དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • སྲིད་གྲོས་སྐབས་དགུ་པའི་ཚོགས་འདུ་ཐེངས་གསུམ་པ་འཚོགས་ཚུན་གྱི་གྲོས་གཞིའི་ལས་དོན་སྤེལ་ཚུལ་སྐོར་གྱི་སྲིད་གྲོས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

                                                             བདེ་སྐྱིད་མཚོ་མོ།

    ཨུ་ཡོན་རྣམ་པ།

        སྲིད་གྲོས་སྐབས་དགུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཀའ་མངགས་ལྟར་ངས་སྲིད་གྲོས་སྐབས་དགུ་པའི་ཚོགས་འདུ་ཐེངས་གསུམ་པ་ཚོགས་ཚུན་གྱི་གྲོས་གཞིའི་ལས་དོན་སྤེལ་ཚུལ་སྐོར་ཚོགས་ཆེན་ལ་སྙན་སྒྲོན་ཞུ་རྒྱུ་ཡིན་པས་གྲོས་ཞིབ་གནང་རོགས་གནང་།

        གཅིག

        རང་སྐྱོང་ལྗོངས་སྲིད་གྲོས་སྐབས་དགུ་པའི་ཚོགས་འདུ་ཐེངས་གསུམ་པ་ཚོགས་ཚུན་སྲིད་གྲོས་ཨུ་ཡོན་རྣམ་པ་དང་། སྲིད་གྲོས་ཐེ་ཞུགས་ཚན་པ་ཁག་སྲིད་གྲོས་ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་བཅས་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཏེ་ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུས་ནས་རང་ལྗོངས་གོང་འཕེལ་དང་བརྟན་ལྷིང་ཡོང་ཆེད་ཐབས་འདོན་ཇུས་འགོད་ཧུར་ཐག་བྱས་ཡོད། ལོ་གཅིག་རིང་ཁྱོན་བསྡོམས་གྲོས་གཞི་ཁག་309ལག་འབྱོར་བྱུང་བར་ཞིབ་བཤེར་བྱས་ཏེ་གྲོས་ཁོངས་སུ་བཅུག་པ་གྲོས་གཞི་ཁག་297ཡོད། སྤྱི་ཡོངས་ནས་བལྟས་ཚེ་གྲོས་གཞིའི་ནང་དོན་ཕུན་སུམ་ཚོགས་པ་དང་། གནས་ཚུལ་ཇི་མ་ཇི་བཞིན་མཚོན་པ། ཞིབ་འཇུག་དབྱེ་ཞིབ་གཏིང་ཟབ་པ། བཏོན་པའི་གྲོས་འཆར་ལ་དམིགས་བཀར་རང་བཞིན་དང་དགེ་མཚན་ཆེ་ཙམ་ལྡན་པ་བཅས་ཀྱིས་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་ཐེ་ཞུགས་ཚན་པ་ཁག་གི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ཆེན་པོ་ཡོད་པ་གང་ལེགས་མཚོན་ཡོད། སྒྲུབ་འགན་འཁུར་མཁན་ཚན་པ་30ལྷག་ཙམ་གྱིས་གྲོས་གཞི་གཉེར་སྒྲུབ་བྱས་པ་བརྒྱུད་ཕན་འབྲས་མངོན་གསལ་དོད་པོ་ཐོན་ནས་རང་ལྗོངས་ཀྱི་འཕུར་མཆོངས་རྣམ་པའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།

        (གཅིག ) ལྟེ་བར་དམིགས་ཏེ་དཔལ་འབྱོར་བརྟན་ཞིང་ཅུང་མྱུར་པོའི་སྒོ་ནས་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་ཆེད་ཇུས་ཆེན་བཀོད་པ།

        གོང་འཕེལ་མགྱོགས་སུ་གཏོང་རྒྱུ་དང་། སྒོ་མོ་རྒྱ་ཆེར་དབྱེ་རྒྱུ། དཔལ་འབྱོར་མཆོང་སྐྱོད་ལྟ་བུའི་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་རྒྱུ་བཅས་ནི་ཐོག་མཐའ་བར་གསུམ་དུ་ཨུ་ཡོན་རྣམ་པས་དོ་ཁུར་བྱེད་པའི་གཙོ་གནད་ཡིན། རང་ལྗོངས་ཀྱི “ཐོན་ལས་དང་པོ་ཆུ་ཚད་གོང་མཐོར་གཏོང་བ་དང་། ཐོན་ལས་གཉིས་པ་གཙོ་གནད་དམ་འཛིན་བྱེད་པ། ཐོན་ལས་གསུམ་པ་གོང་འཕེལ་ཤུགས་ཆེ་གཏོང་བ ”བཅས་ཀྱི་དཔལ་འབྱོར་གོང་འཕེལ་གཏོང་བའི་འཐབ་ཇུས་ལ་དམིགས་ཏེ་ཨུ་ཡོན་རྣམ་པས་ཐབས་འདོན་ཧུར་ཐག་བྱས་ཡོད། ཡང་ཀོང་ཧུང་སོགས་ཨུ་ཡོན་དྲུག་གིས་བཏོན་པའི 《ཆུ་གློག་ཐོན་ཁུངས་གསར་སྤེལ་ཤུགས་ཆེ་བྱས་ཏེ་རང་རྒྱལ་གྱི་ཐཱན་ཉུང་དཔལ་འབྱོར་གོང་འཕེལ་གཏོང་རྒྱུར་ལེགས་སྐྱེས་འབུལ་རྒྱུའི་སྐོར 》གྱི་གྲོས་གཞིའི་གྲོས་འཆར་དེར་སྲིད་གྲོས་ཀྱི་བོད་ལྗོངས་དཔལ་འབྱོར་གོང་འཕེལ་གླེང་སྟེགས་ཐོག་རྒྱལ་ཡོངས་སྲིད་གྲོས་ཀྱི་མི་རྒྱུན་ཐོན་ཁུངས་ཁོར་ཡུག་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་ཆིང་ཧྭ་སློབ་ཆེན་ཧོང་ཧེ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཀྲང་ཧུང་ཝུའུ་ཀྱི་མོས་པ་འཐོབ་ཡོད། རང་སྐྱོང་ལྗོངས་གོང་འཕེལ་བསྒྱུར་བཅོས་ཨུ་ལྷན་གྱིས་གྲོས་གཞི་དང་འབྲེལ་བ་ཡོད་པའི་ཕྱོགས་ཁག་གི་དཔྱད་ཡིག “ཆ་ཚང་བ་དང་། གོ་རིམ་ལྡན་པ། ཚགས་ཚུད་པ ”བཅས་ཡིན་པ་ཁས་ལེན་གང་ལེགས་བྱས་ཡོད། ལོ་མང་རིང་གི་ལས་ཀའི་རྨང་གཞིའི་ཐོག་གྲོས་གཞིའི་གྲོས་འཆར་ལ་དམིགས་ཏེ་གཅིག་ནས་ཆུ་ནུས་ཐོན་ཁུངས་གསར་སྤེལ་བྱེད་རྒྱུའི་གོ་རིམ་ཚད་ལྡན་བཟོས་ཤིང་། 《བོད་རང་སྐྱོང་ལྗོངས་ཀྱི་ཆུ་ནུས་ཐོན་ཁུངས་གསར་སྤེལ་བེད་སྤྱོད་བྱེད་རྒྱུའི་དོ་དམ་བྱ་ཐབས 》སོགས་ཀྱི་ཁྲིམས་སྲོལ་ཁག་གསུམ་འཆར་འགོད་གཏན་འབེབས་བྱས་ཟིན་ཏེ་འབྲེལ་ཡོད་སྡེ་ཚན་ལ་ཞིབ་མཆན་འགོད་རྒྱུ་དང་འགྲེམས་བསྒྲགས་བྱེད་རྒྱུར་གོང་འབུལ་ཞུས་ཟིན་པ་རེད། གཉིས་ནས་ཆུ་གློག་གསར་སྤེལ་བྱེད་རྒྱུའི་འཆར་འགོད་བཟོ་སྒྲིག་བྱས་ཤིང་། མིག་སྔར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་རྣམ་གྲངས་ནང་འཇུག་རྒྱུར་གོང་འབུལ་ཞུས་ཟིན་པས་གློག་ཤུགས་འཛུགས་སྐྲུན་རྣམ་གྲངས་དེའི་ཐད་གཏོང་རྒྱུའི་སྤྱིའི་མ་དངུལ་སྒོར་དུང་ཕྱུར་སྟོང་ཕྲག་མང་པོ་ཟིན་རྒྱུ་རེད། གསུམ་ནས་རང་ལྗོངས་ཀྱི་ཆུ་ཤུགས་ཐོན་ཁུངས་གསར་སྤེལ་དང་སྔོན་གྲབས་ལས་དོན་གང་མགྱོགས་བྱས་ཤིང་། སྲིད་གཞུང་གི་ཀྲུའུ་ཞི་པད་མ་འཕྲིན་ལས་ཀྱིས་ཀྲུའུ་རེན་གནང་བའི་རང་སྐྱོང་ལྗོངས་ཀྱི་ཆུ་གློག་རྣམ་གྲངས་ཆེ་འབྲིང་གི་གསར་སྤེལ་འཛུགས་སྐྲུན་མཐུན་སྦྱོར་ཨུ་ཡོན་ལྷན་ཁང་བཙུགས་ཟིན་པ་རེད། ཨུ་ཡོན་ཟླ་བ་དོན་གྲུབ་ཀྱིས་བཏོན་པའི 《རང་ལྗོངས་ཀྱི་ལེགས་ཆ་ཆེ་བའི་ཁྱད་ལྡན་ཐོན་ལས་ཀྱི་རྒྱལ་སྤྱིའི་རྟགས་ལེགས་གཏོད་རྒྱུར་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་སྐོར 》གྱི་གྲོས་གཞིར་རང་སྐྱོང་ལྗོངས་བཟོ་ལས་དང་ཆ་འཕྲིན་ཐིང་གི་ཚད་མཐོའི་མཐོང་ཆེན་འཐོབ་ནས་དེ་ཐད་རོགས་སྐྱོར་མ་དངུལ་ལྡབ་10མང་དུ་བཏང་བ་མ་ཟད། སྐྱེད་སྦྱར་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་གཅིག་ལྷག་ཙམ་བཏང་བར་བརྟེན་ཁེ་ལས་ཁག་གཅིག་གསར་འཛུགས་དང་རྒྱ་སྐྱེད་བྱེད་སྒང་ཡིན་པ་དང་། ན་ནིང་ལོ་སྨད་དུ་ཁེ་ལས་ཁག་གཅིག་སྔ་རྗེས་སུ་ཚོད་ལྟའི་ཐོན་སྐྱེད་བྱེད་འགོ་ཚུགས་ཡོད། བཟོ་ལས་དང་ཆ་འཕྲིན་ཐིང་གིས་ལན་འདེབས་བྱེད་སྐབས་ད་དུང་“སླད་ཕྱིན་མཐོ་གསར་ལག་རྩལ་ཁེ་ལས་གོང་འཕེལ་གཏོང་རྒྱུར་རོགས་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ་ཐོན་ལས་ཅན་དང་གཞི་ཁྱོན་ཅན་གྱི་གསར་དར་སྣེ་འདྲེན་ཁེ་ལས་དང་རྟགས་ལེགས་ཁེ་ལས་ཁག་གཅིག་གསོ་སྐྱོང་ཧུར་ཐག་བྱས་ནས་རྒྱལ་ནང་དང་རྒྱལ་སྤྱིའི་ཐོག་སྐད་གྲགས་ལྡན་པའི་ཁེ་ལས་ཤིག་རིམ་པས་གཏོད་རྒྱུ་ཡིན་ལུགས ”བསྟན་ཡོད། ཨུ་ཡོན་ལི་ཞའོ་ཧྭ་ཡིས་བཏོན་པའི 《ཞིང་འབྲོག་ལས་ཀྱི་ཆ་འཕྲིན་ཐོན་ཁུངས་སྒྲིལ་བཅོས་ཀྱིས་མཉམ་འཛུགས་མཉམ་སྤྱོད་ཡོང་རྒྱུའི་སྐོར 》གྱི་གྲོས་གཞིར་རང་སྐྱོང་ལྗོངས་འཕྲིན་གཏོང་དོ་དམ་ཅུད་ཀྱིས་གྲོས་གཞིར་སྤྱོད་འཐུས་ལྡན་ལ་དགོས་པ་ཡང་ཆེན་པོ་ཡོད་པའི་ངོས་འཛིན་བྱས་པ་མ་ཟད། ཞིང་འབྲོག་ཁུལ་གྱི་ཆ་འཕྲིན་ལག་རྩལ་ཤེས་ལྡན་པ་གསོ་སྐྱོང་བྱེད་རྒྱུ་དང་། ལམ་སྲོལ་དང་སྒྲིག་སྲོལ་གསར་གཏོད་བྱེད་རྒྱུ། སྲིད་ཇུས་དང་མ་དངུལ་སོགས་ཐད་འཕར་གཟིགས་བྱེད་རྒྱུ། སྔོན་ལ་ཚོད་ལྟ་དང་རྗེས་སུ་ཁྱབ་གདལ་གཏོང་རྒྱུ་སོགས་བྱ་ཐབས་ཁག་དྲུག་ཐོག་ནས་ཞིང་འབྲོག་ཁུལ་གྱི་ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་གང་མགྱོགས་བྱས་ཏེ་དཔལ་འབྱོར་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་རྒྱུ་ཡིན་པ་བཏོན་ཡོད།

        (གཉིས ) ཕུགས་ཡུན་ལ་དམིགས་ཏེ་ཡུན་རིང་བདེ་འཁོད་ཡོང་རྒྱུར་དྲང་གཏམ་བརྗོད་པ།

        ཁ་ཕྲལ་ལ་ངོ་རྒོལ་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་། བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུ་ནི་སྔ་བར་ཕྱི་གསུམ་དུ་སྲིད་གྲོས་ཨུ་ཡོན་གྱི་ཆབ་སྲིད་ཀྱི་འགན་འཁྲི་དང་ལས་འགན་ཞིག་ཡིན། ན་ནིང་ཨུ་ཡོན་མི་ཉུང་བ་ཞིག་གིས་སླར་ཡང་ཟིང་ཆའི་རྐྱེན་རྩར་དབྱེ་ཞིབ་བྱེད་རྒྱུ་ནས་འགོ་བཙུགས་ཏེ་བོད་འདི་ཉིད་ཡུན་རིང་བདེ་འཁོད་ཡོང་རྒྱུའི་ཇུས་འདོན་བྱས་ཡོད། རྒྱ་མཚོ་ལྷ་མོ་སོགས་ཨུ་ཡོན་13གྱིས་བཏོན་པའི 《རང་ལྗོངས་ཀྱི་དགོན་སྡེ་ཁག་གཅིག་ཏུ་རིག་གནས་ཁང་འཛུགས་རྒྱུའི་སྐོར 》གྱི་གྲོས་གཞི་དང་ངག་དབང་དགེ་སྒྲུབ་སོགས་ཨུ་ཡོན་12ཀྱིས་བཏོན་པའི 《རང་ལྗོངས་ཀྱི་ཆ་རྐྱེན་ཡོད་པའི་དགོན་སྡེར་དཔེ་ཆའི་འཛིན་གྲྭ་འཛུགས་རྒྱུའི་སྐོར 》གྱི་གྲོས་གཞི་ཚང་མར་རང་སྐྱོང་ལྗོངས་མི་རིགས་ཆོས་ལུགས་ཨུ་ལྷན་གྱིས་མཐོང་ཆེན་གནང་ཐོག་དགོན་སྡེར་རིག་གནས་ཁང་འཛུགས་རྒྱུའི་མ་དངུལ་གྱི་གནད་དོན་དེ་རྒྱལ་ཁབ་ལ་རེ་བ་ཞུས་ཟིན་པས “ལོ་ལྔ་ཚན་བཅུ་གཉིས་པའི་”རིང་དགོན་སྡེར་རིག་གནས་དཔེ་དེབ་ཁང་འཛུགས་ཐུབ་པ་བྱེད་རྒྱུ་དང་དོ་དམ་ཚད་ལྡན་བཟོ་ཆེད་རྒྱལ་ཁབ་ནས་མ་དངུལ་འབོར་ཆེན་བཏང་སྟེ་བོད་ལྗོངས་ནང་བསྟན་སློབ་གླིང་བསྐྱར་བཟོ་བྱེད་བཞིན་པ་ཡིན་པས་བསྐྱར་སྐྲུན་ཟིན་རྗེས་དགེ་འདུན་པ་རྣམས་ཀྱི་དཔེ་ཆ་སློབ་སྦྱོང་བྱེད་རྒྱུའི་རེ་བ་སྐོང་ཐུབ་རྒྱུ་ཡིན་ལུགས་ལན་འདེབས་གསལ་པོ་བྱས་ཡོད། ཨུ་ཡོན་ནོར་རྒྱས་ཀྱིས་བཏོན་པའི 《དྲ་རྒྱའི་བཟང་ཆ་ནུས་ལྡན་སྤྱད་དེ་ན་གཞོན་བྱིས་པར་ཁྲིད་སྟོན་དང་རོགས་རམ་བྱེད་རྒྱུའི་སྐོར 》གྱི་གྲོས་གཞིར་རང་སྐྱོང་ལྗོངས་སློབ་གསོ་ཐིང་གིས་དྲ་རྒྱའི་ཐོག་ནས་བསམ་བློའི་སློབ་གསོ་གཏོང་རྒྱུ་དེ་ལོ་ན་མ་སོན་པའི་མིའི་བསམ་བློ་ཀུན་སྤྱོད་ལེགས་སྐྱོང་བྱེད་རྒྱུའི་ལས་དོན་གྱི་སྤྱིའི་འཆར་འགོད་ནང་འཇུག་པ་དང་། སློབ་གྲྭའི་བསམ་པའི་དཔལ་ཡོན་ལེགས་སྐྱོང་བྱེད་རྒྱུའི་སྤྱིའི་ལས་ཀའི་ཁྱབ་ཁོངས་སུ་འཇུག་པ། སློབ་གསོའི་ཁོངས་གཏོགས་ཀྱི་2010ལོའི་“གཡེམ་འཆལ་ལོག་རིགས་ལ་རྡུང་རྡེག ”གཏོང་རྒྱུའི་བྱེད་སྒོའི་ཇུས་གཞིའི་ནང་འཇུག་པ་བཅས་བྱས་ཏེ་དྲ་རྒྱའི་བསམ་བློའི་ཆབ་སྲིད་ཀྱི་སློབ་གསོའི་ལས་དོན་ཏན་ཏིག་ནུས་ལྡན་ངང་ཁྱབ་སྤེལ་གཏོང་རྒྱུ་དང་། ཕྱོགས་མཚུངས་དྲ་རྒྱ་སྤྱད་དེ་སློབ་མར་རྒྱུན་བསྲིང་ལྷོད་མེད་ངང་མར་ཁེ་སི་རིང་ལུགས་ཀྱི “ལྟ་བ་བཞི་དང་སྨྲ་བ་གཉིས ”དང་། མི་རིགས་མཐུན་སྒྲིལ། ཁ་ཕྲལ་ལ་ངོ་རྒོལ་བཅས་བྱེད་རྒྱུའི་སློབ་གསོ་སྤེལ་རྒྱུ་ཡིན་ལུགས་ལན་འདེབས་ནན་ཏན་བྱས་ཡོད།

        (གསུམ ) ཁྱོན་ཡོངས་ལ་ཞབས་འདེགས་ཞུས་ཏེ་སྤྱི་ཚོགས་མྱུར་དུ་ཡར་ཐོན་ཡོང་རྒྱུར་ཇུས་བཟང་བཏོན་པ།

        སྲིད་གྲོས་ཨུ་ཡོན་རྣམ་པས་དཔལ་འབྱོར་དང་སྤྱི་ཚོགས་མཐུན་སྦྱོར་ངང་གོང་འཕེལ་འགྲོ་རྒྱུར་དོ་ཁུར་ཤིན་ཏུ་ཆེན་པོ་གནང་གི་ཡོད་ཅིང་། ཨུ་ཡོན་མི་ཉུང་བ་ཞིག་གིས་“ཞིང་གསུམ ”ཐད་ཀྱི་འགན་བཅོལ་བྱེད་རྒྱུ་དང་། ལས་ཞུགས་བྱེད་རྒྱུ། རིག་གནས་བྱ་གཞག་གོང་འཕེལ་ཇེ་མགྱོགས་སུ་གཏོང་རྒྱུ། གྲོང་ཁྱེར་གྲོང་གསེབ་ཀྱི་སྨན་བཅོས་ལམ་སྲོལ་བསྒྱུར་བཅོས་བྱེད་རྒྱུ། ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་སོགས་ཀྱི་གནད་དོན་སྐོར་ལ་གྲོས་གཞི་བཏོན་པར་སྒྲུབ་འགན་འཁུར་མཁན་ཚན་པས་ཞིབ་འཇུག་ནན་ཏན་བྱས་ཏེ་དང་ལེན་ཧུར་ཐག་ཞུས་ཡོད། ཨུ་ཡོན་ཚེ་རིང་བདེ་སྐྱིད་ཀྱིས་བཏོན་པའི 《མ་མཐའི་འཚོ་བ་འགན་སྲུང་བྱ་ཡུལ་མཚམས་སུ་སླེབས་པའི་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་བུ་ཕྲུག་ལ་སློབ་གསོའི་རོགས་སྐྱོབ་བྱེད་རྒྱུའི་གནད་དོན་སྐོར 》གྱི་གྲོས་གཞིར་འབྲེལ་ཡོད་སྡེ་ཚན་གྱིས་རང་སྐྱོང་ལྗོངས་ནས་སྔ་བར་ཕྱི་གསུམ་དུ་གནད་དོན་འདིར་མཐོང་ཆེན་གནང་གི་ཡོད་ཅིང་། “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་ལ་མཐོ་རིམ་སློབ་འབྲིང་དཀྱུས་མ་དང་འབྲིང་རིམ་ལས་རིགས་སློབ་གསོའི་དུས་མཚམས་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་བུ་ཕྲུག་དང་། གྲོང་ཁྱེར་གྲོང་རྡལ་གྱི་མ་མཐའི་འཚོ་བ་འགན་སྲུང་བྱ་ཡུལ་དང་གཞུང་ཁོངས་ཁེ་ལས་ཀྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་བུ་ཕྲུག དེ་བཞིན་དྭ་ཕྲུག་དང་དབང་སྐྱོན་སོགས་དམིགས་བསལ་དཀའ་ངལ་ཡོད་པའི་གཞུང་གཉེར་སློབ་གྲྭའི་ནང་གི་སློབ་གྲྭར་ཡོད་པའི་སློབ་མ་ཡོངས་རྫོགས “འགན་ལེན་གསུམ ”གྱི་སྲིད་ཇུས་སྤྱོད་ཁོངས་སུ་འཇུག་རྒྱུ་མ་ཟད། ཁ་གསབ་ཚད་གཞི་རིམ་པས་མཐོ་རུ་གཏོང་རྒྱུ་ཡིན་པ་ཞིབ་འཇུག་ནན་ཏན་བྱས་ནས་ལན་འདེབས་བྱས་ཡོད། ཨུ་ཡོན་སུན་གོ་ཤིན་གྱི 《བོད་དུ “ཞིང་གསུམ ”ཐད་ཀྱི་འགན་བཅོལ་ཡག་པོ་གཉེར་རྒྱུའི་སྐོར 》གྱི་གྲོས་གཞིར་རང་སྐྱོང་ལྗོངས་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་གནང་ཡོད། ནོར་སྲིད་ཐིང་གིས་དེ་དོན་དུ་《2010ལོའི་ཞིང་འབྲེལ་གྱི་སྲིད་ཇུས་རང་བཞིན་ལྡན་པའི་འགན་བཅོལ་ཚོད་ལྟའི་ལས་དོན་ཡག་པོ་སྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ 》སོགས་ཡིག་ཆ་ཁག་གཉིས་གཤམ་སྤེལ་བྱས་པ་མ་ཟད། སྲིད་གཞུང་ནོར་སྲིད་ནས་གཏོང་ཆ་མང་དུ་བཏང་སྟེ་ཞིང་ལས་ཐད་ཀྱི་འགན་བཅོལ་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཡོད། མིག་སྔར་རང་ལྗོངས་ཀྱི་ཞིང་འབྲོག་ལས་ཐད་ཀྱི་འགན་བཅོལ་རྩ་བའི་ཆར་ལྗོངས་ཡོངས་ལ་ཁེབས་ཤིང་། དེ་དང་ཆབས་ཅིག་ཞིང་ལས་ཐད་ཀྱི་འགན་བཅོལ་གྱི་ནུས་པ་རྒྱུན་ཐོན་ལམ་སྲོལ་བཙུགས་ཡོད་པ་སྟེ། རང་སྐྱོང་ལྗོངས་སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་དང་། ལས་རིགས་སྡེ་ཚན་དང་འགན་བཅོལ་ཚན་པས་ཐུན་མོང་ཐེ་ཞུགས་བྱས་ནས་འགན་འཁྲི་དོན་འཁྱོལ་དང་གོ་རིམ་ལྡན་པའི་ངང་ཞིང་ལས་ཐད་ཀྱི་འགན་བཅོལ་ཁྱབ་སྤེལ་བཏང་ཡོད། ཨུ་ཡོན་དགེ་ལེགས་དབང་ཆེན་གྱིས་བཏོན་པའི 《སློབ་གྲྭ་ཆེ་མོ་བའི་ལས་ཞུགས་ནི་བོད་ཀྱི་དམངས་འཚོའི་གནད་དོན་གལ་ཆེན་ཞིག་ཡིན་པའི་སྐོར 》གྱི་གྲོས་གཞིར་དམིགས་ཏེ་རང་སྐྱོང་ལྗོངས་མི་རྒྱུན་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་གནས་ཚུལ་དེར་ཕྱོགས་ཡོངས་ནས་མཐིལ་རྟོགས་བྱས་པའི་རྨང་གཞིའི་ཐོག་སྲིད་གྲོས་ཨུ་ཡོན་གྱི་ལུགས་མཐུན་གྲོས་འཆར་དང་ལེན་གང་ཐུབ་བྱས་ཏེ་སྲིད་ཇུས་དང་ལམ་ལུགས་ཐོག་ནས་སློབ་གྲྭ་ཆེ་མོའི་སློབ་ཐོན་སློབ་མའི་ལས་ཞུགས་བྱེད་དཀའ་བའི་གནད་དོན་ཐག་གཅོད་བྱེད་རྒྱུའི་བྱ་ཐབས་བཏོན་པ་དང་། 《2010ལོའི་ལྗོངས་ཡོངས་ཀྱི་སློབ་གྲྭ་ཆེ་མོའི་སློབ་ཐོན་སློབ་མའི་ལས་ཞུགས་ཞབས་ཞུའི་ལས་ཀའི་ཇུས་གཞི 》བཟོ་འདོན་བྱས་ཏེ་སློབ་གྲྭ་ཆེ་མོ་བ་རྣམས་ཁེ་ལས་འབྲིང་ཆུང་དང་དམངས་གཉེར་ཁེ་ལས་སུ་ལས་ཞུགས་བྱེད་པར་འགྲོ་རྒྱུའི་སྐུལ་མ་དང་ཁྲིད་སྟོན་བྱས་པ་དང་། སློབ་གྲྭ་ཆེ་མོའི་སློབ་ཐོན་སློབ་མར་ཆེད་གཉེར་ལས་བསྡུའི་ཚོགས་འདུ་དང་ཡོངས་བསྒྲགས་ཀྱིས་གཞི་རིམ་གྱི་གཞུང་ལས་པ་བསྡུ་འགུག་སོགས་བྱེད་པའི་བྱ་ཐབས་སྤྱད་དེ་སློབ་གྲྭ་ཆེ་མོའི་སློབ་ཐོན་སློབ་མར་ལས་ཞུགས་བྱེད་རྒྱུའི་གོ་སྐབས་མང་ཙམ་སྤྲད་ཡོད།

        (བཞི )མི་རྩ་བར་བཟུང་ནས་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་རྒྱུར་གྲོས་འཆར་བཏོན་པ།

        གྲོང་ཁྱེར་འཛུགས་སྐྲུན་དང་དོ་དམ་བྱེད་རྒྱུ་ནི་དམངས་འཚོ་དང་འབྲེལ་བ་ཡོད་པའི་གླེང་ཆ་ཆེ་བ་དང་དཀའ་གནད་ཆེ་བའི་གནད་དོན་ཞིག་ཡིན། ཨུ་ཡོན་དོན་གྲུབ་རྡོ་རྗེའི 《གྲོང་ཁྱེར་གྱི་འགྲིམ་འགྲུལ་བདེ་འཇགས་ཐད་ཀྱི་སྒྲིག་བཀོད་འཕྲལ་དུ་སྒྲིག་སྦྱོར་དང་དོ་དམ་ཆུ་ཚད་མཐོ་རུ་གཏོང་རྒྱུའི་སྐོར 》གྱི་གྲོས་གཞིའི་ནང་ལྷ་ས་གྲོང་ཁྱེར་གྱི་ས་འོག་རྐང་ཐང་འགྲོ་ལམ་དང་སྤྱི་སྤྱོད་འགྲིམ་འགྲུལ་གྱི་ལམ་དང་མོ་ཊ་མང་དུ་གཏོང་རྒྱུ་དང་། མོ་འབྲིང་སོགས་སྒེར་གཉེར་འཁོར་རིགས་ཀྱི་ལས་གཉེར་ཚད་ལྡན་བཟོ་རྒྱུ། རིགས་འདྲ་མིན་གྱི་འཁོར་རིགས་འཇོག་ས་མང་དུ་གཏོང་རྒྱུ་སོགས་ཀྱི་གྲོས་འཆར་བཏོན་ཡོད་པས་འབྲེལ་ཡོད་སྡེ་ཚན་གྱིས་ཚད་མཐོའི་མཐོང་ཆེན་གནང་ཡོད། དེ་ཡང་གཅིག་ནི་ཕོ་བྲང་པོ་ཏ་ལའི་ཐང་ཆེན་གྱི་ས་འོག་རྐང་ཐང་འགྲོ་ལམ་དེ་2010ལོའི་ཟླ་5པར་བསྐྲུན་ཟིན་རྗེས་སླར་ཡང་མ་དངུལ་སྒོར་ཁྲི་4000ལྷག་ཙམ་བཏང་སྟེ་ས་འོག་རྐང་འགྲོ་ལམ་ཁག་གསུམ་སྐྲུན་རྒྱུ་རེད། གཉིས་ནི་མོ་འབྲིང་གྲོང་ཁྱེར་གྱི་སྐྱེལ་འདྲེན་ནས་ཕྱིར་འཐེན་གང་མགྱོགས་བྱས་ཏེ་སྤྱི་སྤྱོད་འགྲིམ་འགྲུལ་གྱི་ལམ་མང་དུ་གཏོང་བ་དང་། སྤྱི་སྤྱོད་འགྲིམ་འགྲུལ་མོ་ཊའི་ཕྱོགས་བསྡུས་འཁོར་རིགས་འཇོག་ས་སྐྲུན་པ། གྲོང་ཁྱེར་གྱི་སྤྱི་པའི་འགྲིམ་འགྲུལ་གྱི་ལམ་དེ་ལྷ་ས་གྲོང་ཁྱེར་ཁུལ་གྱི་གྲོང་མིའི་སྡོད་ཁུལ་ཁག་ཏུ་ཁྱབ་པ་བྱུང་ཡོད། དགའ་འོས་པ་ཞིག་ལ་ན་ནིང་ལོ་མཇུག་ཏུ་ལྷ་ས་གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་འབོར་ཆེན་ཞིག་ཤར་གཏོང་ཐུབ་པ་བྱུང་ཡོད་པ་དང་མོ་འབྲིང་དེ་ཉིད་སྐྱེལ་འདྲེན་ཁྲོམ་ར་ནས་རྦད་དེ་ཕྱིར་འཐེན་ཐུབ་པ་བྱུང་ཡོད། གསུམ་ནི་འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བའི་སྒྲིག་འགལ་བྱེད་སྤྱོད་ལ་གཙོ་གནད་དུ་བཅོས་སྒྲིག་བྱས་ནས་རིགས་འདྲ་མིན་གྱི་འགྲིམ་འགྲུལ་བདེ་འཇགས་ཀྱི་རྐྱེན་ངན་མེད་པ་བཟོས་ཐོག་འགྲིམ་འགྲུལ་བདེ་འཇགས་དོ་དམ་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ་རེད། ཨུ་ཡོན་སྤེན་པས་གྲོས་གཞིའི་ནང་ལྷོ་ཁ་རྩེད་ཐང་གྲོང་རྡལ་གྱི་ས་ཆ་བསྡུ་ལེན་བྱེད་པའི་རིན་དངུལ་ཚད་གཞི་དམའ་ཙམ་ཡིན་པའི་གནད་དོན་བཏོན་པར་སྒྲུབ་འགན་འཁུར་མཁན་ཚན་པས (རང་སྐྱོང་ལྗོངས་རྒྱལ་ཁབ་ས་ཐོན་ཐིང )གྲོས་གཞི་ལག་འབྱོར་བྱུང་རྗེས་མྱུར་དུ་མི་སྣ་མངག་གཏོང་བྱས་ཏེ་ས་ཡུལ་དངོས་ལ་བརྟག་དཔྱད་ཞིབ་འཇུག་བྱས་པ་དང་། གྲོས་གཞི་འདོན་མཁན་དང་ངོ་བཅར་བསམ་འཆར་ཉན་ལེན་བྱས་པ་མ་ཟད། ས་གནས་དེ་གའི་སྲིད་གཞུང་དང་རྒྱལ་ཁབ་ས་ཐོན་དོ་དམ་སྡེ་ཚན་དང་མཉམ་དུ་ཁྲིམས་སྲོལ་དང་དོན་དངོས་གནས་ཚུལ་ལ་གཞིགས་ནས་ས་ཆའི་ལོ་འཁོར་ཐོན་འབབ་ཀྱི་ཁ་གསབ་ཚད་གཞི་དེ་མུའུ་རེར་སྒོར་1687ཡིན་པ་ནས་སྒོར་3300བར་མཐོ་རུ་བཏང་བ་དང་། མུའུ་རེར་ས་ཆ་བསྡུ་སྤྱོད་བྱས་རིན་ལྡབ་གཅིག་ལ་ཉེ་བ་མང་དུ་སོང་བས་ས་གནས་དེ་གའི་ས་ཆ་ཤོར་བའི་ཞིང་པ་རྣམས་ཧ་ཅང་དགའ་པོ་བྱུང་ནས་སྲིད་གྲོས་ཨུ་ཡོན་གྱིས་བྱ་བ་བཟང་པོ་ཞིག་བསྒྲུབས་སོང་ཞེས་བསྔགས་བརྗོད་ཚད་མེད་བྱེད་ཀྱི་ཡོད་པ་རེད།

        2010ལོའི་ཟླ་9པའི་ཟླ་མཇུག་བར་གྲོས་གཞི་ཡོངས་རྫོགས་གཉེར་སྒྲུབ་ལན་འདེབས་བྱས་ཟིན་པ་རེད། སྤྱི་ཡོངས་ཀྱི་གཉེར་སྒྲུབ་བྱས་ཚུལ་ནས་བལྟས་ན་ཨུ་ཡོན་རྣམ་པས་བཏོན་པའི་གནད་དོན་རྣམས་ཐག་གཅོད་ཐུབ་པ་དང་གཞི་རྩའི་ཐོག་ཐག་གཅོད་ཐུབ་པ་ཁག་126ཡོད་པ་དེ་གྲོས་གཞིའི་སྤྱིའི་གྲངས་འབོར་གྱི་42%ཟིན་པ་དང་། ཐག་གཅོད་བྱེད་སྒང་ངམ་ཡང་ན་ཐག་གཅོད་བྱེད་རྒྱུའི་འཆར་ཁོངས་སུ་བཅུག་པ་ཁག་128ཡོད་པ་དེ་སྤྱིའི་གྲངས་འབོར་གྱི་43%ཟིན་པ། སྲིད་ཇུས་ཀྱི་གཏན་འབེབས་དང་ཆ་རྐྱེན་གྱི་ཚད་བཀག་གིས་རྐྱེན་པས་གནས་སྐབས་ཐག་གཅོད་བྱེད་ཐབས་མེད་པ་ཁག་43ཡོད་པ་དེ་སྤྱིའི་གྲངས་འབོར་གྱི་15%ཟིན་ཡོད། དེའི་ནང་ཕུགས་ཕན་རང་བཞིན་ཅུང་ཆེ་བའི་གྲོས་གཞི་ཁག་གཅིག་ལ་སྒྲུབ་འགན་འཁུར་མཁན་ཚན་པས་ཞིབ་འཇུག་གཏིང་ཟབ་བྱས་ནས་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་དང་། དང་ལེན་དང་དོན་འཁྱོལ་བྱེད་དཀའ་བའི་གྲོས་གཞི་ཁག་གཅིག་ལ་སྒྲུབ་འགན་འཁུར་མཁན་ཚན་པས་དངོས་ཐོག་བདེན་འཚོལ་གྱིས་གྲོས་གཞི་འདོན་མཁན་ལ་གནས་ཚུལ་གསལ་བཤད་བྱས་ཡོད།

        གཉིས།

        ལོ་གཅིག་རིང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་གྲོས་གཞིའི་ལས་དོན་སྤེལ་བའི་ཐད་སྔ་བར་ཕྱི་གསུམ་དུ་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་ཞུ་སྒྲུབ་རྒྱུ་མཐའ་འཁྱོངས་བྱས་ནས་བསྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་བྱ་གཞག་ལ་ཞབས་ཞུ་སྔར་ལས་ཡག་པ་སྒྲུབ་པ་དང་། སྔ་བར་ཕྱི་གསུམ་དུ་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་དོན་གཉེར་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས་གྲོས་གཞིའི་དགེ་མཚན་དང་ནུས་པ་འདོན་སྤེལ་སྔར་ལས་ཡག་པ་བྱས་པ། སྔ་བར་ཕྱི་གསུམ་དུ་དམངས་གཙོའི་གྲོས་མོལ་དང་མཐུན་སྒྲིལ་མཉམ་ལས་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས་གྲོས་གཞིའི་ལས་དོན་གྱི་སྤྱི་ཡོངས་རང་བཞིན་སྔར་ལས་ཡག་པ་མངོན་པ་བྱས་པ། སྔ་བར་ཕྱི་གསུམ་དུ་བསམ་བློར་བཅིངས་འགྲོལ་དང་དུས་བསྟུན་ཡར་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་གྲོས་གཞིའི་ལས་དོན་ཐད་ལམ་བཤངས་གསར་གཏོད་ཀྱིས་སྐུལ་སྤེལ་སྔར་ལས་ཡག་པ་བཏང་ཡོད།

        (གཅིག )ཞབས་ཞུ་སྒྲུབ་རྒྱུར་དོ་སྣང་ཆེན་པོ་བྱས་ཏེ་གྲོས་གཞིའི་སྤུས་ཚད་མཐོ་རུ་གཏོང་རྒྱུར་ཤུགས་བརྒྱབ་པ།

        གྲོས་གཞིའི་སྤུས་ཚད་ཡག་ཉེས་ཇི་བྱུང་ཐོག་ནས་གྲོས་གཞི་དེའི་རིན་ཐང་ཤེས་ཐུབ་ལ་སྲིད་གྲོས་ཀྱི་སྲིད་ཞུགས་སྲིད་གླེང་བྱེད་པའི་ནུས་པ་དང་ཆུ་ཚད་ཀྱང་མངོན་གྱི་ཡོད། རྒྱུན་ལས་ཨུ་ལྷན་གྱིས་སྤུས་ཚད་མཐོ་རུ་གཏོང་རྒྱུའི་ལྟ་བ་ཤུགས་ཆེར་བཏང་བ་དང་ཆབས་ཅིག་ཞབས་ཞུ་སྒྲུབ་རྒྱུར་ཤུགས་སྣོན་བརྒྱབ་ནས་གྲོས་གཞིའི་སྤུས་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་རྒྱུར་སྐུལ་འདེད་བཏང་ཡོད། དེའང་གཅིག་ནི་གནས་ཚུལ་ཤེས་རྟོགས་བྱ་རྒྱུར་སྣེ་ཁྲིད་བྱས་པ། གྲོས་གཞི་འདོན་མཁན་ལ་གྲོས་གཞི་གྲོས་ཁོངས་སུ་བཅུག་ཚུལ་དང་གཉེར་སྒྲུབ་རྩིས་སྤྲོད་བྱས་ཚུལ་གྱི་དཀར་ཆག་པར་འགྲེམས་བྱེད་འགོ་བཙུགས་ཏེ་ཁོང་ཚོས་སོ་སོའི་གྲོས་གཞི་གང་འདྲ་བྱས་ཡོད་མེད་ཤེས་རྟོགས་ཐུབ་ལ་ཨུ་ཡོན་གཞན་དག་གིས་བཏོན་པའི་གྲོས་གཞིར་ཀྱང་ཕྱོགས་ཡོངས་ནས་ཤེས་རྟོགས་ཐུབ་པ་བྱས་ཏེ་སླད་ཕྱིན་སྔར་བས་དམིགས་སའི་རང་བཞིན་ལྡན་པའི་གྲོས་གཞི་འབྲི་རྒྱུར་གནས་ཚུལ་ཤེས་རྟོགས་བྱ་རྒྱུའི་ཞབས་ཞུ་སྒྲུབ་ཡོད། གཉིས་ནི་དཔེ་མཚོན་སྣེ་ཁྲིད་བྱས་པ། ཚད་གཞི་མཐའ་འཁྱོངས་དང་། དམངས་གཙོའི་འོས་སྦྱོར། གཅིག་སྡུད་ཞིབ་དཔྱད་བཅས་བྱེད་པའི་རྩ་དོན་གཞིར་བཟུང་ནས་སྐབས་དགུ་པའི་ཚོགས་འདུ་ཐེངས་དང་པོ་ཚོགས་ཚུན་གྱི་གྲོས་གཞིར་དཔྱད་འདེམས་ནན་ཏན་བྱས་ཏེ་ན་ནིང་ཟླ་8པར་བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་གྲོས་གཞིའི་ལས་དོན་གྱི་ཉམས་མྱོང་སྤེལ་རེས་དང་གཟེགས་བསྟོད་ཚོགས་ཆེན་སྐོང་ཚོགས་བྱས་ཤིང་། གྲོས་གཞིའི་ལས་དོན་ནང་ལེགས་སྐྱེས་ཧུར་ཐག་ཕུལ་མཁན་གྲོས་གཞི་གཉེར་སྒྲུབ་ཀྱི་སྔོན་ཐོན་ཚན་པ་དང་། སྔོན་ཐོན་ལས་དོན་པ། དེ་བཞིན་ཕུལ་བྱུང་གྲོས་གཞི་བཅས་ལ་གཟེངས་བསྟོད་བྱས་པར་བརྟེན་གཉེར་སྒྲུབ་ཚན་པ་དང་སྲིད་གྲོས་ཨུ་ཡོན་གྱི་འགན་འཁྲི་འཁུར་སེམས་དང་གཟི་བརྗིད་ཀྱི་བསམ་པ་ཆེ་རུ་འགྲོ་རྒྱུར་སྐུལ་ལྕག་ཐེབས་ཡོད།

        (གཉིས ) མཐུན་སྦྱོར་ཧུར་ཐག་བྱས་ཏེ་གྲོས་གཞི་གཉེར་སྒྲུབ་བྱེད་པའི་ལས་དོན་ལ་སྐུལ་སྤེལ་ཤུགས་ཆེ་བཏང་བ།

        གཉེར་སྒྲུབ་ཀྱི་ཕན་འབྲས་ཆེ་རུ་གཏོང་རྒྱུ་ནི་གྲོས་གཞིའི་ལས་དོན་ཡག་པོ་སྒྲུབ་པའི་འགག་རྩ་ཡིན། ལོ་གཅིག་རིང་སྒྲུབ་འགན་འཁུར་མཁན་ཚན་པའི་དབར་དང་། སྒྲུབ་འགན་འཁུར་མཁན་ཚན་པ་དང་གྲོས་གཞི་འདོན་མཁན་དབར་འབྲེལ་གཏུགས་གྲོས་མོལ་བྱེད་རྒྱུར་སྐུལ་འདེད་ཧུར་ཐག་བཏང་བ་དང་། ལས་ཀའི་བསམ་གཞི་སྔར་བས་རྒྱ་ཆེར་བཏང་ཐོག་ལས་ཀ་བྱེད་སྟངས་གསར་གཏོད་བྱས་ནས་གཉེར་སྒྲུབ་ཀྱི་ཕན་འབྲས་ཆེ་རུ་བཏང་སྟེ་གྲོས་གཞི་གཉེར་སྒྲུབ་ཟིན་ཚད་དང་བློ་མོས་ཡོང་ཚད་མཐོ་རུ་ཟམ་མི་ཆད་པ་སོང་ཡོད། དེའང་གཅིག་ནི་ལྗོངས་ཏང་ཨུད་དང་སྲིད་གཞུང་ལ་བརྟེན་ནས་གྲོས་གཞི་གཉེར་སྒྲུབ་བྱེད་པའི་ཕན་འབྲས་དང་སྤུས་ཚད་ལ་སྐུལ་འདེད་བཏང་ཡོད། ན་ནིང་གྲོས་གཞི་གཉེར་སྒྲུབ་རྩིས་སྤྲོད་ཚོགས་འདུ་ཚོགས་རྗེས་ལྗོངས་ཏང་ཨུད་དོན་གཅོད་ཐིང་དང་ལྗོངས་སྲིད་གཞུང་དོན་གཅོད་ཐིང་གི་ལྟ་སྐུལ་ཁང་དང་མཉམ་དུ་གྲོས་གཞི་གཉེར་སྒྲུབ་ནན་ཏན་བྱས་མེད་པའི་ཚན་པ་ཉུང་ཤས་ཤིག་ལ་གྲོས་གཞི་ཕྱིར་སློག་ནས་བསྐྱར་དུ་གཉེར་སྒྲུབ་བྱེད་དུ་བཅུག་པ་དང་། གྲོས་གཞི་གཉེར་སྒྲུབ་བྱེད་འགོར་བའི་སྡེ་ཚན་དང་ཚན་པ་ཉུང་ཤས་ལ་འཕྲིན་ཡིག་བསྐུར་བ་དང་། ཁ་པར་རྒྱག་པ། ངོ་བཅར་བྱེད་པ་སོགས་ཀྱི་བྱེད་སྟངས་ཐོག་ནས་བདའ་འདེད་བཏང་སྟེ་སྒྲུབ་འགན་འཁུར་མཁན་ཚན་པར་གྲོས་གཞི་ལན་འདེབས་དོན་འཁྱོལ་བྱེད་རྒྱུར་སྐུལ་ལྕག་བྱས་པར་ཕན་འབྲས་བཟང་པོ་ཐོན་ཐུབ་པ་བྱུང་ཡོད།

        གཉིས་ནི་གྲོས་གཞི་གཉེར་སྒྲུབ་གྲོས་མོལ་ཚོགས་འདུ་ཚོགས་ནས་གྲོས་གཞི་གཉེར་སྒྲུབ་བྱེད་པའི་བརྒྱུད་རིམ་ཆ་ཚང་ནང་དངོས་སུ་ཞུགས་ཤིང་། ན་ནིང་སྔ་རྗེས་སུ་རང་སྐྱོང་ལྗོངས་འཕེལ་བསྒྱུར་ཨུ་ལྷན་དང་། བཟོ་ལས་ཆ་འཕྲིན་ཐིང་། ཚོང་དོན་ཐིང་སོགས་སྒྲུབ་འགན་འཁུར་མཁན་ཚན་པ་20ལྷག་ཙམ་དང་མཉམ་དུ་གྲོས་གཞི་གཉེར་སྒྲུབ་གྲོས་མོལ་ཚོགས་འདུ་ཚོགས་པ་དང་ཕྱོགས་མཚུངས་འབྲེལ་ཡོད་གཉེར་སྒྲུབ་ལས་དོན་ནང་གྲོས་གཞི་འདོན་མཁན་གདན་ཞུས་བྱས་ཏེ་གྲོས་གཞི་གཉེར་སྒྲུབ་བྱེད་པའི་ལས་དོན་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད།

        (གསུམ )གཙོ་གནད་མངོན་ཆེར་བཟུང་སྟེ་གྲོས་གཞི་སྒྲུབ་སྐུལ་བྱེད་ཤུགས་ཆེ་རུ་བཏང་བ།

        གྲོས་གཞི་གཉེར་སྒྲུབ་བྱེད་པའི་ཕན་འབྲས་ཆེ་རུ་གཏོང་རྒྱུ་དང་། གྲོས་གཞིའི་དགེ་མཚན་མངོན་ཤུགས་ཆེ་རུ་གཏོང་རྒྱུ། གཙོ་གནད་གྲོས་གཞིའི་དཔེ་སྟོན་སྣེ་ཁྲིད་ནུས་པ་གང་ལེགས་འདོན་རྒྱུ་བཅས་ཀྱི་ཆེད་དུ། བདམས་སྒྲུག་ནན་ཏན་བྱས་པ་བརྒྱུད 《ཆུ་གློག་ཐོན་ཁུངས་གསར་སྤེལ་ཤུགས་ཆེ་བྱས་ནས་རང་རྒྱལ་གྱི་ཐཱན་ཉུང་དཔལ་འབྱོར་གོང་འཕེལ་གཏོང་རྒྱུར་ལེགས་སྐྱེས་འབུལ་དགོས 》ཞེས་པ་སོགས་གྲོས་གཞི་ཁག་10གཙོ་གནད་གྲོས་གཞིར་གཏན་འཁེལ་བྱས་ཡོད། གཉེར་སྒྲུབ་བྱས་ནས་ཕན་འབྲས་དངོས་ཐོན་པ་བྱེད་ཆེད། གཅིག་ནས་ཀྲུའུ་ཞི་གཞོན་པས་འགན་བགོས་སྣེ་ཁྲིད་སྒྲུབ་སྐུལ་བྱས་པ། སྒྲུབ་སྐུལ་བྱེད་པའི་ནང་གཙོ་གནད་གྲོས་གཞི་སྒྲུབ་འགན་འཁུར་མཁན་ཚན་པ་ཁག་གིས་ཚད་མཐོའི་མཐོང་ཆེན་བྱས་ནས་གཉེར་སྒྲུབ་བྱེད་ཕྱོགས་ཀྱི་ཇུས་གཞི་ཞིབ་ཕྲ་བཟོས་པ་དང་། ན་ནིང་ཟླ་8པའི་ཟླ་དཀྱིལ་གོང་དུ་གཙོ་གནད་གྲོས་གཞིའི་སྒྲུབ་སྐུལ་ལས་དོན་ཆ་ཚང་ལེགས་སྒྲུབ་བྱས་ཤིང་། ནུས་ལྡན་གྱི་སྒོ་ནས་གྲོས་གཞི་གཞན་དག་གཉེར་སྒྲུབ་བྱེད་རྒྱུར་སྐུལ་ཁྲིད་ཐུབ་པ་བྱུང་ཡོད། གཉིས་ནས་ངོ་བཅར་སྒྲུབ་སྐུལ་བྱས་པ། ན་ནིང་རང་སྐྱོང་ལྗོངས་སློབ་གསོ་ཐིང་དང་། རང་སྐྱོང་ལྗོངས་ནོར་སྲིད་ཐིང་། རང་སྐྱོང་ལྗོངས་ངལ་རྩོལ་དང་སྤྱི་ཚོགས་འགན་སྲུང་ཐིང་། རང་སྐྱོང་ལྗོངས་འགྲིམ་འགྲུལ་ཐིང་། རང་སྐྱོང་ལྗོངས་འཕྲིན་གཏོང་དོ་དམ་ཅུད་སོགས་སྒྲུབ་འགན་འཁུར་མཁན་ཚན་པའི་སར་བསྐྱོད་དེ་གཉེར་སྒྲུབ་ཀྱི་མྱུར་ཚད་ཤེས་རྟོགས་བྱས་ནས་གཉེར་སྒྲུབ་ལས་དོན་ལེགས་བཅོས་བྱེད་རྒྱུའི་བསམ་འཆར་བསྡུ་ལེན་བྱས་ཡོད། གསུམ་ནས་རྟོག་ཞིབ་སྒྲུབ་སྐུལ་བྱས་པ། དཔེར་ན་གཞིས་རྩེ་ས་གནས་སྲིད་གྲོས་ཀྱི 《རང་ལྗོངས་ཀྱི་གཏེར་རྫས་ཐོན་ཁུངས་གསར་སྤེལ་དོ་དམ་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུའི་སྐོར 》གྱི་གྲོས་གཞི་སྒྲུབ་སྐུལ་བྱེད་སྐབས་རང་སྐྱོང་ལྗོངས་རྒྱལ་ཁབ་ས་ཐོན་ཐིང་དང་། རང་སྐྱོང་ལྗོངས་སྲིད་གཞུང་དོན་གཅོད་ཐིང་གི་ལྟ་སྐུལ་ཞིབ་བཤེར་ཁང་དང་མཉམ་འབྲེལ་ལས་དོན་ཚོགས་ཆུང་སྒྲིག་འཛུགས་བྱས་ཏེ་གཞི་རིམ་དུ་ཟབ་སྐྱོད་ཀྱིས་རང་ལྗོངས་ཀྱི་གཏེར་རྫས་ཐོན་ཁུངས་གསར་སྤེལ་དང་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུའི་ཐད་བརྟག་དཔྱད་ཞིབ་འཇུག་བྱས་ཡོད། མཉམ་འབྲེལ་ལས་དོན་ཚོགས་ཆུང་གིས་རྒྱལ་རྩེ་དང་བཞད་མཐོང་སྨོན་རྫོང་སོགས་ཀྱི་གཏེར་ཁུལ་དུ་བསྐྱོད་ནས་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ཀྱིས་གཏེར་ཁ་སྔོག་འདོན་བྱེད་པའི་ཐད་བསམ་འཆར་ཇི་ཡོད་དང་། གསར་སྤེལ་བྱེད་མཁན་ཚན་པས་ས་གནས་དེ་གའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུར་སྤྱད་པའི་བྱ་ཐབས། ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་གཏེར་ཁ་སྔོག་འདོན་བྱེད་པའི་ནང་ཞུགས་ནས་ཐོབ་པའི་ཁེ་ཕན་སོགས་ཐད་ཀྱི་དངོས་ཡོད་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་མ་ཟད། ས་གནས་སྲིད་གྲོས་ཀྱི་འབྲེལ་ཡོད་འགོ་ཁྲིད་དང་མཉམ་དུ་ཇི་ལྟར་བྱས་ནས་རང་ལྗོངས་ཀྱི་གཏེར་ཁའི་ཐོན་ཁུངས་གསར་སྤེལ་དོ་དམ་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུའི་བྱ་ཐབས་སྤྱོད་རྒྱུའི་ཐད་བཞུགས་མོལ་གྲོས་བསྡུར་བྱས་པར་བརྟེན་རྒྱ་ཁྱབ་ཏུ་ངོས་འཛིན་གཅིག་མཐུན་བྱུང་བ་དང་གྲོས་གཞི་གཉེར་སྒྲུབ་དོན་འཁྱོལ་བྱེད་རྒྱུར་སྐུལ་འདེད་ཐེབས་ཐུབ་པ་བྱུང་ཡོད།

        (བཞི )དྲིལ་བསྒྲགས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་གྲོས་གཞིའི་ལས་དོན་སྤེལ་རྒྱུར་གླེང་ཕྱོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་སྐྲུན་པ།

        《གཙོ་གནད་གྲོས་གཞི་བདམས་བསྒྲིགས 》ཕྱོགས་བསྒྲིགས་ཚགས་ཚུད་བྱས་ཏེ་ཨུ་ཡོན་གྱིས་གྲོས་གཞིའི་ནང་བཏོན་པའི་ལྟ་བ་གཙོ་བོ་དང་ལུགས་མཐུན་གྱི་གྲོས་འཆར་ལེགས་སྒྲིག་བྱས་ཏེ་ལྗོངས་ཏང་ཨུད་དང་སྲིད་གཞུང་དབུ་ཁྲིད་ནས་གྲོས་གཞིའི་ནང་དོན་ཤེས་རྟོགས་བྱེད་རྒྱུ་དང་ཨུ་ཡོན་གྱིས་དོ་ཁུར་བྱེད་པའི་གནད་དོན་ཤེས་རྟོགས་བྱེད་རྒྱུར་སྟབས་བདེ་སྐྲུན་ཡོད། 《བོད་ལྗོངས་ཉིན་རེའི་ཚགས་པར 》དང་། 《བོད་ལྗོངས་སྲིད་གྲོས 》 བོད་ལྗོངས་བཪྙན་འཕྲིན་ལས་ཁུངས་སོགས་ཀྱི་མཚམས་སྦྱོར་དང་ལས་ཀའི་བསྡུས་གསལ་གནས་ཚུལ་སོགས་དྲིལ་བསྒྲགས་ཀྱི་འཐབ་ས་བེད་སྤྱོད་གང་ལེགས་བྱས་ནས་སྲིད་གྲོས་གྲོས་གཞིའི་ལས་དོན་དྲིལ་བསྒྲགས་བྱས་ཡོད། ན་ནིང་གསར་འགྱུར་མཚམས་སྦྱོར་ཚན་པ་དང་འབྲེལ་གཏུགས་དང་གཞོགས་འདེགས་བྱེད་རྒྱུར་ཤུགས་སྣོན་སྔར་ལས་ལྷག་པ་བརྒྱབ་པ་དང་ལྷག་པར་དུ་

        གྲོས་གཞིའི་ལས་དོན་གྱི་གལ་ཆེའི་བྱེད་སྒོའི་ནང་གསར་འགྱུར་མཚམས་སྦྱོར་ཚན་པ་གདན་ཞུས་ཀྱིས་གྲོས་གཞི་གཉེར་སྒྲུབ་རྩིས་སྤྲོད་ཚོགས་འདུ་དང་། གཙོ་གནད་གྲོས་གཞི་སྒྲུབ་སྐུལ། ཕུལ་བྱུང་གྲོས་གཞིར་གཟེངས་བསྟོད་བྱེད་པ་སོགས་ཀྱི་གནས་ཚུལ་དྲིལ་བསྒྲགས་དང་གསར་འགོད་བྱས་པས་གྲོས་གཞིའི་ལས་དོན་དེ་སྤྱི་ཚོགས་ཐོག་བག་ཆགས་ཐེབས་ཤུགས་ཆེ་རུ་སོང་ཡོད་ལ་སྤྱི་ཚོགས་ཀྱི་ལྟ་སྐུལ་ཀྱང་དང་ལེན་ཞུས་ཡོད།

        གསུམ།

        གྲོས་གཞིའི་ལས་དོན་གོང་འཕེལ་སོང་བ་དང་སྦྲགས་ཞིབ་འཇུག་དང་ཐག་གཅོད་གཏིང་ཟབ་བྱེད་དགོས་པའི་གནད་དོན་ཡང་ཁག་གཅིག་ལུས་ཡོད་པ་དཔེར་ན། ཇི་ལྟར་བྱས་ནས་ཨུ་ཡོན་གྱི་སྲིད་ཞུགས་སྲིད་གླེང་བྱེད་པའི་ཧུར་སེམས་སྔར་བས་སྐུལ་སློང་བྱས་ཏེ་སྤུས་ཚད་མཐོ་བའི་གྲོས་གཞི་མང་ཙམ་འབྲི་རྒྱུ་དང་། ཇི་ལྟར་བྱས་ནས་གྲོས་གཞིའི་སྤུས་ཚད་མཐོར་གཏོང་དང་གཉེར་སྒྲུབ་ཕན་འབྲས་ཐོན་པ་བྱེད་རྒྱུ། ཇི་ལྟར་བྱས་ནས་གྲོས་གཞིའི་ལས་དོན་ནང་སྲིད་གྲོས་ཆེད་དོན་ཨུ་ཡོན་ལྷན་ཁང་དང་རིགས་ཁོངས་ཁག་གི་ནུས་པ་འདོན་སྤེལ་སྔར་ལས་ཡག་པ་བྱེད་རྒྱུ་ལྟ་བུ་སོགས་ཡིན་པས་དེ་དག་གི་ཐོག་ནས་ང་ཚོར་དོན་དངོས་དང་ཟུང་འབྲེལ་གྱིས་གཅིག་གྱུར་འཆར་འགོད་དང་འཚོལ་ཞིབ་བྱས་ཏེ་རྒྱུན་ཆད་མེད་པར་ལེགས་བཅོས་དང་ཕན་འབྲས་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད། ལོ་གསར་པའི་ནང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བའི་བླང་བྱ་གཞིར་བཟུང་རྒྱལ་ཡོངས་སྲིད་གྲོས་ཀྱི་གྲོས་གཞིའི་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་མིག་སྔའི་མངོན་ཆེའི་གནད་དོན་ཐག་གཅོད་བྱེད་རྒྱུ་དང་ནུས་པ་རྒྱུན་ཐོན་གྱི་ལམ་སྲོལ་འཛུགས་རྒྱུ་ཟུང་འབྲེལ་དམ་ཟབ་བྱས་ནས་མུ་མཐུད་དེ་བསྒྱུར་བཅོས་གསར་གཏོད་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ་གྲོས་གཞིའི་ལས་དོན་ལ་སྐུལ་སྤེལ་ནུས་ལྡན་གཏོང་དགོས་ཀྱི་ཡོད།

        —— གྲོས་གཞིའི་སྤུས་ཚད་དམ་འཛིན་བྱེད་དགོས། སྤུས་ཚད་ཀྱི་ལྟ་བ་སྔར་བས་ཤུགས་ཆེར་གཏོང་དགོས་ན་གྲོས་གཞིའི་གྲངས་འབོར་ལ་དོ་སྣང་བྱེད་དགོས་ལ་གྲོས་གཞིའི་སྤུས་ཚད་ལའང་དེ་བས་དོ་སྣང་བྱེད་དགོས་ཀྱི་ཡོད། གྲོས་གཞིའི་ཞིབ་བཤེར་བྱ་རིམ་སྔར་བས་ཚད་ལྡན་བཟོས་ཏེ་གྲོས་གཞིའི་སྤུས་ཚད་ཀྱི་འགག་སྒོ་དམ་པོ་སྲུང་དགོས། ཨུ་ཡོན་སྣེ་ཁྲིད་ཧུར་ཐག་བྱས་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལྟེ་བའི་ལས་དོན་དང་མི་དམངས་མང་ཚོགས་ཡོངས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ལ་བྲལ་མེད་ཕྱོགས་པ་དང་། དཔལ་འབྱོར་བརྟན་ཞིང་ཅུང་མྱུར་བའི་སྒོ་ནས་གོང་འཕེལ་འགྲོ་རྒྱུ་རྒྱུན་འཁྱོངས་དང་། “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ལག་བསྟར། དེ་བཞིན་དམངས་འཚོ་ལེགས་བཅོས་བྱེད་རྒྱུར་སྐུལ་འདེད་གཏོང་རྒྱུ་སོགས་ཀྱི་གནད་དོན་ལ་དམིགས་ཏེ་གཏིང་ཟབ་ཅིང་ཞིབ་ཚགས་པའི་སྒོ་ནས་བརྟག་དཔྱད་ཞིབ་འཇུག་བྱས་ཐོག་རིན་ཐང་ཡོད་པ་དང་ནང་དོན་ཟབ་པའི་གྲོས་གཞི་ཞིག་ཆགས་པ་བྱས་ནས་གྲོས་གཞི་དེ་མི་དམངས་སྲིད་གྲོས་ཀྱི་ཁྱད་ཆོས་ལྡན་པའི་ཆ་འཕྲིན་ཐོ་མཛོད་དང་རིག་སྟོབས་ཐོ་མཛོད་ཅིག་ཏུ་དངོས་འབྲེལ་འགྱུར་བ་དང་། ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཡུལ་བབ་དམངས་འདུན་ཤེས་རྟོགས་དང་། སྤྱི་ཚོགས་ཀྱི་གནས་ཚུལ་ཤེས་རྟོགས། ལས་དོན་དོན་འཁྱོལ་ལ་སྐུལ་སྤེལ་བཅས་གཏོང་བའི་གལ་ཆེའི་བྱེད་སྟངས་དང་ཐབས་ལམ་ཞིག་ཏུ་འགྱུར་བ་བྱེད་དགོས།

        —— གཉེར་སྒྲུབ་ཀྱི་ཕན་འབྲས་ཆེ་རུ་འགྲོ་བ་བྱེད་དགོས། གྲོས་མོལ་བྱས་ནས་གཉེར་སྒྲུབ་དང་གཉེར་སྒྲུབ་ནང་ཞུགས་པ་སོགས་ཀྱི་རྣམ་པའི་ཐོག་ནས་གྲོས་གཞི་སྒྲུབ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། གཙོ་གནད་གྲོས་གཞི་གཉེར་སྒྲུབ་བྱེད་པའི་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་མུ་མཐུད་དེ་ཀྲུའུ་ཞི་སྐུ་གཞོན་གྱིས་སྣེ་ཁྲིད་དེ་གཙོ་གནད་གྲོས་གཞི་སྒྲུབ་སྐུལ་བྱེད་པའི་ལམ་ལུགས་ཁྱབ་སྤེལ་གཏོང་དགོས་པ། གྲོས་གཞི་གཞུག་འདེད་སྒྲུབ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་གྲོས་གཞི་བསྡུ་རུབ་དང་དོན་འཁྱོལ་བྱེད་རྒྱུར་སྐུལ་འདེད་གཏོང་དགོས་པ།  གཉེར་སྒྲུབ་བྱས་ཚུལ་ལ་གྲོས་གཞི་འདོན་མཁན་གྱིས་ཚུར་ལན་སྤྲོད་པའི་བྱ་ཐབས་འཚོལ་ཞིབ་དང་ལེགས་བཅོས་བྱས་ནས་གཉེར་སྒྲུབ་བྱེད་པའི་ནུས་ཕྱོད་དང་སྤུས་ཚད་མཐོ་རུ་གཏོང་དགོས།

        —— ལས་ཀའི་ལམ་སྲོལ་ཚགས་ཚུད་དུ་གཏོང་དགོས། གྲོས་གཞིའི་ལས་དོན་ནང་ཞུགས་པའི་ལམ་སྲོལ་སྔར་བས་ཚགས་ཚུད་བཏང་ནས་སྲིད་གྲོས་ཆེད་དོན་ཨུ་ཡོན་ལྷན་ཁང་དང་རིགས་ཁོངས་ཁག་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་གྲོས་གཞིའི་ལས་དོན་དེ་ཨུ་ཡོན་ཚོས་རྟོག་ཞིབ་དང་། ཆེད་དོན་བརྟག་ཞིབ། ཚོགས་ཆེན་ཐོག་གཏམ་བཤད་སྤེལ་རྒྱུ་སོགས་དང་ཟུང་འབྲེལ་ནུས་ལྡན་དང་འབྲས་བུ་དངོས་སྒྱུར་བྱེད་རྒྱུར་སྐུལ་འདེད་བཏང་སྟེ་ཁ་ཙམ་མིན་པའི་སྒོ་ནས་གྲོས་གཞིའི་ལས་དོན་གྱི་སྤྱི་ཡོངས་རང་བཞིན་མངོན་པ་བྱེད་དགོས་པ་དང་། “གྲོས་གཞི་འདོན་པ་དང་། གཉེར་སྒྲུབ། སྒྲུབ་སྐུལ ”བཅས་བྱེད་རྒྱུ་གཅིག་གཞི་ཏུ་སྒྲིལ་བའི་གཉེར་སྒྲུབ་ལས་ཀའི་ལམ་སྲོལ་སྔར་བས་ཚགས་ཚུད་དུ་བཏང་ནས་གྲོས་གཞི་འདོན་མཁན་དང་། སྒྲུབ་འགན་འཁུར་མཁན་ཚན་པ། སྒྲུབ་སྐུལ་སྡེ་ཚན་བཅས་དབར་འབྲེལ་བ་དམ་ཟབ་བྱས་ཐོག་ཕྱོགས་གང་ཐད་ནས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད། རྒྱ་ཁྱབ་ཏུ་ཞུགས་པ་དང་། མཉམ་འབྲེལ་ཐོག་གཉེར་སྒྲུབ། སྤྱི་ཡོངས་ལ་སྐུལ་འདེད། མཐུན་སྦྱོར་ཕྱོད་ཆེ་བཅས་ཀྱི་ལས་ཀའི་རྣམ་པ་ཞིག་ཆགས་པ་བྱེད་དགོས་པ། གྲོས་གཞིའི་ལས་དོན་གྱི་ངར་སྐུལ་ལམ་སྲོལ་སྔར་བས་ཚགས་ཚུད་དུ་གཏོང་བ་དང་། སྒྲུབ་འགན་འཁུར་མཁན་ཚན་པ་ཁག་གི་གཉེར་སྒྲུབ་བྱས་ཚུལ་དུས་ཐོག་ཏུ་ཤེས་རྟོགས་བྱེད་པ། སྔོན་ཐོན་གཉེར་སྒྲུབ་ཚན་པའི་ཉམས་མྱོང་སློབ་སྦྱོང་དང་དྲིལ་བསྒྲགས་བཅས་བྱས་ནས་གཟེངས་བསྟོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཕྱོགས་ཁག་གིས་གྲོས་གཞིའི་ལས་དོན་ནང་ཞུགས་པ་དང་། དེར་རྒྱབ་སྐྱོར་བྱེད་པ། དེ་ཡག་པོ་སྒྲུབ་པ་བཅས་ཀྱི་ལས་ཀའི་ཧུར་སེམས་དང་རང་འགུལ་བྱེད་སེམས་སྐུལ་སློང་བྱེད་དགོས།

        —— ལམ་ལུགས་ལེགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས། ད་ལོ་རང་ལྗོངས་སུ་ཚོགས་རྒྱུའི་ནུབ་རྒྱུད་ཞིང་ཆེན་བཅུ་གཉིས (རང་སྐྱོང་ལྗོངས་དང་གྲོང་ཁྱེར )ཀྱི་གྲོས་གཞིའི་ལས་དོན་མཉམ་ཞུགས་ཚོགས་འདུ་ཐེངས་ཉེར་གཉིས་པ་སྒྲིག་འཛུགས་ཚགས་ཚུད་དང་ནན་ཏན་གཉེར་ནས་སྤུན་ཟླའི་ཞིང་ཆེན་གྲོང་ཁྱེར་གྱི་ཉམས་མྱོང་བཟང་པོ་སློབ་སྦྱོང་ནན་ཏན་བྱས་ཏེ་རང་ལྗོངས་ཀྱི་གྲོས་གཞིའི་ལས་དོན་དེ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྔར་བས་སྐུལ་འདེད་གཏོང་དགོས། དེ་དང་ཕྱོགས་མཚུངས་བཟོ་འདོན་བྱེད་ཉེར་ཡོད་པའི 《རྒྱལ་ཡོངས་སྲིད་གྲོས་ཀྱི་གྲོས་གཞིའི་ལས་དོན་སྲོལ་ཡིག 》གཞིར་བཟུང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་གྲོས་གཞིའི་སྤུས་ཚད་གདེང་འཇོག་ཚད་གཞི་དང་། གཙོ་གནད་གྲོས་གཞི་བདམས་སྒྲུག་དང་གཉེར་སྒྲུབ་བྱེད་པའི་ལས་རིམ་དང་གཏན་འབེབས་བཅས་འཐུས་ཚང་དུ་གཏོང་རྒྱུའི་ཞིབ་འཇུག་བྱས་ཏེ་གྲོས་གཞིའི་ལས་དོན་དེ་ལམ་ལུགས་ཅན་དང་། ཚད་ལྡན་ཅན། གོ་རིམ་ཅན་དུ་གྱུར་རྒྱུར་སྐུལ་འདེད་གཏོང་དགོས།

        ཨུ་ཡོན་རྣམ་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་གོང་འཕེལ་གཏོང་རྒྱུའི་རླབས་ཆེན་འཕེལ་རིམ་ནང་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་ལ་མདུན་ལམ་རྒྱ་ཆེན་པོ་ཡོད་པ་དང་། སྲིད་གྲོས་གྲོས་གཞིའི་ལས་དོན་བྱེད་གཞི་ཆེན་པོ་ཡོད་པས་ང་ཚོས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཞུམ་པ་མེད་པའི་འགོ་ཁྲིད་འོག་ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཡོངས་དང་། མཐུན་སྦྱོར་ལྡན་པ། རྒྱུན་མཐུད་པ་བཅས་ཀྱི་གོང་འཕེལ་ཡོང་བ་བྱེད་ཆེད་བློ་དང་ལྡན་པའི་ཐབས་བཟང་མང་ཙམ་འདོན་པ་དང་དམ་པ་དོན་གཉེར་གྱི་ཇུས་བཟང་མང་ཙམ་བཏོན་ནས་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་ལ་གོང་འཕེལ་གསར་པ་ཡོང་བ་བྱེད་རྒྱུ་དང་། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་རྒྱུར་རྒྱལ་ཁ་གསར་པ་ཐོབ་པ་བྱེད་རྒྱུ། མཐུན་སྒྲིལ་དང་། དམངས་གཙོ། འབྱོར་ཕྱུག ཤེས་དཔལ། གཞི་མཐུན་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་རྒྱུ་བཅས་ལ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས། (ལྗོངས་སྲིད་གྲོས་ཡིག་སྒྱུར་ཁང་གིས་བསྒྱུར )

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།