དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • བོད་རང་སྐྱོང་ལྗོངས་ཀྱི་2010ལོའི་ནོར་སྲིད་སྔོན་རྩིས་དོན་འཁྱོལ་བྱས་ཚུལ་དང་2011ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཞིབ་བཤེར་བྱས་འབྲས་སྙན་ཞུ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

    བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོཌ་ནོར་སྲིད་དཔལ་འབྱོར་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་གཞོན་པ།   ཀུའུ་མའོ་ཀྲེས།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ཚོགས་འདུ་ཐེངས་བཞི་པའི་ཀྲུའུ་ཞི་ཚོགས་པ་ལ།

        བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ཚོགས་འདུ་ཐེངས་བཞི་པའི་ཐོག་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་བཏོན་པའི 《བོད་རང་སྐྱོང་ལྗོངས་ཀྱི་2010ལོའི་ནོར་སྲིད་སྔོན་རྩིས་དོན་འཁྱོལ་བྱས་ཚུལ་དང་2011ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན་གྱི་སྙན་སྒྲོན 》དང་བོད་རང་སྐྱོང་ལྗོངས་ཀྱི་2011ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན་ལ་གྲོས་ཞིབ་བྱས་པ་རེད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་སྔོན་རྩིས་སྙན་སྒྲོན་དང་སྔོན་རྩིས་འཆར་ཟིན་ལ་ཐོག་མའི་ཞིབ་བཤེར་བྱས་པའི་ཐོག འཐུས་མི་ཚོགས་པ་ཁག་དང་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཞིབ་བཤེར་བསམ་འཆར་གཞིར་བཟུང་བསྐྱར་དུ་ཞིབ་བཤེར་བྱས་ཡོད་པས། ད་ལྟ་ཞིབ་བཤེར་བྱས་འབྲས་སྙན་སེང་ཞུ་རྒྱུར།   

        གཅིག རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་བཏོན་པའི་2010ལོའི་ནོར་སྲིད་སྔོན་རྩིས་དོན་འཁྱོལ་བྱས་འབྲས་ནི། ལྗོངས་ཡོངས་ཀྱི་ནོར་སྲིད་སྤྱིར་བཏང་སྔོན་རྩིས་ཀྱི་སྤྱིའི་འབྱོར་སྟོབས་སྒོར་ཁྲི་6,874,785ཡིན་པ་དེ་ལོ་འགོའི་སྔོན་རྩིས་སྒོར་ཁྲི་4,054,556དང་བསྡུར་ན་སྒོར་ཁྲི་2,820,229མང་བ་ཡོད་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅོ་བརྒྱད་པའི་ཐོག་ཆོག་མཆན་ཐོབ་པའི་སྔོན་རྩིས་འགྱུར་གྲངས་སྒོར་ཁྲི་5,533,809དང་བསྡུར་ན་སྒོར་ཁྲི་1,340,976མང་བ་ཡོད། དེའི་ནང་ལྗོངས་ཡོངས་ཀྱི་ས་གནས་ནོར་སྲིད་ཀྱི་སྤྱིར་བཏང་སྔོན་རྩིས་ཡོང་འབབ་སྒོར་ཁྲི་366,473བྱུང་བ་དེ་ལོ་འགོའི་སྔོན་རྩིས་སྒོར་ཁྲི་203,000ལས་སྒོར་ཁྲི་163,473མང་བ་ཡོད་པ་དང་། ལྗོངས་ཡོངས་ཀྱི་ནོར་སྲིད་ཀྱི་སྤྱིར་བཏང་སྔོན་རྩིས་གཏོང་སྒོ་སྒོར་ཁྲི་5,509,484བཏང་བ་དེ་ལོ་འགོའི་སྔོན་རྩིས་ལས་སྒོར་ཁྲི་1,454,928མང་བ་ཡོད་པས་35.9%འཕར་ཡོད་པ་དང་། ལོ་གོང་མའི་ངེས་རྩིས་ཀྱི་གྲངས་ལས་སྒོར་ཁྲི་808,162མང་བ་ཡོད་པས་17.2%འཕར་ཡོད། གཏོང་ཡོང་ཁ་འཐབ་བཏང་ན་ཕྱི་ལོ་བེད་སྤྱོད་གཏོང་རྒྱུར་འཕྲོས་སྒྱུར་བྱས་པའི་གཏོང་སྒོ་སྒོར་ཁྲི་1,349,947དང་གོང་འཕོས་གཏོང་སྒོ་སྒོར་ཁྲི་2,367འཐེན་རྗེས་ལོ་དེ་གའི་འཕྲོས་ལྷག་ཁེ་གཙང་སྒོར་12,987ཡིན་པས་གཏོང་ཡོང་ག་ཐུག་པའི་ཐོག འཕྲོས་ལྷག་ཕྲན་བུ་བྱུང་ཡོད།

        ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ངོས་འཛིན་ལ། “ལོ་ལྔ་ཚན་བཅུ་གཅིག་པའི ”ཚུན་དུ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྟོབས་ལྡན་ཞུམ་མེད་ཀྱི་འགོ་ཁྲིད་འོག་དང་ཀྲུང་དབྱང་ནོར་སྲིད་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག རང་སྐྱོང་ལྗོངས་རིམ་ཁག་མི་དམངས་སྲིད་གཞུང་དང་དེའི་ནོར་སྲིད་སྡེ་ཚན་གྱིས་ཏང་གི་ཚོགས་ཆེན་བཅུ་བདུན་པ་ཚུན་གྱི་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གལ་ཆེའི་ཚོགས་འདུའི་དགོངས་དོན་རབ་དང་རིམ་པ་ལག་བསྟར་གཏིང་ཟབ་བྱས་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བཞི་པ་དང་ལྔ་པའི་ཐོག་གཏན་འཁེལ་བའི་ནོར་ཁྲལ་སྲིད་ཇུས་ཁག་དོན་འཁྱོལ་ནན་ཏན་བྱས་ཐོག རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་ལ་བློ་རྩ་བརྟན་པོས་ཁ་གཏད་བཅག་པ་དང་། ལྷ་སའི “གསུམ་པའི་བཅུ་བཞིའི ”དོན་རྐྱེན་འཕྲལ་ཐག་ཆོད་པོས་ཐག་གཅོད་བྱས་པ། ས་ཡོམ་དང་། གངས་སྐྱོན། ཐན་སྐྱོན་སོགས་རང་བྱུང་གནོད་འཚེས་བཟོས་པའི་ཤུགས་རྐྱེན་ངན་པ་ཁྱད་བསད་ནུས་ལྡན་བྱས་ཁར། ནོར་སྲིད་འགན་ནུས་འདོན་སྤེལ་གང་ལེགས་བྱས་པ་དང་། ནོར་སྲིད་བསྒྱུར་བཅོས་བྱེད་སྒོ་ཁག་གཏིང་ཟབ་སྤེལ་བ། ནོར་སྲིད་ལམ་སྲོལ་དང་སྒྲིག་སྲོལ་འཐུས་སྒོ་ཚང་དུ་བཏང་བ། སྤྱི་པའི་ནོར་སྲིད་མ་ལག་ཚགས་ཚུད་དུ་བཏང་བ། ནོར་སྲིད་ཀྱི་འགན་སྲུང་བྱེད་ནུས་དང་དོ་དམ་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་བ། ནོར་སྲིད་གཏོང་ཡོང་གཞི་ཁྱོན་ཤུགས་ཆེ་འཕར་བ། སྤྱི་པའི་ནོར་སྲིད་འགན་ནུས་རིམ་བཞིན་ཆེ་རུ་སོང་བ་བཅས་ལ་བརྟེན་ཀྲུང་དབྱང་གི་བོད་སྐྱོང་འཐབ་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ནས་དཔལ་འབྱོར་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་སྤྱི་ཚོགས་ཡུན་རིང་བདེ་འཁོད་ཡོང་བ་བྱེད་རྒྱུར་འབྱོར་སྟོབས་ཀྱི་འགན་སྲུང་ནུས་ལྡན་བྱུང་བ་རེད།

        ནོར་སྲིད་དཔལ་འབྱོར་ཨུ་ལྷན་གྱིས་ངོས་འཛིན་བྱས་པར། 2010ལོར་རང་སྐྱོང་ལྗོངས་རིམ་ཁག་མི་དམངས་སྲིད་གཞུང་དང་དེའི་ནོར་སྲིད་སྡེ་ཚན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག་བཏོན་པའི་བླང་བྱ་ཁག་གཞིར་བཟུང་དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་ལག་བསྟར་བྱས་པས་ནོར་སྲིད་ལས་དོན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། དེ་ཡང་ལྗོངས་ཡོངས་ཀྱི་ས་གནས་ནོར་སྲིད་ཀྱི་སྤྱིར་བཏང་སྔོན་རྩིས་ཡོང་འབབ་འཕར་ཚད་མུ་མཐུད་20%ཡན་རྒྱུན་འཁྱོངས་ཐུབ་སྟེ་ལོ་འཁོར་སྔོན་རྩིས་ལས་འགན་ཚད་བརྒལ་ལེགས་སྒྲུབ་བྱས་པ་དང་། གཙོ་གནད་གཏོང་སྒོ་ཁག་འགན་སྲུང་ནུས་ལྡན་བྱས་པ། ནོར་སྲིད་བསྒྱུར་བཅོས་ཁག་གཏིང་ཟབ་ཏུ་སྤེལ་བ། སྔོན་རྩིས་མ་དངུལ་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་བ་བཅས་ཀྱིས་སྔོན་རྩིས་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ཚོགས་འདུ་ཐེངས་གསུམ་པའི་གྲོས་ཆོད་ནང་བཏོན་པའི་བླང་བྱ་ཁག་ལག་བསྟར་ནུས་ལྡན་ཐུབ་པ་བྱུང་ཡོད། དེ་དང་ཕྱོགས་མཚུངས་སྔོན་རྩིས་དོན་འཁྱོལ་དང་ནོར་སྲིད་འདུ་འགོད་བྱེད་པའི་ནང་ད་དུང་ལེགས་བཅོས་བྱེད་དགོས་པའི་གནད་དོན་ཁ་ཤས་ཡོད་པ་སྟེ། སྔོན་རྩིས་གཏོང་སྒོའི་མྱུར་ཚད་ད་དུང་མགྱོགས་སུ་གཏོང་དགོས་པ་དང་། ཆེད་དམིགས་སྒྱུར་སྤྲོད་ལམ་ལུགས་ད་དུང་ཚགས་ཚུད་དུ་གཏོང་དགོས་པ། ནོར་སྲིད་གཏོང་ཡོང་དང་ནོར་དོན་དོ་དམ་བྱེད་པའི་ནང་གི་སྒྲིག་འགལ་ལུགས་འགལ་གྱི་སྣང་ཚུལ་རིགས་ལ་དོ་སྣང་བྱེད་དགོས་པ། རིམ་ཁག་སྡེ་ཚན་ཁག་གི་རྒྱུ་ནོར་འཛིན་སྐྱོང་ནུས་པ་སྔར་བས་ཆེ་རུ་གཏོང་དགོས་པ་བཅས་ཡིན།

        གཉིས། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་བཏོན་པའི་2011ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན་ནང་ལྗོངས་ཡོངས་ཀྱི་ནོར་སྲིད་སྤྱིར་བཏང་སྔོན་རྩིས་ཀྱི་སྤྱིའི་འབྱོར་སྟོབས་སྒོར་ཁྲི་5,319,760བཀོད་སྒྲིག་བྱས་ཡོད་པ་དེ་བསྡུར་གཞི་གཅིག་མཚུངས་བཞིན་རྩིས་བརྒྱབ་ན་2010ལོའི་ལོ་འགོའི་སྔོན་རྩིས་ལས་སྒོར་ཁྲི་964,053མང་བ་ཡོད་པས་32.1%འཕར་ཡོད་ཅིང་། དེའི་ནང་ལྗོངས་ཡོངས་ཀྱི་ས་གནས་ནོར་སྲིད་ཀྱི་སྤྱིར་བཏང་སྔོན་རྩིས་ཡོང་འབབ་སྒོར་ཁྲི་421,444ཡིན་པ་དེ་2010ལོར་དངོས་སུ་ལེགས་སྒྲུབ་བྱུང་བའི་གྲངས་འབོར་ལས་སྒོར་ཁྲི་54,971མང་བ་ཡོད་པས་15%འཕར་ཡོད། ཀྲུང་དབྱང་ནས་ཁ་གསབ་འདྲ་མིན་རིགས་གནང་བ་ཁྱོན་བསྡོམས་སྒོར་ཁྲི་3,548,369ཡིན་པ་དེ་ལོ་གོང་མའི་ལོ་འགོའི་སྔོན་རྩིས་ལས་སྒོར་ཁྲི་745,609མང་བ་ཡོད་པས་26.6%འཕར་ཡོད། ལོ་གོང་མའི་འཕྲོས་སྒྱུར་འབྱོར་སྟོབས་སྒོར་ཁྲི་1,349,947ཡིན། ལྗོངས་ཡོངས་ཀྱི་ནོར་སྲིད་སྤྱིར་བཏང་སྔོན་རྩིས་གཏོང་སྒོ་སྒོར་ཁྲི་5,319,760བཀོད་སྒྲིག་བྱས་ཡོད་པས་ལོ་དེ་གའི་ནོར་སྲིད་གཏོང་ཡོང་ག་ཐུག་པ་བྱུང་ཡོད།

        ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ངོས་འཛིན་ལ། 2011ལོའི་རང་སྐྱོང་ལྗོངས་ཀྱི་ནོར་སྲིད་སྔོན་རྩིས་འཆར་ཟིན་ནང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་བཀོད་སྒྲིག་གཞིར་བཟུང་དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་བླང་བྱ་མངོན་པར་བྱས་ཡོད་པ་དང་། ད་ལོ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ས་གནས་ནོར་སྲིད་ཀྱི་སྤྱིར་བཏང་སྔོན་རྩིས་ཡོང་འབབ་བཀོད་སྒྲིག་བྱེད་པའི་ཐད་ལོ་གོང་མའི་དངོས་ཡོད་ཡོང་འབབ་ཇི་བྱུང་ལ་ཐོག་མར་བསམ་གཞིགས་བྱས་ཡོད་པ་མ་ཟད་ས་གནས་ཀྱི་དཔལ་འབྱོར་གོང་འཕེལ་གཏོང་རྒྱུའི་མཐུན་རྐྱེན་དང་ཟུང་འབྲེལ་བྱས་ཡོད་པས་སྔོན་རྩིས་བཟོ་འགོད་ཚགས་ཚུད་པོ་བྱུང་བ་མངོན་པ་དང་། སྔོན་རྩིས་ཡོང་འབབ་བཀོད་སྒྲིག་བྱེད་རྒྱུ་དེ་བས་དགེ་མཚན་ལྡན་ཞིང་བརྟན་པོ་བྱུང་ཡོད། གཏོང་སྒོ་བཀོད་སྒྲིག་བྱེད་པའི་ཐད “ཞིང་གསུམ ”དང་། སློབ་གསོ། ཚན་རྩལ། རིག་གནས། འཕྲོད་བསྟེན། སྤྱི་ཚོགས་འགན་སྲུང་། ལས་ཞུགས། ནུས་རྒྱུ་བསྲི་ཚགས་དང་ཁོར་ཡུག་སྲུང་སྐྱོབ། སྤྱི་པའི་བདེ་འཇགས་སོགས་ཐད་ལ་གཏོང་ཆ་ཤུགས་ཆེ་རུ་བཏང་ཡོད། དཔལ་འབྱོར་གྲུབ་ཆ་ལེགས་སྒྲིག་བྱེད་པར་སྐུལ་འདེད་དང་དཔལ་འབྱོར་གོང་འཕེལ་གཏོང་སྟངས་བརྗེ་སྒྱུར་དང་འཐབ་ཇུས་ཀྱི་འདེགས་སྐྱོར་ཐོན་ལས་གང་མགྱོགས་འཛུགས་སྐྱོང་བྱེད་རྒྱུར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཡོད། ལོ་འགོའི་སྔོན་རྩིས་གཏོང་སྒོ་རིམ་དབྱེ་བཀོད་སྒྲིག་བྱེད་པའི་ཐད་ས་གནས (གྲོང་ཁྱེར )དང་རྫོང་རིམ་པའི་ལོ་འགོའི་སྔོན་རྩིས་འབྱོར་སྟོབས་ཐེངས་དང་པོར་50%ལས་བརྒལ་ཡོད་པས་གཞི་རིམ་གྱི་འབྱོར་སྟོབས་དང་དོན་དག་གཅོད་དབང་གཉིས་མཐུན་སྦྱོར་བགོ་སྒྲིག་བྱས་ཏེ་གཞི་རིམ་གྱི་འབྱོར་སྟོབས་སྔར་བས་འགན་སྲུང་ནུས་ལྡན་བྱས་ཡོད། ནོར་སྲིད་བསྒྱུར་བཅོས་བྱེད་སྒོར་སྐུལ་འདེད་དང་། ནོར་སྲིད་ལ་ཚན་རིག་དང་མཐུན་ཞིང་ཞིབ་ལས་ཅན་གྱི་དོ་དམ་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུའི་ཐད་བླང་བྱ་ཁ་གསལ་བཏོན་ཡོད། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་བཏོན་པའི་སྔོན་རྩིས་འཆར་ཟིན་ནི་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་དུས་བབ་ལ་དབྱེ་ཞིབ་གཏིང་ཟབ་བྱས་པའི་ཐོག རང་ལྗོངས་ཀྱི་བསྒྱུར་བཅོས་དང་། གོང་འཕེལ། བརྟན་ལྷིང་བཅས་ཀྱི་དོན་ཆེན་དང་། ཕྱོགས་ཁག་གི་དགོས་མཁོ་དང་དགོས་སྲིད་པ་བཅས་ལ་ཕྱོགས་བསྡུས་བསམ་གཞིགས་བྱས་པའི་རྨང་གཞིའི་ཐོག་བཟོས་ཡོད་པས་ལག་ལེན་བསྟར་འཐུས་པ་ཞིག་བྱུང་ཡོད་པ་རེད།

        ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ཚོགས་འདུ་ཐེངས་བཞི་པའི་ཐོག་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་བཏོན་པའི 《བོད་རང་སྐྱོང་ལྗོངས་ཀྱི་2010ལོའི་ནོར་སྲིད་སྔོན་རྩིས་དོན་འཁྱོལ་བྱས་ཚུལ་དང་2011ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན་གྱི་སྙན་སྒྲོན 》ལ་ཆོག་མཆན་སྤྲོད་རོགས་ཞུ་རྒྱུ་དང་2011ལོའི་ནོར་སྲིད་སྔོན་རྩིས་ཀྱི་འཆར་ཟིན་ལ་ཆོག་མཆན་སྤྲོད་རོགས་ཞུ་རྒྱུའི་གྲོས་འཆར་འདོན་རྒྱུ་ཡིན།

        གསུམ། “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་ནི་རང་ལྗོངས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་གཏོང་རྒྱུ་དང་ཡུན་རིང་བདེ་འཁོད་ཡོང་བ་བྱེད་རྒྱུ། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་རྒྱུའི་འབད་འཐབ་དམིགས་ཚད་མངོན་གྱུར་བྱེད་པ་བཅས་ཀྱི་འགག་རྩའི་དུས་སྐབས་ཤིག་རེད། ཀྲུང་དབྱང་གི་ནོར་སྲིད་ནས་རང་ལྗོངས་ལ་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་བ་དང་རང་ལྗོངས་ཀྱི་རྒྱལ་དམངས་དཔལ་འབྱོར་རྒྱུན་མཐུད་ནས་གོང་འཕེལ་འགྲོ་བ་དང་སྦྲགས་ནོར་སྲིད་བསྒྱུར་བཅོས་ཁག་བྱེད་རྒྱུ་དང་གོང་འཕེལ་གཏོང་རྒྱུར་ཐོབ་དཀའ་བའི་ལོ་རྒྱུས་ཀྱི་གོ་སྐབས་བཟང་པོ་དང་མཐུན་རྐྱེན་མང་དག་འཕྲད་ཡོད་པས་ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་གཞུང་དང་དེའི་ནོར་སྲིད་སྡེ་ཚན་གྱིས་ནོར་ཁྲལ་བསྒྱུར་བཅོས་སྔར་བས་གཏིང་ཟབ་བྱེད་རྒྱུའི་ཐོག གཏོང་ཡོང་ལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་ལམ་སྲོལ་གྱི་བླང་བྱ་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་དང་འཚམ་པའི་སྤྱི་པའི་ནོར་སྲིད་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་སྟེ་“ཐོན་ལས་དང་པོ་ཆུ་ཚད་གོང་མཐོར་གཏོང་རྒྱུ་དང་། ཐོན་ལས་གཉིས་པ་གཙོ་གནད་དམ་འཛིན་བྱེད་རྒྱུ། ཐོན་ལས་གསུམ་པ་གོང་འཕེལ་ཤུགས་ཆེ་གཏོང་རྒྱུ ”བཅས་ཀྱི་དཔལ་འབྱོར་གོང་འཕེལ་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་རྒྱུར་རྒྱབ་སྐྱོར་ཤུགས་ཆེ་བྱས་ནས་དཔལ་འབྱོར་གོང་འཕེལ་གཏོང་སྟངས་གང་མགྱོགས་བསྒྱུར་ཐོག་རང་ལྗོངས་ཀྱི་ཚན་རིག་དང་མཐུན་པའི་གོང་འཕེལ་དང་། མཆོང་སྐྱོད་ལྟ་བུའི་གོང་འཕེལ། ཡུན་རིང་བདེ་འཁོད་ཡོང་བ་བཅས་བྱེད་རྒྱུར་ལེགས་སྐྱེས་གསར་པ་ཧུར་ཐག་འབུལ་དགོས།

        2011ལོ་ནི་“ལོ་ལྔ་ཚན་བཅུ་གཉིས་པ ”འགོ་བརྩམ་པའི་ལོ་ཞིག་ཡིན་པས་རང་སྐྱོང་ལྗོངས་རིམ་ཁག་མི་དམངས་སྲིད་གཞུང་དང་དེའི་ནོར་སྲིད་སྡེ་ཚན་གྱིས་ནོར་སྲིད་ཀྱི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་2011ལོའི་ནོར་སྲིད་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས། 2011ལོའི་ནོར་སྲིད་སྔོན་རྩིས་ལེགས་སྒྲུབ་ཡག་པོ་ཡོང་ཆེད་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་འཐུས་མི་ཚོགས་པ་ཁག་གི་གྲོས་ཞིབ་བསམ་འཆར་ལ་གཞིགས་ཏེ་གྲོས་འཆར་འདོན་རྒྱུ་གཤམ་གསལ།

        (གཅིག )ནོར་སྲིད་ལ་གཞི་ཆེའི་སྟངས་འཛིན་བྱེད་རྒྱུར་ཤུགས་སྣོན་དང་བྱེད་སྟངས་འཐུས་སྒོ་ཚང་དུ་གཏོང་དགོས། དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་ལག་བསྟར་ནན་ཏན་བྱས་ནས་དཔལ་འབྱོར་གྱི་གྲུབ་ཆ་ལེགས་སྒྲིག་བྱེད་རྒྱུར་སྔར་བས་མཐོང་ཆེན་བྱས་ཏེ་དཔལ་འབྱོར་གོང་འཕེལ་གཏོང་སྟངས་སྒྱུར་རྒྱུར་སྐུལ་སྤེལ་གཏོང་དགོས་པ་དང་། ནང་མཁོ་རྒྱ་ཆེར་གཏོང་དགོས་པ་དང་ལྷག་པར་དུ་འཛད་སྤྱོད་ཀྱི་དགོས་མཁོ་རྒྱ་ཆེར་གཏོང་རྒྱུར་སྔར་བས་མཐོང་ཆེན་བྱེད་དགོས་པ། བསྒྱུར་བཅོས་སྒོ་དབྱེ་དང་ཚན་རྩལ་གསར་གཏོད་ལ་སྐུལ་སྤེལ་གཏོང་རྒྱུར་སྔར་བས་མཐོང་ཆེན་བྱེད་དགོས་པ། དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་རྒྱུར་སྔར་བས་མཐོང་ཆེན་བྱེད་དགོས་པ། གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་འཆར་འགོད་དང་ས་ཁོངས་དབར་མཐུན་སྦྱོར་ངང་གོང་འཕེལ་གཏོང་རྒྱུར་སྔར་བས་མཐོང་ཆེན་བྱེད་དགོས། ནོར་སྲིད་ནས་གཙོ་གནད་གཏོང་སྒོའི་མ་དངུལ་སྟངས་འཛིན་བྱེད་རྒྱུ་མངོན་ཆེར་བཟུང་སྟེ་ནོར་སྲིད་ནས་ཚོད་འཛིན་བྱེད་པའི་སྔོན་དཔག་རང་བཞིན་དང་དམིགས་སའི་རང་བཞིན། དེ་བཞིན་ཕན་ནུས་རང་བཞིན་བཅས་ཤུགས་ཆེར་གཏོང་དགོས། དཔལ་འབྱོར་འདུ་འགོད་བྱེད་ཚུལ་ལ་ལྟ་སྐུལ་ཚད་ལེན་དང་དབྱེ་ཞིབ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་ལག་བསྟར་བྱས་ཚུལ་ལ་མཇུག་འདེད་དང་། འབྱོར་སྟོབས་བགོ་འགྲེམས་བྱེད་རྒྱུར་གཅིག་གྱུར་འཆར་འགོད། གཏོང་སྒོའི་གྲུབ་ཆ་ལེགས་སྒྱུར་བཅས་བྱས་ཏེ་འབྱོར་སྟོབས་གཅིག་སྡུད་ཀྱིས་དོན་ཆེན་སྒྲུབ་དགོས། ནོར་སྲིད་དེ་དངུལ་རྩ་དང་། ཐོན་ལས། མ་འཇོག་སོགས་ཐད་ཀྱི་སྲིད་ཇུས་ལག་བསྟར་བྱེད་རྒྱུ་དང་མཐུན་སྦྱོར་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་སྔར་ལས་ཡག་པ་དང་། སྔར་ལས་མགྱོགས་པ། སྔར་ལས་ཆེ་བ་བཅས་ཡོང་བར་སྐུལ་འདེད་གཏོང་དགོས། (གཉིས )སྤྱི་བཏང་རང་བཞིན་གྱི་གཏོང་སྒོ་ཚོད་འཛིན་ནན་པོ་བྱེད་པ་དང་གཙོ་གནད་གཏོང་སྒོ་མང་དུ་གཏོང་དགོས། རིམ་ཁག་སྲིད་གཞུང་དང་དེའི་ནོར་སྲིད་སྡེ་ཚན་གྱིས་སྤྱི་སྤྱོད་འགྲོ་གྲོན་སོགས་སྤྱིར་བཏང་རང་བཞིན་གྱི་གཏོང་སྒོར་ཚོད་འཛིན་ནན་པོ་བྱས་ཏེ་སྲིད་འཛིན་གྱི་མ་གནས་ཆག་གང་ཐུབ་བྱེད་དགོས། གཞུང་དོན་གྱི་སྣེ་ལེན་འགྲོ་སོང་དང་འཁོར་རིགས་ཉོ་སྒྲུབ་དང་བེད་སྤྱོད་བྱེད་གྲོན། ཕྱི་རྒྱལ (མཐའ་མཚམས )དུ་འགྲོ་བའི་འགྲོ་གྲོན་བཅས་ཀྱི་གཏོང་སྒོའི་གཞི་ཁྱོན་ཚོད་འཛིན་ནན་པོ་བྱེད་དགོས། “ཞིང་གསུམ ”ཐད་ཀྱི་ནོར་སྲིད་གཏོང་སྒོ་རྒྱུན་མཐུད་ནས་མང་དུ་བཏང་སྟེ་ནོར་སྲིད་ཀྱི་མ་དངུལ་དེ་བས་མང་བ་དཔལ་འབྱོར་གོང་འཕེལ་གཏོང་རྒྱུའི་གཙོ་གནད་ལས་ཀའི་ཐོག་བཏང་སྟེ་སྤྱི་ཚོགས་ཀྱི་བྱ་གཞག་གོང་འཕེལ་ཇེ་མགྱོགས་སུ་གཏོང་རྒྱུ་དང་། སྤྱི་པའི་ཞབས་ཞུ་སྒྲུབ་པའི་ཁྱབ་ཁོངས་རྒྱ་ཆེར་གཏོང་རྒྱུ། དམངས་འཚོ་འགན་སྲུང་དང་ལེགས་བཅོས་ཏན་ཏིག་བྱེད་རྒྱུ་བཅས་ལ་རྒྱབ་སྐྱོར་བྱེད་དགོས། མཐའ་མཚམས་ས་ཁུལ་དང་མི་འབོར་ཅུང་ཉུང་བའི་མི་རིགས་དང་དཔལ་འབྱོར་དར་རྒྱས་མེད་པའི་ས་ཁུལ་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། ནོར་སྲིད་ཀྱི་མ་དངུལ་དོ་དམ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་པའི་རྨང་གཞིའི་ཐོག གཞི་རིམ་གྱི་སྤྱིར་བཏང་རང་བཞིན་གྱི་མ་དངུལ་སྒྱུར་སྤྲོད་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ་གཞི་རྩའི་སྤྱི་པའི་ཞབས་ཞུ་ཆ་མཚུངས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། སྤྱི་ཚོགས་རོགས་སྐྱོབ་དང་འགན་སྲུང་གི་ཚད་གཞི་དེ་ཟོག་གོང་དང་ག་སྦྱར་བྱེད་པའི་མཉམ་སྒུལ་ལམ་སྲོལ་ཞིབ་འཇུག་བཟོ་འགོད་གང་མགྱོགས་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་ཚོགས་འགན་སྲུང་ལས་ཀ་མཐུན་སྦྱོར་ངང་གོང་འཕེལ་གཏོང་བའི་སྲིད་ཇུས་དང་བྱ་ཐབས་འཚོལ་ཞིབ་ཧུར་ཐག་བྱས་ནས་གྲོང་ཁྱེར་གྲོང་གསེབ་ཀྱི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་སྲུང་བྱེད་པའི་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་དགོས།

        (གསུམ )ནོར་སྲིད་སྔོན་རྩིས་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་དགོས། ནོར་སྲིད་སྔོན་རྩིས་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་སྔོན་རྩིས་བཀའ་མཆན་དང་གཤམ་སྤྲོད་བྱེད་རྒྱུའི་དུས་བཅད་ཀྱི་གཏན་འབེབས་ལག་བསྟར་ནན་པོ་བྱས་ཏེ་སྔོན་རྩིས་དུས་ཐོག་ཏུ་ཞིབ་མཆན་དང་གཤམ་སྤྲོད་བྱེད་དགོས་པ་དང་། སྔོན་རྩིས་གཏོང་སྒོའི་འགན་འཁྲི་བཟོ་བ་དང་འཐུས་སྒོ་ཚང་དུ་བཏང་ནས་གཏོང་སྒོ་དོན་འཁྱོལ་ཡོང་བའི་འགན་ལེན་བྱེད་དགོས། སྔོན་རྩིས་གཙོ་འགན་འཁུར་མཁན་སྡེ་ཚན་དང་སྔོན་རྩིས་བགོ་འགྲེམས་བྱེད་དབང་ཡོད་པའི་སྡེ་ཚན་གྱིས་སྔོན་རྩིས་བཀོད་སྒྲིག་གཞིར་བཟུང་ལས་དོན་སྤེལ་རེས་དང་མཐུན་སྦྱོར་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་རྣམ་གྲངས་ཀྱི་སྔོན་གྲབས་དང་། མ་དངུལ་སྤྱོད་རྒྱུའི་འཆར་གཞི་བཟོ་འགོད། གཏོང་སྤྲོད་རེ་ཞུ། དེ་བཞིན་མ་དངུལ་སྤྲོད་རྒྱུ་སོགས་ཀྱི་རྨང་གཞིའི་རང་བཞིན་གྱི་ལས་དོན་དམ་འཛིན་བྱས་ཏེ་མ་དངུལ་དོན་འཁྱོལ་བྱེད་ཤུགས་ཆེ་རུ་དང་མ་དངུལ་འཕྲོས་སྒྱུར་བྱེད་རྒྱུ་ཉུང་དུ་བཏང་ནས་སྔོན་རྩིས་ཀྱི་མ་དངུལ་འཕྲོས་སྒྱུར་དང་ལྷག་འཕྲོས་མ་དངུལ་ལ་དོ་དམ་བྱེད་པའི་ལམ་ལུགས་ཚགས་ཚུད་དུ་བཏང་ཐོག མ་དངུལ་སྡེབ་གསོག་ཐེབས་རིགས་སྔོན་འགོག་བྱེད་དགོས། སྲིད་གཞུང་ནས་ཉོ་སྒྲུབ་བྱེད་རྒྱུའི་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་ཉོ་སྒྲུབ་བྱེད་ཐབས་འཐུས་སྒོ་ཚང་དུ་བཏང་ནས་སྲིད་གཞུང་གི་ཉོ་སྒྲུབ་བྱེད་པའི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་དགོས། ཆེད་དམིགས་མ་དངུལ་སྒྱུར་སྤྲོད་བྱེད་རྒྱུ་སྔར་བས་ཚད་ལྡན་བཟོས་ཏེ་མ་དངུལ་བགོ་འགྲེམས་བྱེད་པའི་གསལ་ཆ་ཆེ་རུ་གཏོང་བ་དང་བེད་སྤྱོད་བྱས་འབྲས་ལེགས་སུ་གཏོང་དགོས།

        (བཞི )ནོར་སྲིད་མ་དངུལ་ལ་ལྟ་སྐུལ་དོ་དམ་བྱེད་རྒྱུ་སྔར་བས་ཚགས་ཚུད་དུ་གཏོང་དགོས། ཁྲིམས་ལུགས་གཞིར་བཟུང་རྩིས་བཤེར་གྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་། རྩིས་བཤེར་གྱི་ལྟ་སྐུལ་འགན་ནུས་ཤུགས་ཆེར་བཏང་ཐོག་རྩིས་བཤེར་བྱེད་རྒྱ་ཆེ་རུ་གཏོང་དགོས། ཤང་གྲོང་ནོར་སྲིད་དང་ནོར་དོན་གྱི་དོ་དམ་ཚན་པ་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཤང་གྲོང་གི་ནོར་སྲིད་དང་ནོར་དོན་དོ་དམ་ལམ་ལུགས་འཛུགས་པ་དང་ཚགས་ཚུད་དུ་བཏང་ཐོག དམངས་ཕན་སྲིད་ཇུས་ཁག་དོན་ཐོག་ཏུ་འཁྱོལ་ཐུབ་པའི་འགན་ལེན་བྱེད་དགོས། ནོར་སྲིད་ཀྱི་རྨང་གཞིའི་དོ་དམ་ལས་དོན་ལ་སྐུལ་སྤེལ་གཏོང་དགོས་པ་དང་། སྡེ་ཚན་གྱི་རྨང་གཞིའི་ཆ་འཕྲིན་གྱི་གཞི་གྲངས་ཐོ་མཛོད་འཐུས་སྒོ་ཚང་དུ་གཏོང་དགོས་པ། རྣམ་གྲངས་གཏོང་སྒོའི་བཅད་གྲངས་ཚད་གཞིའི་མ་ལག་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་སྟེ་སྔོན་རྩིས་བཟོ་འགོད་ཀྱི་ཆ་ཚང་རང་བཞིན་དང་གནད་འཕིགས་རང་བཞིན་ཆེ་རུ་གཏོང་དགོས། ནོར་སྲིད་ཀྱི་ལྟ་སྐུལ་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་སྲིད་གཞུང་རང་བཞིན་གྱི་མ་དངུལ་ཡོངས་རྫོགས་དང་ནོར་སྲིད་འདུ་འགོད་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁེབས་པའི་ལྟ་སྐུལ་ལམ་སྲོལ་འཛུགས་པ་དང་ཚགས་ཚུད་དུ་བཏང་སྟེ་ནོར་སྲིད་མ་དངུལ་བེད་སྤྱོད་བྱེད་རྒྱུ་ཚད་ལྡན་དང་། ཉེན་མེད། གོ་ཆོད་བཅས་ཡོང་བའི་འགན་ལེན་བྱེད་དགོས། ནོར་དཔལ་སྒྲིག་ལམ་སྔར་བས་དམ་དུ་བཏང་སྟེ་ཁྲིམས་ལུགས་གཞིར་བཟུང་རྒྱུ་ནོར་འཛིན་སྐྱོང་བྱས་ཏེ་ནོར་དོན་དོ་དམ་དང་ནང་ཁོངས་ཚོད་འཛིན་ལམ་ལུགས་བཟོ་རྒྱུར་ཤུགས་སྣོན་བརྒྱབ་ནས་ནོར་སྲིད་ཚན་རིག་དང་མཐུན་ཞིང་ཞིབ་ལས་ཅན་གྱི་དོ་དམ་བྱེད་རྒྱུར་སྐུལ་སྤེལ་ཏན་ཏིག་གཏོང་དགོས།

        (ལྗོངས་རྩོམ་སྒྱུར་ཅུས་ཀྱིས་བསྒྱུར་བ་གཞིར་བཟུང )

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།