག་ཐོན་ཁུལ་དུ་ཟབ་སྐྱོད་བྱས་ཏེ་འགལ་ཟླ་སེལ་རྒྱུའི་བྱེད་ཐབས་གསར་པ་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱས་ནས་གཏུག་བཤེར་དང་གཏུག་བཤེར་མིན་པ་གཉིས་འབྲེལ་མཐུད་བྱས་ཏེ་འགལ་ཟླ་དང་རྩོད་ཪྙོག་འདུམ་གཅོད་བྱེད་པའི་ལམ་སྲོལ་སྣ་ཚོགས་དང་། ཁྲིམས་འཛིན་དང་སྲིད་གཞུང་ཕན་ཚུན་སྐུལ་སྤེལ་གཏོང་བའི་སྲིད་འཛིན་གཏུག་བཤེར་བྱེད་ལམ། རྒྱལ་ཁབ་ནས་གུན་གསབ་བྱེད་པའི་གྱོད་གཞི་འདུམ་འགྲིག་བྱེད་ལམ་བཅས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་སྤྱི་ཚོགས་གཞི་མཐུན་ཡོང་བར་སྐུལ་འདེད་གང་ཆེ་གཏོང་རྒྱུ། དམངས་དོན་དང་ཚོང་དོན་གྱི་འདྲི་གཅོད་བྱེད་པའི་ཐོག་ནས་དཔལ་འབྱོར་གོང་འཕེལ་གཏོང་བའི་ནང་གི་འགན་སྲུང་ནུས་པ་འདོན་སྤེལ་གང་ལེགས་ཐུབ་པ་བྱེད་རྒྱུ་དང་། ཁྲིམས་འཛིན་གྱི་ཞབས་ཞུའི་ཁྱབ་ཁོངས་དང་ཁོར་ཡུག་རྒྱ་ཆེར་བཏང་ནས་གྲུབ་ཆ་ལེགས་སྒྲིག་དང་། ནང་མཁོ་རྒྱ་ཆེར་གཏོང་བ། འཕར་སྣོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ནང་ཐོན་པའི་གྱོད་གཞི་འདྲ་མིན་རིགས་འདྲི་གཅོད་ཡག་པོ་བྱས་ནས “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ཕྱོགས་ཡོངས་ནས་ལག་བསྟར་བྱེད་རྒྱུར་ཆ་རྐྱེན་སྐྲུན་རྒྱུ་དང་ཞབས་ཞུ་སྒྲུབ་རྒྱུ་ཡིན།
གསུམ་ནི་སྲང་མདའི་གཞི་རིམ་རྨང་གཞིའི་ལས་གཞི་གཏིང་ཟབ་སྤེལ་ནས་གྲུབ་འབྲས་སྲ་བརྟན་དུ་བཏང་སྟེ་དམངས་འཚོ་ལེགས་བཅོས་དང་འགན་ལེན་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་རྒྱུར་ཤུགས་གཙོ་བོ་རྒྱག་རྒྱུ། “ལོ་ལྔ་ཚན་བཅུ་གཉིས་པའི ”འགག་རྩའི་དུས་སྐབས་དམ་པོར་བཟུང་ནས་“སྲང་མདའི་ལས་གཞི ”ལག་བསྟར་བྱེད་རྒྱུ་འགག་གནད་སྒྲོལ་གཞིར་བཟུང་སྟེ་ལྗོངས་ཡོངས་ཀྱི་རིམ་གསུམ་ཁྲིམས་ཁང་ལ་ཁྱབ་པའི་འདྲི་གཅོད་དོ་དམ་དྲ་རྒྱ་བཟོས་ནས་འདྲི་གཅོད་ལག་བསྟར་བྱེད་པའི་ལས་ཀའི་ནང་ཆ་འཕྲིན་ལག་རྩལ་རྒྱ་ཁྱབ་ཏུ་བེད་སྤྱོད་བྱེད་རྒྱུར་སྐུལ་འདེད་གཏོང་རྒྱུ། མི་དམངས་ཁྲིམས་ས་འཛུགས་རྒྱུར་ཤུགས་སྣོན་རྒྱག་རྒྱུ་གཙོ་གནད་དུ་བཟུང་ནས་མི་སྣ་བསྐོ་སྒྲིག་དང་ཚན་པ་འཛུགས་རྒྱུ་སོགས་ཀྱི་ཐད་ཤུགས་བརྒྱབ་སྟེ་གྲུབ་འབྲས་གསར་པ་ཐོབ་པ་བྱེད་རྒྱུ། མི་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་མི་དམངས་ཁྲིམས་ཁང་གི་མི་དམངས་ཀྱི་ངོ་བོ་དེ་ཁྲིམས་འཛིན་འདྲི་གཅོད་ལས་ཀའི་ལྷུ་ཚིགས་ཁག་ནང་མངོན་པ་བྱས་ནས་མི་དམངས་མང་ཚོགས་ཀྱི་ཁྲིམས་འཛིན་དགོས་མཁོ་དང་རེ་འདུན་ཇི་ཡོད་ཤེས་རྟོགས་གསལ་པོ་དང་རང་འགུལ་ཐོག་འདི་བྱེད་ལན་གསལ་བྱེད་རྒྱུ་དང་། གཞི་རིམ་མི་དམངས་ཁྲིམས་ཁང་གི་ཏང་རྩ་འཛུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། ནང་ཁོངས་ཚན་པ་བཟོ་འཛུགས་བྱེད་པ། ཁྲིམས་འཛིན་ཆ་རྐྱེན་ལེགས་སུ་གཏོང་བ། སྐོར་ཞིབ་ཁྲིམས་སའི་བྱེད་ནུས་འཐུས་ལེགས་སུ་གཏོང་བ་བཅས་བྱས་ནས་མི་དམངས་ལ་ཞབས་ཞུ་སྒྲུབ་རྒྱུ་དང་། མི་དམངས་ལ་ཁྲིམས་འཛིན་སྟབས་བདེ་སྐྲུན་རྒྱུ། མི་དམངས་ལ་རོགས་སྐྱོབ་བྱེད་རྒྱུ། མི་དམངས་ཀྱི་ཁེ་ཕན་སྲུང་སྐྱོབ་བྱེད་རྒྱུ། མང་ཚོགས་ཀྱི་ཞུ་རེ་འགན་སྲུང་བྱེད་རྒྱུ་སོགས་ཀྱི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་རྒྱུ། ལག་བསྟར་ལས་དོན་ཚད་ལྡན་བཟོ་རྒྱུར་ཤུགས་རྒྱག་པ་དང་ལག་བསྟར་མཉམ་འགུལ་ལམ་སྲོལ་ཚགས་ཚུད་དུ་བཏང་སྟེ་ཁྲིམས་མཐུན་གྱི་ཁེ་དབང་དུས་ཐོག་ཏུ་དོན་འཁྱོལ་ཐུབ་པ་བྱས་ནས་མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་མངོན་གྱུར་ཡག་པོ་དང་། སྲུང་སྐྱོང་ཡག་པོ། གོང་འཕེལ་ཡག་པོ་བཅས་ཡོང་བར་ཤུགས་གང་ཆེ་རྒྱག་རྒྱུ་བཅས་ཡིན།
བཞི་ནི་བསྒྱུར་བཅོས་དང་གསར་གཏོད་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས་ཚན་རིག་དང་མཐུན་པའི་ཁྲིམས་འཛིན་འདྲི་གཅོད་ལས་ཀའི་ལམ་སྲོལ་བཟོ་རྒྱུར་སྐུལ་སྤེལ་གཏོང་རྒྱུ། “ཁ་ཕྱོགས་འཛོལ་མེད་དང་། རྒྱལ་ཁབ་ཀྱི་གནས་ཚུལ་ལ་གཞིགས་པ། སྐུལ་སྤེལ་བརྟན་པོ་གཏོང་བ། དྲང་གཞག་འགན་ལེན་བྱེད་པ ”བཅས་ཀྱི་རྩ་དོན་གཞིར་བཟུང་། ཁྲིམས་འཛིན་འདྲི་གཅོད་ལས་དོན་དེ་ཚན་རིག་དང་མཐུན་པའི་གོང་འཕེལ་དང་རྒྱུན་མཐུད་ནས་གོང་འཕེལ་གཏོང་རྒྱུ་དང་མི་འཚམ་པའི་མངོན་ཆེའི་གནད་དོན་དང་ལམ་སྲོལ་གྱི་བཀག་རྒྱའི་རིགས་མེད་པ་བཟོ་རྒྱུ་དམ་འཛིན་བྱས་ནས་སྲོལ་ཪྙིང་དང་འཆིང་རྒྱ་སྣ་ཚོགས་ལས་འགྲོལ་བ་བྱས་ཐོག འདྲི་གཅོད་དོ་དམ་ཚད་ལྡན་བཟོ་རྒྱུ་ནས་འགོ་འཛུགས་པ་དང། མི་དམངས་མང་ཚོགས་ཀྱི་བསམ་འཆར་ཆེ་ཤོས་ཡོད་པ་དང་མོས་པོ་གཏན་ནས་མ་བྱུང་བའི་གནད་དོན་ལ་དམིགས་ཏེ་ཁྲིམས་འཛིན་ཡོངས་བསྒྲགས་དང་ཁྲིམས་འཛིན་དམངས་གཙོ་ཡོང་བའི་ཐད་ཕན་འབྲས་ཐོན་པ་བྱེད་རྒྱུ་དང་། འདྲི་གཅོད་དོ་དམ་གསར་གཏོད་བྱེད་རྒྱུའི་ཐད་འགག་འགྲོལ་ཡོང་ཐབས་བྱས་ནས་འདྲི་གཅོད་དོ་དམ་བྱེད་རྒྱུ་ཚད་ལྡན་དང་། ཚན་རིག་དང་མཐུན་པ། བརྒྱུད་རིམ་ལྡན་པ་བཅས་ཡོང་བ་བྱེད་རྒྱུ་ཡིན།
ལྔ་ནི་ཏང་ལེགས་སྐྱོང་དང་དཔུང་ཁག་ལེགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ་བྱང་ཚད་མཐོ་རུ་གཏོང་བའི་ལས་གཞི་ལག་བསྟར་ཤུགས་ཆེ་བྱེད་རྒྱུ། “སྲོལ་བཟང་དར་སྤེལ་དང་། དད་སེམས་འགྱུར་མེད། ཁྲིམས་སྒྱུར་དམངས་ཕན ”བཅས་བྱེད་པ་དང་། “མི་དམངས་ཁྲིམས་དཔོན་གྱིས་དམངས་ཀྱི་དོན་དུ་བྱ་བ་སྒྲུབ་པ ”སོགས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུར་བརྟེན་ཐོག ཏང་བཙུགས་ནས་ལོ་90འཁོར་བ་དང་། བོད་དུ་ཞི་བའི་བཅིངས་འགྲོལ་ཐོབ་ནས་ལོ་60འཁོར་བའི་རྟེན་འབྲེལ་བྱེད་སྒོ་དང་ཟུང་འབྲེལ་གྱིས་ཁྲིམས་ཁང་གི་ལས་བྱེད་ཉེན་རྟོག་པའི་ཁྲོད་དུ་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ལྟ་བའི་སློབ་གསོ་དང་། “དྲང་གཞག་དང་། སྤྱོད་གཙང་། དམངས་ཕན ”བཅས་ཀྱི་ཁྲིམས་འཛིན་གྱི་ལྟེ་བའི་རིན་ཐང་གི་ལྟ་བའི་སློབ་གསོ་གཏིང་ཟབ་སྤེལ་བ་དང་། ཏང་ཞུགས་དམ་འཇོག་མནའ་ཚིག་བསྐྱར་དྲན་བྱེད་རྒྱུ་སོགས་ཀྱི་བྱེད་སྒོ་སྤེལ་ནས་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་དང་བསམ་བློ་དྭངས་གཙང་ཡོང་བའི་འགན་ལེན་བྱེད་རྒྱུ། བྱང་ཚད་མཐོ་རུ་གཏོང་བའི་ལས་གཞི་ལག་བསྟར་ཤུགས་ཆེ་བྱེད་རྒྱུ། དེ་བཞིན་རྫོང་དང་ཁྲུའུ་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པ་གཙོ་གནད་དུ་འཛིན་པ་དང་། ལས་གནས་གང་རུང་ཐོག་ནུས་པ་འདོན་སྤེལ་ཐུབ་པ་བྱེད་རྒྱུ་དམིགས་ཡུལ་དུ་བཟུང་ནས་ཁྲིམས་འཛིན་བྱེད་ནུས་ཆེ་རུ་གཏོང་རྒྱུ་དང་། ཁྲིམས་འཛིན་གྱི་སྤྱོད་ཚུལ་ལེགས་སུ་གཏོང་རྒྱུ། ཏང་སྲོལ་སྤྱོད་གཙང་ལེགས་སྐྱོང་བྱེད་རྒྱུ་བཅས་ཀྱི་ཐོག་ཤུགས་བརྒྱབ་ནས་ཆུ་ཚད་མཐོ་རུ་འགྲོ་བ་བྱེད་རྒྱུ། ཏང་གི་འགོ་ཁྲིད་གཙང་བཙན་བྱེད་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ་སྲིད་དོན་མཛད་ཕྱོགས་ཆེ་རིགས་དང་གལ་ཆེའི་མཛད་ཇུས་ཐོག་ངོས་འཛིན་གཅིག་གྱུར་ཡོང་བ་བྱེད་པ་འབྲེལ་སྤྱོད་ཚུལ་འགྱུར་ལྡོག་དང་དམངས་ལ་ཕན་པ་སྐྲུན་རྒྱུའི་ཞིབ་ཕྲའི་བྱ་སྤྱོད་གཅིག་མཐུན་ཡོང་བ་བྱས་ཐོག ཁྲིམས་འཛིན་དྲང་གཞག་དང་། སྤྱི་ཚོགས་གཞི་མཐུན་བརྟན་ལྷིང་ཡོང་རྒྱུ་འགན་སྲུང་། “གོང་དུ་བཀུར་དགོས་པ་གསུམ ”མཐའ་འཁྱོངས་བཅས་བྱེད་རྒྱུའི་ཐད་མིག་དཔེ་འདོན་ཐུབ་པ་བཅས་ཀྱིས་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་འཐབ་ཇུས་བཀོད་སྒྲིག་ཇི་མ་ཇི་བཞིན་ལག་བསྟར་བྱས་ནས་མི་དམངས་ཁྲིམས་ཁང་གི་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་འགན་ལེན་བྱེད་རྒྱུ་ཡིན།
འཐུས་མི་རྣམ་པ། ལོ་གསར་པ་འདིའི་ནང་ང་ཚོས་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། མི་དམངས་འཐུས་ཚོགས་ཀྱི་ཤུགས་ཆེའི་ལྟ་སྐུལ། སྲིད་གཞུང་དང་སྲིད་གྲོས། དེ་བཞིན་སྤྱི་ཚོགས་ལས་རིགས་ཁག་བཅས་ཀྱི་ཐུགས་ཁུར་དང་རྒྱབ་སྐྱོར་འོག་ཐེངས་འདིའི་ཚོགས་ཆེན་གྱི་གྲོས་ཆོད་དོན་འཁྱོལ་ནན་ཏན་བྱས་ཐོག འབད་འབུངས་ཡར་བརྩོན་གྱི་སྙིང་སྟོབས་དང་། དཔའ་ངར་ཞུམ་མེད་ཀྱི་སེམས་ཤུགས། བློ་གཅིག་སེམས་གཅིག་གི་རྣམ་འགྱུར་བཅས་བཟུང་ནས་དད་སེམས་འགྱུར་མེད་མཐའ་འཁྱོངས་དང་ཁྲིམས་འཛིན་ལྷོད་མེད་ནན་སྲུང་བྱས་ཏེ་མཆོང་སྐྱོད་ལྟ་བུའི་གོང་འཕེལ་གཏོང་རྒྱུ་དང་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་འདེད་གཏོང་ཆེད་སྔར་ལས་ཆེ་བའི་ལེགས་སྐྱེས་གསར་པ་འབུལ་རྒྱུ་ཡིན།
(ལྗོངས་རྩོམ་སྒྱུར་ཅུས་ནས་མཁོ་འདོན་བྱས་པ་གཞིར་བཟུང )
འགན་འཁུར་རྩོམ་སྒྲིག་པ། admin
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣