དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

    བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོཌ་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན།    བྱམས་པ་ཕུན་ཚོཌ་ནས།

        ཟླ་1ཚེས་12ཉིན་འཚོགས་པའི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ཚོགས་འདུ་ཐེངས་བཞི་པའི་ཚང་འཛོམས་ཚོགས་འདུ་ཐེངས་གཉིས་པའི་ཐོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་ཀྲུའུ་རེན་བྱམས་པ་ཕུན་ཚོགས་ཀྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་ལས་དོན་སྙན་སྒྲོན་གནང་བཞིན་པ།

        འཐུས་མི་རྣམ་པ།

        ད་ལྟ་ངས་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཀའ་མངགས་ལྟར་ཚོགས་ཆེན་ལ་ལས་དོན་སྙན་སྒྲོན་ཞུ་རྒྱུ་ཡིན་པས་གྲོས་ཞིབ་ཡོད་པ་ཞུ།

        2010ལོའི་ལས་དོན་གཙོ་བོ།

        2010ལོ་ནི་བོད་ལྗོངས་གོང་འཕེལ་དང་ཡར་རྒྱས་འགྲོ་བའི་ལོ་རྒྱུས་ཐོག་གལ་འགངས་ཤིན་ཏུ་ཆེ་བའི་ལོ་ཞིག་རེད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྐོང་ཚོགས་གནང་བའི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་ཐོག བོད་ལྗོངས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་བར་འཐབ་ཇུས་བཀོད་སྒྲིག་གནང་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་གོང་འཕེལ་གྱི་ལམ་བུའི་ཐོག་བསྐྱོད་རྒྱུའི་ལམ་ཚད་གསར་པ་གཏོད་ཡོད་པས། དེ་ནི་ཏང་གིས་བོད་ཀྱི་ལས་དོན་ལ་འཛིན་པའི་ལོ་རྒྱུས་ཐོག་དུས་རབས་འབྱེད་པའི་དོན་སྙིང་ལྡན་པའི་གལ་ཆེའི་ལམ་ཚད་རྡོ་རིང་ཞིག་རེད། ལོ་གཅིག་རིང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཐོག ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་“མཚོན་བྱེད་གསུམ ”གྱི་གལ་ཆེའི་དགོངས་པས་མཛུབ་ཁྲིད་བྱེད་པ་དང་། ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་བདུན་པ་དང་། སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ལྔ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་དང་། ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་ལས་དོན་ཚོགས་འདུ་དང་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བདུན་པ། ལྗོངས་ཏང་ཨུད་སྐབས་བདུན་པའི་ཨུ་ཡོན་ཚང་འཛོམས་ཚོགས་འདུ་ཐེངས་དྲུག་པ་དང་བདུན་པ། དེ་བཞིན་ལྗོངས་ཏང་ཨུད་ཀྱི་ལས་དོན་ཚོགས་འདུ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ཚོགས་འདུ་ཐེངས་གསུམ་པའི་བཀོད་སྒྲིག་གཞིར་བཟུང་། ལྟེ་བར་ཕྱོགས་པ་དང་། ཁྱོན་ཡོངས་ལ་ཞབས་ཞུ་བསྒྲུབས་ནས་ཁྲིམས་ལུགས་གཞིར་བཟུང་འགན་དབང་སྤྱད་པ་དང་འགན་འཁྲི་ནན་ཏན་བསྒྲུབས་པར་བརྟེན། ལས་དོན་ཁག་ལ་གྲུབ་འབྲས་གསར་པ་ཐོབ་ནས་བོད་ལྗོངས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།

        གཅིག བོད་ལྗོངས་ཁྲིམས་བཞིན་སྐྱོང་རྒྱུའི་ཇུས་ཆེན་མཐའ་འཁྱོངས་བྱས་ཏེ་ཁྲིམས་བཟོའི་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ།

        ལོ་གཅིག་རིང་རྒྱུན་ལས་ཨུ་ལྷན་གྱིས་ཕྱོགས་གཅིག་ནས་ཁྲིམས་སྲོལ་བཟོ་རྒྱུ་དམ་འཛིན་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་ཁྲིམས་སྲོལ་གཙང་བཤེར་བཟོ་བཅོས་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆ་སྙན་དཔོད་ཞིབ་བཤེར་བྱེད་རྒྱུའི་ལས་དོན་དམ་འཛིན་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ། ཁྲིམས་བཟོའི་སྤུས་ཚད་རྒྱུན་ཆད་མེད་པར་ཡག་ཏུ་གཏོང་བ་དང་ཁྲིམས་སྲོལ་གྱི་མ་ལག་ཚགས་ཚུད་དུ་བཏང་སྟེ་བོད་ལྗོངས་ཁྲིམས་བཞིན་སྐྱོང་རྒྱུར་ཁྲིམས་ལུགས་ཀྱི་འགན་ལེན་ནུས་ལྡན་བྱས་ཡོད།

        (གཅིག ) ཁྲིམས་བཟོའི་འཆར་འགོད་འཕྲལ་མར་ལེགས་སྒྲིག་བྱས་པ། ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གྱིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་རྒྱུར་ཚད་ལྡན་ཡོང་བ་དང་། སྐུལ་འདེད་གཏོང་བ། འགན་ལེན་བྱེད་པ་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་ཆེད། རྒྱུན་ལས་ཨུ་ལྷན་གྱིས་དུས་ཐོག་ཏུ་ཆེད་དོན་བརྟག་ཞིབ་བྱེད་རྒྱུ་སྒྲིག་འཛུགས་བྱས་ཤིང་། ཁྲིམས་སྲོལ་གྱི་རྣམ་གྲངས་གསར་སྣོན་དང་། བཟོ་བཅོས། མེད་པ་བཟོ་བ་བཅས་ཀྱི་བསམ་འཆར་དང་གྲོས་འཆར་ཁྱོན་བསྡོམས་ཁག་39བསྡུ་རུབ་བྱས་ཡོད། དགོས་ངེས་དང་འགྲིག་འཐུས་གཅིག་གྱུར་དང་། མྱུར་ཚད་དང་སྤུས་ཚད་གཅིག་གྱུར་བྱེད་པའི་རྩ་དོན་གཞིར་བཟུང་། ལོ་ལྔའི་རིང་གི་ཁྲིམས་བཟོའི་འཆར་འགོད་ལེགས་སྒྲིག་ཆེ་ཙམ་བྱས་ནས། འོས་སྐུལ་འོས་དཔོད་བྱེད་པའི་དོ་དམ་སྲོལ་ཡིག་དང་། སྦྲག་ལས་སྲོལ་ཡིག ཚན་རིག་དང་ལག་རྩལ་ཡར་ཐོན་བཅའ་ཁྲིམས་ཀྱི་ལག་བསྟར་བྱ་ཐབས་སོགས་ཁྲིམས་བཟོའི་རྣམ་གྲངས་ཁག་7གསར་སྣོན་བྱེད་རྒྱུའི་གཏན་འཁེལ་བྱས་པ་དང་། འགྲིམ་འགྲུལ་གྱི་གཏན་འབེབས་གླ་རིན་བསྡུ་བའི་དོ་དམ་སྲོལ་ཡིག་བཟོ་མཚམས་བཞག་པས་ཁྲིམས་བཟོའི་འཆར་འགོད་ནང་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་ཀྲུང་དབྱང་གི་དགོངས་དོན་ལག་བསྟར་ཐུབ་པ་བྱས་ཡོད།

        (གཉིས ) ཁྲིམས་སྲོལ་གསར་པ་ཁག་གཅིག་སྔ་རྗེས་སུ་བཟོ་འདོན་བྱས་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ཚོགས་འདུ་ཐེངས་གསུམ་པ་ཚོགས་ཚུན། རྒྱུན་ལས་ཨུ་ལྷན་གྱིས་ཁྱོན་བསྡོམས་ཁྲིམས་སྲོལ་མ་ཟིན་ཁག་10ལ་གྲོས་ཞིབ་བྱས་ནས་8ལ་གྲོས་འཆམ་བྱུང་བ་དང་2ལ་ཆོག་མཆན་སྤྲད་ཡོད། གཅིག་ནི་དཔལ་འབྱོར་ལས་དོན་ཐད་ཀྱི་ཁྲིམས་བཟོ་རྒྱུར་ཤུགས་སྣོན་བརྒྱབ་པ། རང་སྐྱོང་ལྗོངས་ཀྱི་ཡུལ་སྐོར་སྲོལ་ཡིག་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། བོད་ལྗོངས་འདི་གལ་ཆེའི་འཛམ་གླིང་ཡུལ་སྐོར་བྱེད་ས་ཞིག་ཏུ་གཏོད་རྒྱུའི་དམིགས་ཚད་ལ་གཞིགས་ཏེ། རང་ལྗོངས་ཀྱི་ཡུལ་སྐོར་ཐོན་ལས་གསར་སྤེལ་དང་སྲུང་སྐྱོབ་དང་། གཉེར་སྐྱོང་དང་དོ་དམ། འགན་འཁྲི་དང་ལྟ་སྐུལ་བཅས་བྱེད་རྒྱུ་སྔར་བས་ཚད་ལྡན་བཟོས་པར་བརྟེན་རང་ལྗོངས་ཀྱི་ཁྱད་ལྡན་གཙོ་རྟེན་ཐོན་ལས་གོང་འཕེལ་གཏོང་རྒྱུ་དང་། ལྷག་པར་དུ་ཡུལ་སྐོར་ལས་རིགས་གོང་འཕེལ་གཏོང་རྒྱུར་ཁྲིམས་ལུགས་ཀྱི་ཁོར་ཡུག་བཟང་པོ་ཞིག་སྐྲུན་ཐུབ་པ་བྱུང་ཡོད། གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི་དམངས་སྤྱོད་གནམ་ཐང་སྲུང་སྐྱོབ་སྲོལ་ཡིག་དེ་བོད་ཀྱི་མཁའ་འགྲུལ་བྱ་གཞག་གོང་འཕེལ་མྱུར་དུ་གཏོང་རྒྱུའི་བླང་བྱ་གསར་པ་དང་འཚམ་པ་དང་། དེས་དམངས་སྤྱོད་གནམ་ཐང་སྲུང་སྐྱོབ་དང་དོ་དམ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་བདེ་འཇགས་ངང་ལས་གཉེར་ཐུབ་པ་བྱེད་རྒྱུར་ཞིབ་ཕྲའི་བླང་བྱ་བཏོན་ནས་རང་ལྗོངས་ཀྱི་མཁའ་འགྲུལ་བྱ་གཞག་གོང་འཕེལ་གཏོང་རྒྱུར་བཅའ་ཁྲིམས་ཀྱི་འགན་ལེན་བྱས་ཡོད། གཉིས་ནི་སྤྱི་ཚོགས་ཀྱི་ཁྱབ་ཁོངས་ནང་ཁྲིམས་བཟོ་རྒྱུ་མངོན་ཆེར་བཟུང་བ། གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི་ཕྱོགས་མིར་ཞབས་ཞུ་སྒྲུབ་རྒྱུའི་དོ་དམ་སྲོལ་ཡིག་ནང་ཞབས་ཞུ་སྔོན་འགྲོ་བྱེད་པ་དང་དོ་དམ་ལ་སྣང་ཆེན་བྱེད་རྒྱུ་མངོན་ཆེར་བཟུང་ནས་ཕྱོགས་མི་དབྱེ་འབྱེད་དང་ཞབས་ཞུ་དོ་དམ་བྱེད་པའི་བྱ་ཐབས་སོགས་ཀྱི་ཐད་གཏན་འབེབས་ཞིབ་ཕྲ་བྱས་ཡོད། གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི་མེ་སྐྱོན་འགོག་གསོད་སྲོལ་ཡིག་ནང་མེ་སྐྱོན་གནོད་འཚེ་སྔོན་འགོག་དང་ཉུང་དུ་གཏོང་ཐབས་བྱེད་པ་དང་། འཕྲལ་རྐྱེན་མྱུར་སྐྱོབ་བྱེད་རྒྱུར་ཤུགས་སྣོན་རྒྱག་པ། སྤྱི་པའི་བདེ་འཇགས་སྲུང་སྐྱོབ་བྱེད་རྒྱུ་སོགས་ཀྱི་ཐད་ལ་ཚད་གཞི་ནན་པོ་བཟོས་ཡོད། གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི་ཐིག་རིས་སྲོལ་ཡིག་ནང་ཐིག་རིས་སྲིད་འཛིན་ཚན་པ་འཛུགས་སྐྱོང་དང་འགན་ནུས་གཏན་འཁེལ་བྱེད་རྒྱུ་དང་། ཐིག་རིས་བཀོད་འབྲས་བེད་སྤྱོད་དང་གསང་སྲུང་བྱེད་རྒྱུ། ས་ཁམས་ཆ་འཕྲིན་ཁྲོམ་རར་ལྟ་སྡོམ་བྱེད་རྒྱུ་སོགས་ཀྱི་ཐད་གཏན་འབེབས་ཁ་གསལ་བཟོས་ཡོད། གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི་ཡིག་ཚགས་བཅའ་ཁྲིམས་ཀྱི་ལག་བསྟར་བྱ་ཐབས་ནང་ཡིག་ཚགས་ལས་དོན་གྱི་ཕྱི་རོལ་ཁོར་ཡུག་ལེགས་སུ་གཏོང་རྒྱུ་དང་། ཡིག་ཚགས་ལས་སྒོར་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ཡིག་ཚགས་བདེ་འཇགས་སྲུང་སྐྱོང་བྱེད་རྒྱུ། ཆ་འཕྲིན་ཅན་དུ་གྱུར་ཚད་མཐོ་རུ་གཏོང་རྒྱུ་སོགས་ཀྱི་བརྒྱུད་རིམ་ཚད་ལྡན་བཟོས་ཡོད། གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི་ཞིབ་དཔྱོད་ལས་ཁུངས་ཀྱི་བཅའ་ཁྲིམས་ལྟ་སྐུལ་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་གཏན་འབེབས་ནང་རང་ལྗོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་བཅའ་ཁྲིམས་ལྟ་སྐུལ་ལས་དོན་གྱི་གཙོ་གནད་སྔར་བས་ཁ་གསལ་བཟོས་ཡོད་པ་མ་ཟད། ཞིབ་དཔྱོད་ལས་ཁུངས་ཀྱི་བཅའ་ཁྲིམས་ལྟ་སྐུལ་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་རྒྱུའི་ཐད་གཏན་འབེབས་ཀྱང་བཟོས་ཡོད། ཁྲིམས་སྲོལ་དེ་དག་འགྲེམས་སྤེལ་ལག་བསྟར་བྱས་པ་དེས་སྤྱི་པའི་ཞབས་ཞུའི་དོ་དམ་བྱེད་ནུས་ཆ་ཚང་དུ་གཏོང་རྒྱུ་དང་། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་ཞབས་ཞུ་སྒྲུབ་རྒྱུ། སྤྱི་ཚོགས་གཞི་མཐུན་བརྟན་ལྷིང་ཡོང་བར་སྐུལ་འདེད་གཏོང་རྒྱུ་བཅས་ལ་ལམ་ལུགས་ཀྱི་ཚད་འཛིན་ས་གལ་ཆེན་བཟོས་ཡོད། གསུམ་ནི་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་ཁྲིམས་བཟོ་རྒྱུར་མཐོང་ཆེན་བྱས་པ།

        གཤེར་ས་སྲུང་སྐྱོབ་སྲོལ་ཡིག་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། ལྷ་ས་གྲོང་ཁྱེར་གྱི་ལྷ་ཀླུའི་འདམ་རྭའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་དོ་དམ་སྲོལ་ཡིག་ལ་ཞིབ་བཤེར་བྱས་ནས་ཆོག་མཆན་སྤྲད་དེ་གཤེར་ས་སྲུང་སྐྱོབ་དང་བེད་སྤྱོད་བྱེད་རྒྱུ་དང་། འགན་འཁྲི་དང་འོས་འགན་སྒྲུབ་རྒྱུ་ཚད་ལྡན་བཟོས་ནས་སྣོད་བཅུད་ཁོར་ཡུག་ལེགས་བཅོས་བྱེད་རྒྱུ་དང་། སྣོད་བཅུད་བཟང་པའི་བོད་ལྗོངས་སྐྲུན་རྒྱུ། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་ངང་གོང་འཕེལ་ཡོང་རྒྱུ་བཅས་ལ་ཁྲིམས་ལུགས་ཀྱི་རྒྱབ་སྐྱོར་བྱས་ཡོད། གཞན་ཡང་ད་དུང་ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་གྲོང་གསེབ་ཀྱི་འཆར་འགོད་སྲོལ་ཡིག་ལ་ཞིབ་བཤེར་བྱས་ནས་མཆོག་མཆན་སྤྲད་པ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ནས་གཉེར་སྒྲུབ་བྱེད་རྒྱུར་རྩིས་སྤྲོད་བྱས་པའི་བཅའ་ཁྲིམས་ཀྱི་འཆར་ཟིན་ཁག་18ལ་དུས་ཐོག་ཏུ་བཟོ་བཅོས་བསམ་འཆར་བཏོན་ཡོད། དེ་དང་ཕྱོགས་མཚུངས་རྒྱུན་ལས་ཨུ་ལྷན་གྱིས་ཁྲིམས་བཟོའི་སྤུས་ཚད་ཡག་ཏུ་གཏོང་རྒྱུ་དེ་ཁྲིམས་བཟོའི་ལས་དོན་གྱི་གལ་ཆེའི་ནང་གི་གཙོ་ཆེར་བརྩིས་ཐོག ཚན་རིག་དང་མཐུན་པའི་ཁྲིམས་བཟོ་དང་། དམངས་གཙོ་དང་ལྡན་པའི་ཁྲིམས་བཟོ་རྒྱུ་མཐའ་འཁྱོངས་བྱས་ཏེ་སྔ་རྗེས་སུ་ལྗོངས་ཕྱི་ནང་དུ་ཁྲིམས་བཟོའི་བརྟག་ཞིབ་བྱེད་པར་མི་ཐེངས་90ལྷག་ཙམ་མངགས་གཏོང་བྱས་པ་དང་། མཁས་དབང་རིག་དཔྱད་ཚོགས་འདུ་ཐེངས་22སྐོང་འཚོགས་བྱས་པ། མཚམས་སྦྱོར་དུས་དེབ་ཐོག་ཁྲིམས་སྲོལ་འཆར་ཟིན་བཀོད་ནས་ཕྱོགས་ཁག་གི་བསམ་འཆར་རྒྱ་ཁྱབ་ཏུ་བསྡུ་ལེན་བྱས་ཡོད། གྲོས་ཞིབ་བྱ་ཐབས་ལེགས་བཅོས་ཧུར་ཐག་བྱས་ཤིང་། ལས་དོན་ཨུ་ཡོན་ལྷན་ཁང་དང་ཆེད་དོན་ཨུ་ཡོན་ལྷན་ཁང་གིས་ཐོག་མའི་ཞིབ་བཤེར་གྲོས་འཆམ་བྱས་པའི་རྨང་གཞིའི་ཐོག རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་མ་ཚོགས་གོང་དང་ཚོགས་པའི་སྐབས་སུ་ཀྲུའུ་རེན་ཚོགས་འདུའི་ཐོག་ཁྲིམས་སྲོལ་འཆར་ཟིན་ལ་ཞིབ་འཇུག་ནན་ཏན་བྱས་ཏེ་ཁྲིམས་སྲོལ་ལ་གྲོས་ཞིབ་བྱེད་ཤུགས་ཆེ་རུ་བཏང་བས་ཁྲིམས་བཟོའི་སྤུས་ཚད་ཡག་ཏུ་སོང་ཡོད།

        (གསུམ )ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གཙང་བཤེར་ལས་དོན་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱས་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་ཆགས་པ་བྱེད་རྒྱུའི་སྤྱིའི་བླང་བྱ་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་བཀོད་སྒྲིག་གཞིར་བཟུང་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ལ་གཅིག་སྡུད་གཙང་བཤེར་བྱེད་རྒྱུའི་ལས་དོན་སྒྲིག་འཛུགས་ནན་ཏན་བྱས་ཤིང་། 2007ལོའི་གོང་གི་ད་ལྟ་ལག་བསྟར་བྱེད་མུས་ཀྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁག་75གཙང་བཤེར་བྱས་ཡོད། རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་བླང་བྱ་དང་མངོན་གསལ་དོད་པོས་མི་འཚམ་པའམ་ཡང་ན་གོང་ཁྲིམས་ཀྱི་གཏན་འབེབས་དང་གཅིག་མཐུན་མེད་པ་དང་། ལུང་དྲངས་པའི་བཅའ་ཁྲིམས་བཟོ་བཅོས་བྱུང་བ་བཅས་ཀྱི་ཁྲིམས་སྲོལ་ཁག་11ལ་བཟོ་བཅོས་བྱས་ནས་ཚགས་ཚུད་དུ་བཏང་བ་དང་། གྲོང་ཁྱེར་འཆར་འགོད་བཅའ་ཁྲིམས་ཀྱི་ལག་བསྟར་བྱ་ཐབས་དང་སྦྲག་ཏར་འཕྲིན་གཏོང་དོ་དམ་སྲོལ་ཡིག་སོགས་ཁྲིམས་སྲོལ་ཁག་4མེད་པ་བཟོས་པས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ནང་གནས་པའི “གཅིག་མཐུན་མེད་པ ”དང་། “འཚམ་མཐུན་མེད་པ ” “མཐུན་སྦྱོར་མེད་པ ” “ཞིབ་ཕྲ་མེད་པ ”སོགས་ཀྱི་གནད་དོན་རྩ་བའི་ཆར་ཐག་གཅོད་ཐུབ་པ་བྱུང་སྟེ། རྒྱལ་ཁབ་ཁྲིམས་ལུགས་ཀྱི་གཅིག་གྱུར་སྲུང་སྐྱོང་ནུས་ལྡན་བྱས་ཡོད།

        (བཞི )ཚད་ལྡན་རང་བཞིན་གྱི་ཡིག་ཆ་སྙན་དཔོད་ཞིབ་བཤེར་བྱེད་པའི་ལས་དོན་ཏན་ཏིག་སྤེལ་བ། ཚད་ལྡན་རང་བཞིན་གྱི་ཡིག་ཆ་སྙན་དཔོད་ཞིབ་བཤེར་བྱེད་རྒྱུ་ནི་རྒྱལ་ཁབ་ཁྲིམས་ལུགས་ཀྱི་གཅིག་གྱུར་སྲུང་སྐྱོང་བྱེད་པའི་གལ་ཆེའི་ལམ་ལུགས་ཤིག་ཡིན་པ་དང་། རྒྱལ་ཁབ་ཁྲིམས་བཞིན་སྐྱོང་བའི་གཞི་རྩའི་ཇུས་ཆེན་ལག་བསྟར་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཞིག་ཡིན། རྒྱུན་ལས་ཨུ་ལྷན་གྱིས་ཚད་ལྡན་རང་བཞིན་གྱི་ཡིག་ཆ་སྙན་དཔོད་ཞིབ་བཤེར་སྲོལ་ཡིག་ལག་བསྟར་ནན་པོ་བྱས་ཏེ་སྔ་རྗེས་སུ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་ལ་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཁག་11སྙན་དཔོད་ཞིབ་བཤེར་བྱེད་རྒྱུར་བསྐྱལ་བ་དང་། འབྲེལ་ཡོད་རྫོང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་མཛུབ་ཁྲིད་བྱས་ནས་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཁག་12ལ་སྙན་དཔོད་ཞིབ་བཤེར་བྱས་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཁྲིམས་ལུགས་ལས་དོན་ཨུ་ལྷན་དང་མཉམ་དུ་“གཞུང་གཅིག་ཁང་གཉིས ”དང་ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་སྙན་དཔོད་ཞིབ་བཤེར་བྱེད་ཕྱོགས་ཀྱི་ལས་དོན་བཞུགས་མོལ་ཚོགས་འདུ་སྐོང་ཚོགས་བྱེད་རྒྱུ་སྒྲིག་འཛུགས་བྱས་པར་བརྟེན་བསམ་བློའི་ངོས་འཛིན་གཅིག་གྱུར་དང་། རྩ་དོན་གྱི་བླང་བྱ་ཁ་གསལ། ཕན་འབྲས་བཟང་པོ་ཐོན་པ་བཅས་བྱུང་ཡོད།

        གཉིས། ཁྲིམས་ལུཌ་གཞིར་བཟུང་ལྟ་སྐུལ་གྱི་འགན་ནུས་སྤྱད་དེ་ཚན་རིག་དང་མཐུན་པའི་གོང་འཕེལ་ལ་ཞབས་ཞུ་སྒྲུབ་རྒྱུར་ཕན་འབྲས་གསར་པ་ཐོན་པ།

        ལོ་གཅིག་རིང་རྒྱུན་ལས་ཨུ་ལྷན་གྱིས་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་གལ་ཆེའི་ཇུས་གཞིའི་བཀོད་སྒྲིག་དོན་འཁྱོལ་བྱེད་རྒྱུར་དམ་པོར་དམིགས་ནས་ཁྲིམས་ལུགས་གཞིར་བཟུང་ལྟ་སྐུལ་གྱི་འགན་ནུས་སྤྱད་དེ་གཙོ་གནད་ཡོད་པ་དང་དམིགས་ས་ཡོད་པའི་སྒོ་ནས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་ལས་དོན་སྙན་ཞུ་ཁག་10དང་། ཆེད་དོན་སྙན་ཞུ་ཁག་4 རྗེས་འདེད་ཞིབ་བཤེར་སྙན་ཞུ་ཁག་4བཅས་ཉན་ནས་གྲོས་ཞིབ་བྱས་པ་དང་། ཁྲིམས་ལུགས་ཁྲིམས་སྲོལ་ཁག་6ལག་བསྟར་བྱས་ཚུལ་ལ་ཁྲིམས་སྒྱུར་ཞིབ་བཤེར་བྱས་ནས་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་སྔར་ལས་ཡག་པ་དང་། སྔར་ལས་མགྱོགས་པ། སྔར་ལས་ཆེ་བ་བཅས་ཡོང་རྒྱུར་རྒྱབ་སྐྱོར་དང་འགན་ལེན་ནུས་ལྡན་བྱས་ཡོད།

        (གཅིག )གཞི་ཆེའི་དཔལ་འབྱོར་ལ་ལྟ་སྐུལ་བྱེད་རྒྱུར་ཤུགས་སྣོན་ཏན་ཏིག་བརྒྱབ་པ། དེའང་གཅིག་ནི་དཔལ་འབྱོར་གོང་འཕེལ་གྱི་འཐབ་ཇུས་ལག་བསྟར་ལ་ལྟ་སྐུལ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་2010ལོའི་ལོ་སྟོད་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་འཆར་གཞི་ལག་བསྟར་བྱས་ཚུལ་དང་ལོ་སྨད་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་འཆར་གཞི་བཀོད་སྒྲིག་བྱེད་ཕྱོགས་སྐོར་གྱི་སྙན་ཞུ་དང་། “ལོ་ལྔ་ཚན་བཅུ་གཅིག་པའི ”འཆར་འགོད་དང་རྣམ་གྲངས་ཀྱི་ཇུས་གཞི་ལག་བསྟར་བྱས་ཚུལ་གྱི་སྙན་ཞུ་ཉན་ནས་གྲོས་ཞིབ་བྱས་ཡོད། རྒྱུན་ལས་ཨུ་ལྷན་གྱིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི “ཐོན་ལས་དང་པོ་ཆུ་ཚད་གོང་མཐོར་གཏོང་བ་དང་། ཐོན་ལས་གཉིས་པ་གཙོ་གནད་དམ་འཛིན་བྱེད་པ། ཐོན་ལས་གསུམ་པ་གོང་འཕེལ་ཤུགས་ཆེ་གཏོང་བ ”བཅས་ཀྱི་དཔལ་འབྱོར་གོང་འཕེལ་གཏོང་རྒྱུའི་འཐབ་ཇུས་ལག་བསྟར་ཤུགས་ཆེ་བྱེད་རྒྱུ་དང་། “ལོ་ལྔ་ཚན་བཅུ་གཅིག་པའི ”འཆར་འགོད་ལག་བསྟར་བྱེད་རྒྱུའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་རྒྱུ། འཆར་འགོད་རྣམ་གྲངས་རག་ཐབས་དང་། འབྲེལ་མཐུད། དོན་འཁྱོལ་བཅས་དམ་འཛིན་ནན་པོ་བྱེད་རྒྱུ། “ལོ་ལྔ་ཚན་བཅུ་གཅིག་པའི ”འཆར་འགོད་ཀྱི་དམིགས་ཚད་ལས་འགན་ཁག་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱེད་རྒྱུ་བཅས་ལ་གདེང་འཇོག་གང་ལེགས་བྱས་པ་དང་ཆབས་ཅིག གོང་འཕེལ་གཏོང་སྟངས་འགྱུར་ལྡོག་དང་། དཔལ་འབྱོར་གྲུབ་ཆ་ལེགས་སྒྲིག་ལ་སྐུལ་འདེད་གཏོང་རྒྱུར་གཞིགས་ཏེ། “ཞིང་གསུམ ”ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བཟོ་ལས་ཐོན་འབབ་རིན་ཐང་བསྡུར་ཚད་མཐོ་རུ་གཏོང་བ། དེང་རབས་ཀྱི་ཞབས་ཞུའི་ལས་རིགས་གོང་འཕེལ་ཧུར་ཐག་གཏོང་བ། ནང་ཁོངས་གོང་འཕེལ་གཏོང་བའི་འགུལ་ཤུགས་ཆེ་རུ་གཏོང་བ་སོགས་ཀྱི་ཐད་ལ་དམིགས་ནས་བསམ་འཆར་དང་གྲོས་འཆར་བཏོན་ཡོད། གཉིས་ནི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་ཚུལ་ལ་ལྟ་སྐུལ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་པ། 2009ལོའི་ནོར་སྲིད་ངེས་རྩིས་དང་2010ལོའི་ལོ་སྟོད་ཀྱི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་ཚུལ་གྱི་སྙན་ཞུ་དང་། 2009ལོའི་རང་སྐྱོང་ལྗོངས་རིམ་པ་དེ་གའི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་། དེ་མིན་གྱི་ནོར་སྲིད་གཏོང་ཡོང་རྩིས་བཤེར་ལས་དོན་སྙན་ཞུ། ནོར་སྲིད་ཀྱི་སྤྱིར་བཏང་རང་བཞིན་གྱི་མ་དངུལ་སྒྱུར་སྤྲོད་བྱས་ཚུལ་གྱི་སྙན་ཞུ། རང་སྐྱོང་ལྗོངས་ཀྱི་2010ལོའི་ནོར་སྲིད་སྔོན་རྩིས་གཏོང་ཡོང་འགྱུར་ལྡོག་བཏང་ཚུལ་གྱི་སྙན་ཞུ་བཅས་ཉན་ནས་གྲོས་ཞིབ་བྱས་པ་དང་། 2009ལོའི་རང་སྐྱོང་ལྗོངས་ཀྱི་ནོར་སྲིད་ངེས་རྩིས་ལ་ཞིབ་བཤེར་ཆོག་མཆན་སྤྲད་ཡོད། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ནས་ཀྲུང་དབྱང་གིས་གཏན་འཁེལ་གནང་བའི་ནོར་ཁྲལ་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་ཧུར་ཐག་བྱེད་པ་དང་། གསར་སྣོན་བྱས་པའི་སྤྱིར་བཏང་རང་བཞིན་གྱི་མ་དངུལ་སྒྱུར་སྤྲོད་བྱེད་རྒྱུ་གཞི་རིམ་ལ་འཁྱོག་པ། སྔོན་རྩིས་ལག་བསྟར་བྱེད་རྒྱུ་ཚད་ལྡན། གཞི་ཆེའི་དོ་དམ་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་ཐད་ཐོབ་པའི་གྲུབ་འབྲས་ལ་རྒྱུན་ལས་ཨུ་ལྷན་གྱིས་ཁས་ལེན་གང་ལེགས་བྱས་ཐོག སྔོན་རྩིས་བཟོ་སྒྲིག་བྱེད་རྒྱུ་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། སྔོན་རྩིས་གཅུན་འདོམས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ཆ་སྙོམས་རང་བཞིན་གྱི་མ་དངུལ་སྒྱུར་སྤྲོད་བྱེད་པའི་གཞི་ཁྱོན་ཆེ་རུ་གཏོང་རྒྱུ། གཙོ་ཆེའི་རྣམ་གྲངས་དང་གལ་ཆེའི་མ་དངུལ་ལ་རྩིས་བཤེར་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་རྒྱུ་སོགས་ཀྱི་ཐད་བསམ་འཆར་དང་གྲོས་འཆར་བཏོན་པར་བརྟེན། སྤྱིར་བཏང་རང་བཞིན་གྱི་མ་དངུལ་སྒྱུར་སྤྲོད་བྱེད་རྒྱུ་ཚད་ལྡན་ཅན་དང་ཁྲིམས་ལུགས་ཅན་དུ་གྱུར་རྒྱུར་སྐུལ་འདེད་ནུས་ལྡན་དང་། མ་དངུལ་བེད་སྤྱོད་པའི་ཕན་འབྲས་དང་གསལ་ཆ་ཆེ་རུ་སོང་ཡོད། གསུམ་ནི་དཔལ་འབྱོར་འཁོར་སྐྱོད་བྱས་ཚུལ་ལ་ལྟ་སྐུལ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་པ། རྒྱུན་ལས་ཨུ་ལྷན་གྱིས་ཚོང་དོན་ལས་དོན་གྱི་སྙན་ཞུ་ཉན་ནས་གྲོས་ཞིབ་བྱས་པ་དང་ཀྲུའུ་རེན་ཚོགས་འདུའི་ཐོག་ཁག་སོ་སོར་2010ལོའི་དུས་ཚིགས་གོང་མ་གསུམ་གྱི་དཔལ་འབྱོར་དུས་བབ་ལ་དབྱེ་ཞིབ་བྱེད་པའི་སྙན་ཞུ་ཉན་སྐབས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ནང་མཁོ་རྒྱ་ཆེར་གཏོང་རྒྱུའི་སྲིད་ཇུས་བྱ་ཐབས་ཁག་དོན་འཁྱོལ་བྱེད་རྒྱུ་དང་། འགག་སྒོ་འཛུགས་རྒྱུར་ཤུགས་སྣོན་རྒྱག་པ་སོགས་ཐད་ཀྱི་ཐོབ་པའི་གྲུབ་འབྲས་བཟང་པོར་ཁས་ལེན་གང་ལེགས་བྱས་ནས། ཀྲུང་དབྱང་གི་འཛད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་སྲིད་ཇུས་ལག་བསྟར་བྱེད་རྒྱུའི་གོ་སྐབས་དམ་པོར་བཟུང་བ་དང་། འཛད་སྤྱོད་ཀྱི་ཁོར་ཡུག་ལེགས་སུ་ཏན་ཏིག་བཏང་ནས་རང་བཟོས་ཐོན་རྫས་ཕྱིར་གཏོང་རྒྱ་ཆེར་ཐུབ་པའི་འབད་བརྩོན་ཧུར་ཐག་བྱས་ཏེ། ནང་མཁོ་རྒྱ་ཆེར་གཏོང་རྒྱུ་དེས་དཔལ་འབྱོར་འཕར་ཤུགས་ཆེ་རུ་གཏོང་རྒྱུའི་ནུས་པ་མུ་མཐུད་འདོན་སྤེལ་བྱེད་རྒྱུ་བཅས་ཀྱི་རེ་བ་བཏོན་པར་བརྟེན། དཔལ་འབྱོར་རྒྱུན་མཐུད་དང་བརྟན་ཞིང་ཅུང་མྱུར་བའི་སྒོ་ནས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་ཐུབ་པ་བྱུང་ཡོད།

        (གཉིས )གལ་ཆེའི་དོན་གནད་ཁག་ལ་ལྟ་སྐུལ་བྱེད་རྒྱུར་ཤུགས་སྣོན་ཏན་ཏིག་བརྒྱབ་པ། གཅིག་ནི་སྟོབས་ཤུགས་དང་དུས་ཚོད་གཅིག་སྡུད་བྱས་ཏེ། གྲོང་གསེབ་དང་འབྲོག་ཁུལ་དང་འབྲེལ་ཡོད་ལས་རིགས་ཁག་ཏུ་ཟབ་བསྐྱོད་ཀྱིས་ཆེད་དོན་བརྟག་ཞིབ་ནན་ཏན་བྱས་ནས། གཙོ་གནད་རྣམ་གྲངས་ལ་ལྟ་སྐུལ་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང་། ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་བསྒྱུར་བཅོས་བྱེད་རྒྱུར་སྐུལ་འདེད་གཏོང་རྒྱུ། གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོ་འགན་བཅོལ་གསར་པ་ཚགས་ཚུད་དུ་གཏོང་རྒྱུ། ལས་ཞུགས་བྱེད་རྒྱུར་སྐུལ་འདེད་དང་རྒྱ་ཆེར་གཏོང་རྒྱུ། རྒྱལ་གཅེས་རིང་ལུགས་དང་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་སྤེལ་རྒྱུར་ཤུགས་སྣོན་རྒྱག་རྒྱུ། རྩྭ་ཐང་གི་སྣོད་བཅུད་སྲུང་སྐྱོབ་ཀྱི་བྱ་དགའི་ལམ་སྲོལ་འཛུགས་རྒྱུའི་ཚོད་ལྟ་བྱེད་རྒྱུ་སོགས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལ། ཕྱོགས་6ཐད་ཀྱི་བསམ་འཆར་དང་གྲོས་འཆར་ཁག་25བཏོན་པས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་དང་། ལྗོངས་ཏང་ཨུད་ཀྱི་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་རྒྱུར་སྐུལ་འདེད་གཏོང་ཐུབ་པ་བྱུང་ཡོད། གཉིས་ནི་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་བཟོ་སྒྲིག་བྱས་ཚུལ་སྐོར་གྱི་སྙན་ཞུ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་བརྟག་ཞིབ་ཚོགས་ཆུང་གི་“ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་རྩ་གནད་བཟོ་སྒྲིག་བྱེད་རྒྱུའི་ལས་དོན་ཐད་ཀྱི་གནད་དོན་འགའ་ཞིག་གི་ཆེད་དོན་བརྟག་ཞིབ་བྱས་ཚུལ་གྱི་སྙན་ཞུ་ཉན་ནས་གྲོས་ཞིབ་བྱས་ཐོག དཔལ་འབྱོར་གྲུབ་ཆ་ལེགས་སྒྲིག་བྱེད་རྒྱུ་དང་། ཚན་རྩལ་རིག་འཕྲོད་བྱ་གཞག་གོང་འཕེལ་གཏོང་རྒྱུ། ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་དང་བརྟན་ལྷིང་སྲུང་སྐྱོབ་བྱེད་རྒྱུ། ཞིང་འབྲོག་ལས་གོང་འཕེལ་དང་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་སོགས་ཀྱི་ཐད་བསམ་འཆར་དང་གྲོས་འཆར་བཏོན་པས། རང་ལྗོངས་ཀྱི “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་རྩ་གནད་བཟོ་སྒྲིག་བྱེད་རྒྱུ་དང་། དེ་བཞིན་ས་གནས་གྲོང་ཁྱེར་གྱི་འཆར་འགོད་དང་ཆེད་དོན་འཆར་འགོད་བཟོ་རྒྱུར་གལ་ཆེའི་དཔྱད་གཞི་འདོན་ཐུབ་པ་བྱུང་ཡོད། གསུམ་ནི་རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར་གྲོང་རྡལ་གྱི་མ་ལག་འཆར་འགོད་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཞིང་། གྲོང་ཁྱེར་གྲོང་རྡལ་གྱི་མ་ལག་འཆར་འགོད་དང་ལྟེ་བའི་གྲོང་ཁྱེར་གྱི་འཆར་འགོད་བཟོ་སྒྲིག་བྱེད་རྒྱུ་མངོན་ཆེར་བཟུང་ནས། གྲོང་ཁྱེར་གྲོང་རྡལ་གྱི་རྒྱུ་གཙོ་ཆ་ཚང་དུ་གཏོང་བ་དང་། གྲོང་ཁྱེར་གྲོང་རྡལ་གྱི་བྱེད་ནུས་རྒྱ་ཆེར་གཏོང་བ། ཐོན་ལས་ཀྱི་འདེགས་སྐྱོར་ཆགས་པ་བཅས་བྱས་ནས། གྲོང་ཁྱེར་གྲོང་རྡལ་ཅན་དུ་འཛུགས་སྐྲུན་དང་ཚན་རིག་དང་མཐུན་པའི་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་ཤུགས་ཆེ་བྱེད་དགོས་པའི་ནན་བཤད་བྱས་ཡོད།

        (གསུམ )དམངས་འཚོའི་གནད་དོན་ལ་ལྟ་སྐུལ་བྱེད་རྒྱུར་ཤུགས་སྣོན་གང་ལེགས་བརྒྱབ་པ། གཅིག་ནི་འབྲོག་ལས་བཅའ་ཁྲིམས་དང་། ལས་རིགས་སློབ་གསོའི་བཅའ་ཁྲིམས། དེ་བཞིན་དེ་གཉིས་ལག་བསྟར་བྱ་ཐབས་བཅས་ཀྱི་ཁྲིམས་སྒྱུར་ཞིབ་བཤེར་བྱེད་རྒྱུའི་སྒྲིག་འཛུགས་བྱས་ནས། འབྲོག་ལས་ལ་རྒྱབ་སྐྱོར་དང་སྲུང་སྐྱོབ་བྱེད་རྒྱུའི་མ་ལག་འཛུགས་རྒྱུ་དང་ཚགས་ཚུད་དུ་གཏོང་རྒྱུ་དང་། འབྲོག་ལས་གོང་འཕེལ་གཏོང་སྟངས་ཁ་སྒྱུར་བྱེད་རྒྱུ། ལས་རིགས་སློབ་གསོའི་གཏོང་སྒོ་ཁྲིམས་ལུགས་གཞིར་བཟུང་འགན་ལེན་བྱེད་རྒྱུ། ལས་རིགས་སློབ་གསོའི་དགེ་རྒན་དཔུང་ཁག་ལེགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ་སོགས་ཀྱི་ཐད། བསམ་འཆར་དང་གྲོས་འཆར་བཏོན་ཡོད་པ་དེ་དག་གིས་ཞིང་འབྲོག་ལས་ཐོན་འཕར་ཡོང་རྒྱུ་དང་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཡོང་རྒྱུ། ཞིང་འབྲོག་མང་ཚོགས་ཀྱི་ངལ་རྩོལ་ནུས་རྩལ་མཐོ་རུ་གཏོང་རྒྱུ། ལས་ཞུགས་དང་ལས་ཞུགས་བསྐྱར་མར་སྐུལ་སྤེལ་གཏོང་རྒྱུ་བཅས་ལ་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད། གཉིས་ནི་བོད་ཀྱི་གཞུང་ལམ་འཛུགས་སྐྲུན་བྱེད་ཚུལ་སྐོར་གྱི་སྙན་ཞུ་ཉན་ཏེ་གྲོས་ཞིབ་བྱས་པ་མ་ཟད། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་ལ་གྲོས་ཞིབ་བྱས་པའི་བསམ་འཆར་དོན་འཁྱོལ་ནན་ཏན་གྱིས་བྱ་ཐབས་ནུས་ལྡན་སྤྱད་ནས་ལས་དོན་སྤེལ་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་མང་ཚོགས་འགྲུལ་སྐྱོད་དཀའ་བ་དང་མཐའ་རྒྱང་ཞིང་འབྲོག་ཁུལ་གྱི་དཔལ་འབྱོར་གོང་འཕེལ་གཏོང་རྒྱུར་འགྲིམ་འགྲུལ་གྱིས་འགོག་རྐྱེན་བཟོ་བ་སོགས་ཀྱི་གནད་དོན་ཐག་གཅོད་ཧུར་ཐག་བྱེད་དགོས་པའི་བླང་བྱ་བཏོན་ཡོད། གསུམ་ནི་ས་ཆ་དོ་དམ་བྱེད་ཕྱོགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་དོན་འཁྱོལ་བྱས་ཚུལ་གྱི་སྙན་ཞུ་དང་། འོས་སྐུལ་འོས་དཔོད་ཀྱི་བཅའ་ཁྲིམས་ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་བྱས་པའི་སྐོར་གྱི་རྒྱུན་ལས་ཨུ་ལྷན་ཁྲིམས་སྒྱུར་ཞིབ་བཤེར་ཙུའུ་ཡི་སྙན་ཞུ་ཉན་ཏེ་གྲོས་ཞིབ་བྱས་ནས་ས་ཞིང་སྲུང་སྐྱོབ་བྱེད་རྒྱུར་ཤུགས་སྣོན་གང་ལེགས་རྒྱག་རྒྱུ་དང་། ཁྲིམས་འགལ་གྱི་ས་ཆའི་དོན་རྐྱེན་རྩད་ཞིབ་ཐག་གཅོད་མཐའ་གཅིག་ཏུ་བྱེད་རྒྱུ། འོས་སྐུལ་འོས་དཔོད་ཀྱི་སྒྲིག་ལམ་སྔར་བས་ཚད་ལྡན་བཟོ་རྒྱུ་བཅས་ཀྱི་བླང་བྱ་བཏོན་ཡོད་པས་ས་ཆ་བསྡུ་ལེན་བྱེད་ཡུལ་མང་ཚོགས་ཀྱི་ལུགས་མཐུན་ཁེ་དབང་སྲུང་སྐྱོང་ཅུང་ཡག་ཙམ་བྱེད་ཐུབ་པ་བྱུང་ཡོད་ལ། སྒྲིག་གཡོལ་འོས་སྐུལ་དང་། འགན་གཙང་སྒྱུར་བགོས། ལྟ་སྐུལ་བྱེད་མཁན་དང་བྱ་ཡུལ་གཅིག་ཡིན་པ་སོགས་ཨར་སྐྲུན་ཁྱབ་ཁོངས་ནང་གི་སྒྲིག་འགལ་གྱི་བྱེད་སྤྱོད་བཀག་འགོག་གང་ཙམ་ཐུབ་ཡོད། བཞི་ནི་བུད་མེད་ཀྱི་ཁེ་དབང་འགན་སྲུང་བཅའ་ཁྲིམས་དང་དེའི་ལག་བསྟར་བྱ་ཐབས་ཀྱི་ཁྲིམས་སྒྱུར་ཞིབ་བཤེར་བྱས་ནས་ལས་ཞུགས་བྱེད་སྐབས་བུད་མེད་ལ་མཐོང་ཆུང་བྱེད་པ་དང་། ཁྱིམ་ཚང་གི་གཏུམ་སྤྱོད་ལ་སོགས་པའི་གནད་དོན་རིགས་འབྲེལ་ཡོད་སྡེ་ཚན་ལ་ལས་དོན་སྤེལ་སྟངས་སྔར་བས་ལེགས་བཅོས་བྱེད་རྒྱུའི་སྐུལ་འདེད་བཏང་བས་བུད་མེད་ཀྱི་ཁེ་དབང་འགན་སྲུང་ཐུབ་ཡོད།

        (བཞི )སྣོད་བཅུད་ཁོར་ཡུག་སྲུང་སྐྱོབ་དང་ལེགས་སྐྱོང་ཐད་ཀྱི་ལྟ་སྐུལ་བྱེད་རྒྱུར་ཤུགས་སྣོན་གང་ལེགས་བརྒྱབ་པ། “ཀྲུང་ཧྭ་ཡི་ཁོར་ཡུག་སྲུང་སྐྱོང་བྱེད་པའི་དུས་རབས་ལས་སྒོ་བོད་དུ་སྤེལ་བའི་”བྱེད་སྒོ་དེ་“དྲིལ་བསྒྲགས་སློབ་གསོ་སྤེལ་ལམ་”ནས་“ལྟ་སྐུ་ཞིབ་བཤེར་བྱེད་ལམ་”དུ་སྒྱུར་ཡོད། མི་སྣ་སྒྲིག་འཛུགས་བྱས་ཏེ་ས་གནས་(གྲོང་ཁྱེར )དང་རྫོང་(གྲོང་ཁྱེར་དང་ཆུད་)ཁག་གཅིག་དང་རྣམ་གྲངས་སྤེལ་ཡུལ་ཁག་43ལ་ཟབ་སྐྱོད་ཀྱིས་ལོ་གཉིས་ཙམ་རིང་གི་ཞིབ་བཤེར་བྱས་ནས་ཤེས་རྟོགས་བྱུང་བའི་གནད་དོན་དེ་དག་གཙོ་གནད་དུ་བཟུང་སྟེ་“ཕྱིར་མིག་ལྟ་བའི་”བྱེད་སྒོ་ནན་ཏན་སྤེལ་བ་དང་རིམ་ཁག་མི་དམངས་སྲིད་གཞུང་ལ་མངོན་ཆེའི་གནད་དོན་རིགས་མིང་བྱང་བཀལ་ནས་ལྟ་སྐུལ་ཞིབ་བཤེར་བྱེད་རྒྱུའི་སྐུལ་འདེད་བྱས་པར་བརྟེན་གྲོང་ཁྱེར་གྲོང་རྡལ་གྱི་འཐུང་ཆུའི་ཐོན་ཁུངས་སྲུང་སྐྱོབ་ནུས་ལྡན་བྱུང་ཡོད་པ་དང་། འགྱིགས་སྙིགས་ཀྱི་བཙོག་སྐྱོན་བཀག་འགོག་བྱས་འབྲས་སྔར་བས་སྲ་བརྟན་དུ་སོང་བ། གནས་ལྗོངས་དང་། གྲོང་ཁྱེར་གྲོང་རྡལ་གྱི་ཉེ་འཁོར། གྲོང་གསེབ་དང་འབྲོག་ཁུལ་བཅས་ཀྱི་ཁོར་ཡུག་ཕྱོགས་བསྡུསབཅོས་སྐྱོང་བྱེད་རྒྱུར་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་བཅས་རང་ལྗོངས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོབ་དང་ལེགས་སྐྱོང་བྱེད་རྒྱུར་སྐུལ་སྤེལ་ནུས་ལྡན་བྱུང་ཡོད།

        གསུམ། ཞབས་ཞུ་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་ནས་འཐུས་མིའི་ལས་དོན་སྒྲུབ་རྒྱུར་གོམ་སྟབས་གསར་པ་སྤོས་པ།

        ལོ་གཅིག་རིང་རྒྱུན་ལས་ཨུ་ལྷན་གྱིས་འཐུས་མིའི་ལས་དོན་ཡག་པོ་སྒྲུབ་རྒྱུ་དེ་མི་དམངས་འཐུས་ཚོགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་ཚགས་ཚུད་དུ་གཏོང་བའི་རྨང་གཞིའི་ལས་དོན་ལ་བརྩིས་ཏེ་དམ་འཛིན་བྱེད་རྒྱུ་མཐའ་འཁྱོངས་བྱས་པ་དང་ལས་ཀའི་ལམ་ལུགས་སྔར་བས་འཐུས་ཚང་དུ་བཏང་ནས་འཐུས་མིའི་གནས་བབ་ལ་བརྩི་འཇོག་གིས་ཞབས་ཞུ་འགན་ལེན་བྱེད་རྒྱུའི་ལས་དོན་ཏན་ཏིག་ངང་སྤེལ་བར་བརྟེན་འཐུས་མིའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་རྒྱུར་ཕན་སྐུལ་ནུས་ལྡན་ཐེབས་ཡོད།

        (གཅིག )འཐུས་མིས་རང་འགན་འཁྲི་སྒྲུབ་བྱེད་རྒྱུར་ཆ་རྐྱེན་ཧུར་ཐག་བསྐྲུན་པ། རྒྱུན་ལས་ཨུ་ལྷན་གྱིས་འཐུས་མི་གསོ་སྦྱོང་བྱེད་རྒྱུར་མཐོང་ཆེན་པོ་བྱེད་ཀྱི་ཡོད་ཅིང་། སྔ་རྗེས་སུ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་བོད་བཞུགས་འཐུས་མི་ཐེངས་བཞི་སྒྲིག་འཛུགས་བྱས་ཏེ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གཞུང་ལས་ཐིང་གིས་གཉེར་བའི་འབྲེལ་ཡོད་ཆེད་དོན་སློབ་སྦྱོང་གི་བྱེད་སྒོར་ཞུགས་པ་དང་། འཐུས་མིའི་ཆབ་སྲིད་ཀྱི་བྱང་ཚད་དང་། བཅའ་ཁྲིམས་ཀྱི་བྱང་ཚད། ཁྲིམས་ལུགས་གཞིར་བཟུང་རང་འགན་འཁྲི་སྒྲུབ་བྱེད་པའི་ནུས་པ་བཅས་སྔར་བས་མཐོ་རུ་སོང་ཡོད། རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ལས་དོན་ལ་འཐུས་མི་ཐེ་ཞུགས་བྱེད་རྒྱ་མུ་མཐུད་ཆེ་རུ་བཏང་ནས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་དང་། དེ་བཞིན་ཆེད་དོན་ཨུ་ཡོན་ལྷན་ཁང་དང་ལས་དོན་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ། ཆེད་དོན་ཚོགས་འདུ། བཞུགས་མོལ་ཚོགས་འདུ། རིགས་པས་ཁུངས་སྐྱེལ་ཚོགས་འདུ་བཅས་ལ་འབྲེལ་ཡོད་འཐུས་མི་གདན་ཞུ་བྱས་པ་མ་ཟད། ཁྲིམས་སྒྱུར་ཞིབ་བཤེར་དང་ཆེད་དོན་བརྟག་ཞིབ་ནང་ཞུགས་ནས་མི་དམངས་འཐུས་ཚོགས་ལས་དོན་གྱི་འཕེལ་ཤུགས་སྔར་བས་ཆེ་རུ་སོང་ཡོད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱིས་འཐུས་མི་ཚང་མར 《མི་དམངས་ཀྱི་བོད་ལྗོངས 》ཞེས་པའི་དུས་དེབ་དང་ཆ་འཕྲིན་དཔྱད་ཡིག་གཞན་དག་རིགས་བསྐུར་ནས་འཐུས་མི་རྣམས་ནས་གནས་ཚུལ་ཤེས་རྟོགས་དང་སྲིད་དོན་ཤེས་རྟོགས་ཡོང་ཆེད་དམིགས་ཕན་གྱི་ཞབས་ཞུ་སྒྲུབ་ཡོད།

        (གཉིས )འཐུས་མི་སྒྲིག་འཛུགས་བྱས་ནས་ཚོགས་འདུ་གྲོལ་བའི་རིང་ལ་བྱེད་སྒོ་ཧུར་ཐག་སྤེལ་བ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་བོད་བཞུགས་འཐུས་མི་རྣམས་སྔ་རྗེས་སུ་སྒྲིག་འཛུགས་བྱས་ཏེ་ལྷ་ས་དང་ལྷོ་ཁ་སོགས་ས་གནས་ཁག་གི་ཁེ་ལས་17དང་། སྤུ་ཧྲེང་། རྩ་མདའ་སོགས་མཐའ་མཚམས་རྫོང་4ལ་ཟབ་སྐྱོད་ཀྱིས་བཟོ་ལས་དང་མི་རིགས་ལག་ཤེས་གོང་འཕེལ་གཏོང་སྟངས་དང་། མཐའ་མཚམས་འཛུགས་སྐྱོང་བྱེད་ཕྱོགས། དགུན་ས་གནམ་ཐང་འཛུགས་སྐྲུན་དང་འཁོར་སྐྱོད་བྱས་ཚུལ་སོགས་ཐད་གཅིག་སྡུད་ལྟ་ཞིབ་དང་ལས་ཡུལ་དངོས་ལ་རྟོག་ཞིབ་བྱས་ནས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་ལ་གཙོ་གནད་དཔལ་འབྱོར་གྱི་མ་ལམ་དང་། མཐའ་མཚམས་འགག་སྒོ མཐའ་སྲུང་གཞུང་ལམ་བཅས་འཛུགས་སྐྲུན་བྱེད་རྒྱུ་བཅས་ལ་ཤུགས་སྣོན་རྒྱག་རྒྱུ་དང་། སྐྱས་སྤོས་འབྲོག་པའི་གཞིས་ཆགས་ལས་གཞི་སྐྲུན་རྒྱུ། གྲོང་གསེབ་ལ་རྫབ་རླངས་དང་ཉི་ནུས་བེད་སྤྱོད་བྱེད་རྒྱུ་སོགས་ཞིང་འབྲོག་ཁུལ་གྱི་སྲོལ་རྒྱུན་ནུས་རྒྱུ་ཚབ་སྤྱོད་ལས་གཞི་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ཐོན་འབབ་དམའ་འབྲིང་གི་ས་ཞིང་བསྒྱུར་བཅོས་དང་ཡུལ་སྐོར་གནས་ལྗོངས་གཙོ་གནད་ཀྱི་རྨང་གཞིའི་སྒྲིག་བཀོད་མགྱོགས་མྱུར་འཛུགས་སྐྲུན་བྱེད་རྒྱུ་སོགས་ཀྱི་ཐད་བསམ་འཆར་དང་གྲོས་འཆར་བཏོན་ཡོད་པས་འབྲེལ་ཡོད་ལས་དོན་ཏན་ཏིག་ངང་སྤེལ་རྒྱུར་ཕན་སྐུལ་ཐེབས་ཡོད། མི་དམངས་མང་ཚོགས་ཀྱིས་དོ་འཁུར་བྱེད་པའི་གླེང་ཆ་ཆེ་ཤོས་དང་དཀའ་གནད་ཆེ་ཤོས་ཀྱི་གནད་དོན་ལ་དམིགས་ཏེ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཁག་གཅིག་སྒྲིག་འཛུགས་བྱས་ནས་འཛུགས་སྐྲུན་ལས་གྲྭའི་འོས་སྐུལ་ལས་དོན་དང་2010ལོའི་སློབ་བསྡུའི་ལས་དོན་ལ་ལྟ་ཞིབ་བྱས་ཏེ་གནས་ཚུལ་ཤེས་རྟོགས་གཏིང་ཟབ་བྱས་པ་དང་འབྲེལ་གཙོ་གནད་དུ་བཟུང་ནས་ལྟ་སྐུལ་བྱས་ཡོད། དེ་དང་ཕྱོགས་མཚུངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ས་གནས་ཁག་གི་ལས་དོན་ཨུ་ཡོན་ལྷན་ཁང་གིས་ཀྱང་དཔལ་འབྱོར་གོང་འཕེལ་དང་། སྤྱི་ཚོགས་ཀྱི་བྱ་གཞག དམངས་འཚོ་ལེགས་བཅོས་སོགས་ཐད་ལ་འཐུས་མི་སྒྲིག་འཛུགས་བྱས་ནས་ལྟ་ཞིབ་དང་བརྟག་དཔྱད་ཞིབ་འཇུག་བྱེད་ཐེངས་7ལ་མི་ཐེངས་91ཟིན་ཞིང་། རྒྱུ་རྐྱེན་རྩད་ཞིབ་བྱེད་པ་དང་། གྲོས་འཆར་འདོན་པ། སྒྲུབ་སྐུལ་དམ་འཛིན་བྱེད་པ། དོན་འཁྱོལ་བྱེད་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་པ་བརྒྱུད་ས་གནད་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་ནུས་ལྡན་ཐེབས་ཡོད།

        (གསུམ )འཐུས་མིའི་གྲོས་འཆར་དང་། སྐྱོན་བརྗོད། བསམ་འཆར་བཅས་གཉེར་སྒྲུབ་ནན་ཏན་བྱས་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ཚོགས་འདུ་ཐེངས་གསུམ་པ་གྲོལ་རྗེས་རྒྱུན་ལས་ཨུ་ལྷན་གྱིས་འཕྲལ་མར་འཐུས་མིའི་གྲོས་འཆར་རྩིས་སྤྲོད་ཚོགས་འདུ་སྐོང་ཚོགས་བྱས་ནས་འཐུས་མིའི་གྲོས་འཆར་དང་། སྐྱོན་བརྗོད། བསམ་འཆར་བཅས་ཀྱི་རྩིས་སྤྲོད་ལས་དོན་ཏན་ཏིག་སྒྲུབ་རྒྱུའི་ཐད་བླང་བྱ་གསལ་པོ་བཏོན་ཡོད། ཞིབ་ཕྲའི་ལས་དོན་སྤེལ་ཕྱོགས་ཐད་ཕྱོགས་ཡོངས་ནས་སྒྲུབ་སྐུལ་བྱེད་རྒྱུ་དང་གཙོ་གནད་སྒྲུབ་སྐུལ་བྱེད་རྒྱུ་ཟུང་འབྲེལ་མཐའ་འཁྱོངས་བ་བྱས་ཐོག་གཅིག་གྱུར་མཐུན་སྦྱོར་དང་ཁག་དབྱེ་མཛུབ་ཁྲིད་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་རིམ་ཁག་སྲིད་གཞུང་ལ་འཐུས་མིའི་གྲོས་འཆར་དང་། སྐྱོན་བརྗོད། བསམ་འཆར་བཅས་གཉེར་སྒྲུབ་ནན་པོ་བྱེད་རྒྱུའི་སྐུལ་འདེད་བྱས་པ་དང་། ནང་མཁོ་རྒྱ་ཆེར་གཏོང་རྒྱུ་དང་། དམངས་འཚོ་ལེགས་བཅོས་བྱེད་རྒྱུ། སྒྲུབ་ཆ་ལེགས་སྒྲིག་བྱེད་རྒྱུ། “ཞིང་གསུམ ”ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་བཅས་དང་འབྲེལ་བ་ཡོད་པའི་འཐུས་མིའི་གྲོས་འཆར་ཁག་གཉེར་སྒྲུབ་བྱེད་པའི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་རྒྱུ་གཙོ་བོར་འཛིན་དགོས་པའི་སྐུལ་འདེད་བྱས་པ་མ་ཟད་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཁག་གཅིག་སྒྲིག་འཛུགས་བྱས་ནས་གྲོས་འཆར་གཉེར་སྒྲུབ་བྱས་ཚུལ་གཙོ་གནད་དུ་བཟུང་ནས་ཞིབ་བཤེར་བྱས་ཡོད། འཐུས་མིས་བཏོན་པའི་གྲོས་འཆར་དང་། སྐྱོན་བརྗོད། བསམ་འཆར་བཅས་ཁག་311ཡོད་པ་ཚང་མ་ད་ཕན་གྱི་དུས་བཀག་ནང་ལན་འདེབས་ཟིན་པ་དང་བཏོན་པའི་གནད་དོན་ཐག་གཅོད་བྱས་ཟིན་པ་དང་བྱེད་བཞིན་པ་ཁག་271ཡོད་པས་འཐུས་མིའི་གྲོས་འཆར་གྱི་སྤྱིའི་བསྡོམས་གྲངས་ཀྱི་87%ཟིན་པ་དང་གྲོས་འཆར་གཉེར་སྒྲུབ་ལས་དོན་ལ་འཐུས་མིས་བློ་མོས་བྱེད་ཚད་90%ཡན་ཟིན་གྱི་ཡོད།

        བཞི། མི་དམངས་འཐུས་ཚོགས་ཀྱི་དམིགས་བསལ་དགེ་མཚན་འདོན་སྤེལ་བྱས་ནས་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུར་ལེགས་སྐྱེས་གསར་པ་ཕུལ་བ།

        ལོ་གཅིག་རིང་། རྒྱུན་ལས་ཨུ་ལྷན་གྱིས་ཁ་ཕྲལ་ལ་ངོ་རྒོལ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་གལ་ཆེའི་དགོངས་དོན་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་མཐའ་གཅིག་ཏུ་བྱས་ཏེ། ཀྲུང་དབྱང་གིས་གཏན་འཁེལ་གནང་བའི་ཏཱ་ལ་རུ་ཚོགས་ཀྱི་ངོ་བོ་དང་འཐབ་རྩོད་མཛད་ཕྱོགས་ཤེས་རྟོགས་གནད་ལ་འཁེལ་པོ་བྱས་པ་དང་། ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་དང་བླང་བྱ་ནན་པོར་བཟུང་སྟེ། མི་དམངས་འཐུས་ཚོགས་ཀྱི་དམིགས་བསལ་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ནས། ཁ་ཕྲལ་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་དང་མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་བྱས་ཐོག བོད་འབྲེལ་གྱི་ཕྱི་དོན་ལས་ཀ་ཧུར་ཐག་སྤེལ་ནས་ལྗོངས་ཡོངས་ཀྱི་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུར་ལེགས་སྐྱེས་གསར་པ་ཕུལ་ཡོད། (གཅིག )བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ནན་ཏན་བསྒྲུབས་པ། ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་ལྟར་རྒྱུན་ལས་ཨུ་ལྷན་གྱིས་བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲིའི་ས་ཁུལ་དང་གཙོ་གནད་དགོན་སྡེར་མི་ཤུགས་ཆེ་ཙམ་བཏང་སྟེ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོ་སྤེལ་ཞིང་། གཞི་རིམ་དུ་བསྐྱོད་དེ་བརྟག་དཔྱད་ཞིབ་འཇུག་དང་། ཁྲིམས་འཛིན་ཞིབ་བཤེར། འགལ་ཟླ་དང་རྩོད་ཪྙོག་རྩད་བཤེར་འདུམ་གཅོད་བྱེད་པ་སོགས་ཀྱི་ཐོག་ནས་རིམ་ཁག་དང་སྡེ་ཚན་ཁག་ནས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ལས་དོན་ཡག་པོ་སྒྲུབ་དགོས་པའི་སྐུལ་ལྕག་དང་མཛུབ་ཁྲིད་བྱས་ཡོད། བོད་ཀྱི་ཡར་ལངས་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ་སོགས་ཀྱི་གལ་ཆེའི་བྱེད་སྒོ་དང་བསྟུན་ནས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ལས་ཁུངས་ཀྱི་ལས་བྱེད་ལས་བཟོ་རྣམས་སྒྲིག་འཛུགས་བྱས་ཏེ་རྣམ་པ་སྣ་ཚོགས་ཀྱི་བཞུགས་མོལ་ཚོགས་འདུ་དང་། དྲན་གསོའི་ཚོགས་འདུ། གླུ་གར་འཁྲབ་སྟོན་སོགས་ཀྱི་ནང་ཧུར་ཐག་ཞུགས་ནས “ཁ་ཕྲལ་ལ་ངོ་རྒོལ་བྱེད་པ་དང་། བརྟན་ལྷིང་སྲུང་སྐྱོང་བྱེད་པ། གོང་འཕེལ་ལ་སྐུལ་འདེད་གཏོང་བ ”བཅས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུའི་སློབ་གསོའི་བྱེད་སྒོ་ཟམ་མི་ཆད་པར་གཏིང་ཟབ་སྤེལ་ཡོད་པས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་བསམ་བློའི་རྨང་གཞི་སྔར་བས་བརྟན་དུ་སོང་ཡོད། རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཚོ་བའི་ནང་ཐོན་པའི་གཞི་མཐུན་ལ་གནོད་པའི་རྐྱེན་རྩར་དོ་སྣང་ཆེན་པོ་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཡིག་འབུལ་ཞུ་བཅར་ཁག་110ཡི་མི་ཐེངས་238བདག་སྤྲོད་བྱས་ཐོག ཡིག་འབུལ་ཞུ་བཅར་རིགས་གཉེར་སྒྲུབ་བྱེད་རྒྱུར་སྒྱུར་སྤྲོད་དང་། རྩིས་སྤྲོད། སྐུལ་ལྕག་བཅས་ཧུར་ཐག་བྱས་པ་དང་། སློབ་གསོ་དང་ཁྲིད་སྟོན་བྱེད་རྒྱུའི་ལས་ཀ་ཡག་པོ་བསྒྲུབས་ནས་མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱས་པ་དང་སྤྱི་ཚོགས་བརྟན་ལྷིང་ལ་གནོད་པའི་རྐྱེན་རྩ་ཐོན་བཟོ་ཡོད་རིགས་འཕྲལ་མར་མེད་པ་བཟོས་ཏེ་ལྗོངས་ཡོངས་གཞི་མཐུན་བརྟན་ལྷིང་ཡོང་བར་སྐུལ་འདེད་ཤུགས་ཆེ་བཏང་ཡོད།

        (གཉིས ) “གཞུང་གཅིག་ཁང་གཉིས ”ནས་སྤྱི་ཚོགས་བརྟན་ལྷིང་དང་གཞི་མཐུན་སྲུང་སྐྱོང་གི་ལས་ཀ་ཡག་པོ་བསྒྲུབ་རྒྱུར་རྒྱབ་སྐྱོར་དང་ལྟ་སྐུལ་བྱས་པ། བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས་ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་བྱས་སྐོར་གྱི་ཁྲིམས་འཛིན་ཞིབ་བཤེར་ཚོགས་ཆུང་གི་སྙན་ཞུ་ཉན་ཏེ་གྲོས་ཞིབ་བྱས་ནས། ཁྲིམས་འཛིན་མི་སྣའི་བྱང་ཚད་མཐོ་རུ་གཏོང་རྒྱུ་དང་། གཞི་རིམ་གྱི་རྩ་འཛུགས་ནུས་པ་འདོན་སྤེལ་བྱེད་རྒྱུ། སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ། དུས་བདེའི་བོད་ལྗོངས་སྐྲུན་རྒྱུར་སྐུལ་འདེད་གཏོང་རྒྱུ་བཅས་བྱེད་དགོས་པའི་ནན་བཤད་བྱས་ཡོད། དམངས་དོན་ལག་བསྟར་ལས་ཀར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་སྙན་ཞུ་ཉན་ནས་གྲོས་ཞིབ་བྱས་ཏེ། རིམ་ཁག་ཁྲིམས་ཁང་རང་ལྗོངས་ཀྱི་བསྒྱུར་བཅོས་དང་། གོང་འཕེལ། བརྟན་ལྷིང་བཅས་ཀྱི་དོན་ཆེན་ལ་དམིགས་ཏེ་ལག་བསྟར་ལས་ཀར་ཤུགས་སྣོན་རྒྱག་པ་དང་། ལག་བསྟར་བྱེད་སྟངས་གསར་གཏོད་བྱེད་པ། “ལག་བསྟར་བྱེད་ཁག་པའི ”གནད་དོན་ཐག་གཅོད་བྱེད་པ་བཅས་བྱས་ནས་སྤྱི་ཚོགས་ཀྱི་འགལ་ཟླ་ཧུར་ཐག་སེལ་རྒྱུར་རྒྱབ་སྐྱོར་བྱས་ཡོད། འགན་འཛོལ་བཙན་གནོད་རིགས་ལ་ཞིབ་དཔྱོད་ལས་དོན་སྤེལ་རྒྱུར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་སྙན་ཞུ་ཉན་ནས་གྲོས་ཞིབ་བྱས་ཏེ། རིམ་ཁག་ཞིབ་དཔྱོད་ཁང་ནས་འགན་འཛོལ་བཙན་གནོད་རིགས་ལ་ཞིབ་དཔྱོད་བྱེད་རྒྱུའི་ལས་དོན་ཏན་ཏིག་སྤེལ་ནས་འགན་འཛོལ་བཙན་གནོད་ཀྱི་ཉེས་གསོག་སྔོན་འགོག་དང་ཞིབ་བཤེར་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཏེ་དྲང་གཞག་བདེན་འཛིན་དང་སྤྱི་ཚོགས་གཞི་མཐུན་བརྟན་ལྷིང་ཡོང་བ་བྱེད་རྒྱུར་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད།

        (གསུམ )བོད་འབྲེལ་ཕྱི་དོན་ལས་ཀ་ནུས་ལྡན་ངང་ཧུར་ཐག་སྤེལ་ཡོད། རྒྱལ་ཁབ་ཀྱི་སྤྱི་ཡོངས་ཕྱི་འབྲེལ་ལ་བསྟུན་པ་དང་བོད་ཀྱི་གོང་འཕེལ་དང་བརྟན་ལྷིང་ལ་ཞབས་ཞུ་སྒྲུབ་པའི་རྩ་དོན་མཐའ་འཁྱོངས་བྱས་ཏེ་བོད་འབྲེལ་ཀྱི་ཕྱི་དོན་ལས་ཀ་ནན་ཏན་སྤེལ་ཡོད། ལོ་གཅིག་རིང་། ཚོགས་པ་ཁག་3ལ་མི་ཐེངས་17སྒྲིག་འཛུགས་བྱས་ནས་ཨའོ་སི་ཁྲུའུ་ལི་ཡ་དང་། འཇར་མན། ཨུ་རུ་སུ་སོགས་རྒྱལ་ཁབ་6ལ་མཚམས་འདྲིར་ཕྱིན་པ་དང་། ཁེ་ནེ་ཊ་དང་། ཨ་མེ་རི་ཁ། འཇར་པན་སོགས་རྒྱལ་ཁབ་5ཡི་ཀྲུང་གོར་ཡོང་བའི་བོད་སྐྱོད་མཚམས་འདྲི་ཚོགས་པ་ཁག་9ཡི་མི་ཐེངས་68ལ་སྣེ་ལེན་ཞུས་ཡོད། དེའང་ཞིབ་ཕྲའི་ལས་ཀའི་ནང་དྲང་ཕྱོགས་ནས་བོད་ལྗོངས་དྲིལ་བསྒྲགས་བྱེད་པ་དང་ཏཱ་ལ་རུ་ཚོགས་ལ་ཐེར་འདོན་བྱེད་པའི་གཙོ་བོའི་ལས་འགན་གཉིས་ལ་དམ་པོར་དམིགས་ནས་གསར་འགོད་པའི་སྣེ་ལེན་ཚོགས་འདུ་དང་། བཞུགས་མོལ་ཚོགས་འདུ། མཇལ་འཕྲད་གྲོས་མོལ་ཚོགས་འདུ་བཅས་ཚོགས་པ་དང་གསར་འགོད་པའི་བཅའ་འདྲི་དང་ལེན་བྱེད་པ་སོགས་ཀྱི་རྣམ་པའི་ཐོག་ནས་ནུབ་ཕྱོགས་གཙོ་གནད་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་དང་། འགོ་འཛིན་གཙོ་རིགས། ཕྱིར་སྡོད་ཀྲུང་གོ་བའི་འགོ་ཁྲིད། ཕྱིར་སྡོད་སྤུན་ཟླ། ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་སློབ་མ་བཅས་ཀྱི་ལས་ཀ་སྤེལ་རྒྱུ་གཙོ་གནད་དུ་བཟུང་སྟེ་རྒྱལ་སྤྱིའི་དགྲ་ཡའི་ཕྱོགས་གཏོགས་དང་ཏཱ་ལ་རུ་ཚོགས་ཀྱི་སྐུར་འབེབས་དང་ཚུར་རྒོལ་ལ་དགག་རྒྱག་རྒོལ་ལན་སློག་པ་དང་བོད་དུ་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་དང་། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་བསྟར་བྱས་པར་ཐོབ་པའི་གཡུར་ཟའི་འབྲས་བུ་དྲིལ་བསྒྲགས་ཤུགས་ཆེ་བྱས་པ་དང་། རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་བྱུང་བའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་དང་མི་རིགས་ཁག་གི་མི་དམངས་ཀྱི་བདེ་སྐྱིད་ཕུན་སུམ་ཚོགས་པའི་འཚོ་བ་གསར་པ་དྲིལ་བསྒྲགས་ཤུགས་ཆེ་བྱས་ཤིང་། རྒྱལ་ཁབ་ཀྱི་སྤྱི་ཡོངས་ཕྱི་འབྲེལ་ལ་གཞོགས་འདེགས་ནུས་ལྡན་བྱས་ཏེ་རྒྱལ་སྤྱིའི་ཐོག་རང་རྒྱལ་གྱི་སྐད་ཆ་ཤོད་དབང་ཆེ་རུ་བཏང་བ་དང་། རྒྱལ་སྤྱིའི་ཐོག་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་བག་ཆགས་ཆེ་རུ་བཏང་ཡོད།

        ལྔ། འགན་འཁྲི་སྒྲུབ་ནུས་ཆེ་རུ་བཏང་ནས་རང་ངོས་ལེགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་པ།

        ལོ་གཅིག་རིང་། རྒྱུན་ལས་ཨུ་ལྷན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་བཏོན་གནང་བའི “ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་དང་ལེགས་བཅོས་བྱས་ནས་བོད་ལྗོངས་བརྟན་ལྷིང་དང་དར་རྒྱས་གཏོང་རྒྱུའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས་པའི ”བླང་བྱར་གཞིར་བཟུང་། ཐོག་མཐའ་བར་གསུམ་དུ་མི་དམངས་འཐུས་ཚོགས་ཀྱི་ལས་ཀའི་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་པ་རྒྱུན་འཁྱོངས་བྱས་ཏེ། རང་ངོས་ལེགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་པ་དང་འགན་འཁྲི་སྒྲུབ་ནུས་ཆེ་རུ་བཏང་ནས་མི་དམངས་འཐུས་ཚོགས་ཀྱི་ལས་ཀ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་བྱེད་རྒྱུ་དང་ཆུ་ཚད་མཐོ་རུ་གཏོང་རྒྱུར་སྲ་ཞིང་བརྟན་པའི་ཆབ་སྲིད་ཀྱི་འགན་ལེན་དང་རྩ་འཛུགས་ཀྱི་འགན་ལེན་བྱས་ཡོད། གཅིག་ནི་སློབ་སྦྱོང་གི་ནུས་པ་ཟམ་མི་ཆད་པར་མཐོ་རུ་བཏང་ཡོད། སློབ་སྦྱོང་རྣམ་པ་པའི་ཏང་རྩ་འཛུགས་དང་སློབ་སྦྱོང་རྣམ་པའི་ལས་ཁུངས་འཛུགས་སྐྱོང་བྱེད་རྒྱུའི་བླང་བྱར་གཞིགས་ཏེ་མཉམ་སྡེབ་ཀྱི་སློབ་སྦྱོང་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་ཐོག རིགས་པའི་གཞུང་ལུགས་སློབ་སྦྱོང་གི་ཆེད་དོན་ཟུར་ཁྲིད་དང་ཁྲིམས་ལུགས་བཤད་ཁྲིད་བྱས་ཏེ་ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། མཛད་ཕྱོགས། སྲིད་ཇུས། ཆེད་ལས་ཤེས་བྱ་བཅས་སློབ་སྦྱོང་བྱས་ནས་མི་དམངས་འཐུས་ཚོགས་ལས་ཁུངས་ཀྱི་ལས་བྱེད་པའི་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་དང་ཕྱོགས་བསྡུས་བྱང་ཚད་མཐོ་རུ་ཧུར་ཐག་བཏང་ཡོད། དུས་མཚུངས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་རྒྱབ་སྐྱོར་ཐོབ་ཐབས་ཧུར་ཐག་བྱས་པ་དང་། ཨན་ཧུའི་དང་ཅང་ཤིའི་ཞིང་ཆེན་དུ་བོད་ལྗོངས་མི་དམངས་འཐུས་ཚོགས་ནོར་དཔལ་ལས་བྱེད་པའི་སྦྱོང་བརྡར་འཛིན་གྲྭ་ཐེངས་གསུམ་པ་གཉེར་བ་དང་རང་སྐྱོང་ལྗོངས་སྲིད་འཛིན་སློབ་གླིང་དང་མཉམ་འབྲེལ་ཐོག་གཞི་རིམ་མི་དམངས་འཐུས་ཚོགས་ལས་བྱེད་པའི་སྦྱོང་བརྡར་འཛིན་གྲྭ་གཉེར་ཞིང་། དེའི་ནང་མི་གྲངས་102ཞུགས་པས་མི་དམངས་འཐུས་ཚོགས་ཀྱི་ལས་བྱེད་པའི་ཕྱོགས་བསྡུས་བྱང་ཚད་སྔར་ལས་ལྷག་པའི་སྒོ་ནས་མཐོ་རུ་སོང་ཡོད། གཉིས་ནི་ཞིབ་འཇུག་བྱེད་ནུས་ཟམ་མི་ཆད་པར་ཆེ་རུ་བཏང་བ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་དང་ལྗོངས་ཏང་ཨུད་ཀྱི་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དང་དེ་མིན་གྱི་གལ་ཆེའི་ལས་འགན་དང་ཟུང་འབྲེལ་བྱས་ཏེ་བརྟག་ཞིབ་རྒྱ་ཆེ་གཏིང་ཟབ་བྱས་པའི་རྨང་གཞིའི་ཐོག་རིགས་པའི་གཞུང་ལུགས་ཞིབ་གྲོས་དང་བཞུགས་མོལ་གྲོས་བསྡུར་བྱེད་པ་སོགས་ཀྱི་ཐོག་ནས་ཇི་ལྟར་བྱས་ཏེ་མི་དམངས་འཐུས་ཚོགས་ཀྱི་འགན་ནུས་འདོན་སྤེལ་བྱེད་རྒྱུ་དང་། དུས་བབ་གསར་པའི་འོག་གི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཡག་པོ་སྤེལ་རྒྱུ། བོད་ལྗོངས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་བ་བྱེད་རྒྱུ་སོགས་གལ་ཆེའི་གནད་དོན་རིགས་ལ་ཞིབ་འཇུག་བྱེད་རྒྱུར་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ་རིགས་པའི་གཞུང་ལུགས་ཞིབ་འཇུག་བྱས་འབྲས་ཁག་4བཏོན་པ་དང་ཆེད་དོན་བརྟག་ཞིབ་སྙན་ཞུ་ཁག་13བཟོ་གྲུབ་བྱས་ཡོད་པས་ལས་ཀར་རང་འགུལ་བྱེད་སེམས་དང་སྔོན་མཐོང་རང་བཞིན་ཆེ་རུ་སོང་ཡོད། ནུབ་རྒྱུད་ས་ཁུལ་གྱི་མི་དམངས་འཐུས་ཚོགས་ནང་སྲིད་ཁྲིམས་འཛིན་ལས་དོན་བཞུགས་མོལ་ཚོགས་འདུ་ཚོགས་རྒྱུའི་འགན་འཁུར་ནས་ཡག་པོ་ཚོགས་ཐུབ་པ་བྱུང་བ་དང་། རྒྱལ་ཡོངས་དང་ཁུལ་ཁོངས་ཀྱི་སློབ་སྦྱོང་རྟོག་ཞིབ་དང་། ཞིབ་གྲོས་སྤེལ་རེས་ཀྱི་བྱེད་སྒོའི་ནང་ཧུར་ཐག་ཞུགས་ཏེ་མཉམ་མྱོང་སྤེལ་རེས་ཀྱི་དཔྱད་གཞིའི་ཡིག་རིགས་20ལྷག་ཙམ་བཏོན་ཡོད་པས་བསམ་བློ་བཅིངས་འགྲོལ་དང་འདུ་ཤེས་གསར་བརྗེས་བྱེད་རྒྱུར་སྐུལ་ལྕག་ཐེབས་པ་དང་། ལས་ཀ་དངོས་སྒྲུབ་པའི་ནུས་པ་དང་ཆུ་ཚད་མཐོ་རུ་སོང་ཡོད། གསུམ་ནི་གཅིག་གྱུར་འཆར་འགོད་ཀྱི་ནུས་པ་ཟམ་མི་ཆད་པར་མཐོ་རུ་བཏང་ཡོད། ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མི་དམངས་འཐུས་ཚོགས་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་མཉམ་སྡེབ་སྟོབས་ཤུགས་ལ་དམ་པོར་བརྟེན་ནས་ཀྲུའུ་རེན་ཚོགས་འདུ་དང་། མི་དམངས་འཐུས་ཚོགས་ལས་ཁུངས། “གཞུང་གཅིག་ཁང་གཉིས ”བཅས་ཀྱི་ལས་ཀའི་སྟོབས་ཤུགས་གཅིག་གྱུར་འཆར་འགོད་བྱེད་རྒྱུར་མཐོང་ཆེན་དང་། རིགས་གཅིག་མཁས་པ་དང་མཁས་དབང་། ཆེད་ལས་མི་སྣ་སོགས་སྤྱི་ཚོགས་ཀྱི་སྟོབས་ཤུགས་སྐོང་འཐེན་གང་ལེགས་བྱས་ཏེ་ཁྲིམས་བཟོ་བརྟག་ཞིབ་དང་། ཆེད་དོན་བརྟག་ཞིབ། ཁྲིམས་སྒྱུར་ཞིབ་བཤེར་བཅས་གཏིང་ཟབ་བྱས་པ་དང་། ཁྲིམས་སྲོལ་འཆར་ཟིན་དང་། ལས་དོན་སྙན་ཞུ། ཆེད་དོན་སྙན་ཞུ་ཉན་ཏེ་གྲོས་ཞིབ་བྱས་ནས། མི་དམངས་འཐུས་ཚོགས་ཀྱི་ལས་ཀའི་སྤུས་ཚད་དང་ཕན་ནུས་ཟམ་མི་ཆད་པར་གོང་མཐོར་བཏང་སྟེ། ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་གལ་ཆེའི་མཛད་ཇུས་བཀོད་སྒྲིག་རྣམས་ཁྲིམས་འཁོད་ཀྱི་གོ་རིམ་བཞིན་ལེགས་སྒྲུབ་ཡོང་རྒྱུར་འགན་ལེན་བྱས་ཡོད། བཞི་ནི་ལག་བསྟར་བྱེད་ནུས་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད། རྒྱུན་ལས་ཨུ་ལྷན་གྱིས་གལ་ཆེའི་གནད་དོན་དུས་ཐོག་ཏུ་ལྗོངས་ཏང་ཨུད་ལ་དགོངས་སྐོར་སྙན་ཞུ་ཕུལ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། མཉམ་སྡེབ་ཐོག་འགན་དབང་སྤྱོད་པ་དང་། ཁྲིམས་ལུགས་ལྟར་བྱ་བ་ནན་པོ་བསྒྲུབ་པ། སྤྱོད་ཚུལ་འགྱུར་ལྡོག་ཏན་ཏིག་གཏོང་བ། ལས་ཀ་དོན་འཁྱོལ་བྱེད་རྒྱུར་དམ་འཛིན་ནན་པོ་བཅས་བྱས་ཡོད། རྒྱུན་ལས་ཨུ་ལྷན་གྱིས་མིའི་ཐེངས་གྲངས་60ལྷག་ཙམ་སྣེ་ཁྲིད་དེ་བརྟག་དཔྱད་ཞིབ་འཇུག་དང་ཁྲིམས་སྒྱུར་ཞིབ་བཤེར་སོགས་ཀྱི་བྱེད་སྒོ་སྤེལ་ཡོད། ལས་ཁུངས་ཀྱི་སྔོན་གཏོད་ལེགས་བརྩོན་དང་། ནུས་ཕྱོད་ཆེར་སྐྱེད་ལོའི་བྱེད་སྒོ་ཏན་ཏིག་སྤེལ་ནས་ལས་ཀའི་འཇོན་ཐང་དང་བྱང་ཚད་མཐོ་རུ་གཏོང་རྒྱུར་ཤུགས་བརྒྱབ་པར་བརྟེན་ལས་ཁུངས་ཡོངས་ཀྱི་ཇུས་འདོན་ལས་རོགས་ནུས་པ་འདོན་སྤེལ་ལེགས་ཙམ་ཐུབ་ཡོད། མི་དམངས་འཐུས་ཚོགས་ཀྱི་གསར་འགྱུར་དྲིལ་བསྒྲགས་ལས་ཀར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། “ཚོགས་འདུ་གསུམ ”གྱི་དྲིལ་བསྒྲགས་བྱེད་ཚད་ཤུགས་ཆེར་བཏང་ནས་བཪྙན་འཕྲིན་རྒྱུན་མཐུད་ཆེད་དོན་འཁྲབ་ཚན་《མི་དམངས་ཀྱི་བོད་ལྗོངས་གསར་པ 》ཞེས་པ་པར་ལེན་ལེགས་གྲུབ་བྱུང་བ། 《བོད་ལྗོངས་མི་དམངས་འཐུས་ཚོགས་ཀྱི་རྣམ་བཤད 》རྩོམ་སྒྲིག་ལེགས་གྲུབ་བྱུང་ཡོད། མི་དམངས་འཐུས་ཚོགས་ལས་ཁུངས་ཀྱི་ལས་བྱེད་དཔུང་ཁག་འཛུགས་སྐྱོང་བྱེད་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་པ་དང་། གསར་བཙུགས་བྱས་པའི་མི་རིགས་དང་ཆོས་ལུགས། ཕྱི་དོན། ཕྱི་སྡོད་རང་མིའི་ལས་དོན་ཨུ་ཡོན་ལྷན་ཁང་དང་། ཁྲུའུ་དང་ཁང་6གི་འབྲེལ་ཡོད་ལས་དོན་བཅས་གོ་རིམ་ལྡན་པའི་སྒོ་ནས་སྤེལ་ཐུབ་པ་བྱུང་ཡོད།

        ལོ་གཅིག་ནང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་ལུགས་ལྟར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་། མཐོ་རིམ་མི་དམངས་ཁྲིམས་ཁང་། མི་དམངས་ཞིབ་དཔྱོད་ཁང་། མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་ཚན་པའི་ལས་བྱ་225བསྐོ་འཐེན་བྱས་ཡོད་པས། ས་གནས་ཀྱི་རྒྱལ་ཁབ་ལས་ཁུངས་རྒྱུན་ལྡན་བཞིན་འཁོར་སྐྱོད་བྱེད་རྒྱུར་རྩ་འཛུགས་ཀྱི་ཐོག་ནས་འགན་སྲུང་བྱས་ཡོད།

        འཐུས་མི་རྣམ་པ། འདས་ཟིན་པའི་ལོ་གཅིག་ནང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་ཐད་ལ་ཐོབ་པའི་གྲུབ་འབྲས་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཞུམ་པ་མེད་པའི་འགོ་ཁྲིད་བྱས་པ་ལས་བྱུང་བའི་འབྲས་བུ་ཡིན་པ་དང་། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི། མི་དམངས་འཐུས་ཚོགས་ཀྱི་ལས་ཁུངས། མི་དམངས་འཐུས་ཚོགས་ས་གནས་ལས་དོན་ཨུ་ཡོན་ལྷན་ཁང་། དེ་བཞིན་གྲོང་ཁྱེར་དང་རྫོང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་བཅས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་པའི་འབྲས་བུ་ཞིག་ཡིན་ལ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་། མཐོ་རིམ་མི་དམངས་ཁྲིམས་ཁང་། མི་དམངས་ཞིབ་དཔྱོད་ཁང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་རྒྱབ་སྐྱོར་བྱས་པ་ལས་བྱུང་བའི་འབྲས་བུ་ཞིག་ཀྱང་ཡིན། འདིར་ངས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ཏེ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

        གྲུབ་འབྲས་མཐོང་ཐུབ་པ་དང་ཆབས་ཅིག་ང་ཚོས་རིག་པ་དྭངས་གསལ་གྱི་སྒོ་ནས་ངོས་འཛིན་བྱེད་དགོས་པ་ཞིག་ནི་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་དེ་དུས་བབ་གསར་པའི་ལས་འགན་གསར་པའི་བླང་བྱ་དང་ཡོངས་སུ་མཐུན་དགོས་ཤིང་། ཁྲིམས་བཟོའི་སྤུས་ཚད་མཐོ་རུ་གཏོང་རྒྱུ་དང་། ལྟ་སྐུལ་གྱི་ཕན་འབྲས་ཤུགས་ཆེར་གཏོང་རྒྱུ། འཐུས་མིའི་ནུས་པ་འདོན་སྤེལ་བྱེད་རྒྱུ། གལ་ཆེའི་དོན་གནད་གཏན་འཁེལ་བྱེད་རྒྱུ་སོགས་ཐད་ཀྱི་ལྷུ་ཚིགས་ཞན་ས་ཐག་གཅོད་ཡག་པོ་བྱེད་རྒྱུར་ངེས་པར་དུ་ཤུགས་བརྒྱབ་སྟེ། མི་དམངས་མང་ཚོགས་ཀྱི་རེ་བཅོལ་གསར་པ་དང་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་དགོས་མཁོ་གསར་པ་སྔར་ལས་ལྷག་པའི་སྒོ་ནས་སྐོང་ཐུབ་པ་བྱེད་དགོས། ང་ཚོས་མི་དམངས་མང་ཚོགས་དང་མི་དམངས་འཐུས་མིའི་ལྟ་སྐུལ་རང་རྟོགས་ཀྱི་སྒོ་ནས་དང་ལེན་བྱེད་དགོས་པ་དང་སེམས་ཆུང་གི་སྒོ་ནས་ཕྱོགས་གང་ཐད་ཀྱི་བསམ་འཆར་ཉན་ཏེ་ལས་ཀར་ཤུགས་སྣོན་རྒྱག་པ་དང་ལེགས་བཅོས་ཟམ་མི་ཆད་པ་བྱས་ཏེ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་འདི་ཉིད་ས་གནས་ཀྱི་རྒྱལ་ཁབ་དབང་ཆའི་ལས་ཁུངས་ཡིན་པ་དང་། ཁྲིམས་ལུགས་ལྟར་འགན་འཁྲི་སྒྲུབ་མཁན་གྱི་ལས་དོན་ལས་ཁུངས་ཡིན་པ། མི་དམངས་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་མཁན་གྱི་འཐུས་མིའི་ལས་ཁུངས་ཡིན་པ་བཅས་ཀྱི་ངོས་ནས་ནུས་པ་སྔར་བས་ཡག་པ་འདོན་དགོས་ཀྱི་ཡོད།

        2011ལོའི་ལས་འགན་གཙོ་བོ།

        2011ལོ་ནི་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་90འཁོར་བ་དང་བོད་དུ་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་ལོ་ཞིག་ཡིན་ལ། “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ལག་བསྟར་བྱེད་རྒྱུ་འགོ་བརྩམ་པའི་ལོ་ཞིག་ཀྱང་ཡིན་པས་འདི་ལོའི་ལས་དོན་ཁག་ཡག་པོ་བསྒྲུབས་ནས “ལོ་ལྔ་ཚན་བཅུ་གཉིས་པ ”འགོ་ཡག་པོ་བརྩམས་པ་དང་གོམ་སྟབས་ཡག་པོ་སྤོས་ཏེ་2020ལོར་སླེབས་སྐབས་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་རྒྱུའི་བརྗིད་རླབས་ཆེ་བའི་དམིགས་ཚད་མངོན་གྱུར་བྱེད་ཆེད་རྨང་གཞི་སྲ་ཞིང་བརྟན་པ་ཞིག་འདིང་རྒྱུར་གལ་འགངས་ཤིན་ཏུ་ཆེ་བའི་དོན་སྙིང་ལྡན་ཡོད། འདི་ལོའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་ཀའི་སྤྱི་ཡོངས་ཀྱི་བླང་བྱ་ནི། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཐོག་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་“མཚོན་བྱེད་གསུམ ”གྱི་གལ་ཆེའི་དགོངས་པས་མཛུབ་ཁྲིད་བྱེད་རྒྱུ་རྒྱུན་འཁྱོངས་ཀྱིས་ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ། ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་ལས་དོན་ཚོགས་འདུ། དེ་བཞིན་ལྗོངས་ཏང་ཨུད་ཀྱི་སྐབས་བདུན་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་རྒྱུ་དང་། མི་དམངས་ཀྱི་རང་ཐག་རང་གཅོད་བྱེད་རྒྱུ། རྒྱལ་ཁབ་ཁྲིམས་བཞིན་སྐྱོང་རྒྱུ་བཅས་གཅིག་གྱུར་གང་ལེགས་ཡོང་བ་བྱས་ཐོག་བོད་འདི་ཉིད་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་འདེད་གཏོང་རྒྱུའི་བརྗོད་དོན་གཙོ་བོ་འདིར་དམ་པོར་བསྟུན་ནས་དཔལ་འབྱོར་གོང་འཕེལ་གཏོང་སྟངས་འགྱུར་བ་གཏོང་རྒྱུ་དང་། དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་རྒྱུ། སྤྱི་ཚོགས་གཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུ། ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་སྣོན་རྒྱག་རྒྱུ་སོགས་ཀྱི་གཙོ་གནད་ལ་དམ་པོར་དམིགས་ཏེ་ཁྲིམས་བཟོ་དང་། ལྟ་སྐུལ། དེ་བཞིན་འཐུས་མིའི་ལས་དོན་བཅས་སྤེལ་ཤུགས་ཆེ་རུ་བཏང་ནས་འབྱོར་འབྲིང་བོད་ལྗོངས་དང་། དུས་བདེའི་བོད་ལྗོངས། གཞི་མཐུན་བོད་ལྗོངས། སྣོད་བཅུད་བཟང་པའི་བོད་ལྗོངས་བཅས་སྐྲུན་རྒྱུར་རྒྱལ་ཁ་གསར་པ་ཐོབ་རྒྱུའི་འབད་བརྩོན་བྱེད་རྒྱུ་ཡིན།

        གཅིག ཁྲིམས་བཟོའི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་སྟེ་བསྒྱུར་བཅོས་དང་། གོང་འཕེལ། བརྟན་ལྷིང་བཅས་ཡོང་བར་ཁྲིམས་ལུགས་ཐད་ནས་འགན་སྲུང་ནུས་ལྡན་བྱེད་རྒྱུ།

        མིག་སྔར་རང་ལྗོངས་ཀྱི་ཁྲིམས་ལུགས་ལས་དོན་དེ་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པ་ཞིག་གི་ཐོག་སླེབས་ཡོད། བསྒྱུར་བཅོས་དང་། གོང་འཕེལ། བརྟན་ལྷིང་བཅས་ལ་ཁྲིམས་བཟོའི་ཐོག་ནས་ཁྲིད་སྟོན་དང་། ཚད་ལྡན། འགན་སྲུང་། སྐུལ་འདེད་བཅས་བྱེད་རྒྱུའི་ནུས་པ་སྔར་བས་འདོན་སྤེལ་བྱེད་པར་ངེས་པར་དུ་འགོ་འཛུགས་ས་གསར་པའི་ཐོག་ནས་གནས་ཚུལ་གསར་པར་ཞིབ་འཇུག་དང་། བྱ་ཐབས་གསར་པ་སྤྱད་དེ་གནད་དོན་གསར་པ་ཐག་གཅོད་བྱས་ནས་ཁྲིམས་བཟོ་རྒྱུ་དེ་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་གལ་ཆེའི་མཛད་ཇུས་བཀོད་སྒྲིག་ལག་བསྟར་བྱེད་རྒྱུ་དང་ནུས་ལྡན་གྱིས་ཟུང་འབྲེལ་ཏན་ཏིག་བྱས་ནས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཕན་ཚུན་ཆ་ལག་ཚང་སྒྲིག་དང་། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུ་དང་ཕན་ཚུན་འཚམ་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གང་མགྱོགས་བཟོ་བ་དང་ཆ་ཚང་དུ་གཏོང་དགོས། དེ་ཡང་གཅིག་ནི་དཔལ་འབྱོར་ཐད་ཀྱི་ཁྲིམས་བཟོ་བྱེད་ཕྱོགས། གྱོད་འབྲེལ་རྒྱུ་ནོར་གྱི་རིན་གོང་དཔྱད་སྡོམ་དཔང་འདོན་དོ་དམ་སྲོལ་ཡིག་བཟོ་རྒྱུ་དང་། བསྡོམས་རྩིས་བཅའ་ཁྲིམས་ཀྱི་ལག་བསྟར་བྱ་ཐབས་བཟོ་བཅོས་རྒྱག་རྒྱུ། ཞིང་ལས་བཅའ་ཁྲིམས་ཀྱི་ལག་བསྟར་བྱ་ཐབས་དང་སྲིད་གཞུང་ནས་མ་འཇོག་བྱས་པའི་ལས་གྲྭའི་འཛུགས་སྐྲུན་རྣམ་གྲངས་ལ་འོས་སྐུལ་འོས་དཔོད་བྱེད་པའི་དོ་དམ་སྲོལ་ཡིག་བཟོ་རྒྱུའི་སྔོན་གྲབས་ལས་དོན་ཡག་པོ་སྒྲུབ་རྒྱུ་བཅས་ཡིན། གཉིས་ནི་སྤྱི་ཚོགས་ཁྱབ་ཁོངས་ཐད་ཀྱི་ཁྲིམས་བཟོ་བྱེད་ཕྱོགས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཆར་འགོད་བཅའ་ཁྲིམས་ཀྱི་ལག་བསྟར་བྱ་ཐབས་དང་རྒྱལ་སྲུང་སྐུལ་སློང་བཅའ་ཁྲིམས་ཀྱི་ལག་བསྟར་བྱ་ཐབས་བཟོ་རྒྱུ་དང་། ཚན་རིག་ལག་རྩལ་ཡར་ཐོན་བཅའ་ཁྲིམས་ཀྱི་ལག་བསྟར་བྱ་ཐབས་ལ་བཟོ་བཅོས་རྒྱག་རྒྱུ། བཟའ་བཅའ་བཟོ་མཁན་བཟོ་ཁང་ཆུང་གྲས་དང་བཟའ་བཅའི་སྐྱས་ཁྲོམ་བཏོན་ནས་ཚོང་མཁན་གྱི་དོ་དམ་བྱ་ཐབས་དང་། སྦྲག་ལས་སྲོལ་ཡིག་བཟོ་རྒྱུ། དེ་བཞིན་མཐའ་མཚམས་དོ་དམ་སྲོལ་ཡིག་བཟོ་བཅོས་རྒྱག་རྒྱུའི་སྔོན་གྲབས་ལས་དོན་ཡག་པོ་སྒྲུབ་རྒྱུ་བཅས་ཡིན། གསུམ་ནི་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་ཁྲིམས་བཟོ་བྱེད་ཕྱོགས། གནམ་གཤིས་ཀྱི་མཐུན་རྐྱེན་སྲོལ་ཡིག་བཟོ་རྒྱུ་དང་། ཆུའི་བཅའ་ཁྲིམས་ཀྱི་ལག་བསྟར་བྱ་ཐབས་དང་ཡོམ་ཟོན་གེགས་སེལ་བཅའ་ཁྲིམས་ཀྱི་ལག་བསྟར་བྱ་ཐབས་བཟོ་བཅོས་རྒྱག་རྒྱུ་ཡིན། བཞི་ནི་དམངས་གཙོ་ཆབ་སྲིད་ལེགས་སྐྱོང་བྱེད་རྒྱུའི་ཐད་ཀྱི་ཁྲིམས་བཟོ་བྱེད་ཕྱོགས། ཡུལ་མི་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་བཅའ་ཁྲིམས་ཀྱི་ལག་བསྟར་བྱ་ཐབས་དང་། འཐུས་མིའི་བཅའ་ཁྲིམས་ཀྱི་ལག་བསྟར་བྱ་ཐབས། མི་དམངས་འཐུས་མི་ཚོགས་ཆེན་གྱི་འདེམས་བསྐོའི་ལག་བསྟར་ཞིབ་སྲོལ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་བསྲུང་བྱ་བཅས་ལ་བཟོ་བཅོས་རྒྱག་རྒྱུ། ལྔ་ནི་ཁྲིམས་སྲོལ་ཞིབ་མཆན་འགོད་རྒྱུ་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆ་སྙན་དཔོད་ཞིབ་བཤེར་བྱེད་རྒྱུའི་ལས་དོན་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་བཟོ་འབེབས་བྱེད་པའི་ལས་རིམ་ཙམ་མ་ཟད་ནང་དོན་དངོས་ཀྱི་ཐད་ནས་ཁྲིམས་སྲོལ་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆའི་ཁྲིམས་མཐུན་རང་བཞིན་ལ་ཞིབ་བཤེར་ནན་པོ་བྱེད་རྒྱུ། ཁྲིམས་བཟོའི་ལས་དོན་ཐད་འཕྲལ་མཁོ་སྔོན་དུ་འཛུགས་རྒྱུ་རྒྱུན་འཁྱོངས་བྱེད་དགོས་ལ། སྤུས་ཚད་ལེགས་སུ་གཏོང་རྒྱུར་ཡང་མཐོང་ཆེན་བྱེད་དགོས། མི་དམངས་འཐུས་མི་དང་རྒྱུན་ལས་ཨུ་ལྷན་གྱི་ཁོངས་མི་དང་། དེ་བཞིན་ཀྲུའུ་རེན་ཚོགས་འདུ་དང་། ཆེད་དོན་ཨུ་ཡོན་ལྷན་ཁང་། ལས་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱི་ནུས་པ་འདོན་སྤེལ་སྔར་ལས་ལྷག་པ་བྱས་ཏེ་ཁྲིམས་སྲོལ་འཆར་ཟིན་ལ་ཞིབ་བཤེར་དང་གྲོས་ཞིབ་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ། སྲིད་གཞུང་དང་དེའི་འགན་ནུས་སྡེ་ཚན་གྱིས་ཁྲིམས་བཟོ་བའི་ཧུར་སེམས་སྐུལ་སློང་གང་ལེགས་བྱས་ནས་ཁྲིམས་སྲོལ་གྱི་འཆར་ཟིན་ཟིན་འགོད་བྱེད་རྒྱུའི་ནང་སྤྱི་ཚོགས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་གོ་རིམ་ལྡན་པའི་ངང་དེའི་ནང་ཞུགས་རྒྱུའི་ཁྲིད་སྟོན་བྱས་ཏེ་རིགས་པས་ཁུངས་སྐྱེལ་དང་། བརྟག་ཞིབ། བསམ་འཆར་བསྡུ་ལེན། དེ་བཞིན་ཁྲིམས་བཟོས་རྗེས་ཀྱི་ཚོད་སྐོར་ལས་དོན་བཅས་གཏིང་ཟབ་སྤེལ་ཐོག་ཚན་རིག་དང་མཐུན་པའི་ཁྲིམས་བཟོ་རྒྱུ་དང་དམངས་གཙོ་ལྡན་པའི་ཁྲིམས་བཟོ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་རྒྱུ་ཡིན།

        གཉིས། ལྟ་སྐུལ་གྱི་འགན་ནུས་ཤུགས་ཆེར་བཏང་སྟེ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་སྔར་ལས་ཡག་པ་དང་། སྔར་ལས་མགྱོགས་པ། སྔར་ལས་ཆེ་བ་བཅས་ཡོང་བར་སྐུལ་འདེད་གཏོང་རྒྱུ།

        ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་གལ་ཆེའི་མཛད་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་རྒྱུར་སྐུལ་སྤེལ་གཏོང་རྒྱུ་དང་། སྲིད་འཛིན་ཁྲིམས་བཞིན་སྐྱོང་བ་དང་ཁྲིམས་འཛིན་དྲང་གཞག་ལ་སྐུལ་འདེད་གཏོང་རྒྱུ། འདྲ་མཉམ་དྲང་བདེན་སྲུང་སྐྱོང་བྱེད་རྒྱུ་བཅས་ནི་མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་ལས་དོན་གྱི་གཙོ་གནད་ཡིན། རང་ལྗོངས་ཀྱི་དཔལ་འབྱོར་འཛུགས་སྐྲུན་དང་། སྤྱི་ཚོགས་གོང་འཕེལ། དམངས་འཚོ་ལེགས་བཅོས། དེ་བཞིན་ཁོར་ཡུག་སྲུང་སྐྱོབ་བཅས་བྱེད་རྒྱུའི་ལས་དོན་ཁྲོད་ཀྱི་མངོན་ཆེའི་གནད་དོན་རིགས་དམ་པོར་བཟུང་སྟེ་ལྟ་སྐུལ་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་རྒྱུ། དེ་ཡང་གཅིག་ནི་ཚན་རིག་དང་མཐུན་པའི་གོང་འཕེལ་དང་མཆོང་སྐྱོད་ལྟ་བུའི་གོང་འཕེལ་གཏོང་རྒྱུའི་དགོས་མཁོ་དང་འཚམ་པ་བྱས་ཏེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་འགོད་དང་། ནོར་སྲིད་སྔོན་རྩིས་དོན་འཁྱོལ་བྱས་ཚུལ། 2010ལོའི་ནོར་སྲིད་ངེས་རྩིས། དེ་བཞིན་རྩིས་བཤེར་དང་། བཟོ་ལས་དང་ཆ་འཕྲིན་ལས་དོན་གྱི་སྙན་ཞུ་བཅས་ཉན་ནས་གྲོས་ཞིབ་བྱེད་རྒྱུ། “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ལག་བསྟར་བྱས་ཚུལ་ལ་ལྟ་སྐུལ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ། འོས་སྐུལ་འོས་དཔོད་བཅའ་ཁྲིམས་དང་རྩིས་བཤེར་བཅའ་ཁྲིམས་ཀྱི་ཁྲིམས་སྒྱུར་ཞིབ་བཤེར་བྱས་པའི་ནང་བཏོན་པའི་བཅོས་སྒྲིག་བསམ་འཆར་དོན་འཁྱོལ་བྱས་ཚུལ་ལ་ཕན་འབྲས་ཇི་ཐོན་འགན་འདེད་བྱས་ནས་དཔལ་འབྱོར་འཁོར་སྐྱོད་བྱས་ཚུལ་གྱི་བརྟག་ཞིབ་སྤེལ་བ་དང་། ཁྱད་ལྡན་ལེགས་ཆ་འདོན་སྤེལ་བྱེད་རྒྱུར་སྐུལ་འདེད་གཏོང་བ། གོང་འཕེལ་གཏོང་སྟངས་གང་མགྱོགས་འགྱུར་བ་བཅས་བྱས་ཏེ་གོང་འཕེལ་གཏོང་ནུས་ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུ་ཡིན། གཉིས་ནི་གཞི་མཐུན་ངང་གོང་འཕེལ་དང་སྤྱི་ཚོགས་བརྟན་ལྷིང་ལ་སྐུལ་འདེད་གཏོང་རྒྱུའི་དགོས་མཁོ་དང་འཚམ་པ་བྱས་ཏེ་ཚན་རྩལ་ཡར་ཐོན་གྱི་ལས་དོན་དང་། “ལོ་ལྔ་ཚན་ལྔ་པའི ”ཁྲིམས་ལུགས་ཁྱབ་གདལ་བྱས་ཚུལ་གྱི་སྙན་ཞུ་ཉན་ནས་གྲོས་ཞིབ་བྱེད་རྒྱུ། རྒྱལ་སྲུང་སློབ་གསོའི་བཅའ་ཁྲིམས་ཀྱི་ལག་བསྟར་བྱས་ཚུལ་ལ་ཁྲིམས་སྒྱུར་ཞིབ་བཤེར་བྱེད་རྒྱུ། འགན་བབས་སློབ་གསོའི་བཅའ་ཁྲིམས་ཀྱི་ལག་བསྟར་བྱས་ཚུལ་དང་། བྱིས་པའི་སློབ་གསོ་སྤེལ་ཚུལ། མི་འབོར་ཅུང་ཉུང་བའི་མི་རིགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་བཏང་ཚུལ་བཅས་ལ་བརྟག་ཞིབ་བཅས་བྱས་ཐོག་སྤྱི་ཚོགས་ཕྱོགས་ཡོངས་ནས་གོང་འཕེལ་དང་། མཐུན་སྦྱོར་ངང་གོང་འཕེལ། གཞི་མཐུན་ངང་གོང་འཕེལ་བཅས་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན། གསུམ་ནི་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་རྒྱུའི་དགོས་མཁོ་དང་འཚམ་པ་བྱས་ཏེ་ཞིང་འབྲོག་ལས་ཐོན་ལས་ཅན་དུ་གྱུར་ཚུལ་སྙན་ཞུ་ཉན་རྒྱུ་དང་། ཞིང་ལས་ལ་ཤུགས་སྣོན་དང་ཞིང་པར་ཕན་སྦྱར་གྱི་སྲིད་ཇུས་དོན་འཁྱོལ་བྱས་ཚུལ་ལ་བརྟག་ཞིབ་བྱེད་རྒྱུ་ཡིན། བཞི་ནི་ཁོར་ཡུག་སྲུང་སྐྱོབ་དང་སྣོད་བཅུད་ཤེས་དཔལ་ལྡན་པ་གཏོད་རྒྱུའི་དགོས་མཁོ་དང་འཚམ་པ་བྱས་ཏེ “ཀྲུང་ཧྭའི་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་དུས་རབས་ཀྱི་ལས་སྒོ་བོད་དུ་སྤེལ་རྒྱུའི ”ལྟ་སྐུལ་ཞིབ་བཤེར་བྱེད་སྒོ་མུ་མཐུད་སྤེལ་ནས་གཙོ་གནད་ཁུལ་ཁོངས་དང་། དམིགས་བསལ་ལས་རིགས། གཙོ་གནད་འཛུགས་སྐྲུན་རྣམ་གྲངས་བཅས་ཀྱི་ཁོར་ཡུག་སྲུང་སྐྱོབ་ལས་དོན་ལ་ལྟ་སྐུལ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ “གནས ”ཀྱི་གསར་སྤེལ་ཚད་ལྡན་བཟོ་བ་དང་“ཁྱོན་ཡོངས ”ཀྱི་སྲུང་སྐྱོབ་ལ་སྐུལ་འདེད་བྱེད་རྒྱུ། བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་བྱས་ཚུལ་དང་། གཙོ་གནད་ལས་དོན་དང་གཙོ་ཆེའི་ལས་འགན་ལ་ཆེད་དོན་འདྲི་རྩད་དང་ཆེད་དམིགས་གནད་དོན་བརྟག་ཞིབ་སོགས་བྱེད་པའི་བྱ་ཐབས་ལ་བརྟེན་ནས་ལྟ་སྐུལ་བྱེད་རྒྱུ། ལྟ་སྐུལ་ཞིབ་བཤེར་བྱེད་རྒྱུའི་རྗེས་འདེད་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། དེའི་ནང་འཕྲལ་མར་ཞུགས་པ་དང་། མྱུར་དུ་སྤེལ་བ། ཏན་ཏིག་ངང་སྐུལ་སྤེལ་བཅས་གཏོང་ཐུབ་པ་བྱེད་རྒྱུ། མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་དེ་གླེང་ཕྱོགས་ཀྱི་ལྟ་སྐུལ་དང་མང་ཚོགས་ཀྱི་ལྟ་སྐུལ་དང་ཟུང་འབྲེལ་དམ་ཟབ་བྱས་ནས་ལྟ་སྐུལ་གྱི་ཕན་འབྲས་དངོས་ཐོན་ཤུགས་ཆེ་རུ་གཏོང་རྒྱུ་ཡིན།

        གསུམ། འཐུས་མིའི་ལས་དོན་ལ་ལེགས་བཅོས་སྔར་ལས་ལྷག་པ་བྱས་ཏེ་འཐུས་མིའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་རྒྱུ།

        མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ནི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཡག་པོ་སྒྲུབ་མཁན་གྱི་གལ་ཆེའི་སྟོབས་ཤུགས་ཤིག་ཡིན་པས་བྱེད་སྒོ་སྤེལ་ཐབས་ལ་ལེགས་བཅོས་དང་། འཐུས་མི་དང་འབྲེལ་བ་དམ་ཟབ་བྱས་ནས་འཐུས་མིས་འགན་འཁྲི་སྒྲུབ་པར་ཞབས་འདེགས་སྔར་ལས་ཡག་པ་ཞུ་དགོས་ཀྱི་ཡོད། དེ་ཡང་གཅིག་ནི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་དང་། ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་གི་ཚོགས་འདུ། ལས་དོན་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ། དེ་བཞིན་ཁྲིམས་བཟོ་བརྟག་ཞིབ་དང་། ཁྲིམས་སྒྱུར་ཞིབ་བཤེར། ཆེད་དོན་ཞིབ་བཤེར་སོགས་ཀྱི་ལས་དོན་ནང་འཐུས་མི་གདན་འདྲེན་ཞུས་ཏེ་ཟུར་ཞུགས་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས་འཐུས་མིའི་ནུས་པ་སྔར་ལས་ལྷག་པ་འདོན་སྤེལ་བྱེད་རྒྱུ་ཡིན། གཉིས་ནི་འགན་སྲུང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། ཞབས་ཞུའི་བྱེད་སྟངས་ལེགས་བཅོས་བྱེད་པ། འཐུས་མིའི་ཚོགས་ཆུང་གི་བྱེད་སྒོའི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱས་ཏེ་འཐུས་མིའི་གཅིག་སྡུད་རྟོག་ཞིབ་དང་ཆེད་དོན་བརྟག་ཞིབ་བྱེད་སྒོ་ཏན་ཏིག་ངང་སྤེལ་རྒྱུ་དང་། འཐུས་མི་ཐག་ཉེ་སར་རྟོག་ཞིབ་བྱེད་རྒྱུའི་ཞབས་ཞུ་ཧུར་ཐག་སྒྲུབ་རྒྱུ། འཐུས་མིས་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གི་ལས་དོན་དང་སློབ་མ་བསྡུ་རྒྱུ་སོགས་ཀྱི་ལས་དོན་ལ་རྟོག་ཞིབ་བྱེད་རྒྱུ་མུ་མཐུད་སྒྲིག་འཛུགས་བྱས་ཏེ་འཐུས་མིའི་ནུས་པ་འདོན་སྤེལ་བྱེད་རྒྱུའི་ཁྱབ་ཁོངས་རྒྱ་ཆེར་གཏོང་རྒྱུ་བཅས་ཡིན། གསུམ་ནི་འཐུས་མིའི་གྲོས་གཞི་དང་། གྲོས་འཆར། སྐྱོན་བརྗོད། བསམ་འཆར་བཅས་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་སྟེ་གྲོས་གཞི་དང་། གྲོས་འཆར། སྐྱོན་བརྗོད། བསམ་འཆར་བཅས་ཁག་གཅིག་ལ་གཙོ་གནད་དུ་སྒྲུབ་སྐུལ་བྱས་ནས་གཉེར་སྒྲུབ་སྤུས་ཚད་ལེགས་སུ་གཏོང་བ་དང་གནད་དོན་ཐག་གཅོད་བྱེད་རྒྱུར་འདེད་སྐུལ་གཏོང་རྒྱུ་ཡིན། བཞི་ནི་གསར་དུ་བཟོ་བཅོས་བརྒྱབ་པའི་འདེམས་སྒོའི་བཅའ་ཁྲིམས་དང་འཐུས་མིའི་བཅའ་ཁྲིམས་སློབ་སྦྱོང་དང་དྲིལ་བསྒྲགས་གཏིང་ཟབ་བྱས་ཏེ། སྐབས་བརྗེ་བའི་འདེམས་བསྐོའི་ལས་ཀའི་བརྟག་ཞིབ་ཧུར་ཐག་སྤེལ་ནས་2012ལོའི་གྲོང་ཁྱེར་དང་། རྫོང་། ཤང་བཅས་ཀྱི་མི་དམངས་འཐུས་ཚོགས་ཀྱི་སྐབས་བརྗེ་བའི་འདེམས་བསྐོའི་ལས་དོན་ཡག་པོ་སྒྲུབ་རྒྱུར་རྨང་གཞི་འདིང་རྒྱུ་ཡིན།

        བཞི། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱས་ཏེ་གཞི་མཐུན་དང་བརྟན་ལྷིང་ལྡན་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་ཅིག་ཧུར་ཐག་གཏོད་རྒྱུ།

        ཁ་ཕྲལ་ལ་ངོ་རྒོལ་བྱེད་རྒྱུ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུ་ནི་ང་ཚོའི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཞིག་ཡིན། ཏཱ་ལའི་རུ་ཚོགས་དང་འཐབ་རྩོད་བྱེད་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་གཞི་རྩའི་མཛད་ཕྱོགས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་ཕུགས་འཕེར་གྱི་ཇུས་གཞི་འདིང་བ་དང་རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་སྤྱོད་རྒྱུའི་བླང་བྱ་གཞིར་བཟུང་སྤྱི་ཚོགས་གཞི་མཐུན་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་མུ་མཐུད་ཏན་ཏིག་ངང་ཡག་པོ་སྒྲུབ་རྒྱུ་ཡིན། ཡིག་འབུལ་ཞུ་བཅར་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་ཟམ་མི་ཆད་པ་བྱས་ཏེ་ཁྲིམས་ལུགས་གཞིར་བཟུང་དོ་བདག་གི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་གིས་འགལ་ཟླ་ཧུར་ཐག་སེལ་ནས་སྤྱི་ཚོགས་གཞི་མཐུན་ལ་སྐུལ་འདེད་གཏོང་རྒྱུ། བཙོན་ཁང་བཅའ་ཁྲིམས་ཀྱི་ལག་བསྟར་བྱས་ཚུལ་གྱི་བརྟག་ཞིབ་སྤེལ་བ་དང་། མི་དམངས་ཁྲིམས་ཁང་གི་དམངས་དོན་ཁྲིམས་གཅོད་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་གཏན་འབེབས་ལ་ཞིབ་འཇུག་གཏན་འཁེལ་བྱས་ཏེ། འགལ་ཟླའི་རྩོད་ཪྙོག་འདུམ་གཅོད་དང་གཞི་མཐུན་མེད་པའི་རྐྱེན་རྩ་མེད་པ་བཟོ་རྒྱུར་འགན་སྲུང་དང་རྒྱབ་སྐྱོར་བྱེད་རྒྱུ། བོད་འབྲེལ་ཕྱི་དོན་གྱི་ལས་ཀ་ཡག་པོ་སྒྲུབ་རྒྱུ་ནི་རྒྱལ་ཕྱི་དང་རྒྱལ་ནང་གི་ཁྱོན་ཡོངས་ལ་གཅིག་གྱུར་བསམ་གཞིགས་བྱེད་པའི་ནང་དོན་གལ་ཆེན་ཞིག་ཡིན་ལ། མི་དམངས་འཐུས་ཚོགས་ཀྱི་དགེ་མཚན་ཡང་ཡིན། དུས་བབ་དང་ལས་འགན་གྱི་དགོས་མཁོར་གཞིགས་ཏེ་འཕྲལ་མར་འཐབ་ཇུས་ཞིབ་འཇུག་དང་ལེགས་སྒྲིག་བྱེད་དགོས་པ་དང་། “ཕར་འགྲོ་བ ”དང་“ཚུར་གདན་འདྲེན་ཞུ་བ ”གཉིས་ཕན་ཚུན་གཅིག་གྱུར་བྱེད་རྒྱུ་མཐའ་འཁྱོངས་ཀྱིས། དམིགས་བཀར་རང་བཞིན་དང་ཕན་ནུས་རང་བཞིན་ཆེ་རུ་གཏོང་རྒྱུར་མཐོང་ཆེན་བྱས་ཏེ་གཙོ་གནད་རྒྱལ་ཁབ་དང་གཙོ་གནད་མི་སྣའི་ལས་ཀ་ཧུར་ཐག་བསྒྲུབས་པ་དང་། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་དང་མི་རིགས་ས་ཁོངས་རང་སྐྱོང་གི་ལམ་ལུགས་དྲིལ་བསྒྲགས་ཤུགས་ཆེ་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་གོང་འཕེལ་གསར་པ་དང་། འགྱུར་ལྡོག་གསར་པ། འཚོ་བ་གསར་པ་བཅས་དྲིལ་བསྒྲགས་ཤུགས་ཆེ་བྱས་ཏེ། ཏཱ་ལ་རུ་ཚོགས་ཀྱི་རྒྱལ་སྤྱིའི་ཐོག་གི་བྱེད་སྒོ་སྤེལ་ཡུལ་མཐའ་ལ་གཅུར་བཀག་བཏང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་རྒྱལ་སྤྱིའི་བག་ཆགས་བཟང་པོ་ཤུགས་ཆེར་བཏང་ནས་རང་ལྗོངས་ཀྱི་བསྒྱུར་བཅོས་དང་། གོང་འཕེལ། བརྟན་ལྷིང་བཅས་ཡོང་ཕྱིར་ཕྱི་ཕྱོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་ཧུར་ཐག་གཏོད་རྒྱུ་ཡིན།

        ལྔ། རང་ངོས་ལེགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་ཟམ་མི་ཆད་པ་བརྒྱབ་སྟེ་ལས་ཀའི་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་རྒྱུ།

        ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་བླང་བྱ་གཞིར་བཟུང་བོད་ཀྱི་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་འདེད་གཏོང་རྒྱུའི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ཏེ་རང་ངོས་ལེགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་སྔར་ལས་ཆེ་བ་བརྒྱབ་ཐོག ཁྲིམས་ལུགས་གཞིར་བཟུང་འགན་འཁྲི་སྒྲུབ་པའི་བསམ་བློའི་རྨང་གཞི་དང་རྩ་འཛུགས་ཀྱི་རྨང་གཞི་འདིང་དགོས། དེ་ཡང་གཅིག་ནི་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་དུ་གཏོང་རྒྱུ། ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་རྒྱུ་དང་། མི་དམངས་ཀྱི་རང་ཐག་རང་གཅོད་བྱེད་རྒྱུ། རྒྱལ་ཁབ་ཁྲིམས་བཞིན་སྐྱོང་རྒྱུ་བཅས་གཅིག་གྱུར་གང་ལེགས་བྱེད་རྒྱུ། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་དང་མི་རིགས་ས་ཁོངས་རང་སྐྱོང་གི་ལམ་ལུགས་མཐའ་འཁྱོངས་བྱས་ཏེ་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་དར་སྤེལ་གཏོང་རྒྱུའི་འགྲོ་ལམ་ཐོག་སྐྱོད་རྒྱུ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་ལམ་ལུགས་སྔར་བས་ཚགས་ཚུད་དུ་བཏང་སྟེ་བྱེད་ཐབས་དང་བྱ་ཐབས་ལེགས་བཅོས་ཟམ་མི་ཆད་པ་བྱས་ནས་ཁྲིམས་བཟོ་དང་། ལྟ་སྐུལ། འཐུས་མི་སོགས་ཀྱི་ལས་དོན་ཁག་ལ་འགོ་ཁྲིད་བྱེད་རྒྱུར་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་འཐབ་ཇུས་བཀོད་སྒྲིག་རྣམས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཁྲོད་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་ཐུབ་པའི་འགན་ལེན་བྱེད་རྒྱུ་ཡིན། གཉིས་ནི་ལས་ཀའི་འཇོན་ཐང་ཆེ་རུ་དང་ཆབ་སྲིད་ཀྱི་བྱང་ཚད་མཐོ་རུ་ཤུགས་ཆེ་གཏོང་རྒྱུ། ཐུན་མོང་ཐོག་སློབ་སྦྱོང་བྱེད་པའི་ལམ་ལུགས་དང་ཆེད་དོན་བཤད་ཁྲིད་བྱེད་པའི་ལམ་ལུགས་མཐའ་འཁྱོངས་བྱས་ནས་རིག་གཞུང་ཐོག་ནས་དྲག་ཆས་སྤྲོས་ཤུགས་ཆེ་རུ་གཏོང་རྒྱུ། ལས་བྱེད་པར་སྦྱོང་བརྡར་སྤྲོས་རྒྱུ་མུ་མཐུད་ཤུགས་སྣོན་དང་བསམ་བློ་ལེགས་སྐྱོང་བྱེད་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ནས་ལས་ཀའི་འཇོན་ཐང་ཆེ་རུ་དང་ཆབ་སྲིད་ཀྱི་བྱང་ཚད་མཐོ་རུ་ཟམ་མི་ཆད་པ་གཏོང་རྒྱུ་ཡིན། གསུམ་ནི་ལས་ཀར་ཞིབ་འཇུག་བྱེད་རྒྱུར་མཐོང་ཆེན་བྱེད་རྒྱུ། ལྗོངས་ཡོངས་ཀྱི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཚོགས་འདུ་སྐོང་ཚོགས་བྱས་ཏེ་བསྒྱུར་བཅོས་དང་། གོང་འཕེལ། བརྟན་ལྷིང་བཅས་ཁྱོན་ཡོངས་ཀྱི་མཐོ་ཚད་ནས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་གཅིག་གྱུར་ཇུས་འགོད་བྱས་ཏེ་བསམ་གཞི་སྔར་བས་ཁ་གསལ་དང་གཙོ་གནད་སྟངས་འཛིན་ཐུབ་པ་བྱས་ཐོག་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་ཤུགས་རྐྱེན་དང་ཚོད་འཛིན་བཟོ་བའི་མངོན་ཆེའི་གནད་དོན་རིགས་ཐག་གཅོད་ཏན་ཏིག་བྱེད་རྒྱུ་དང་། མི་དམངས་འཐུས་ཚོགས་ཀྱི་ལས་དོན་དང་ལྟེ་བའི་ལས་དོན་ཟུང་འབྲེལ་བྱེད་ས་བཙལ་འཚོལ་ཡག་པོ་བྱས་ཏེ། ལས་ཀའི་རང་འགུལ་བྱེད་སེམས་ཆེ་རུ་ཟམ་མི་ཆད་པ་གཏོང་བ་དང་ལས་ཀའི་ཕན་འབྲས་ཆེ་རུ་གཏོང་ཐུབ་པའི་འབད་བརྩོན་བྱེད་རྒྱུ་ཡིན། བཞི་ནི་ལས་ཤུགས་མཉམ་འགྲིལ་ཐུབ་པ་བྱེད་རྒྱུ། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་རྒྱུན་ལས་ཨུ་ལྷན་གྱི་ཁོངས་མིའི་བློ་རིག་དང་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་འབྲེལ་ཡོད་སྡེ་ཚན་དང་མི་དམངས་འཐུས་ཚོགས་ཀྱི་ལས་ཁུངས། དེ་བཞིན་འབྲེལ་ཡོད་རིགས་གཅིག་མཁས་དབང་སོགས་ཕྱོགས་ཁག་གི་སྟོབས་ཤུགས་གཅིག་གྱུར་འབྲེལ་མཐུད་བྱས་ནས་བརྟག་ཞིབ་དང་ཁྲིམས་སྒྱུར་ཞིབ་བཤེར་གྱི་ཕན་འབྲས་དངོས་ཐོན་ཤུགས་ཆེ་རུ་བཏང་སྟེ་གྲོས་ཞིབ་བྱེད་པའི་སྤུས་ཚད་སྔར་བས་ལེགས་སུ་གཏོང་རྒྱུ། གཞི་རིམ་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་མཛུབ་ཁྲིད་བྱེད་རྒྱུར་ཤུགས་སྣོན་ཏན་ཏིག་རྒྱག་རྒྱུ་བཅས་ཡིན། ལྔ་ནི་ལས་ཁུངས་ལེགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ། མི་རིགས་ཆོས་ལུགས་ཕྱི་དོན་ཕྱིར་སྡོད་རང་མིའི་དོན་བྱེད་ཨུ་ཡོན་ལྷན་ཁང་དང་དེ་བཞིན་ལས་དོན་སྡེ་ཚན་ཁག་གཅིག་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་སྟོབས་ཤུགས་བསྐོ་སྒྲིག་བྱེད་རྒྱུ་དམ་འཛིན་དང་། འགན་ནུས་ཁ་གསལ་བཟོས་ཏེ་རྒྱུན་ལྡན་བཞིན་འཁོར་སྐྱོད་ཐུབ་པ་བྱེད་རྒྱུ། སྔོན་གཏོད་ལེགས་བརྩོན་དང་ནུས་ཕྱོད་ཆེ་སྐྱེད་ཀྱི་ལོའི་བྱེད་སྒོའི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་གཏོང་རྒྱུ། ལས་བྱེད་པའི་དཔུང་ཁག་ལེགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་དགེ་མཚན་ལྡན་པའི་མཐུན་རྐྱེན་མཐའ་དག་སྐུལ་སློང་གིས་ཇུས་འདོན་ལས་རོགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་རྒྱུ་བཅས་ཡིན།

        འཐུས་མི་རྣམ་པ། མི་དམངས་མང་ཚོགས་ནི་ལོ་རྒྱུས་གསར་གཏོད་བྱེད་མཁན་ཡིན་ལ་རྒྱལ་ཁབ་ཀྱི་བདག་པོའང་ཡིན། མི་དམངས་མང་ཚོགས་དང་ཁ་བྲལ་ན་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གནས་པར་བྱེད་པའི་རྨང་གཞི་མེད་པར་འགྱུར་རྒྱུ་རེད། གལ་ཏེ་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་མངོན་གྱུར་ཡོང་བ་དང་། སྲུང་སྐྱོང་བྱེད་པ། གོང་འཕེལ་གཏོང་བ་བཅས་ཡག་པོ་བྱེད་མ་ཐུབ་ན། མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་འགན་འཁྲི་སྒྲུབ་ཐུབ་མེད་པ་ཞིག་རེད། ང་ཚོས་ངེས་པར་དུ་མི་དམངས་ནི་ལོ་རྒྱུས་གསར་གཏོད་བྱེད་མཁན་ཞིག་ཡིན་པའི་ལྟ་བ་དང་། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་ལྟ་བ། ཏང་འཛུགས་སྤྱི་ཕན་དང་སྲིད་སྐྱོང་དམངས་ཕན་གྱི་ལྟ་བ། མི་དམངས་མང་ཚོགས་ལ་སློབ་སྦྱོང་བྱེད་པའི་ལྟ་བ། མང་ཚོགས་ཀྱི་ཁེ་ཕན་སྣང་ཆུང་དུ་གཏོང་མི་རུང་བའི་ལྟ་བ། ཏང་དང་མི་དམངས་ལ་འགན་གཅིག་པ་འཁུར་བའི་ལྟ་བ་བཅས་བརྟན་པོ་བཙུགས་ཏེ། མི་དམངས་གཙོ་རྐང་ཡིན་པའི་གནས་བབ་སྔ་ཕྱི་བར་གསུམ་དུ་རྒྱུན་འཁྱོངས་བྱས་ནས་མི་དམངས་ཀྱི་ཐོག་མའི་གསར་གཏོད་སྙིང་སྟོབས་འདོན་སྤེལ་བྱེད་རྒྱུར་མཐོང་ཆེན་བྱས་ཏེ་བསམ་བློའི་ཐོག་ནས་མང་ཚོགས་ལ་བརྩི་བཀུར་བྱེད་པ་དང་། མང་ཚོགས་ལ་བརྩེ་སེམས་ཆེ་རུ་གཏོང་བ། ལས་ཀའི་ཐོག་མང་ཚོགས་ལ་བརྟེན་པ་བཅས་བྱེད་དགོས། ཁྲིམས་བཟོའི་ལས་དོན་སྤེལ་རྒྱུའི་ཐད་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་དང་། ད་ལྟའི་དུས་མཚམས་ཀྱི་མང་ཚོགས་ཀྱི་ཐུན་མོང་ཁེ་ཕན། མི་ཚོགས་མི་འདྲ་བའི་དམིགས་བསལ་གྱི་ཁེ་ཕན་བཅས་ཀྱི་འབྲེལ་བ་ཤེས་རྟོགས་གསལ་པོ་བྱས་ཐོག་ཕྱོགས་གང་ཐད་ཀྱི་མང་ཚོགས་ཀྱི་དོ་ཁུར་བྱ་ཡུལ་ལ་ལྟ་རྟོག་གང་ལེགས་བྱས་ནས་མང་ཚོགས་ཀྱི་ཁེ་ཕན་སྲུང་སྐྱོང་ཡག་པོ་བྱེད་དགོས། ལྟ་སྐུལ་ལས་དོན་སྤེལ་རྒྱུའི་ཐད་མང་ཚོགས་ཀྱི་གླེང་ཆ་ཆེ་བའི་གནད་དོན་མངོན་གསལ་དོད་པའི་རིགས་ལ་དམིགས་ཏེ། “གཞུང་གཅིག་ཁང་གཉིས ”ནས་མང་ཚོགས་ཀྱི་བློ་དང་མཐུན་པ་དང་། མང་ཚོགས་ཀྱི་སེམས་ཁྲལ་སེལ་བ། མང་ཚོགས་ཀྱི་འཚོ་བར་ཕན་ཐོགས་ཡོད་པ་བཅས་ཀྱི་བྱ་བ་དངོས་སྒྲུབ་རྒྱུར་སྐུལ་ལྕག་བྱེད་རྒྱུ། མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཁག་སྤེལ་རྒྱུའི་ཐད་མང་ཚོགས་ཀྱི་ལམ་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་ཐོག་མཐའ་བར་གསུམ་དུ་མང་ཚོགས་དང་དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིག་སྦྲེལ་བཅས་བྱས་ཏེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་བྱས་ནས་ནུས་ཤུགས་ཡོད་རྒུས་བོད་ལྗོངས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་གཏོང་རྒྱུ་དང་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་སྤེལ་བཏང་སྟེ་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་མངོན་གྱུར་ཡོང་གང་ཐུབ་བྱེད་པ་དང་། སྲུང་སྐྱོང་གང་ལེཌ་བྱེད་པ། གོང་འཕེལ་ཡག་པོ་གཏོང་བ་བཅས་བྱེད་དགོས།

        འཐུས་མི་རྣམ་པ། བོད་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ང་ཚོས་གསར་གཏོད་བྱེད་དགོས་པ་དང་མི་དམངས་ཀྱི་བདེ་སྐྱིད་འཚོ་བ་སྲུང་སྐྱོང་བྱེད་དགོས་ཀྱི་ཡོད། ང་ཚོས་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཐོག་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་“མཚོན་བྱེད་གསུམ ”གྱི་གལ་ཆེའི་དགོངས་པས་མཛུབ་ཁྲིད་བྱེད་རྒྱུ་དང་། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་དཔའ་ངར་ཆེར་སྐྱེད་དང་། འབད་འབུངས་ཡར་བརྩོན། དམ་པ་དོན་གཉེར། ལམ་བཤངས་གསར་གཏོད་བཅས་བྱས་ནས་མཐུན་སྒྲིལ་དང་། དམངས་གཙོ། འབྱོར་ཕྱུགཤེས་དཔལ། གཞི་མཐུན་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་བྱེད་ཆེད་འབད་འཐབ་ལྷོད་མེད་བྱེད་རྒྱུ་དང་། གཟེངས་སུ་ཐོན་པའི་གྲུབ་འབྲས་ཀྱི་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་དབུ་བཪྙེས་ནས་ལོ་90འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བར་ལེགས་སྐྱེས་འབུལ་རྒྱུ་ཡིན།

        (ལྗོངས་རྩོམ་སྒྱུར་ཅུས་ནས་མཁོ་འདོན་བྱས་པ་གཞིར་བཟུང )

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།