དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • བོད་རང་སྐྱོང་ལྗོངས་ཀྱི་2010ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2011ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་གཞིའི་འཆར་ཟིན་སྐོར་གྱི་སྙན་སྒྲོན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     རྩོམ་པ་པོ།  རང་སྐྱོང་ལྗོངས་གོང་འཕེལ་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གིས།   |     སྤེལ་དུས།  2015-05-09

        འཐུས་མི་རྣམ་པ།

        རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བཀའ་མངགས་ལྟར་ད་ལྟ་2010ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2011ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་གཞིའི་འཆར་ཟིན་འདི་བཞིན་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་ཚོགས་འདུ་ཐེངས་བཞི་པའི་ཐོག་གྲོས་ཞིབ་གནང་རྒྱུར་འབུལ་རྒྱུ་ཡིན་པས་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་རྣམ་པ་དང་ཟུར་ཞུགས་འཐུས་མི་རྣམ་པས་ཀྱང་བསམ་འཆར་འདོན་རོགས་གནང་།

        གཅིག 2010ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ།

        2010ལོ་ནི་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་ལོ་ཞིག་ཡིན་པ་དང་། བོད་གོང་འཕེལ་འགྲོ་བའི་ལོ་རྒྱུས་འཕེལ་རིམ་ནང་གི་གལ་ཆེའི་ལོ་རྒྱུས་ཀྱི་དུས་མཚམས་ཤིག་རེད་ལ། “ལོ་ལྔ་ཚན་བཅུ་གཅིག་པའི ”འཆར་འགོད་རྒྱུན་འཛིན་དང་“ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་འགོ་རྩོམ་རྒྱུའི་ལོ་ཞིག་ཀྱང་རེད། ལོ་གཅིག་རིང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་སྣེ་ཁྲིད་ཀྱིས་ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བས་བཀོད་ཁྱབ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ། དེ་བཞིན་ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་ལས་དོན་ཚོགས་འདུ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཐོག ལྗོངས་ཏང་ཨུད་ཀྱི་སྐབས་བདུན་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་། ལྗོངས་ཏང་ཨུད་ཀྱི་ལས་དོན་ཚོགས་འདུ། ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ། རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་ཚོགས་འདུ་ཐེངས་གསུམ་པ་བཅས་ཀྱི་བཀོད་སྒྲིག་གཞིར་བཟུང་། ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་གོང་འཕེལ་གྱི་ལམ་བུར་སྐྱོད་རྒྱུ་མཐའ་འཁྱོངས་བྱས་ཏེ “ཐོན་ལས་དང་པོ་ཆུ་ཚད་མཐོ་རུ་གཏོང་བ་དང་། ཐོན་ལས་གཉིས་པ་གཙོ་གནད་དམ་འཛིན་བྱེད་པ། ཐོན་ལས་གསུམ་པ་གོང་འཕེལ་ཤུགས་ཆེ་གཏོང་བ ”བཅས་ཀྱི་དཔལ་འབྱོར་གོང་འཕེལ་གཏོང་རྒྱུའི་འཐབ་ཇུས་ལག་བསྟར་ཤུགས་ཆེ་བྱས་ནས་གཙོ་གནད་མངོན་ཆེ་དང་། གཅིག་གྱུར་འཆར་འགོད་དང་ཁྱོན་ཡོངས་ལ་ལྟ་རྟོག་གང་ཐུབ། ལས་འགན་ཨང་དང་པོ་དམ་འཛིན། དམངས་འཚོ་ལེགས་བཅོས་ལ་ཤུགས་སྣོན། མ་འཇོག་དང་འཛད་སྤྱོད་བྱེད་རྒྱ་ཆེ་རུ་ཧུར་ཐག་གཏོང་བ། ཁྱད་ལྡན་ཐོན་ལས་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་བ། བསྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས་ལྗོངས་ཡོངས་ཀྱི་དཔལ་འབྱོར་མཆོང་སྐྱོད་ལྟ་བུའི་གོང་འཕེལ་གཏོང་རྒྱུའི་འཕེལ་ངོ་རྒྱུན་འཁྱོངས་ཐུབ་པ་དང་། “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་དམིགས་ཚད་མངོན་འགྱུར་ལེགས་ཙམ་བྱུང་ནས “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ལམ་ལྷོངས་ངང་འགོ་འཛུགས་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད། ཀྲུང་དབྱང་གིས་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་སྐོང་ཚོགས་བྱས་པ་དེས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུར་གསོན་ཤུགས་སྟོབས་ཆེ་ཞིག་སྦྱིན་ཡོད་པས་ལྗོངས་ཡོངས་ཀྱི་མཆོང་སྐྱོད་ལྟ་བུའི་གོང་འཕེལ་གྱི་གོམ་སྟབས་རྒྱུན་ཆད་མེད་པར་ཇེ་མགྱོགས་སུ་གཏོང་རྒྱུར་སྐུལ་འདེད་ནུས་ལྡན་བྱུང་ཡོད། ལོ་གཅིག་རིང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་ལག་བསྟར་དོན་འཁྱོལ་བྱས་པའི་ཕན་འབྲས་ཐོན་འགོ་ཚུགས་ཤིང་། “ལོ་ལྔ་ཚན་བཅུ་གཅིག་པའི ”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་དམིགས་ཚད་ཕྱོགས་ཡོངས་ནས་མངོན་གྱུར་ཐུབ་སྟེ་ལོ་འཁོར་གྱི་དམིགས་ཚད་དང་ལས་འགན་ཁག་ལེགས་གྲུབ་ཕུན་སུམ་ཚོགས་པོ་བྱུང་བ་དང་། ལྗོངས་ཡོངས་ཀྱི་དཔལ་འབྱོར་སྤྱིའི་ཆ་ནས་སྔོན་དཔག་གི་ཁ་ཕྱོགས་སུ་སྐྱོན་བྲལ་ངང་གོང་འཕེལ་སོང་ནས “བརྟན་པོ་གཅིག་དང། འཕར་མགྱོགས་པ་གསུམ། ཤུགས་ཆེར་སོང་བ་གཉིས ”ཀྱི་འཁོར་སྐྱོད་ཀྱི་ཁྱད་ཆོས་མངོན་ཡོད། དེ་ཡང་“བརྟན་པོ་གཅིག ”ཞེས་པ་ནི་ལྗོངས་ཡོངས་ཀྱི་དཔལ་འབྱོར་བརྟན་ཞིང་ཅུང་མྱུར་བའི་སྒོ་ནས་གོང་འཕེལ་གཏོང་ཐུབ་པར་ཟེར། ལོ་འཁོར་མོར་ལྗོངས་ཡོངས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར་507.46ཟིན་པས་དུས་ཚིགས་གསུམ་པའི་ཚུན་གྱི་12%ཡན་གྱི་བརྟན་པོའི་ངང་འཕར་སྣོན་བྱུང་ནས་འཕར་ཚད་12.3%ཟིན་པ་དེ་ལོ་སྟོད་ཀྱི་11.2%ལས་བརྒྱ་ཆའི་གྲངས་1.1འཕར་མགྱོགས་སུ་སོང་ཞིང་།

        དེའི་ནང་ཐོན་ལས་དང་པོར་སྒོར་དུང་ཕྱུར་68.13བྱུང་བ་དེ་དུས་མཚུངས་དང་བསྡུར་ན་3.1%འཕར་བ་དང་། ཐོན་ལས་གཉིས་པར་སྒོར་དུང་ཕྱུར་163.92བྱུང་བ་དེ་དུས་མཚུངས་དང་བསྡུར་ན་14.1%འཕར་བ། ཐོན་ལས་གསུམ་པར་སྒོར་དུང་ཕྱུར་275.41བྱུང་བ་དེ་དུས་མཚུངས་དང་བསྡུར་ན་13.7%འཕར་ཡོད། “འཕར་མགྱོགས་པ་གསུམ ”ཞེས་པ་ནི་ཕྱི་ཕྱོགས་ཚོང་དོན་དང་། ཡུལ་སྐོར་ལས་རིགས། ནོར་སྲིད་ཡོང་འབབ་བཅས་འཕར་སྣོན་མགྱོགས་པོ་བྱུང་ཡོད། གཅིག་ནི་ཕྱི་ཕྱོགས་ཚོང་དོན་འཕར་སྣོན་མགྱོགས་པོ་བྱུང་ཡོད་པས་ལོ་ཧྲིལ་པོའི་ཕྱིར་གཏོང་ནང་འདྲེན་གྱི་སྤྱི་འབོར་ཨ་སྒོར་དུང་ཕྱུར་8.36ཟིན་རྒྱུ་ཡིན་པས་དུས་མཚུངས་ལས་110%འཕར་བཟོ་ཡོད་པ་དང། གཉིས་ནི་ཡུལ་སྐོར་སྤྱིའི་མི་འབོར་འཕར་མགྱོགས་པོ་བྱུང་བས་ལོ་ཧྲིལ་པོར་མིའི་ཐེངས་གྲངས་ཁྲི་685.14ཟིན་རྒྱུ་ཡིན་པས་དུས་མཚུངས་ལས་22.1%འཕར་བཟོ་ཡོད་ཅིང་ལོ་འཁོར་གྱི་འཆར་གཞི་བྱས་ན་མིའི་ཐེངས་གྲངས་ཁྲི་582ཟིན་རྒྱུའི་སྔོན་དཔག་དམིགས་ཚད་ལས་བརྒལ་བཟོ་ཡོད་པ། གསུམ་ནི་ནོར་སྲིད་ཀྱི་ཡོང་འབབ་འཕར་མགྱོགས་པོ་བྱུང་ཞིང་། ལོ་ཧྲིལ་པོར་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར་36.65ཡོང་རྒྱུ་ཡིན་པས་དུས་མཚུངས་ལས་21.8%འཕར་བཟོ་ཡོད་པ། ལྗོངས་ཡོངས་ཀྱི་དཔྱ་ཁྲལ་ཁག་གི་ཡོང་འབབ་དེ་སྔོན་དཔག་བྱས་ན་སྒོར་དུང་ཕྱུར་48.5ཟིན་རྒྱུ་ཡིན་པས་དུས་མཚུངས་ལས་39.9%འཕར་བཟོ་ཡོད་བཅས་རེད། ནོར་སྲིད་ཀྱི་གཏོང་ཡོང་གྲུབ་ཆ་སྔར་བས་ལེགས་འགྱུར་བྱུང་ཡོད་པས་གཙོ་གནད་ཁྱབ་ཁོངས་གོང་འཕེལ་གཏོང་རྒྱུར་འགན་སྲུང་ནུས་ལྡན་བྱུང་ཡོད། “ཤུགས་ཆེར་སོང་བ་གཉིས ”ཞེས་པ་ནི་མ་འཇོག་དང་འཛད་སྤྱོད་གཉིས་ཀྱི་ཐོག་ནས་དཔལ་འབྱོར་འཕར་སྣོན་ཡོང་བར་སྐུལ་ཁྲིད་བྱེད་པའི་འཕེལ་ངོ་ཤུགས་ཆེར་སོང་ཡོད། 2010ལོར་རྒྱལ་ཁབ་ནས་མ་འཇོག་སྒོར་དུང་ཕྱུར་253དོན་འཁྱོལ་བྱེད་རྒྱུ་ཡིན་པས་ལོ་འཁོར་གྱི་དམིགས་ཚད་ལས་སྒོར་དུང་ཕྱུར་33བརྒལ་བཟོ་ཡོད་ཅིང་། སླར་ཡང་ལོ་རྒྱུས་ཀྱི་ཚད་གཞི་མཐོ་ཤོས་གཏོད་རྒྱུ་ཡིན་པ་དང་། ལོ་ཧྲིལ་པོར་སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་སྒོར་དུང་ཕྱུར་463.26ལེགས་གྲུབ་བྱེད་རྒྱུ་ཡིན་པས་དུས་མཚུངས་ལས་22.1%འཕར་བཟོ་ཡོད།

        སྤྱི་ཚོགས་ཀྱི་འཛད་སྤྱོད་སིལ་འཚོང་སྤྱི་འབོར་སྒོར་དུང་ཕྱུར་180.84ཟིན་པས་དུས་མཚུངས་ལས་18.7%འཕར་བཟོ་ཡོད། གྲོང་གསེབ་དང་གྲོང་ཁྱེར་གྱི་འཛད་སྤྱོད་རྟ་མགོ་མཉམ་གཤིབ་ཀྱི་འཕེལ་ངོ་བཟང་པོ་ཐོན་རྒྱུ་ཡིན་པས་གྲོང་གསེབ་ཀྱི་འཛད་སྤྱོད་འཕར་ཚད་དེ་ལོ་གསུམ་བསྟུད་མར་གྲོང་ཁྱེར་གྲོང་བརྡལ་གྱི་འཛད་སྤྱོད་ལས་བརྒལ་རྒྱུ་རེད།

        (གཅིག )ལས་འགན་ཨང་དང་པོ་དམ་འཛིན་ཤུགས་ཆེ་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་རྒྱུར་གྲུབ་འབྲས་གསར་པ་ཐོབ་པ།

        ཐོག་མཐའ་བར་གསུམ་དུ་ང་ཚོས་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་དང་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་བཅོས་གཏོང་རྒྱུའི་ལས་འགན་ཨང་དང་པོ་དེར་དམིགས་ཏེ་ཕྱོགས་བསྡུས་ཀྱི་བྱ་ཐབས་དོན་འཁྱོལ་བྱེད་རྒྱུར་དམ་འཛིན་གྱིས་སྲོལ་རྒྱུན་གྱི་ཞིང་འབྲོག་ལས་དེ་དེང་རབས་ཀྱི་ཞིང་འབྲོག་ལས་ཕྱོགས་སུ་སྒྱུར་རྒྱུར་སྐུལ་འདེད་ཏན་ཏིག་བཏང་བར་བརྟེན། ལྗོངས་ཡོངས་ཀྱི་ཞིང་འབྲོག་ལས་དཔལ་འབྱོར་བརྟན་པོའི་ངང་གོང་འཕེལ་གཏོང་བའི་འཕེལ་ངོ་བཟང་པོ་ཞིག་མཐའ་འཁྱོངས་ཐུབ་ཡོད། (1) ཞིང་འབྲོག་ལས་ཐོན་སྐྱེད་མུ་མཐུད་བརྟན་པོ་བྱུང་བ། སྲིད་ཇུས་དོན་འཁྱོལ་དང་ཚན་རྩལ་ཁྱབ་གདལ་གཏོང་ཤུགས་ཆེ་རུ་བཏང་བ་དང་ཞིང་འབྲོག་ལས་ཐོན་སྐྱེད་ལ་དོ་དམ་ནན་པོ་བྱས་ཏེ་སྔོན་ལ་ཐན་སྐྱོན་དང་དེ་ནས་ལ་ཞོད་སྐྱོན་བྱུང་བ་སོགས་ཀྱི་རང་བྱུང་གནོད་འཚེར་ཁ་གཏད་ཧུར་ཐག་བཅག་སྟབས་ཞིང་འབྲོག་ལས་ཀྱི་ཐོན་འབབ་བརྟན་པོ་བྱུང་ཡོད། སྔོན་དཔག་བྱས་ན། ལོ་ཧྲིལ་པོའི་ལྗོངས་ཡོངས་ཀྱི་ཞིང་ལས་དང་། ནགས་ལས། འབྲོག་ལས། ཉ་ལས་བཅས་ཀྱི་ཐོན་རྫས་སྤྱིའི་རིན་ཐང་སྒོར་དུང་ཕྱུར་100ཟིན་རྒྱུ་ཡིན་པ་དེ་དུས་མཚུངས་ལས་4%འཕར་རྒྱུ་ཡིན་པ་དང། ཞིང་ལས་ལོ་ཏོག་གི་སྤྱིའི་འདེབས་ཁྱོན་མུའུ་ཁྲི་367ཟིན་རྒྱུ་དང་། འབྲུ་རིགས་དང་། དཔལ་འབྱོར་ལོ་ཏོག གཟན་ཆག་བཅས་གསུམ་གྱི་བསྡུར་ཚད་དེ་65:20:15ཡིན་ཞིང་། ལྗོངས་ཡོངས་ཀྱི་འབྲུ་རིགས་སྤྱིའི་ཐོན་འབོར་ཀྲོན་ཁྲི་92ཡས་མས་ཟིན་རྒྱུ་ཡིན་པས་ན་ནིང་ལས་ཀྲོན་ཁྲི་1མང་དུ་འགྲོ་རྒྱུ་ཡིན་པ། ལྗོངས་ཡོངས་ཀྱི་ཕྱུགས་རིགས་མགོ་གྲངས་ལོ་མཇུག་ཏུ་ཁྲི་2254ཟིན་རྒྱུ་ཡིན་པ། ཕྱུགས་རིགས་བཤས་གཏོང་ཚད་སྔར་བས་ཤུགས་ཆེར་བཏང་ནས་རྩྭ་ཕྱུགས་ག་འཛོལ་གྱི་གནས་ཚུལ་སྔར་བས་ཞི་ལྷོད་དུ་གཏོང་རྒྱུ།

        (2)ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་བཅོས་བྱུང་བ། 2010ལོའི་ལོ་མཇུག་ཏུ་སླེབས་དུས་ཞིང་འབྲོག་མང་ཚོགས་ཀྱི་བདེ་འཁོད་ལས་གཞིའི་ཁེབས་ཚད་དེ་ལྗོངས་ཡོངས་ཀྱི་དུད་ཚང་ཁྲི་27.48དང་མང་ཚོགས་ཁྲི་140ལ་ཁེབས་པ་དང་། འཐུང་ཆུ་དང་། གློག ལམ། འཕྲིན་གཏོང་། སོལ་རླངས། རླུང་འཕྲིན་བཪྙན་འཕྲིན། སྦྲག་ལས་སོགས་གྲོང་གསེབ་ཀྱི་ཕྱོགས་བསྡུས་ལེ་ལག་ཚང་སྒྲིག་གི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་རྒྱུ། ཤང་ཚང་མར་འོད་ཆུན (ཐགས་ཡངས )དང་། གྲོང་ཚོ་ཚང་མར་ཁ་པར་ཤར་གཏོང་ཐུབ་པ། ཤང་གྲོང་དུ་སྦྲག་ལས་སྐུར་གཏོང་ཚད་དང་། ཤང་གྲོང་གི་གཞུང་ལམ་ཤར་གཏོང་ཐུབ་ཚད། སྲིད་འཛིན་གྲོང་ཚོའི་གཞུང་ལམ་ཤར་གཏོང་ཐུབ་ཚད་བཅས་ཁག་སོ་སོར་85.7%དང་། 99.7% 81.2%བཅས་ཟིན་པ། སྔོན་དཔག་བྱས་ན་ལོ་མཇུག་ཏུ་སླེབས་དུས། སྔ་ཕྱི་བསྡོམས་ཏེ་ཞིང་འབྲོག་མང་ཚོགས་ཁྲི་153.24ལ་ཆུ་གཙང་མ་འཐུང་རྒྱུ་ཡོད་པ་དང་ཞིང་འབྲོག་དུད་ཚང་ཁྲི་15ལ་གཙང་སྦྲ་ལྡན་པའི་རྫབ་རླངས་ནུས་ཁུངས་སྤྱོད་ཐུབ་རྒྱུ་ཡིན། ལྗོངས་ཡོངས་ཀྱི་ཏེན་ཚྭ་འགྲེམས་སྐྱེལ་གྱི་དྲ་རྒྱ་བཙུགས་ཟིན་པ་དང་ཞིང་འབྲོག་ཁུལ་དུ་ཏེན་ཚྭའི་ཁེབས་ཚད་91.2%ཟིན་ནས་ཏེན་ཚྭ་མི་འདེང་བའི་ནད་གཞི་རྩ་བའི་ཆ་ནས་མེད་པ་བཟོ་རྒྱུའི་དམིགས་ཚད་མངོན་འགྱུར་ཐུབ་ཡོད།

        (3)ཞིང་འབྲོག་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་འབབ་སྨར་རྒྱུན་མཐུད་ནས་འཕར་སྣོན་མགྱོགས་པོ་བྱུང་བ། བྱ་ཐབས་སྣ་མང་མཉམ་འཛིན་བྱེད་རྒྱུ་རྒྱུན་འཁྱོངས་ཀྱིས་ཞིང་ལས་ལ་རྒྱབ་སྐྱོར་དང་ཞིང་ལས་ལ་ཕན་སྦྱར་གྱི་སྲིད་ཇུས་ལ་བརྟེན་ནས་ཡོང་འབབ་འཕར་སྣོན་ཡོང་རྒྱུར་སྐུལ་འདེད་གཏོང་བའི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་། ཞིང་འབྲོག་ལས་ཀྱི་ཁྱད་ལྡན་ཐོན་ལས་ནང་ཁོངས་ཀྱི་འབབ་འཕར་གྱི་གདིང་ཤུགས་བསྔོག་འདོན་ཧུར་ཐག་བྱས་ཏེ་ཞིང་འབྲོག་མང་ཚོགས་ལ་སྦྱོང་བརྡར་སྤྲོས་ཤུགས་སྔར་བས་ཆེ་རུ་བཏང་ནས་ཆེད་ལས་མཉམ་ལས་ཀྱི་དཔལ་འབྱོར་སྒྲིག་འཛུགས་གོང་འཕེལ་གཏོང་རྒྱུར་རོགས་སྐྱོར་བྱས་པ་དང་། ལས་ཞུགས་སྤོ་སྒྱུར་གྱི་ཐབས་ལམ་སྣ་མང་ཅན་གཏོད་དེ་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཡོང་ཁུངས་རྒྱ་ཆེར་ཧུར་ཐག་གཏོད་ཡོད། 2010ལོར་ལྗོངས་ཡོངས་ཀྱི་ངལ་རྩོལ་ནུས་ཤུགས་ལྷག་མ་སྤོ་སྒྱུར་ལས་ཞུགས་བྱེད་ཚད་མིའི་ཐེངས་གྲངས་ཁྲི་81ཙམ་ཟིན་ཞིང་། ཞིང་འབྲོག་མང་ཚོགས་མི་རེའི་ཆ་སྙོམས་འབབ་སྨར་སྒོར་4138.7ཟིན་པ་དེ་དུས་མཚུངས་ལས་17.2%འཕར་ཞིང་འཕར་ཚད་13%ཟིན་པ་བྱེད་རྒྱུའི་སྔོན་དཔག་གི་དམིགས་ཚད་ལས་བརྒྱ་ཆའི་གྲངས་4.2མཐོ་བ་ཡོད།

        (གཉིས )རྨང་གཞིའི་སྒྲིག་བཀོད་ཆ་རྐྱེན་ལེགས་བཅོས་ཤུགས་ཆེ་བྱས་ནས་གོང་འཕེལ་གྱི་སྙུགས་ཤེད་ཟམ་མི་ཆད་པར་ཤུགས་ཆེར་བཏང་ཡོད།

        ཐོག་མཐའ་བར་གསུམ་དུ་ང་ཚོས “ཕྱོགས་གཉིས་མཉམ་སྒུལ ”གྱི་ལམ་སྲོལ་རྒྱུན་འཁྱོངས་བྱས་ཏེ་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་གཙོ་བོས་སྣེ་ཁྲིད་བྱས་པའི་འོག་པེ་ཅིན་དུ་ཐེངས་མང་སྐྱོད་དེ་མཐུད་སྦྱོར་སྙན་སེང་ཞུས་པ་དང་། རྣམ་གྲངས་ལག་བསྟར་བྱེད་པའི་ནང་འཕྲད་པའི་དཀའ་གནད་ཐག་གཅོད་བྱེད་རྒྱུར་གཞོགས་འདེགས་ཧུར་ཐག་བྱས་པ་དང་། རྣམ་གྲངས་ཆེ་གྲས་ཁག་གཅིག་སྔ་རྟིང་དུ་ལས་འགོ་བརྩམས་པར་བརྟེན་རྣམ་གྲངས་ཀྱི་ཕན་འབྲས་རིམ་བཞིན་ཐོན་འགོ་ཚུགས་པ་དང་། ལྗོངས་ཡོངས་ཀྱི་རྨང་གཞིའི་སྒྲིག་བཀོད་དང་རྨང་གཞིའི་ཐོན་ལས་ཀྱི་འདེགས་སྐྱོར་ནུས་པ་ཤུགས་ཆེར་མངོན་གསལ་དོད་པོ་སོང་ཡོད།

        (1)འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་མྱུར་པོ་བྱུང་བ། རྒྱལ་ལམ་ཁག་ལྔ་རྩ་བའི་ཆ་ནས་སྣུམ་ནག་ཅན་དུ་གྱུར་བ་དང་། ལྷ་ས་ནས་གོང་དཀར་གནམ་ཐང་དབར་གྱི་གཞུང་ལམ་འཕེལ་རིམ་བདེ་བླག་བྱུང་བ། མེ་ཏོག་གི་དགའ་ལུང་ལའི་སྦུག་ལམ་རྒྱལ་ཁའི་ངང་ཤར་གཏོང་ཐུབ་པ་བཅས་བྱུང་ཡོད། སྔོན་དཔག་བྱས་ན། ལོ་མཇུག་ཏུ་སླེབས་དུས་ལྗོངས་ཡོངས་ཀྱི་རིམ་པ་མཐོ་ཙམ་ཡན་གྱི་ལམ་ངོས་རིང་ཚད་དེ་སྤྱི་ལེ་8200ཙམ་ཟིན་རྒྱུ་དང་། གཞུང་ལམ་གྱི་རླངས་འཁོར་ཤར་གཏོང་ཐུབ་ཚད་དེ་སྤྱི་ལེ་ཁྲི་5.8ཟིན་རྒྱུ་ཡིན་པ། མཁའ་ལམ་གྱི་དྲ་རྒྱ་རྒྱུན་ཆད་མེད་པར་ལེགས་བཅོས་བྱུང་སྟེ་ཐོག་མའི་ཆ་ནས་ལྷ་སའི་གོང་དཀར་གནམ་ཐང་ལྟེ་བར་བྱས་པའི་ཆབ་མདོའི་སྤོམ་མདའ་དང་། ཉིང་ཁྲིའི་སྨན་གླིང་། མངའ་རིས་དགུན་ས། གཞིས་རྩེའི་གནམ་ཐང་བཅས་ཡན་ལག་ཏུ་བྱེད་པའི་གནམ་ཐང་གི་གྲུབ་ཆ་ཞིག་ཆགས་ཟིན་ཡོད། ལྷ་ས་ནས་གཞིས་རྩེ་བར་གྱི་ལྕགས་ལམ་འཛུགས་སྐྲུན་ལས་འགོ་བཙུགས་པ་དང་། མཚོ་བོད་ལྕགས་ལམ་བདེ་འཇགས་འཁོར་སྐྱོད་ཐུབ་པ། ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་གྱི་སྔོན་གྲབས་ལས་དོན་སྤེལ་མགྱོགས་སུ་བཏང་བ། རང་ལྗོངས་ཀྱི་ལྕགས་ལམ་དྲ་རྒྱའི་འཛུགས་སྐྲུན་གོམ་སྟབས་གསར་པ་ཞིག་སྤོ་ཐུབ་པ་བཅས་བྱུང་ཡོད།

        (2)ནུས་ཁུངས་འཛུགས་སྐྱོང་ཐད་འགག་སྒྲོལ་གསར་པ་ཞིག་བྱུང་བ། ལྗོངས་ཡོངས་ཀྱི་གློག་འདོན་འཕྲུལ་འཁོར་གྱི་གློག་འདོན་ཚད་ཆེ་ཤོས་ཀྱི་ཆུ་གློག་རྣམ་གྲངས་རྫམ་ཆུ་ཤུགས་གློག་ཁང་དང་འཛམ་གླིང་ཐོག་ས་ཁད་མཐོ་ཤོས་དང་། ལམ་ཐག་རིང་ཤོས། ཨར་སྐྲུན་དཀའ་ལས་ཆེ་ཤོས་བཅས་ཀྱི་གློག་སྒྱུར་གཏོང་གི་ལས་གྲྭའི་མཚོ་བོད་ཐད་གཏོང་དྲ་སྦྲེལ་ལས་གྲྭ་འགོ་བཙུགས་ཟིན་པ། གློག་མེད་པའི་ས་ཁུལ་གྱི་གློག་ཤུགས་འཛུགས་སྐྲུན་སྤེལ་མགྱོགས་སུ་བཏང་བ། གློག་དྲ་གཙོ་བོ་འཛུགས་སྐྲུན་དང “དུད་ཚང་ཚང་མར་གློག་གཏོང་ཐུབ་པའི ”ལས་གཞི་བདེ་བླག་ངང་སྤེལ་ཐུབ་པ་བཅས་བྱུང་ཡོད། 2010ལོར་བོད་ཀྱི་གློག་འདོན་འཕྲུལ་འཁོར་གྱི་གློག་འདོན་ཚད་དེ་ཆན་ཝ་ཁྲི་97ཟིན་པ་དང་། གློག་སྤྱོད་མཁན་མི་འབོར་ཁྲི་238ཙམ་ཟིན་པས་མི་འབོར་སྤྱིའི་82%ཟིན་པ། གློག་མེད་པའི་མི་འབོར་ཁྲི་52ཉུང་དུ་སོང་བ་བཅས་བྱུང་ཡོད།

        (3)ཆུ་བེད་ཀྱི་རྨང་གཞིའི་འཛུགས་སྐྲུན་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ། མ་ནག་དང་། མལ་སྟག ཡར་ཀླུངས་བཅས་ཆུ་འདྲེན་ཁུལ་ཆེན་པོ་གསུམ་གྱི་ལས་མཇུག་འགྲིལ་བ་དང། ཕོད་མདོ་ཆུ་བེད་ལྟེ་གནས་ལས་གྲྭའི་འཕེལ་རིམ་ལམ་ལྷོངས་བྱུང་བ། གཙང་པོའི་བྱང་རྒྱུད་ཀྱི་ཆུ་འདྲེན་ཁུལ་ལག་བསྟར་བྱེད་པའི་དུས་མཚམས་ཇེ་མགྱོགས་སུ་བཏང་བ། གྲོང་ཁྱེར་གྲོང་བརྡལ་གྱི་ཆུ་ལོག་སྔོན་འགོག་དང་། ཞིང་ནང་ཆུ་བེད། གྲོང་གསེབ་ཀྱི་གནོད་མེད་འཐུང་ཆུའི་ལས་གཞི་བཅས་འཛུགས་སྐྲུན་ཇེ་མགྱོགས་སུ་སོང་བ། ཞིང་ཆུ་འདྲེན་ཁུལ་གྱི་རྒྱ་ཁྱོན་མུའུ་ཁྲི་43.55གསར་འཕར་དང་ལེགས་བཅོས་བྱུང་བ་བཅས་ཀྱིས་རང་བྱུང་གནོད་འཚེ་འགོག་ནུས་མངོན་གསལ་དོད་པོས་གོང་མཐོར་ཕྱིན་ཡོད། ཆུ་བེད་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུར་འགན་སྲུང་བྱེད་པའི་ནུས་པ་སྔར་ལས་ལྷག་པའི་སྒོ་ནས་ཤུགས་ཆེར་སོང་ཡོད།

        (གསུམ )དམངས་འཚོ་འགན་སྲུང་དང་ལེགས་བཅོས་ཧུར་ཐག་བྱས་ནས་མི་དམངས་ཀྱི་འཚོ་བའི་ཆུ་ཚད་གོང་མཐོར་རྒྱུན་ཆད་མེད་པར་བཏང་བ།

        ཐོག་མཐའ་བར་གསུམ་དུ་ང་ཚོས་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་རྒྱུ་དེ་ལས་དོན་ཁག་གི་ཐོག་མའི་དམིགས་ས་དང་དོན་ལ་བབས་ས་ཞིག་ཏུ་བརྩིས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་ལག་བསྟར་ཤུགས་ཆེ་བྱས་ནས་སྤྱི་ཚོགས་ཀྱི་བྱ་གཞག་ཁག་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་ཇེ་མགྱོགས་སུ་བཏང་ཡོད།

        (1)གྲོང་ཁྱེར་དང་གྲོང་གསེབ་མང་ཚོགས་ཀྱི་ཡོང་འབབ་བརྟན་པོའི་སྒོ་ནས་འཕར་སྣོན་བྱུང་ཡོད་པ། གྲོང་ཁྱེར་དང་གྲོང་གསེབ་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་དེ་2007ལོར་སྒོར་ཁྲི་1ལས་འགག་སྒྲོལ་བྱུང་རྗེས། 2008ལོ་དང་2009ལོར་ཁག་སོ་སོར་སྒོར་12000དང་སྒོར་13000འགག་སྒྲོལ་བྱུང་ཡོད་པས་2010ལོར་སྒོར་14980ཟིན་པ་དེ་ལོ་གོང་མ་ལས་10.6%འཕར་རྒྱུ་རེད། ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་བརྟན་པོ་བྱུང་ཡོད་པས་2010ལོར་ལྗོངས་ཡོངས་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་འབབ་སྨར་དེ་སྒོར་4000ཟིན་ཡིན་ཞིང་། ལོ་8བསྟུད་མར་གྲངས་གཞི་གཉིས་ཡན་གྱི་འཕར་ཚད་མཐའ་འཁྱོངས་ཐུབ་ཡོད།

        (2)སྤྱི་ཚོགས་ཀྱི་བྱ་གཞག་ཕྱོགས་ཡོངས་ནས་གོང་འཕེལ་བྱུང་བ། ཚན་སློབ་རིག་འཕྲོད་ཐད་ཀྱི་སྒྲིག་བཀོད་འཛུགས་སྐྲུན་གཙོ་གནད་དུ་སྐུལ་སྤེལ་བཏང་ཡོད། “གཞི་རྩའི་ཆ་གཉིས་”ཀྱི་འགག་སྒྲོལ་འཆར་གཞིའི་ནང་གཏན་འཁེལ་བྱས་པའི་ལས་འགན་ཁག་ཁྱོན་ཡོངས་ནས་ལེགས་གྲུབ་བྱུང་བ་དང་། འགན་བབས་སློབ་གསོ་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཚང་མར་ཁེབས་ཡོད་པ། སློབ་ཆུང་གི་སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད་99.2%ཟིན་པ། གསར་རྒྱག་བྱས་པའི་མཐོ་རིམ་སློབ་འབྲིང་8ཀྱི་ལས་གྲྭ་གཙོ་བོ་ཚང་མ་ལེགས་གྲུབ་བྱུང་ཡོད། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་སྔར་བས་འཐུས་ཚང་དུ་སོང་བ་དང་། ལྟེ་བའི་ཤང་གྲོང་ཁག་95ཡི་འཕྲོད་བསྟེན་ཁང་ཚད་ལྡན་ཅན་འཛུགས་སྐྲུན་ལེགས་གྲུབ་བྱུང་བ། “གྲོང་ཚོ་རེར་འཕྲོད་བསྟེན་ཁང་གཅིག ”ཡོད་དགོས་པའི་ལས་འགན་དེ་བདེ་འཁོད་ལས་གཞིའི་གྲོང་ཚོ་རིམ་པའི་རྩ་འཛུགས་འཛུགས་སྐྲུན་ཕྱོགས་བསྡུས་བྱེད་སྒོ་སྤེལ་ཡུལ་སྐྲུན་སྐབས་ཚང་མ་ལེ་ལག་ཚང་སྒྲིག་གིས་བཟོས་ཟིན་ཡོད། སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་སོང་བ་དང་། རྫོང་ཚང་མར་ཕྱོགས་བསྡུས་རིག་གནས་བྱེད་སྒོ་སྤེལ་ཡུལ་ལྟེ་གནས་དང་ཆ་འཕྲིན་མཉམ་སྤྱོད་ལྟེ་གནས་ཀྱི་དམིགས་ཚད་མངོན་གྱུར་བྱུང་བ། “ཤིན་བོད་ལས་གཞི ”དང་། གྲོང་ཚོ་ཀུན་ཁྱབ་ལས་གཞི་སོགས་རྣམ་གྲངས་སྤེལ་ཇེ་མགྱོགས་སུ་བཏང་བ། མི་འབོར་ལ་རླུང་འཕྲིན་བཪྙན་འཕྲིན་ཕྱོགས་བསྡུས་ཁེབས་ཚད་དེ་སྔོན་དཔག་བྱས་ན། ཁག་སོ་སོར་90.3%དང་། 91.4%ཟིན་རྒྱུ། བཀྲས་ལྷུན་དགོན་པ་སོགས་གཙོ་གནད་རིག་དངོས་ཉམས་གསོའི་ལས་གྲྭ་ཁག་22བདེ་བླག་ངང་སྤེལ་བར་བརྟེན་ལོ་རྒྱུས་རིག་གནས་ཤུལ་བཞག་ལ་སྲུང་སྐྱོབ་ནུས་ལྡན་བྱུང་ཡོད། སློབ་ཆེའི་སློབ་ཐོན་སློབ་མ་དང་། དམག་ཞབས་ཐིམ་པའི་ཕྱིར་ལོག་དམག་མིར་ལས་བཀོད། ཞིང་པ་ལས་མི་སོགས་མི་ཚོགས་ཀྱི་ལས་ཞུགས་གནས་ཚུལ་རྩ་བའི་ཆ་ནས་བརྟན་ལྷིང་བྱུང་ཞིང་། སློབ་ཆེའི་སློབ་ཐོན་སློབ་མ་ལས་ཞུགས་བྱེད་ཚད་དེ་80%ཡན་ཟིན་པ། གྲོང་ཁྱེར་གྲོང་བརྡལ་གྱི་ལས་ཞུགས་གསར་པ་མི་ཁྲི་2.1བྱུང་བ། གྲོང་ཁྱེར་གྲོང་བརྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་དེ་4.0%ནང་ཚུད་དུ་ཚོད་འཛིན་ཐུབ་པ་བཅས་བྱུང་ཡོད། སྤྱི་ཚོགས་ཀྱི་འགན་སྲུང་བྱ་གཞག་ཕྱོགས་ཡོངས་ནས་གོང་འཕེལ་ཕྱིན་པ་དང་། སྤྱི་ཚོགས་ཀྱི་འགན་བཅོལ་ལམ་ལུགས་ཁག་འཐུས་སྒོ་ཚང་དུ་སོང་ནས་ཁེབས་རྒྱ་སྔར་བས་ཆེ་རུ་སོང་སྟེ་འགན་སྲུང་ཆུ་ཚད་ཟམ་མི་ཆད་པར་གོང་མཐོར་ཕྱིན་ཡོད། གྲོང་གསེབ་ཀྱི་འགན་བཅོལ་གསར་པའི་ཚོད་ལྟ་དེ་ལྗོངས་ཡོངས་ཀྱི་ཤང་གྲོང་ཚང་མར་ཁེབས་ཐུབ་ཡོད་པས་གྲོང་གསེབ་ཀྱི་རྒན་གསོའི་འགན་བཅོལ་གསར་པའི་ལམ་ལུགས་དེ་རྒྱལ་ཡོངས་ཀྱི་སྔོན་ལ་ཚང་མར་ཁེབས་ཐུབ་པ་བྱུང་ཡོད།

        (བཞི )རང་ངོས་གོང་འཕེལ་གཏོང་ནུས་ཤུགས་ཆེར་བཏང་སྟེ་གོང་འཕེལ་གྱི་སྤུས་ཚད་དང་ཕན་འབྲས་གོམ་པ་མཉམ་སྤོས་ཀྱིས་མཐོ་རུ་བཏང་བ།

        ཐོག་མཐའ་བར་གསུམ་དུ་ང་ཚོས་རྒྱལ་ཡོངས་ཀྱི་རོགས་སྐྱོར་དང་རང་སྟོབས་རང་སྤེལ་ཟུང་འབྲེལ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཕྱོགས་མཐའ་ཀུན་དང་། རྒྱ་ཆེ་བ། གཞི་ཁྱོན་ཆེ་བ་བཅས་ཀྱི་སྒོ་ནས་མ་འཇོག་བྱེད་ཤུགས་ཆེ་རུ་བཏང་ཐོག་རང་ངོས་གོང་འཕེལ་འགྲོ་ནུས་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་མཐུན་སྦྱོར་ངང་རྒྱུན་མཐུད་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད།

        (1) ཐོན་ལས་ཀྱི་སྤུས་རིམ་མཐོ་རུ་གཏོང་རྒྱུ་ཇེ་མགྱོགས་སུ་བཏང་བ། ཁྱད་ལྡན་ཐོན་ལས་ཀྱི་བཟང་ཆ་གསོ་སྤེལ་ཐབས་ཇུས་ལ་བརྟེན་ནས་ཐོན་ལས་ལ་རྒྱབ་སྐྱོར་བྱེད་རྒྱུ་དང་ཟུང་འབྲེལ་བྱས་ཐོག་ཐོན་ལས་སྤུས་རིམ་མཐོར་གཏོང་བསྒྱུར་བཅོས་བྱེད་རྒྱུར་རོགས་སྐྱོར་བྱས་ཏེ་བོད་ཀྱི་གསོ་བ་རིག་པ་དང་སྨན་རྫས་ལས་རིགས་དང་། གཏེར་འདོན་གསར་སྤེལ་ཁེ་ལས། མི་རིགས་ལག་ཤེས་བཟོ་ལས། འབྱུང་འཕྲོད་བཟའ་འཐུང་ཐོན་རྫས། དེ་བཞིན་ནུས་ཁུངས་གསར་པ་སོགས་ཁྱད་ལྡན་ཐོན་ལས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ་དང། ཁེ་ལས་ཀྱིས་ཞིབ་འཇུག་གསར་སྤེལ་ལས་ཁུངས་ཀྱི་མཉམ་སྤྱོད་ལས་སྟེགས་འཛུགས་རྒྱུ་དང་སྲོལ་རྒྱུན་གྱི་ཐོན་ལས་སྤུས་རིམ་མཐོར་གཏོང་དང་བསྒྱུར་བཅོས་བྱེད་རྒྱུར་སྐུལ་འདེད་བཏང་བ། 2010ལོར་བཟོ་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར་39.73མངོན་གྱུར་ཡོང་རྒྱུ་དང། དེའི་ནང་ནས་གཞི་ཁྱོན་ལྡན་པའི་བཟོ་ལས་ཀྱི་འཕར་ཐང་དེ་སྒོར་དུང་ཕྱུར་29.25ཟིན་ཡོད་པ་དེ་དུས་མཚུངས་ལས་14%འཕར་ཡོད་པས་བཟོ་ལས་འཕར་ཐང་གི་73.6%ཟིན་ཡོད། བཟོ་ལས་ཀྱི་ཐོན་རྫས་གཙོ་བོའི་ནང་གློག་གཏོང་ཚད་དང། སྦི་རག ལྕགས་ཀྲིན་ནང་གི་འཐུང་བྱའི་རིགས་ཁག་སོ་སོར་13.5%དང་། 11.2% 40.2%བཅས་ཟིན་ཡོད། ལྗོངས་ཡོངས་ཀྱི་གཞུང་ཁོངས་ཁེ་ལས་ཀྱི་ལས་གཉེར་གཙོ་བོའི་ཡོང་འབབ་དེ་སྒོར་དུང་ཕྱུར་74.8ཟིན་ཡོད་པ་དེ་དུས་མཚུངས་ལས་15.5%འཕར་ཡོད་པ་དང་། ཁེ་སྤོགས་སྤྱི་འབོར་སྒོར་དུང་ཕྱུར་13ཟིན་ཡོད་པ་དེ་དུས་མཚུངས་ལས་36.3%འཕར་ཡོད་པ། གཞུང་འཇལ་ཁྲལ་དངུལ་སྒོར་དུང་ཕྱུར་10.5བྱས་ཡོད་པ་དེ་དུས་མཚུངས་ལས་49.2%འཕར་ཡོད།

        (2)གཙོ་གནད་ཁེ་ལས་དར་འཕེལ་དང་འཛུགས་སྐྱོང་བསྒྱུར་བཅོས་བྱེད་རྒྱུར་རོགས་སྐྱོར་བྱས་པ། རྒྱལ་ཁབ་ནས་ཆོག་མཆན་སྤྲད་པའི་རང་ལྗོངས་ཀྱི་གཙོ་གནད་ཐོན་ལས་ཁག་37དར་འཕེལ་དང་འཛུགས་སྐྱོང་བསྒྱུར་བཅོས་བྱེད་རྒྱུའི་རྣམ་གྲངས་དང་གློག་རྡུལ་ཆ་འཕྲིན་ཐོན་ལས་ཁག་5 དེ་བཞིན་ཞབས་ཞུའི་ལས་རིགས་ཁག་2གོང་འཕེལ་གཏོང་རྒྱུའི་རྣམ་གྲངས་བཅས་ཚང་མ་ལས་འགོ་བཙུགས་ཤིང་། རྣམ་གྲངས་ལེགས་གྲུབ་བྱུང་རྗེས། ཁེ་ལས་ཀྱི་ཁྲོམ་རའི་འགྲན་རྩོད་ནུས་པ་དང་ཐོན་ལས་ཀྱི་བཟང་ཆ་རིམ་པས་མཐོ་རུ་སོང་ནས་ཐོན་ལས་ཀྱི་གཞི་ཁྱོན་རྒྱ་ཆེར་འགྲོ་རྒྱུ་རེད།

        (3) ཐོན་ལས་ཀྱི་སྡེ་གླིང་གོང་འཕེལ་ཧུར་ཐག་བཏང་བ། དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དང་། བཟོ་ལས་སྡེ་གླིང་། ཞིང་ལས་སྡེ་གླིང་སོགས་ཁྱད་ལྡན་གྱི་བཟང་ཆའི་ཐོན་ལས་གོང་འཕེལ་གཏོང་རྒྱུའི་ཐད་གོང་འཕེལ་གྱི་ལས་སྟེགས་གལ་ཆེ་ཞིག་མཁོ་འདོན་བྱས་ཡོད། ལོ་མཇུག་བར། ནག་ཆུའི་དངོས་ཟོག་འགྲེམས་གཏོང་ལྟེ་གནས་ཀྱི་ཚོང་འགུགས་མ་རྩ་ནང་འདྲེན་གྱི་ལས་དོན་བདེ་བླག་ངང་སྤེལ་ཐུབ་ནས་འབྲེལ་ཡོད་ཁེ་ལས་དང་གྲོས་མཐུན་རྣམ་གྲངས་ཁག་24བཞག་པར་ཁྱོན་བསྡོམས་མ་འཇོག་སྤྱི་འབོར་དུང་ཕྱུར་12ལས་བརྒལ་ཡོད་པ་དང་། དེའི་ནང་ཁེ་ལས་ཁག་12ཀྱི་བཟོ་ཚོང་དེབ་སྐྱེལ་ཐོ་བཀོད་བྱས་པའི་མ་དངུལ་སྒོར་དུང་ཕྱུར་1ལས་བརྒལ་ཡོད། ལྷ་སའི་རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དུ་དེབ་སྐྱེལ་ཐོ་བཀོད་བྱེད་མཁན་ཁེ་ལས་ཁག་235བྱུང་ཡོད་ཅིང་དེའི་ནང་དངོས་སུ་བཅའ་སྡོད་བྱེད་མཁན་ཁེ་ལས་49ཡོད།

        (ལྔ )གོང་འཕེལ་གཏོང་སྟངས་ལ་འགྱུར་བ་བཏང་ནས་གོང་འཕེལ་འགྲོ་བའི་མཐུན་སྦྱོར་རང་བཞིན་རྒྱུན་ཆད་མེད་པར་ཤུགས་ཆེར་བཏང་ཡོད།

        ཐོག་མཐའ་བར་གསུམ་དུ་ང་ཚོས་ཁྱད་ལྡན་ཐོན་ལས་གོང་འཕེལ་གཏོང་རྒྱུ་དེ་གོང་འཕེལ་གཏོང་སྟངས་ལ་འགྱུར་བ་གཏོང་བའི་བྱ་ཐབས་གལ་ཆེ་ཞིག་ལ་བརྩིས་ནས་རྒྱུན་འཁྱོངས་བྱས་ཏེ་ཞིང་འབྲོག་ལས་ཀྱི་ཐོན་ལས་ཅན་དུ་གཉེར་སྐྱོང་བྱེད་རྒྱུར་སྐུལ་འདེད་ཤུགས་ཆེ་བཏང་བ་དང་། ཐོན་ཁུངས་ཀྱི་བཟང་ཆ་དེ་ཐོན་ལས་ཀྱི་བཟང་ཆར་འགྱུར་བ་བྱེད་རྒྱུའི་གོམ་སྟབས་ཇེ་མགྱོགས་སུ་བཏང་སྟེ་ཕྱོགས་ཡོངས་ནས་ཞབས་ཞུའི་ལས་རིགས་གོང་འཕེལ་བཏང་ཐོག་ཁུལ་ཁོངས་ཀྱི་དཔལ་འབྱོར་མཐུན་སྦྱོར་ངང་གོང་འཕེལ་བཏང་ནས་དཔལ་འབྱོར་གོང་འཕེལ་གཏོང་བའི་མཐུན་སྦྱོར་རང་བཞིན་རྒྱུན་ཆད་མེད་པར་ཤུགས་ཆེར་སོང་ཡོད།

        (1)ཐེངས་གསུམ་པའི་ཐོན་ལས་གྲུབ་ཆ་སྔར་བས་ལེགས་འགྱུར་བྱུང་བ། ཞིང་ལས་རྩ་བའི་ཆ་ནས་བརྟན་པོ་བྱུང་བ་དང་། བཟོ་ལས་དང་ཞབས་ཞུའི་ལས་རིགས་གོང་འཕེལ་མགྱོགས་པོ་བྱུང་ཡོད། ཐེངས་གསུམ་པའི་ཐོན་ལས་གྲུབ་ཆ་དེ་བས་ལེགས་འགྱུར་བྱུང་ཞིང་། ཐོན་ལས་གཉིས་པའི་ཐོན་རྫས་རིན་ཐང་དེ་སྒོར་དུང་ཕྱུར་163.92ཟིན་ཡོད་པས་བཟོ་ལས་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་གོང་མཐོར་སོང་ནས་རང་ནུས་འཕེལ་ཤུགས་རྒྱུན་ཆད་མེད་པར་ཤུགས་ཆེར་སོང་བ། ཡུལ་སྐོར་ལས་རིགས་ཀྱིས་གཙོ་ཁྲིད་བྱས་པའི་ཞབས་ཞུའི་ལས་རིགས་ཟམ་མི་ཆད་པར་སྲ་བརྟན་དུ་སོང་ཡོད། ཐེངས་གསུམ་པའི་ཐོན་ལས་གྲུབ་ཆ་དེ་2005ལོའི་19.3:25.5:55.2བཅས་ཡིན་པ་ནས་2010ལོར་13.4:32.3:54.3བཅས་ཀྱི་ཕྱོགས་སུ་ལེགས་སྒྲིག་བྱུང་ཡོད།

        (2) ནང་མཁོའི་གྲུབ་ཆ་ལེགས་འགྱུར་ཟམ་མི་ཆད་པར་བྱུང་བ། མ་འཇོག་གྲུབ་ཆ་རྒྱུན་ཆད་མེད་པར་ལེགས་བཅོས་བྱུང་བ་དང་། རྨང་གཞིའི་སྒྲིག་བཀོད་དང་། བཟོ་ལས། དམངས་འཚོའི་ལས་གཞི་ཐད་ཀྱི་མ་འཇོག་རྒྱུན་མཐུད་འཕར་སྣོན་བྱུང་སྟེ་དམངས་ཁྲོད་མ་འཇོག་གིས་སྤྱི་ཚོགས་ཧྲིལ་པོའི་གཏན་འཇགས་རྒྱུ་ནོར་གྱི་བསྡུར་ཚད་དེ་27.9%ཟིན་ཡོད་པ་དེ་2005ལོ་ལས་བརྒྱ་ཆའི་གྲངས་11.2མཐོ་རུ་སོང་བ་དང་། རོལ་སྐྱིད་མགྲོན་ཁང་མ་འཇོག་ལས་གཉེར་འགོ་ཚུགས་པ་དང་ཤམ་བྷ་ལ་མགྲོན་ཁང་ཆེ་མོ་སོགས་ཕྱི་རྒྱལ་གྱིས་མ་དངུལ་བཏང་བའི་རྣམ་གྲངས་ལས་འགོ་བཙུགས་ཡོད། སྤྱི་ཚོགས་ཀྱི་འཛད་སྤྱོད་འཕར་སྣོན་མྱུར་པོ་བྱུང་ཞིང་། སྲོལ་རྒྱུན་གྱི་ཞབས་ཞུའི་ལས་རིགས་གོང་འཕེལ་མགྱོགས་པོ་བྱུང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་མང་ཚོགས་ཀྱི་འཛད་སྤྱོད་ཆ་རྐྱེན་སྔར་བས་ལེགས་བཅོས་བྱུང་ནས་ཁྱིམ་གློག་དང་། ཁྱིམ་ཆས། ཞིང་ལས་འཕྲུལ་ཆས་འཛད་སྤྱོད་ཆེ་རིགས་རྣམས་ཞིང་འབྲོག་ཁུལ་དུ་ཁྱབ་ཆེར་སོང་བ། སྒོ་རྩིས་ཚོང་ཁང་དང་ཞིང་ཞོར་ཐོན་རྫས་ཁྲོམ་ར་སོགས་གསར་དར་གྱི་འཁོར་རྒྱུག་བྱེད་སྟངས་ཐོག་ནས་ཞིང་འབྲོག་ཁུལ་གྱི་འཛད་སྤྱོད་ལ་སྐུལ་སྤེལ་ཆེན་པོ་བྱུང་ཡོད་པས་དཔལ་འབྱོར་འཕར་སྣོན་ལ་སྐུལ་སྤེལ་གཏོང་བའི་ཁྲོད་དུ་མ་འཇོག་དང་འཛད་སྤྱོད་གཉིས་ཀ་མཉམ་སྐྱོད་ཐུབ་ཡོད།

        (3) ཁུལ་ཁོངས་ཀྱི་གོང་འཕེལ་གྲུབ་ཆ་སྔར་བས་ལེགས་འགྱུར་བྱུང་བ། ཁུལ་ཁོངས་ཆེན་པོ་གསུམ་མཉམ་འགྲན་གོང་འཕེལ་སོང་ཞིང་། བོད་དབུས་རྒྱུད་ཀྱི་ལྟེ་བའི་ཁྱབ་འགྱེད་སྐུལ་སྤེལ་ནུས་པ་རྒྱུན་ཆད་མེད་པར་ཤུགས་ཆེར་སོང་སྟེ་བོད་ཀྱི་ཤར་རྒྱུད་དང་ནུབ་རྒྱུད་ཁུལ་གྱི་དགེ་མཚན་ལྡན་པའི་ཐོན་ཁུངས་དངོས་སྒྱུར་བྱེད་རྒྱུའི་ཆུ་ཚད་མངོན་གསལ་དོད་པོས་གོང་མཐོར་ཕྱིན་ནས་ཁུལ་ཁོངས་ཆེན་པོ་གསུམ་ནང་སྐྱེད་གོང་འཕེལ་ནུས་པ་ཟམ་མི་ཆད་པར་གོང་མཐོར་སོང་ཡོད། གྲོང་བརྡལ་ཅན་དུ་འགྱུར་རྒྱུའི་གོམ་སྟབས་ཇེ་མགྱོགས་སུ་སོང་ཞིང་། གྲོང་བརྡལ་ཆུང་གྲས་ཀྱི་འགྲོ་ལམ་དང་། ཆུ་བཤངས་འཐེན་གྱི་མདོང་དྲ། གད་སྙིགས་བསྡུ་རུབ་ས་ཚུགས་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བྱུང་བ་དང་། དཔལ་འབྱོར་ཕྱོགས་བསྡུས་གསར་སྤེལ་དཔེ་སྟོན་ལས་གཞིར་མུ་མཐུད་སྐུལ་སྤེལ་བཏང་ནས་གྲོང་བརྡལ་ཆུང་གྲས་ཀྱི་འདུ་སྡོད་ནུས་འབྲས་རྒྱུན་ཆད་མེད་པར་ཤུགས་ཆེར་སོང་ཡོད། ཆབ་མདོར་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་རྟེན་འབྲེལ་ཆེན་མོའི་རྣམ་གྲངས་འཛུགས་སྐྲུན་ལ་རྒྱབ་སྐྱོར་ཤུགས་ཆེ་བྱས་ནས་རྟེན་འབྲེལ་ཆེ་མོའི་བྱེད་སྒོ་ཁག་ཐུགས་གྲ་ལེགས་པོའི་ངང་གཉེར་ཡོད་པས་བོད་ཤར་རྒྱུད་ས་ཁུལ་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད།

        (དྲུག )ཅན་གཉིས་ཀྱི་སྤྱི་ཚོགས་ཧུར་ཐག་སྐྲུན་ནས་སྣོད་བཅུད་འཛུགས་སྐྱོང་དང་ཁོར་ཡུག་སྲུང་སྐྱོབ་འཛུགས་སྐྱོང་བྱེད་རྒྱུར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

        ཐོག་མཐའ་བར་གསུམ་དུ་ང་ཚོས་ཁོར་ཡུག་སྲུང་སྐྱོབ་དང་སྣོད་བཅུད་འཛུགས་སྐྱོང་བྱེད་རྒྱུ་དེ་སྣོད་བཅུད་ཤེས་དཔལ་ལྡན་པ་འཛུགས་སྐྱོང་བྱེད་པའི་རྨང་གཞིར་བརྩིས་ཏེ་ཐོན་ཁུངས་གྲོན་ཆུང་ཅན་དང་ཁོར་ཡུག་མཐུན་འཕྲོད་ཅན་གྱི་སྤྱི་ཚོགས་འཛུགས་སྐྲུན་བྱེད་རྒྱུ་དེ་རང་ལྗོངས་གོང་འཕེལ་གཏོང་བའི་གནས་བབ་ཀྱི་མངོན་ཆེར་བཞག་ནས་སྣོད་བཅུད་སྲུང་སྐྱོབ་དང་དཔལ་འབྱོར་འཛུགས་སྐྲུན་མཐུན་སྦྱོར་ངང་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་བཏང་ཡོད།

        (1) སྣོད་བཅུད་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྱོང་བྱེད་རྒྱུར་སྐུལ་འདེད་ཧུར་ཐག་བཏང་བ། 《བོད་ཀྱི་སྣོད་བཅུད་སྲུང་བཅད་དང་འཛུགས་སྐྱོང་བྱེད་རྒྱུའི་འཆར་འགོད (2008ལོ་ནས་2030ལོ་བར )》གྱི་ལས་གཞི་ཆེ་བ་བཅུའི་རྣམ་གྲངས་ཐད་སྔ་རྟིང་དུ་རྒྱལ་ཁབ་ནས་མ་དངུལ་སྒོར་དུང་ཕྱུར་25གནས་སྨིན་བྱུང་ཡོད་པ་དང། ནགས་སྦོལ་ཞིང་ཁ་ནགས་སུ་སྒྱུར་རྒྱུ་དང། རང་བྱུང་རྩྭ་ར་སྐྱས་སྤོས་རྩྭ་གསོ། ཆུ་ཤུགས་གློག་ཁང་ཆུང་གྲས་བརྒྱབ་ནས་འབུད་ཤིང་གི་ཚབ་བྱེད་པ། ས་ཆུ་སྲུང་འཛིན་བཅོས་སྒྲིག བྱེ་འགོག་བྱེ་བཅོས་སོགས་ཀྱི་ལས་གཞི་སྤེལ་རིམ་ལམ་ལྷོངས་བྱུང་བ་དང་། ལོ་ཧྲིལ་པོར་མི་ཐབས་ཀྱི་ནགས་བཟོ་མུའུ་ཁྲི་94ལེགས་གྲུབ་བྱུང་ནས “ལོ་ལྔ་ཚན་བཅུ་གཅིག་པའི ”རིང་སྔ་རྗེས་བསྡོམས་པའི་མུའུ་ཁྲི་172ཟིན་ཡོད། ཕྱོགས་མཚུངས་བོད་རང་སྐྱོང་ལྗོངས་ཀྱི་རྩྭ་ཐང་གི་སྣོད་བཅུད་སྲུང་སྐྱོབ་ངར་སྐུལ་ལམ་སྲོལ་གྱི་ཚོད་ལྟའི་ལས་དོན་དེ་རྒྱལ་ཡོངས་ཀྱི་སྔོན་ལ་སྤེལ་ཡོད་པས་འབྲོག་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་དང་སྣོད་བཅུད་ཁོར་ཡུག་མཐུན་སྦྱོར་ངང་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་བཏང་ཡོད།

        (2) ནུས་རྒྱུ་བསྲི་ཚགས་དང་བཙོག་སྐྱོན་ཉུང་གཏོང་གི་དམིགས་ཚད་དོན་འཁྱོལ་ཧུར་ཐག་བྱས་པ། ཁོར་ཡུག་ལྟ་སྐུལ་ཚད་ལེན་དང་། བསྡོམ་རྩིས། ཞིབ་དཔྱད་བཅས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་པར་བརྟེན་ལྗོངས་ཡོངས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་གི་ནུས་རྒྱུ་ཟད་གྲོན་དམའ་རུ་སོང་ཡོད་ཅིང་སྔོན་དཔག་བྱས་ན། 2010ལོར་ཐོན་སྐྱེད་སྤྱིའི་རིན་ཐང་གི་ནུས་རྒྱུ་ཟད་གྲོན་དེ་རྡོ་སོལ་ཚད་ལྡན་ཀྲོན་1.25རེར་སྒོར་ཁྲི་གཅིག་གི་དམིགས་ཚད་ནང་ཚུན་དུ་ཚོད་འཛིན་བྱེད་ཐུབ་ཡོད། བཙོག་སྐྱོན་དངོས་པོ་གཙོ་བོའི་རྫས་འགྱུར་གྱི་དབྱང་རླུང་མཁོ་ཚད་དང་དབྱང་གཉིས་མུ་ཟི་སྦྱར་བྱུང་ཉུང་གཏོང་གི་ལོ་འཁོར་འཆར་གཞི་མངོན་འགྱུར་བྱུང་ཡོད།

        (3) ཁོར་ཡུག་ལ་གནོད་གཞི་ཇི་ཡོང་ཞིབ་དཔྱད་བྱེད་ཤུགས་ཆེ་རུ་བཏང་བ། 《རྒྱལ་ཁབ་ཀྱི་ཐོན་ལས་མཛུབ་ཁྲིད་དཀར་ཆག 》དང་《བོད་རང་སྐྱོང་ལྗོངས་ཀྱི་ཁེ་ལས་ཀྱི་མ་འཇོག་རྣམ་གྲངས་ཞིབ་མཆན་འགོད་པའི་གནས་སྐབས་ལག་བསྟར་བྱ་ཐབས 》 དེ་མིན་རང་སྐྱོང་ལྗོངས་ཀྱི་ཐོན་ལས་གོང་འཕེལ་གཏོང་ཕྱོགས་ཀྱི་སྲིད་ཇུས་བཅས་གཞིར་བཟུང་། ནུས་རྒྱུ་ཟད་གྲོན་ཆེ་བ་དང་བཙོག་སྐྱོན་གཏོང་མང་བའི་རྣམ་གྲངས་ལ་ཞིབ་མཆན་འགོད་རྒྱུ་ཚོད་འཛིན་བྱས་ཏེ་ཚན་རིག་ལུགས་མཐུན་གྱི་སྒོ་ནས་ཐོན་ཁུངས་སྣ་ཚོགས་གསར་སྤེལ་བེད་སྤྱོད་བྱེད་རྒྱུར་སྐུལ་འདེད་བཏང་ཡོད་པས་ཁོར་ཡུག་ལ་གནོད་གཞི་ཇི་ཡོང་ཞིབ་དཔྱད་བྱེད་རྒྱུའི་ལས་དོན་རིམ་བཞིན་ཚད་ལྡན་བྱུང་ཡོད།

        (བདུན )དཔལ་འབྱོར་སྙོམས་སྒྲིག་བྱ་རྒྱུར་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་དཔལ་འབྱོར་བརྟན་ལ་མྱུར་བའི་སྒོ་ནས་འཕར་ཡོད།

        ཐོག་མཐའ་བར་གསུམ་དུ་ང་ཚོས་ཀྲུང་དབྱང་གི་དགོངས་དོན་དང་རང་སྐྱོང་ལྗོངས་ཀྱི་མཛད་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་པ་དང་དུས་མཚུངས། དཔལ་འབྱོར་འཁོར་རྒྱུག་ལ་སྟངས་འཛིན་སྙོམས་སྒྲིག་བྱ་རྒྱུར་སྔར་བས་ཤུགས་སྣོན་དང་ལེགས་བཅོས་བྱས་ཡོད།

        (1) དཔལ་འབྱོར་འཁོར་སྐྱོད་བྱེད་ཚུལ་ལ་ལྟ་ཞིབ་ཚད་ལེན་དང་དབྱེ་ཞིབ་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ། སྔ་ཕྱི་བར་གསུམ་དུ་རྒྱལ་དམངས་དཔལ་འབྱོར་ཕྱོགས་བསྡུས་དོ་མཉམ་ཡོང་རྒྱུ་དེ་དཔལ་འབྱོར་སྤྱི་ཚོགས་མཐུན་སྦྱོར་གོང་འཕེལ་གཏོང་བའི་གལ་ཆེའི་བྱ་ཐབས་ཤིག་ལ་བརྩིས་ཏེ། དཔལ་འབྱོར་འཁོར་སྐྱོད་བྱེད་ཚུལ་ལ་ལྟ་ཞིབ་ཚད་ལེན་དང་། སྔོན་དཔག སྙོམས་སྒྲིག་བཅས་བྱེད་ཤུགས་ཆེ་རུ་བཏང་ཡོད། ལོ་ཧྲིལ་པོར་ལྗོངས་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར་500ལས་བརྒལ་ཡོད་པས་དཔལ་འབྱོར་འཕར་ཚད་དེ་དུས་ཚིགས་དང་པོའི་8.9%དང་། དུས་ཚིགས་གཉིས་པའི་11.2% དུས་ཚིགས་གསུམ་པའི་12.2%ནས་ལོ་ཧྲིལ་པོའི་12.3%གྱི་འཕར་ཚད་མཐའ་འཁྱོངས་ཐུབ་ཡོད།

        (2) རིན་གོང་ལ་ལྟ་སྐུལ་དང་དོ་དམ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་པ། ཟོག་གོང་བརྟན་པོ་དང་ཚོད་འཛིན་ཡོང་བའི་སྲིད་ཇུས་བྱ་ཐབས་རབ་དང་རིམ་པ་དུས་ཐོག་ཏུ་བཏོན་ནས་ཁྲོམ་རའི་རིན་གོང་ལ་སྟངས་འཛིན་དང་། ལྟ་སྐུལ། ཚད་ལྡན་བཟོ་རྒྱུར་ཤུགས་སྣོན་བརྒྱབ་པ་དང་། གལ་ཆེའི་དུས་ཆེན་སྐབས་ཀྱི་ཁྲོམ་རའི་ཟོག་གོང་དང་སྲིད་གཞུང་གི “དམངས་ཕན་དངོས་ཟོག་ཉོ་འཛིན་གཱ ”སྲིད་ཇུས་དོན་འཁྱོལ་བྱེད་ཚུལ་སོགས་ཀྱི་ཐད་ཞིབ་བཤེར་གྱི་བྱེད་སྒོ་སྤེལ་བ་མ་ཟད། ལྗོངས་ཡོངས་སུ་འབྲུ་སྣུམ་ཁྲོམ་རའི་མཁོ་འདོན་དང་རིན་གོང་བརྟན་པོ་ཡོང་བའི་ལས་ཀའི་ཇུས་གཞི་བཏོན་ནས་སྡེབ་འཚོང་དང་སིལ་ཚོང་གི་རིན་གོང་སྙན་ཞུའི་ལམ་ལུགས་དང་རིན་གོང་གི་འཕྲལ་སྡོམ་ལྟ་ཞིབ་ཚད་ལེན་བྱ་རྒྱུའི་ཆ་འཕྲིན་དྲ་བའི་ལས་ས་བཙུགས་པས། 2009ལོའི་ལྗོངས་ཡོངས་ཀྱི་ཞིང་ཕྱུགས་ཐོན་རྫས་ཀྱི་མ་གནས་བརྟག་དཔྱད་ཀྱི་གཞི་འཛིན་གྲངས་ཀྱི་རྨང་གཞིའི་དཔྱད་ཡིག་བསྡོམས་རྩིས་དང་ཕྱོགས་སྒྲིག་གོང་འབུལ་ལས་དོན་ལེགས་གྲུབ་ཕུན་སུམ་ཚོགས་པོ་བྱུང་ཡོད། 2010ལོར་གྲོང་མིའི་འཛད་སྤྱོད་ཀྱི་རིན་གོང་སྟོན་གྲངས་ནི་102.2ཡིན་པས་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་དམའ་བ་ཡོད།

        (3) དངོས་རྫས་གྲབས་གསོག་མཁོ་འདོན་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ། ལྗོངས་ཡོངས་ཀྱི་གལ་ཆེའི་ཚོང་ཟོག་དང་། གྲབས་གསོག་ཞིང་ལས་ཐོན་རྫས་ཆེ་རིགས། གྲོང་མིའི་འཚོ་བའི་ཉེར་སྤྱད་བཅས་ལ་གཞི་ཆེའི་སྟངས་འཛིན་བྱེད་ཤུགས་ཆེ་རུ་བཏང་སྟེ། སྲིད་གཞུང་གིས་ཞིང་ལས་ཐོན་རྫས་ཆེ་རིགས་ཀྱི་ཁྲོམ་རར་གཞི་ཆེའི་སྟངས་འཛིན་མ་ལག་དང་ལམ་སྲོལ་འཛུགས་རྒྱུའི་བསམ་འཆར་དུས་ཐོག་ཏུ་བཏོན་ནས་ལྗོངས་ཡོངས་ཀྱི་ཞིང་ལས་ཐོན་རྫས་ཆེ་རིགས་གཉེར་སྐྱོང་གྲབས་གསོག་བྱེད་མཁན་གཙོ་གནད་རྐང་འཛིན་ཁེ་ལས་འདེམས་སྒྲུག་མིང་ཐོ་གཏན་ཁེལ་བྱས་ཤིང་། ནས་ཉོ་སྒྲུབ་ཀྱི་རིན་གོང་དམའ་ཤོས་མཐོ་རུ་བཏང་བ་དང་། གྲོང་མིའི་འཚོ་བའི་ཉེར་སྤྱད་གསོག་འཇོག་གི་འབོར་གྲངས་མང་དུ་བཏང་སྟབས། ཁྲོམ་རར་མཁོ་འདོན་བྱེད་རྒྱུའི་དངོས་ཟོག་ཟད་པ་དང་ཟོག་སྤུས་ཞན་པ། གདང་རིམ་ཆད་པ། ཟོག་གོང་འཕར་མགྱོགས་པ་བཅས་ལ་བཀག་འགོག་ནུས་ལྡན་བྱེད་ཐུབ་ཡོད།

        (བརྒྱད )བསྒྱུར་བཅོས་གཏིང་ཟབ་དང་སྒོ་དབྱེ་རྒྱ་ཆེར་བཏང་ནས་གོང་འཕེལ་གྱི་གསོན་ཤུགས་དང་སྒུལ་ཤུགས་སྔར་བས་ཆེ་རུ་སོང་བ།

        ཐོག་མཐའ་བར་གསུམ་དུ་ང་ཚོས་བསྒྱུར་བཅོས་སྒོ་དབྱེ་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བ་དང་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་འགྲོ་བའི་ཁྲོད་དུ་ཐོན་པའི་འགལ་ཟླ་དང་གནད་དོན་མངོན་གསལ་ཆེ་རིགས་སེལ་རྒྱུར་ཤུགས་བརྒྱབ་སྟེ། ཚན་རིག་དང་མཐུན་པའི་གོང་འཕེལ་གཏོང་རྒྱུར་གསོན་ཤུགས་གསར་པ་ཞིག་སྦྱིན་ཡོད།

        (1) དམངས་འཚོའི་ཁྱབ་ཁོངས་ལ་བསྒྱུར་བཅོས་ཇེ་མགྱོགས་སུ་བཏང་སྟེ། གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་ཁྱབ་རྒྱ་སྔར་བས་ཆེ་རུ་བཏང་སྟབས། བུན་སྟོངས་སོང་བའི་གཞུང་ཁོངས་ཁེ་ལས་ཀྱི་ལས་འཁྱུར་ལས་བཟོ་ཡོངས་རྫོགས་རྩ་བའི་ཆ་ནས་སྨན་བཅོས་འགན་བཅོལ་ནང་ཞུགས་ཐུབ་པ་བྱུང་ཡོད་པ་དང་། “སྦྲུམ་མ་ཤི་ཚད་དམའ་རུ་གཏོང་བ་དང་ཕྲུ་གུ་དམར་འབྱར་གྱི་རྨ་ངན་དུག་མཆེད་མེད་པར་བཟོ་བའི ”རྣམ་གྲངས་དེ་ལྗོངས་ཡོངས་ཀྱི་རྫོང་ཚང་མར་ཁེབས་ཐུབ་ཡོད། གཞི་རྩའི་སྨན་རྫས་ལམ་ལུགས་ལག་བསྟར་བྱས་ཏེ། ནོར་སྲིད་ནས་ཁ་གསབ་སྤྲོད་པའི་བྱ་ཐབས་བཟོས་ནས་གཞི་རིམ་གྱི་སྨན་བཅོས་ཚན་པ་63%ལ་རྒྱལ་ཁབ་ཀྱི་གཞི་རྩའི་སྨན་རྫས་ལམ་ལུགས་ལག་བསྟར་བྱས་ཡོད། རིག་གནས་དང་སློབ་གསོའི་ལམ་སྲོལ་བསྒྱུར་བཅོས་ལམ་ལྷོངས་བྱུང་ཡོད།

        (2)ཞིང་འབྲོག་ཁུལ་གྱི་ཕྱོགས་བསྡུས་ལམ་སྲོལ་བསྒྱུར་བཅོས་ཇེ་མགྱོགས་སུ་སོང་བ། རྩྭ་ཐང་གི་སྣོད་བཅུད་སྲུང་སྐྱོབ་དང་མཉམ་སྡེབ་ནགས་དབང་ལམ་ལུགས་བསྒྱུར་བཅོས་བྱེད་རྒྱུར་སྐུལ་འདེད་ཇེ་མགྱོགས་བཏང་པ་དང་། ཤང་གྲོང་ཚན་པ་དང་གྲོང་གསེབ་ཀྱི་འགན་བབས་སློབ་གསོའི་ལམ་སྲོལ། རྫོང་དང་ཤང་གི་ནོར་སྲིད་ལམ་སྲོལ། དེ་བཞིན་གྲོང་གསེབ་ཀྱི་སྤྱི་པའི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་རྒྱུ་སོགས་བསྒྱུར་བཅོས་ཁག་གོམ་པ་བརྟན་པོའི་སྒོ་ནས་སྤེལ་ཡོད།

        (3) སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་ལམ་སྲོལ་ལ་བསྒྱུར་རྒྱུ་ཇེ་མགྱོགས་སུ་བཏང་བ། གཞུང་ཁོངས་ཁེ་ལས་བསྒྱུར་བཅོས་བརྟན་པོའི་ངང་སྤེལ་བ་དང་། ཚྭ་ལས་སྤྱི་ཁྱབ་ཀུང་སི་བསྐྱར་སྒྲིག་བྱེད་རྒྱུའི་ལས་དོན་བདེ་བླག་ངང་ལེགས་གྲུབ་བྱུང་བ། བོད་ལྗོངས་ཡུལ་སྐོར་ཚོགས་པ་དང་བོད་ལྗོངས་གཡུ་ཐོག་བོད་སྨན་ཐོན་ལས་ཚོགས་པ་བསྐྱར་སྒྲིག་བྱེད་རྒྱུ་ལེགས་གྲུབ་བྱུང་ནས་གོང་འཕེལ་གྱི་ཁོར་ཡུག་ཉིན་རེ་བཞིན་ལེགས་འགྱུར་དང་གཞི་ཁྱོན་གྱི་ཕན་འབྲས་རིམ་བཞིན་མངོན་བཞིན་ཡོད། ཐོན་ཁུངས་རང་བཞིན་གྱི་ཐོན་རྫས་རིན་གོང་བསྒྱུར་བཅོས་བྱེད་རྒྱུར་སྐུལ་འདེད་བཏང་ནས་ས་གནས་དང་གྲོང་ཁྱེར་ཁག་གཅིག་ཏུ་གྲོང་ཁྱེར་གྱི་ཆུ་རིན་བསྒྱུར་བཅོས་ཀྱང་བྱས་ཡོད། སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་གོང་འཕེལ་ཇེ་མགྱོགས་སུ་བཏང་བས་ལྗོངས་ཡོངས་ཀྱི་ཁྲོམ་རའི་གཙོ་རྐང་གོང་འཕེལ་མྱུར་པོ་བྱུང་ནས་ལྗོངས་ཡོངས་ཀྱི་ཁྲོམ་རའི་གཙོ་རྐང་འདྲ་མིན་རིགས་ཐེངས་དང་པོར་ཚོང་དུད་ཁྲི་10ནས་འགག་བསྒྲོལ་བྱུང་བར་དུད་ཚང་ཁྲི་10.78ཟིན་ཞིང་། དེབ་སྐྱེལ་ཐོ་འགོད་མ་དངུལ་སྒོར་དུང་ཕྱུར་500ཟིན་ཡོད་པ་དེ་དུས་མཚུངས་ལས་ཁག་སོ་སོར་9.3%དང་15.7%འཕར་ཡོད།

        (4) མ་འཇོག་གི་ལམ་སྲོལ་བསྒྱུར་བཅོས་ཇེ་མགྱོགས་སུ་བཏང་བ། སྲིད་གཞུང་གི་མ་འཇོག་དོ་དམ་ལམ་ལུགས་འཐུས་ཚང་དུ་བཏང་ནས 《གོང་འཕེལ་གྱི་ལམ་བཤང་མཐུན་རྐྱེན་སྔར་བས་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་བསམ་འཆར 》དང་《ཐོན་ལས་གནས་སྒྱུར་རྗེས་འཛིན་བྱེད་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་བསམ་འཆར 》ཞིབ་འཇུག་བྱས་ནས་འཆར་ཟིན་བཟོས་ཡོད། ཚོང་དང་མ་རྩ་འདྲེན་འགུགས་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་ཧྭ་ཐའེ་ལུང་རྒྱ་མའི་མང་འདྲེས་ཟངས་གཏེར་དང་ཝ་ཥ་ཥ་གནོད་མེད་འཐུང་ཆུ་ཀུང་སི་སོགས་བོད་དུ་གཞིས་ཆགས་བྱས་སྟབས། ཁྱད་ལྡན་བཟང་ཆའི་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་རྒྱུར་གསོན་ཤུགས་གསར་པ་སྦྱིན་ཡོད།

        (5) ནང་སར་ཁ་ཕྱོགས་པའི་སྒོ་དབྱེའི་ཆུ་ཚད་གོང་མཐོར་བཏང་བ། ག་སྦྱར་བོད་སྐྱོར་གྱི་ལས་ས་འབུར་དུ་ཐོན་པ་བྱས་ནས་ནང་ས་དང་དཔལ་འབྱོར་ལག་རྩལ་སྤེལ་རེས་དང་མཉམ་ལས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་པ་དང་། དཔལ་འབྱོར་ཐད་ནས་བོད་སྐྱོར་བྱེད་རྒྱུའི་མཐུན་སྦྱོར་ལམ་སྲོལ་འཚོལ་ཞིབ་བྱས་ནས་བཙུགས་པ། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་ལ་གཞོགས་འདེགས་བྱས་ཏེ་ལྗོངས་ཡོངས་ཀྱི་དཔལ་འབྱོར་ག་སྦྱར་བོད་སྐྱོར་ལས་དོན་བཞུགས་མོལ་ཚོགས་འདུ་སྐོང་འཚོགས་བྱས་སྟབས། རང་ལྗོངས་གོང་འཕེལ་གཏོང་རྒྱུར་སྔར་ལས་ལྷག་པའི་གསོན་ཤུགས་སྦྱིན་པ་དང་སྒུལ་ཤུགས་ཆེ་རུ་ཕྱིན་ཡོད། 2010ལོར་ག་སྦྱར་བོད་སྐྱོར་གྱི་མ་དངུལ་སྒོར་དུང་ཕྱུར་20.1དོན་འཁྱོལ་ཡོང་རྒྱུ་དང་། དུས་འཁོར་གསར་པའི་དཔལ་འབྱོར་བོད་སྐྱོར་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་རྒྱུ་རེད། ཧྲང་ཧེའེ་འཛམ་གླིང་དངོས་རིགས་འགྲེམས་ཚོགས་ཀྱི་གྲ་སྒྲིག་དང་། འགྲེམས་ཁང་འཛུགས་རྒྱུ། འཁོར་རྒྱུག་སོགས་ཀྱི་ལས་དོན་ནང་ཧུར་ཐག་ཞུགས་ནས་བོད་ལྗོངས་འགྲེམ་སྟོན་ཁང་དེ་འཛམ་གླིང་དངོས་རིགས་འགྲེམས་ཚོགས་ནང་ཀུན་གྱིས་དོ་སྣང་ཆེ་ཤོས་བྱེད་སའི་འགྲེམ་སྟོན་ཁང་གི་ཡ་གྱལ་ཞིག་ཏུ་གྱུར་བ་མ་ཟད། ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་ནས་གདེང་འཇོག་གཅིག་མཐུན་བྱུང་བ་དང་རྒྱལ་ཁབ་ཕྱི་ནང་གི་གཟིགས་སྐོར་གནང་མཁན་གྱིས་ཁས་ལེན་བྱས་སྟབས་བོད་ཀྱི་བགས་ཆག་འཇོག་ཚད་སྔར་བས་ཆེ་རུ་སོང་ཡོད།

        “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་བཟོ་སྒྲིག་བྱེད་རྒྱུ་ནི་2010ལོའི་ཤིན་ཏུ་གལ་འགངས་ཆེ་བའི་ལས་དོན་ཞིག་ཡིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་བདུན་པའི་ཨུ་ཡོན་ཚང་འཛོངས་གྲོས་ཚོགས་ཐེངས་བདུན་པའི་ཐོག་གྲོས་འཆམ་བྱུང་བའི 《“ལོ་ལྔ་ཚན་བཅུ་གཉིས་པའི ”རིང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་འགོད་སྐོར་གྱི་གྲོས་འཆར 》ནང་“ཚན་རིག་དང་མཐུན་པའི་གོང་འཕེལ་གཏོང་རྒྱུ་དང་། མཆོང་སྐྱོད་ལྟ་བུའི་གོང་འཕེལ་གཏོང་རྒྱུ། ཡུན་རིང་བདེ་འཁོད་ཡོང་རྒྱུའི ”བརྗོད་བྱ་གཙོ་བོ་འབུར་དུ་ཐོན་པ་བྱས་ཤིང་། “‘ཐོན་ལས་དང་པོ་ཆུ་ཚད་མཐོ་རུ་གཏོང་བ་དང་། ཐོན་ལས་གཉིས་པ་གཙོ་གནད་དམ་འཛིན་བྱེད་པ། ཐོན་ལས་གསུམ་པ་གོང་འཕེལ་ཤུགས་ཆེ་གཏོང་བ ’བཅས་ཀྱི་དཔལ་འབྱོར་གོང་འཕེལ་གྱི་འཐབ་ཇུས་ལག་བསྟར་བྱས་ཏེ། དཔལ་འབྱོར་གོང་འཕེལ་གཏོང་སྟངས་ལ་འགྱུར་ལྡོག་ཇེ་མགྱོགས་སུ་གཏོང་བའི ”གཙོ་རྐང་དེ་ཁྱབ་པར་བྱས་ཡོད་པས། རང་ལྗོངས་ཀྱི་སླད་ཕྱིན་ལོ་ལྔའི་ནང་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་སྐུལ་འདེད་གཏོང་བར་མཛུབ་ཁྲིད་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་ཡིན། ལྗོངས་ཏང་ཨུད་ཀྱི 《གྲོས་འཆར 》དགོངས་དོན་གཞིར་བཟུང་། ང་ཚོས་ཕྱོགས་ཡོངས་ནས་འགན་ནུས་བསྒྲུབས་ཏེ། 《བོད་རང་སྐྱོང་ལྗོངས་ཀྱི “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་འཆར་འགོད་རྩ་གནད 》འཆར་ཟིན་བཟོ་སྒྲིག་ལེགས་གྲུབ་བྱུང་ཡོད་པས་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་ཚོགས་འདུ་ཐེངས་བཞི་པའི་ཐོག་གྲོས་ཞིབ་གནང་རྒྱུར་འབུལ་རྒྱུ་ཡིན།

        གཉིས། དཔལ་འབྱོར་གོང་འཕེལ་གཏོང་རྒྱུའི་ཁོར་ཡུག་གི་སྤྱིའི་ཚོད་དཔག་དང་གོང་འཕེལ་གཏོང་ཕྱོགས་ཀྱི་ཐོག་མའི་བསམ་གཞི།

        (གཅིག )དཔལ་འབྱོར་གོང་འཕེལ་གཏོང་རྒྱུའི་ཁོར་ཡུག་གི་སྤྱིའི་ཚོད་དཔག

        2011ལོར། རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་སྤྱིའི་ཁོར་ཡུག་ནི་ལེགས་པོ་ཡོད་ཅིང་། ཀྲུང་དབྱང་གིས་བོད་ལ་རྒྱབ་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ཡོད་པ་དང་། “ལོ་ལྔ་ཚན་བཅུ་གཅིག་པའི ”དམིགས་ཚད་ལས་འགན་ཕྱོགས་ཡོངས་ནས་མངོན་འགྱུར་ཐུབ་ཡོད་པས། མིག་སྔའི་དུས་བབ་ནི་མི་རྣམས་དགའ་འོས་པ་ཞིག་དང་གོ་སྐབས་ནི་སྔར་བྱུང་མྱོང་མེད་པ་ཞིག་ཡིན།

        གཅིག་ནི་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུའི་ཁ་ཕྱོགས་ནི་སྔར་བས་ཁ་གསལ་ཡིན་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པས་གཞི་ཁྱོན་དང་ཁྱབ་ཁོངས་སྔར་བས་ཆེ་བའི་ནང་བོད་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་དངོས་ཤུགས་དང་། ནོར་ཤུགས། ཤེས་ལྡན་པ། རིག་སྟོབས་སོགས་ཕྱོགས་གང་ཅིའི་ཐད་ནས་བོད་ལ་སྔར་བས་མང་བ་དང་། སྔར་བས་དམིགས་བསལ། སྔར་བས་གཟིགས་སྐྱོང་ཆེ་བ་བཅས་ཀྱི་སྲིད་ཇུས་གནང་ཡོད་པས་ང་ཚོས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་འདེད་གཏོང་རྒྱུར་ཁ་ཕྱོགས་གསལ་པོ་བསྟན་པ་དང་། རྩ་ཆེའི་གོ་སྐབས་གསར་པ་གནང་བ། སྒུལ་ཤུགས་ཆེན་པོ་ཞིག་མཁོ་འདོན་བཅས་བྱས་ཡོད། ལོ་གཅིག་རིང་། ལྗོངས་ཡོངས་ཀྱིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཀྲུང་དབྱང་གིས་བོད་ལ་རྒྱབ་སྐྱོར་བྱས་པའི་སྲིད་ཇུས་ཁག་དོན་འཁྱོལ་གནད་ལ་ཁེལ་བ་བྱུང་ཡོད་པས། གོང་འཕེལ་གཏོང་རྒྱུའི་སྲིད་ཇུས་ཀྱི་ཁོར་ཡུག་སྔར་བས་ཕན་པ་ཆེ་བ་ཞིག་ཡོད། ལྗོངས་ཏང་ཨུད་ཀྱི་སྐབས་བདུན་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་ཐོག “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་མཛུབ་ཁྲིད་བསམ་བློ་དང་། སྤྱིའི་བསམ་གཞི། དམིགས་ཚད་ལས་འགན། གལ་ཆེའི་བྱ་ཐབས་བཅས་གཏན་ཁེལ་བྱས་ཡོད་པས། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་དུང་བརྡ་གསར་པ་བཏང་བ་དང་། རང་ལྗོངས་ཀྱི་སླད་ཕྱིན་ལོ་ལྔའི་ནང་གོང་འཕེལ་གཏོང་ཕྱོགས་ཀྱི་བརྗིད་ཆེའི་དཔེ་རིས་བརྩམས་ཡོད། སླད་ཕྱིན་ལོ་ལྔའི་ནང་གི་གོང་འཕེལ་གཏོང་ཕྱོགས་དེ་བས་ཁ་གསལ་ཡང་དག་དང་། བསམ་གཞི་དེ་བས་ཁ་གསལ་བ། བྱ་ཐབས་དེ་བས་ཞིབ་ཕྲ་བཅས་ཡིན་སྟབས། ང་ཚོར་ཚན་རིག་དང་མཐུན་པའི་གོང་འཕེལ་གཏོང་རྒྱུར་འབད་འཐབ་བྱེད་རྒྱུའི་ཁ་ཕྱོགས་དང་ལས་ཀ་བྱེད་ཕྱོགས་གསལ་སྟོན་བྱས་ཡོད།

        གཉིས་ནི་ཕྱི་ནང་གི་ཁོར་ཡུག་དེ་བས་ཕན་པ་ཆེ་བ། 2010ལོའི་ཚུན་དུ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེས་ལ་ཁ་གཏད་གཅོག་རྒྱུའི་སྡེབ་སྒྲིག་འཆར་གཞི་ལག་བསྟར་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས། དཔལ་འབྱོར་གོང་འཕེལ་གཏོང་སྟངས་ལ་འགྱུར་ལྡོག་ཇེ་མགྱོགས་སུ་གཏོང་རྒྱུ་དང་། གཞི་ཆེའི་སྟངས་འཛིན་བྱེད་རྒྱུར་ཤུགས་སྣོན་དང་ལེགས་བཅོས་བྱས་སྟབས། རྒྱལ་ཡོངས་ཀྱི་དཔལ་འབྱོར་དེ་གཞི་ཆེའི་སྟངས་འཛིན་གྱི་སྔོན་དཔག་ཕྱོགས་སུ་མུ་མཐུད་གོང་འཕེལ་བྱུང་ཞིང་། དཔལ་འབྱོར་བརྟན་ལ་མྱུར་བའི་འཕེལ་ངོ་སྔར་བས་བརྟན་དུ་སོང་ཡོད། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་དང་ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་ལས་དོན་ཚོགས་འདུ་སྐོང་འཚོགས་བྱས་ཡོད་པར་བརྟེན་རང་ལྗོངས་ལ་རྒྱབ་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་བ་དང་སྲིད་ཇུས་བྱ་ཐབས་དེ་བས་ཁ་གསལ་བཟོས་ཡོད་སྟབས། བོད་ཀྱི་མཆོང་སྐྱོད་ལྟ་བུའི་གོང་འཕེལ་གཏོང་རྒྱུར་ཐོབ་དཀའ་བའི་ལོ་རྒྱུས་ཀྱི་གོ་སྐབས་སྤྲད་ཡོད་ཅིང་། གོང་འཕེལ་རྒྱུན་བསྲིངས་ནས་ཇེ་མགྱོགས་སུ་གཏོང་བའི་མཐུན་རྐྱེན་བཟང་པོ་ཟམ་མི་ཆད་པར་མང་དུ་ཕྱིན་ཡོད། རྒྱལ་ཡོངས་ཀྱི་དཔལ་འབྱོར་གྱི་ག་སྦྱར་བོད་སྐྱོར་ལས་དོན་ཚོགས་འདུའི་ཐོག་དཔལ་འབྱོར་གྱི་བོད་སྐྱོར་ལས་དོན་གྱི་མཛུབ་ཁྲིད་བསམ་འཆར་དང་། དཔལ་འབྱོར་བོད་སྐྱོར་གྱི་ཆེད་དོན་རྣམ་གྲངས་འཆར་འགོད་བཟོ་སྒྲིག བོད་སྐྱོར་མ་དངུལ་ལ་དོ་དམ་བྱ་ཐབས་སོགས་སྔར་བས་ཁ་གསལ་ཡང་དག་བཟོས་ནས་དཔལ་འབྱོར་གྱི་བོད་སྐྱོར་ལས་དོན་ལམ་སྲོལ་ཅན་དང་ཚད་ལྡན་ཅན་དུ་འགྱུར་བའི་འཕེལ་རིམ་ཇེ་མགྱོགས་སུ་ཕྱིན་ཡོད།

        གསུམ་ནི “ལོ་ལྔ་ཚན་བཅུ་གཅིག་པ ”ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་བ་དེས “ལོ་ལྔ་ཚན་བཅུ་གཉིས་པའི ”མཆོང་སྐྱོད་ལྟ་བུའི་གོང་འཕེལ་གཏོང་རྒྱུར་རྨང་གཞི་བརྟན་པོ་ཞིག་འདིང་ཐུབ་ཡོད། “ལོ་ལྔ་ཚན་བཅུ་གཅིག་པའི ”རིང་ནི་རང་ལྗོངས་ཀྱིས་རྒྱལ་ཁབ་ནས་མ་འཇོག་བྱེད་ཚད་མང་ཤོས་དང་། དཔལ་འབྱོར་གོང་འཕེལ་འགྲོ་མགྱོགས་ཤོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པར་འགྱུར་ལྡོག་ཆེ་ཤོས། མི་དམངས་ཀྱི་འཚོ་བའི་ཆུ་ཚད་ལ་ལེགས་བཅོས་མངོན་གསལ་ཆེ་ཤོས་བྱུང་བ་བཅས་ཀྱི་ལོ་ལྔ་ཡིན། “ལོ་ལྔ་ཚན་བཅུ་གཅིག་པའི ”རིང་སྔ་རྟིང་བསྡོམས་པས་རྒྱལ་ཁབ་ཀྱི་མ་འཇོག་སྒོར་དུང་ཕྱུར་873དོན་འཁྱོལ་ཐུབ་པ་དང་“ལོ་ལྔ་ཚན་བཅུ་གཅིག་པའི ”རིང་རྒྱལ་ཁབ་ཀྱི་མ་འཇོག་སྒོར་དུང་ཕྱུར་821དོན་འཁྱོལ་བྱེད་རྒྱུའི་དམིགས་ཚད་ལས་འགན་ཚད་ལས་བརྒལ་ནས་ལེགས་གྲུབ་བྱུང་ཡོད་པས “ལོ་ལྔ་ཚན་བཅུ་པའི ”རིང་ལས་སྒོར་དུང་ཕྱུར་460མང་བ་བྱུང་ནས “ལོ་ལྔ་ཚན་བཅུ་པའི ” གལ་ཏེ་རྨང་གཞིའི་ཐོག་ལྡབ་འགྱུར་བྱུང་ཡོད། ལྷ་ས་ནས་གཞིས་རྩེ་བར་གྱི་ལྕགས་ལམ་དང་། མཚོ་བོད་ཐད་གཏོང་དྲ་འབྲེལ་ལས་གཞི། རྫམ་ཆུ་ཤུགས་གློག་ཁང་། ཉིང་ཁྲིའི་གནམ་ཐང་། ཕོད་མདོ་ཆུ་བེད་ལྟེ་བའི་ལས་གཞི། མེ་ཏོག་གི་གཞུང་ལམ་སོགས་ལྕགས་ལམ་དང་གནམ་ཐང་། གཞུང་ལམ། ནུས་ཁུངས། ཆུ་བེད། འཕྲིན་གཏོང་སོགས་རྣམ་གྲངས་ཁག་མང་པོ་ཞིག་སྐྲུན་འགོ་ཚུགས་པ་དང་བེད་སྤྱོད་བཏང་སྟབས། ཞིང་འབྲོག་པའི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་བཅོས་བྱུང་ནས། རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་བཅུར་འགག་གི་ཚོད་འཛིན་སེལ་ཐུབ་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ཡོད། ལྗོངས་ཡོངས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་དེ་2007ལོ་དང་2009ལོར་ཁག་སོ་སོར་སྒོར་དུང་ཕྱུར་300དང་སྒོར་དུང་ཕྱུར་400ལས་བསྒྲོལ་ཐུབ་རྗེས་2010ལོར་སྒོར་དུང་ཕྱུར་500ཡི་འགག་སྒོ་ཆེན་པོ་ལས་བསྒྲོལ་བཟོ་ཡོད་པས “ལོ་ལྔ་ཚན་བཅུ་པའི ”རྨང་གཞིའི་ཐོག་ལྡབ་འགྱུར་བྱུང་ཡོད། ནོར་སྲིད་ཡོང་འབབ་དེ་2006ལོའི་སྒོར་དུང་ཕྱུར་17.27ཡིན་པ་ནས་2009ལོར་སྒོར་དུང་ཕྱུར་30འགག་སྒྲོལ་ཐུབ་པ་དང་། 2010ལོར་སྒོར་དུང་ཕྱུར་36.65ཟིན་བཟོ་ཡོད་པས། ལོ་ལྔ་བསྟུད་མར་ལྡབ་འགྱུར་བྱུང་ཡོད། “ལོ་ལྔ་ཚན་བཅུ་གཅིག་པའི ”འཆར་འགོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་དམིགས་ཚད་ཕྱོགས་ཡོངས་ནས་ལེགས་གྲུབ་བྱུང་ནས “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད་པ་དང་། བོད་ཀྱི་གོང་འཕེལ་འགྲོ་ཚད་དེ་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པ་ཞིག་གི་ཐོག་སླེབས་འགོ་ཚུགས་ཡོད།

        གོ་སྐབས་དང་འགྲན་སློང་ནི་མཉམ་གནས་ཡིན། ཕན་ལྡན་གྱི་དུས་བབ་བཟང་པོ་མཐོང་ཐུབ་པ་དང་ཆབས་ཅིག མིག་སྔའི་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་ཁྲོད་དུ་འཕྲད་སྲིད་པའི་མངོན་ཆེའི་འགལ་བ་དང་དཀའ་ངལ་དེ་དག་ཀྱང་ང་ཚོས་ངེས་པར་དུ་རིག་པ་དྭངས་གསལ་གྱི་སྒོ་ནས་མཐོང་ཐུབ་པ་བྱེད་དགོས་ཤིང་། དེའི་མངོན་ཚུལ་གཙོ་བོ་ནི། རང་ལྗོངས་དང་རྒྱལ་ཡོངས་འགོ་འཛུགས་ས་མི་འདྲ་བས་ང་ཚོའི་མདུན་དུ་དབུལ་ཕོངས་མི་འབོར་གྱི་ལྟོ་གོས་ཐག་གཅོད་བྱེད་དགོས་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་རྒྱུའི་ལས་འགན་གཉིས་ཡོད་ཅིང་། དེའང་སྤྱི་ཡོངས་ཀྱི་གོང་འཕེལ་འགྲོ་ཚད་མཐོ་པོ་མེད་ལ། གོང་འཕེལ་དོ་སྙོམས་མེད་པའི་གནད་དོན་ཡང་གནས་ཡོད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་དང་ས་གནས་དབར་གྱི་ཧེ་བག་ཆེན་པོ་ཤོར་ཡོད་པས་རྒྱལ་ཡོངས་ཀྱི་ས་ཁུལ་གཞན་དང་མཉམ་དུ་མཐུན་སྦྱོར་ངང་གོང་འཕེལ་གཏོང་རྒྱུ་དང་། ལྷག་པར་དུ་དར་རྒྱས་ཆེ་བའི་ས་ཁུལ་དབར་གྱི་ཧེ་བག་ཆུང་དུ་གཏོང་རྒྱུའི་ལས་འགན་དཀའ་ཚེགས་ཆེ་བ་ཞིག་ཡོད། ཐོན་སྐྱེད་ནུས་ཤུགས་ཀྱི་ཆུ་ཚད་དམའ་བ་དང་ཁྲོམ་ར་གསོ་འཕེལ་འགོར་བ། ཐོན་ལས་ཀྱི་གྲུབ་ཆ་སྔར་བཞིན་སྲོལ་རྒྱུན་གྱི་ཐོན་ལས་གཙོ་བོ་ཡིན་པ། ཐོན་ལས་དང་པོའི་ཐོན་སྐྱེད་བྱེད་སྟངས་རྩིང་ཙམ་ཡིན་པ། ཚན་རྩལ་གྱི་འདུ་ཚད་མཐོ་པོ་མེད་པ། ཐོན་ལས་གཉིས་པའི་གཞི་ཁྱོན་ཆུང་ལ་སྤུས་རིམ་དམའ་བ། ཐོན་ལས་གསུམ་པའི་སྤྱི་ཡོངས་གོང་འཕེལ་འགྲོ་ཚད་རྗེས་སུ་ལུས་པ་དང་ཕན་ཚུན་འབྲེལ་མཐུད་བྱེད་ཚད་དམའ་བ། མི་རྣམས་ཀྱི་ཁྲོམ་རའི་དཔལ་འབྱོར་གྱི་འདུ་ཤེས་དང་ཚོང་ཟོག་གི་འདུ་ཤེས་ད་དུང་ཧ་ཅང་ཞན་པོ་ཡིན་པ། ཕྱི་ཕྱོགས་སུ་སྒོ་མོ་དབྱེ་བའི་ཆུ་ཚད་དང་གདང་རིམ་ཅུང་དམའ་པོ་ཡིན་པ། གཞི་རྒྱ་ཆེན་པོའི་སྒོ་ནས་དཔལ་འབྱོར་འཛུགས་སྐྲུན་བྱེད་པར་ཚོད་འཛིན་ཐེབས་ཤུགས་ཆེ་བ་བཅས་ཡིན། སྤྱི་ཚོགས་བྱ་གཞག་གི་སྤྱིའི་ཆུ་ཚད་བལྟོས་བཅས་ཀྱིས་རྗེས་སུ་ལུས་ཡོད་པ་དང་། དཀའ་ངལ་ཡོད་པའི་མང་ཚོགས་མང་ལ་མང་ཚོགས་ལ་དཀའ་ངལ་ཡང་མང་པོ་ཡོད་པ། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་དོ་སྙོམས་པོ་མེད་པ། ལྷག་པར་དུ་ཞིང་འབྲོག་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་དང་། སློབ་གསོ། རིག་གནས་སོགས་རྨང་གཞིའི་སྒྲིག་བཀོད་སྔར་བཞིན་ཉམས་ཞན་ཡིན་པ། སྤྱི་ཚོགས་ཀྱི་འགན་སྲུང་མ་ལག་གི་ཁེབས་རྒྱ་ཆུང་བ་དང་འགན་སྲུང་གི་ཆུ་ཚད་དམའ་པོ་ཡིན་པ། ལྗོངས་ཕྱི་ཕྱོགས་ཀྱི་ཟོག་གོང་འཕར་བའི་ཤུགས་རྐྱེན་གྱིས་2011ལོར་རང་ལྗོངས་ཀྱི་ཟོག་གོང་ཅུང་མཐོ་བའི་གནས་ཚུལ་དེ་དུས་མཚམས་ཤིག་རིང་གནས་རྒྱུ་ཡིན་པ། མི་རིགས་ཁག་གི་མི་དམངས་ཀྱི་དངོས་པོ་དང་། རིག་གནས། འཚོ་བ་བཅས་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་རྒྱུའི་ལས་འགན་དེ་ཤིན་ཏུ་དཀའ་ཚེགས་ཆེ་བ་བཅས་ཀྱི་གནས་ཚུལ་ཡོད།

        (གཉིས ) སྤྱིའི་བླང་བྱ་དང་གོང་འཕེལ་གྱི་དམིགས་ཚད།

        2011ལོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་སྤྱིའི་བླང་བྱ་ནི། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་པ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་“མཚོན་བྱེད་གསུམ ”གྱི་གལ་ཆེའི་དགོངས་པ་མཛུབ་ཁྲིད་བྱས་ཏེ། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ། ནུབ་རྒྱུད་ཐོན་འབྱེད་ཆེན་མོའི་ལས་དོན་ཚོགས་འདུ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཐོག ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་གོང་འཕེལ་གྱི་ལམ་བུར་བསྐྱོད་རྒྱུ་རྒྱུན་འཁྱོངས་ཀྱིས་ཚན་རིག་དང་མཐུན་པའི་གོང་འཕེལ་དང་མཆོང་སྐྱོད་ལྟ་བུའི་གོང་འཕེལ། ཡུན་རིང་བདེ་འཁོད་བཅས་བརྗོད་བྱ་གཙོ་བོར་འཇོག་པ་དང་། “ཐོན་ལས་དང་པོ་ཆུ་ཚད་མཐོ་རུ་གཏོང་བ་དང་། ཐོན་ལས་གཉིས་པ་གཙོ་གནད་དམ་འཛིན་བྱེད་པ། ཐོན་ལས་གསུམ་པ་གོང་འཕེལ་ཤུགས་ཆེ་གཏོང་བའི ”དཔལ་འབྱོར་གོང་འཕེལ་གཏོང་རྒྱུའི་འཐབ་ཇུས་ལག་བསྟར་དང་དཔལ་འབྱོར་གོང་འཕེལ་གཏོང་སྟངས་ལ་འགྱུར་ལྡོག་གཏོང་རྒྱུ་དེ་གཙོ་རྐང་དུ་བཞག་ནས་བསྒྱུར་བཅོས་སྒེ་དབྱེ་བྱེད་རྒྱུ་དེ་སྒུལ་ཤུགས་སུ་བརྩི་བ་དང་། མི་རིགས་མཐུན་སྒྲིལ་བྱེད་རྒྱུ་དེ་འགན་སྲུང་དུ་བརྩི་བ། དམངས་འཚོ་འགན་ལེན་དང་ལེགས་བཅོས་བྱེད་རྒྱུ་དེ་ཐོག་མའི་དམིགས་ས་དང་དོན་ལ་བབས་སར་བརྩི་བ། སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྱོབ་བྱེད་རྒྱུ་དེ་གལ་ཆེའི་ནང་དོན་ལ་བརྩི་བ་བཅས་བྱས་ཏེ “ལོ་ལྔ་ཚན་བཅུ་གཅིག་པའི ”གོང་འཕེལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་དགོས་པ་དང་། དཔལ་འབྱོར་སྔར་ལས་ཡག་པ་དང་། སྔར་ལས་མགྱོགས་པ། སྔར་ལས་ཆེ་བ་བཅས་ཀྱི་གོང་འཕེལ་གཏོང་རྒྱུ་དང་སྤྱི་ཚོགས་གཞི་མཐུན་བརྟན་ལྷིང་ཡོང་རྒྱུར་སྐུལ་འདེད་བཏང་སྟེ། “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་དེ་ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལམ་བུའི་ཐོག་མཆོང་སྐྱོད་ལྟ་བུའི་གོང་འཕེལ་གཏོང་རྒྱུར་འགོ་ཡག་པོ་བརྩམ་རྒྱུ་དང་གོམ་པ་བརྟན་པོ་སྤོ་ཐུབ་རྒྱུར་རྨང་གཞི་བརྟན་པོ་ཞིག་འདིང་རྒྱུ་དེ་རེད།

        2011ལོ་ནི “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ལག་བསྟར་བྱེད་འགོ་ཚུགས་པའི་ལོ་ཞིག་ཡིན། ལོ་ཧྲིལ་པོའི་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུ་དང་། “ལོ་ལྔ་ཚན་བཅུ་གཉིས་པར ”གོམ་པ་ལེགས་པོ་སྤོ་བ་དང་རྨང་གཞི་ལེགས་པོ་འདིང་རྒྱུ། དཔལ་འབྱོར་སྤྱི་ཚོགས་དེ་ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལམ་བུའི་ཐོག་མཆོང་སྐྱོད་ལྟ་བུའི་གོང་འཕེལ་འགྲོ་རྒྱུའི་འཕེལ་ངོ་བཟང་པོར་སྐུལ་འདེད་གཏོང་རྒྱུ་བཅས་ལ་གལ་འགངས་ཤིན་ཏུ་ཆེ་བའི་དོན་སྙིང་ལྡན་ཡོད། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་དང་ལྗོངས་ཏང་ཨུད་ཀྱི་སྐབས་བདུན་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་གྱི་བླང་བྱ་གཞིར་བཟུང་། ཧུར་བརྩོན་ཡར་ཐོན་ལྡན་ལ་ལག་བསྟར་ཏན་ཏིག་བྱེད་ཐུབ་པའི་རྩ་དོན་ལ་དམིགས་ཤིང་། 2010ལོའི་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཚུལ་དང་འབྲེལ་ཡོད་ཀྱི་ཚོད་རྩིས་བྱས་པར་དམིགས་ནས་2011ལོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་དམིགས་ཚད་གཙོ་བོ་གཏན་འཁེལ་བྱས་ཡོད་པ་སྟེ། ས་གནས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་12%ཡན་འཕར་བ་བྱེད་རྒྱུ་དང་། ཞིང་འབྲོག་མང་ཚོགས་ཀྱི་ཆ་སྙོམས་མི་རེའི་འབབ་སྨར་13%ཡན་འཕར་བ་བྱེད་རྒྱུ། ས་གནས་ནོར་སྲིད་ཀྱི་སྤྱིར་བཏང་སྔོན་རྩིས་ཡོང་འབབ་15%ཡན་འཕར་བ་བྱེད་རྒྱུ། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་18%ཡན་འཕར་བ་བྱེད་རྒྱུ། སྤྱི་ཚོགས་ཀྱི་འཛད་སྤྱོད་སིལ་འཚོང་གི་སྤྱི་འབོར་18%ཡན་འཕར་བ་བྱེད་རྒྱུ། གྲོང་ཁྱེར་གྲོང་བརྡལ་གྱི་ཐོ་འགོད་ལས་ཤོར་བྱེད་ཚད་དེ་4.0%ཡས་མས་སུ་ཚོད་འཛིན་ཐུབ་པ་བྱེད་རྒྱུ། གྲོང་མིའི་འཛད་སྤྱོད་རིན་གོང་གི་སྟོན་གྲངས་འཕར་ཚད་དེ་3.5%ནང་ཚུན་དུ་ཚོད་འཛིན་ཐུབ་པ་བྱེད་རྒྱུ་བཅས་ཡིན།

        གསུམ། 2011ལོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་ལས་འགན་གཙོ་བོ།

        2011ལོ་ནི “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་དཔལ་འབྱོར་དང་སྤྱི་ཚོགས་དེ་ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལམ་བུའི་ཐོག་མཆོང་སྐྱོད་ལྟ་བུའི་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་འགོ་ཚུགས་པའི་ལོ་ཞིག་ཡིན་ལ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་འགག་རྩའི་ལོ་ཞིག་ཀྱང་ཡིན། “ལོ་ལྔ་ཚན་བཅུ་གཉིས་པའི ” རིང་གོང་འཕེལ་གཏོང་འགོ་བཟང་པོ་ཞིག་ཚུགས་རྒྱུར་འགན་ལེན་བྱེད་ཆེད། ང་ཚོས་ལྗོངས་ཏང་ཨུད་ཀྱི་སྐབས་བདུན་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་ཐོག་བཏོན་པའི་བླང་བྱ་གཞིར་བཟུང་། གཙོ་གནད་མངོན་ཆེ་དང་། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོགས། བྱ་ཐབས་ཤུགས་ཆེ་སྤེལ་བ། དོན་འཁྱོལ་བྱ་རྒྱུར་དམ་འཛིན་ལེགས་པོ་བཅས་བྱས་ཐོག དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་སྔར་ལས་ཡག་པ་དང་། སྔར་ལས་མགྱོགས་པ། སྔར་ལས་ཆེ་བ་བཅས་འགྲོ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་སྟེ། ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་དབུ་བཪྙེས་ནས་ལོ་90འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བར་ལེགས་སྐྱེས་་ཕུལ་དགོས།

        (གཅིག )མཆོང་སྐྱོད་ལྟ་བུའི་གོང་འཕེལ་འགྲོ་བའི་འཕེལ་ངོ་བཟང་པོ་སྲ་བརྟན་དང་གོང་འཕེལ་བཏང་སྟེ། མཐུན་སྦྱོར་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།

        1.དཔལ་འབྱོར་གོང་འཕེལ་འགྲོ་བའི་འཕེལ་ངོ་བཟང་པོ་མཐའ་འཁྱོངས་བྱེད་དགོས་པ། མཆོང་སྐྱོད་ལྟ་བུའི་གོང་འཕེལ་འགྲོ་བའི་འཕེལ་ངོ་བཟང་པོ་སྔར་བས་སྲ་བརྟན་དང་གོང་འཕེལ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་རྒྱུ་དེ་དཔལ་འབྱོར་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་རྒྱུའི་གལ་ཆེའི་ནང་གི་དོན་ཆེན་ཞིག་ཏུ་བརྩིས་ནས་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་རྒྱུ་དེ་སྔར་བས་མངོན་ཆེའི་གནས་བབ་ཐོག་བཞག་སྟེ། གོང་འཕེལ་ཇེ་མགྱོགས་སུ་བཏང་བར་བརྟེན་ནས་སྔོན་དཔག་བརྟན་གཏོང་དང་། ཡིད་ཆེས་ཆེར་གཏོང་གིས་གོང་འཕེལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས་པ་མ་ཟད། གོང་འཕེལ་ཇེ་མགྱོགས་སུ་བཏང་བར་བརྟེན་ནས་གྲུབ་ཆ་ལེགས་སྒྲིག་དང་རྨང་གཞི་བརྟན་དུ་གཏོང་བ། གདིང་གཞིའི་འགལ་ཟླའི་རིགས་སེལ་ཐུབ་པ་བྱེད་དགོས།

        2.དཔལ་འབྱོར་སྙོམས་སྒྲིག་གི་ཕན་ནུས་ཤུགས་ཆེར་གཏོང་རྒྱུ། ལས་ཀའི་སྔོན་མཐོང་རང་བཞིན་དང་འཐབ་ཇུས་རང་བཞིན་ཤུགས་ཆེར་བཏང་ཐོག རྒྱལ་སྤྱི་དང་རྒྱལ་ནང་གི་དུས་བབ་ལ་རྗེས་འདེད་དམ་ཚགས་བྱེད་རྒྱུ་དང་། ལྷག་པར་དུ་རྒྱལ་ཁབ་ཀྱི་གཞི་ཆེའི་སྟངས་འཛིན་སྲིད་ཇུས་ལེགས་སྒྲིག་དང་དཔལ་འབྱོར་གོང་འཕེལ་འགྲོ་བའི་དུས་བབ་དང་འཕེལ་ཕྱོགས་ལ་ཞིབ་འཇུག་ཚོད་དཔག་གནད་ལ་འཁེལ་པོ་བྱས་ཏེ་སྔ་ཙམ་ནས་ཁ་གཏད་གཅོག་རྒྱུའི་བྱ་ཐབས་ཞིབ་འཇུག་གིས་རང་འགུལ་དབང་ཆ་ཁོང་དུ་བརྟན་པོ་ཆུད་པ་བྱས་ནས་དཔལ་འབྱོར་འཁོར་སྐྱོད་སྙོམས་སྒྲིག་གི་ཕན་ལྡན་རང་བཞིན་ཤུགས་ཆེར་གཏོང་དགོས།

        3.དཔལ་འབྱོར་འཁོར་སྐྱོད་སྙོམས་སྒྲིག་ཚོད་འཛིན་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ། ལས་དོན་གྱི་དམིགས་བཀར་རང་བཞིན་དང་དངོས་ཕན་རང་བཞིན་ཤུགས་ཆེ་རུ་བཏང་ནས། དཔལ་འབྱོར་འཁོར་སྐྱོད་ཁྲོད་ཀྱི་གཙོ་གནད་ཁྱབ་ཁོངས་དང་ཉམས་ཞན་ལྷུ་ཚིགས། དེ་བཞིན་མངོན་ཆེའི་དཀའ་གནད་ལ་དམ་པོར་དམིགས་ཏེ། ལྟ་སྟངས་མི་འདྲ་བ་འཛིན་རྒྱུ་དང་། འགན་སྲུང་དང་ཚོད་འཛིན་གྱི་རྩ་དོན་ལྟར། ནུས་ལྡན་གྱི་བྱ་ཐབས་དུས་ཐོག་ཏུ་སྤྱད་དེ་སྲིད་ཇུས་ལག་བསྟར་གྱི་གོ་སྐབས་དང་། ཤུགས་ཚད། གཙོ་གནད་བཅས་གནད་ལ་འཁེལ་ཐོག་ནས་ཁོང་དུ་ཆུད་པ་བྱེད་དགོས། སྲིད་ཇུས་ལག་ལེན་བསྟར་ཤུགས་མཐོ་རུ་ཏན་ཏིག་བཏང་ནས་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་སྲིད་ཇུས་བྱ་ཐབས་ཁག་སེམས་ཐག་གཙང་བཅད་ཀྱིས་ལག་བསྟར་བྱས་ནས། རྣམ་གྲངས་རེ་རེ་བཞིན་ཞིབ་བཤེར་གྱིས་དོན་འཁྱོལ་དམ་འཛིན་བྱས་ཏེ། ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་ཐུབ་རྒྱུར་འགན་ལེན་བྱེད་དགོས།

        (གཉིས )གཙོ་གནད་རྣམ་གྲངས་འཛུགས་སྐྲུན་བྱེད་རྒྱུར་དམ་འཛིན་ལྷོད་མེད་བྱས་ནས། མ་འཇོག་བྱེད་རྒྱུ་དེ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་བྱེད་རྒྱུར་སྐུལ་འདེད་གཏོང་དགོས།

        4.རྒྱལ་ཁབ་ཀྱི་མ་འཇོག་བརྩོན་ལེན་ཧུར་ཐག་བྱེད་རྒྱུ། རྒྱལ་ཁབ་ཀྱི་པུའུ་ཨུད་ལ་སྙན་གསེང་དང་མཐུན་སྦྱོར་བྱེད་ཤུགས་མུ་མཐུད་ཤུགས་ཆེར་བཏང་སྟེ་རྒྱལ་ཁབ་ནས་“ལོ་ལྔ་ཚན་བཅུ་གཉིས་པའི ”རྣམ་གྲངས་ཀྱི་ཇུས་གཞིར་ཞིབ་མཆན་གང་མགྱོགས་ཐུབ་རྒྱུར་བརྩོན་ལེན་བྱེད་རྒྱུ་དང་། ལོ་འཁོར་གྱི་མ་འཇོག་འཆར་གཞི་དོན་འཁྱོལ་ཡག་པོ་བྱས་ཏེ་ལོ་འཁོར་མའི་ནང་རྒྱལ་ཁབ་ཀྱི་མ་རྩ་སྒོར་དུང་ཕྱུར་260དོན་འཁྱོལ་བྱེད་རྒྱུར་བརྩོན་ལེན་བྱས་ཏེ་སྤྱི་ཚོགས་ཡོངས་ཀྱི་གཏན་འཇག་རྒྱུ་ནོར་18%ཡན་འཕར་ཐུབ་པ་བྱེད་རྒྱུ།

        5.གཙོ་གནད་རྣམ་གྲངས་འཛུགས་སྐྲུན་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ། ལྷ་ས་ནས་གཞིས་རྩེ་བར་གྱི་ལྕགས་ལམ་དང་། རྫམ་ཆུ་ཤུགས་གློག་ཁང་། མཚོ་བོད་ཐད་གཏོང་དྲ་འབྲེལ་ལས་གཞི། ཕོད་མདོ་ཆུ་བེད་ལྟེ་བའི་ལས་གྲྭ། ལྷ་ས་གོང་དཀར་གནམ་ཐང་བཟོ་བཅོས་དང་རྒྱ་སྐྱེད་ལས་གྲྭ། ལྷ་ས་ནས་གོང་དཀར་གནམ་ཐང་བར་གྱི་གཞུང་ལམ་སོགས་སྐྲུན་བཞིན་པའི་རྣམ་གྲངས་ལ་མུ་མཐུད་དམ་འཛིན་བྱེད་དགོས། གསར་དུ་འགོ་བཙུགས་པའི་རྣམ་གྲངས་ཁག་ཅིག་དམ་འཛིན་ཡག་པོ་བྱས་ཏེ་བོད་ལ་བཅིངས་འགྲོལ་ཐོབ་ནས་ལོ་60འཁོར་བའི་རྟེན་འབྲེལ་ཆེན་མོའི་རྣམ་གྲངས་ཀྱི་སྔོན་གྲབས་ལས་དོན་ཁག་ཡག་པོ་བསྒྲུབ་ཐོག མ་དངུལ་དོན་འཁྱོལ་བྱུང་ཡང་ལས་འགོ་བཙུགས་མེད་པའི་ཨར་སྐྲུན་གྱི་གྲ་སྒྲིག་ཡག་པོ་ཧུར་ཐག་བྱས་ནས་གང་མགྱོགས་ལས་འགོ་ཚུགས་རྒྱུར་འགན་ལེན་བྱེད་དགོས།

        6.རྣམ་གྲངས་ཀྱི་སྔོན་གྲབས་ལས་དོན་ཤུགས་ཆེ་རུ་གཏོང་རྒྱུ། རྣམ་གྲངས་ཀྱི་སྔོན་གྲབས་ལས་དོན་གཏིང་ཟབ་དང་ཞིབ་ཚགས་སྤེལ་རྒྱུའི་ཐད་འབད་བརྩོན་བྱས་ཏེ་ཞིབ་མཆན་མ་འགོད་གོང་གི་ཆ་རྐྱེན་གང་ལེགས་བསྒྲུབས་ནས་སྔོན་གྲབས་ལས་དོན་གྱི་ནུས་རྒྱུ་བསྲི་ཚགས་བྱེད་རྒྱུར་དཔྱད་ཞིབ་དོན་འཁྱོལ་བྱེད་དགོས། རྣམ་གྲངས་ཀྱི་སྔོན་གྲབས་ལས་དོན་གང་མགྱོགས་ལེགས་སྒྲུབ་བྱས་ནས་རྒྱལ་ཁབ་ལ་ཞིབ་མཆན་ཞུ་རྒྱུའི་གཙོ་གནད་རྣམ་གྲངས་ཁག་ཅིག་གོང་འབུལ་ཞུ་དགོས་པ་དང་། འབྲེལ་ཡོད་ཀྱི་འགྲོ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། རྣམ་གྲངས་གྲབས་གསོག་ཡག་པོ་བཅས་བྱས་ཏེ་རྒྱལ་ཁབ་ནས “ལོ་ལྔ་ཚན་བཅུ་གཉིས་པའི ”རྣམ་གྲངས་འཆར་འགོད་ཆོག་མཆན་སྤྲད་མ་ཐག་རྣམ་གྲངས་ཁག་ཅིག་མ་འཇོག་བཀོད་སྒྲིག་བྱེད་རྒྱུར་བརྩོན་ལེན་བྱེད་དགོས།

        7.ལས་གྲུབ་རྣམ་གྲངས་ཞིབ་བཤེར་རྩིས་ལེན་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། རྣམ་གྲངས་དོ་དམ་གྱི་དབང་ཚད་ལྟར་དུས་ཐོག་ཏུ “188རྣམ་གྲངས ”ཀྱི་ལས་གྲུབ་ཞིབ་བཤེར་རྩིས་ལེན་སྒྲིག་འཛུགས་བྱས་ཏེ་རྣམ་གྲངས་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཕྱོགས་བསྡོམས་བྱེད་དགོས་པ་དང་། བསྐྲུན་ཟིན་པའི་རྣམ་གྲངས་རྣམས་དུས་ཐོག་ཏུ་བེད་སྤྱོད་དང་ཕན་འབྲས་ཐོན་པ་འགན་ལེན་བྱས་ཏེ། མང་ཚོགས་ལ་ཕན་འབྲས་སྔ་ཙམ་ཐོབ་པ་བྱས་ནས “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ལ་ཕན་ལྡན་གྱི་དཔྱད་གཞི་མཁོ་འདོན་ཐུབ་པ་བྱེད་དགོས།

        8.རྣམ་གྲངས་ལ་ཞིབ་བཤེར་བཅོས་སྒྲིག་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ། ཕྱོགས་ཡོངས་ནས་རྣམ་གྲངས་ཞིབ་བཤེར་གྱི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ཐོག་ཀྲུང་དབྱང་ཀྱིས་མ་འཇོག་བྱས་ནས་འཛུགས་སྐྲུན་བྱེད་པའི་གལ་ཆེའི་རྣམ་གྲངས་རིགས་ལ་རྒྱུན་ལྡན་རང་བཞིན་གྱི་ཞིབ་བཤེར་བྱེད་དགོས་པ་དང་། ལྗོངས་ཡོངས་ཀྱི་སྲིད་གཞུང་ནས་མ་འཇོག་བྱས་པའི་རྣམ་གྲངས་ལ་ཟུར་འཐེན་རང་བཞིན་གྱི་ཞིབ་བཤེར་བྱས་ནས་འཆར་གཞི་ཡོད་པའི་སྒོ་ནས་རྣམ་གྲངས་ཀྱི་ཇུས་ཐག་ཞིབ་མཆན་འགོད་རྒྱུ་དང་། འོས་སྐུལ་འོས་དཔོད། མ་དངུལ་བེད་སྤྱོད། སྤུས་ཚད་ཚོད་འཛིན། འཛུགས་སྐྲུན་གྱི་འཕེལ་རིམ་སོགས་འགག་རྩའི་ལྷུ་ཚིགས་ལ་ཆེད་དོན་ཞིབ་བཤེར་བྱས་ནས་གནད་དོན་ཐོན་རིགས་རྣམས་བཅོས་སྒྲིག་བྱེད་པའི་ལས་དོན་ཡག་པོ་སྒྲུབ་དགོས། རྣམ་གྲངས་བཙུགས་རྗེས་ཀྱི་ཚོད་སྐོར་ཚོད་ལྟའི་ལས་དོན་ལ་སྐུལ་འདེད་སྔར་ལས་ལྷག་པ་བཏང་སྟེ། ཀྲུང་དབྱང་ནས་མ་འཇོག་བྱས་པའི་འོས་སྐུལ་འོས་དཔོད་ཚབ་བྱེད་ཚན་པའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་ནང་མཁོ་རྒྱ་ཆེར་བཏང་སྟེ། དཔལ་འབྱོར་འཕར་སྣོན་ཡོང་བ་བྱེད་པའི་སྲིད་ཇུས་དོན་འཁྱོལ་དང་ལས་གྲྭའི་འཛུགས་སྐྲུན་ཁྱབ་ཁོངས་ནང་གི་མངོན་ཆེའི་གནད་དོན་རིགས་ལ་ཆེད་དོན་བཅོས་སྒྲིག་བྱེད་རྒྱུའི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་དགོས།

        9.མ་འཇོག་གི་གྲུབ་ཆ་ལེགས་གྱུར་བྱེད་རྒྱུ། སྣ་མང་ཅན་གྱི་མ་འཇོག་ཐབས་ལམ་འཛུགས་པ་དང་། དམངས་ཁྲོད་ཀྱི་མ་འཇོག་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་གཏོང་བའི་ལག་བསྟར་བསམ་འཆར་གོང་འབུལ་དང་དོན་འཁྱོལ་བྱེད་རྒྱུར་དམ་འཛིན་བྱས་ནས་མ་འཇོག་བྱེད་མཁན་རིགས་ཁག་གིས་སེམས་ལྷོད་ལྷོད་ངང་རང་ལྗོངས་ཀྱི་དཔལ་འབྱོར་འཛུགས་སྐྲུན་ནང་ཐེ་ཞུགས་བྱེད་རྒྱུར་སྐུལ་མ་གཏོང་དགོས། དངུལ་ཁང་དང་ཁེ་ལས་མཉམ་ལས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་རང་རེའི་ཁུལ་ཁོངས་དངུལ་ཁང་གིས་ཁུལ་ཁོངས་འདི་གའི་དཔལ་འབྱོར་གོང་འཕེལ་གཏོང་རྒྱུར་ལེགས་སྐྱེས་འབུལ་རྒྱུའི་ནུས་པ་མཐོ་རུ་ཏན་ཏིག་གཏོང་དགོས།

        (གསུམ )ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་བཅོས་ཤུགས་ཆེ་བྱས་ཏེ་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་རྒྱུར་སྐུལ་འདེད་མུ་མཐུད་གཏོང་དགོས།

        10.ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཡོང་བ་བྱེད་རྒྱུའི་ལས་དོན་མུ་མཐུད་ཡག་པོ་སྤེལ་རྒྱུ། ཞིང་འབྲོག་ལས་རིགས་ཀྱི་ཡོང་འབབ་འཕར་སྣོན་གྱི་མངོན་མེད་སྟོབས་ཤུགས་བསྔོག་འདོན་གང་ལེགས་བྱེད་པ་དང་དུས་མཚུངས “སྲིད་ཇུས་ཀྱི་འབབ་འཕར ”ནུས་པ་དངོས་ཐོན་པ་བྱས་ནས་དུས་ཐོག་ཏུ་ཁ་གསབ་ཀྱི་མ་དངུལ་ཁག་གདང་ངེས་དོན་འཁྱོལ་བྱེད་དགོས་པ་དང་། ངལ་ལས་དཔལ་འབྱོར་གོང་འཕེལ་ཇེ་མགྱོགས་སུ་བཏང་སྟེ། ངལ་རྩོལ་རྩལ་ནུས་སྦྱོང་བརྡར་བྱེད་ཤུགས་ཆེ་རུ་བཏང་ནས། ཆེད་ལས་མཉམ་ལས་དཔལ་འབྱོར་སྒྲིག་འཛུགས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། ཞིང་འབྲེལ་ཁེ་ལས་སྐྱོང་སྤེལ་ཧུར་ཐག་བྱས་ཏེ་སྣ་མང་ཅན་གྱི་ལས་ཞུགས་སྤོ་སྒྱུར་གྱི་ཐབས་ལམ་གཏོད་དེ། འབབ་འཕར་ཡོང་ཁོངས་ཟམ་མི་ཆད་རྒྱ་ཆེར་བཏང་ཐོག་ཞིང་འབྲོག་མང་ཚོགས་ཀྱི་དངུལ་སྨར་ཡོང་འབབ་མང་དུ་འགྲོ་བ་བྱས་ནས་ཞིང་འབྲོག་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་འབབ་སྨར་13%ཡན་འཕར་སྣོན་ཡོང་རྒྱུར་འགན་ལེན་བྱེད་དགོས།

        11.ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་སྔར་ལས་ལྷག་པའི་སྒོ་ནས་ལེགས་བཅོས་གཏོང་རྒྱུ། ནོར་སྲིད་དང་། བོད་སྐྱོར། སྤྱི་ཚོགས། དམངས་ཁྲོད་བཅས་ཀྱི་མ་འཇོག་སྒྲིལ་བཅོས་བྱས་ཏེ་ཞིང་ཁྱིམ་བསྒྱུར་བཅོས་དང་འབྲོག་པ་གཞིས་ཆགས། དབུལ་སྐྱོར་གནས་སྤོས་བཅས་གཙོ་གནད་དུ་འཛིན་པའི་ཞིང་འབྲོག་མང་ཚོགས་ཀྱི་བདེ་འཁོད་ལས་གཞི་ལག་བསྟར་བྱས་ནས་སླད་ཕྱིན་ལོ་3གྱི་དུས་ཚོད་ནང་ལྗོངས་ཡོངས་ཀྱི་ཞིང་འབྲོག་དུད་ཁྱིམ་ཁྲི་18.55ལ་བདེ་འཇགས་སྤྱོད་གོ་ཆོད་པའི་སྡོད་ཁང་ནང་སྤོ་ཐུབ་པའི་བརྩོན་ལེན་བྱེད་རྒྱུ། “ཞིང་དུད་ལ་རིགས་བརྒྱད་བཟོ་ཁྲིད་བྱེད་པའི ”ལས་གཞི་སྤེལ་ཚད་མགྱོགས་སུ་བཏང་ནས་སྲིད་འཛིན་གྲོང་ཚོ་1000གི་གྲོང་གསེབ་ཀྱི་མིའི་འཚོ་སྡོད་ཁོར་ཡུག་འཛུགས་སྐྲུན་དང་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་ལས་དོན་སྤེལ་ནས་ཞིང་འབྲོག་མང་ཚོགས་ལ་བསྒྱུར་བཅོས་སྒོ་དབྱེའི་གྲུབ་འབྲས་ལོངས་སྤྱོད་ཐུབ་པ་བྱེད་དགོས། ཞིང་འབྲོག་ཁུལ་གྱི་ནུས་ལྡན་གྱི་ཡིད་རྟོན་མ་འཇོག་བྱེད་ཤུགས་ཆེ་རུ་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་རྒྱུར་སྐུལ་འདེད་གཏོང་དགོས།

        12.དབུལ་སྐྱོར་གསར་སྤེལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། རྒྱལ་ཁབ་མ་འཇོག་དང་བོད་སྐྱོར་མ་འཇོག་དེ་ཡུལ་ནད་ཡོད་ཁུལ་དང་། མི་འབོར་ཅུང་ཉུང་བའི་མི་རིགས་འདུས་སྡོད་ཁུལ། རང་བྱུང་ཆ་རྐྱེན་ཞན་པའི་ས་ཁུལ་བཅས་ལ་འཁྱོགས་ཤུགས་ཆེ་རུ་གཏོང་རྒྱུ་དང་། གུད་གསབ་ལས་སྤྲོད་དང་ཡིད་རྟོན་དབུལ་སྐྱོར་སོགས་ཆེད་དོན་བྱེད་སྒོར་གཅིག་འགྱུར་འཆར་འགོད་བྱས་ཐོག འགྲོ་ལམ་དང་། གློག་དང་ཆུ་མཁོ་འདོན། སློབ་གསོ། སྨན་བཅོས། འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་བཀོད་སྔོན་ལ་ཐག་གཅོད་བྱས་ཏེ་གེགས་ཡོལ་དང་དབུལ་པོ་བསྐྱར་ལོག་མི་ཡོང་བའི་ནུས་པ་རྒྱུན་ཐོན་ལམ་སྲོལ་འཛུགས་རྒྱུ་དང་འཐུས་སྒོ་ཚང་དུ་བཏང་ནས་ལྗོངས་ཡོངས་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཆ་སྙོམས་ཆུ་ཚད་ཀྱི་ཧེ་བག་ཆུང་དུ་གཏོང་གང་ཐུབ་བྱེད་དགོས།

        13.མཐའ་མཚམས་ས་ཁུལ་གོང་འཕེལ་ཇེ་མགྱོགས་སུ་གཏོང་རྒྱུ། མཐའ་མཚམས་ས་ཁུལ་གྱི་མང་ཚོགས་ཀྱི་ཡོང་འབབ་མཐོ་རུ་གཏོང་རྒྱུ་གཙོ་བོའི་ལས་འགན་ཞིག་ཏུ་འཛིན་རྒྱུ་དང་། མཐའ་མཚམས་ས་ཁུལ་གྱི་རང་ངོས་ཀྱི་གོང་འཕེལ་ནུས་པ་ཆེ་རུ་གཏོང་རྒྱུ་འགག་རྩར་འཛིན་རྒྱུ། མཐའ་མཚམས་ས་ཁུལ་གྱི་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་འགན་སྲུང་དུ་འཛིན་རྒྱུ་བཅས་བྱས་ནས “མཐའ་དར་དམངས་ཕྱུག་གི་བྱེད་སྒོ ”ཏན་ཏིག་སྤེལ་རྒྱུ། མ་འཇོག་ཤུགས་ཆེ་བྱས་ཏེ་སྤྱི་པའི་ནོར་སྲིད་དེ་མཐའ་མཚམས་ས་ཁུལ་དུ་ཁ་ཕྱོགས་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། རྨང་གཞིའི་སྒྲིག་བཀོད་ལེགས་བཅོས་ཤུགས་ཆེ་བྱས་ཏེ་མཐའ་མཚམས་བརྟན་ལྷིང་དང་། གྲ་རྒྱས། གོང་འཕེལ་བཅས་ཡོང་རྒྱུར་འགན་ལེན་བྱེད་དགོས།

        (བཞི )འཁོར་རྒྱུག་བྱེད་ཚད་དེ་བས་མགྱོགས་སུ་བཏང་ནས་འཛད་སྤྱོད་ཀྱི་དགོས་མཁོ་རྒྱ་ཆེར་ཧུར་ཐག་གཏོང་དགོས།

        14.མང་ཚོགས་ཀྱི་འཛད་སྤྱོད་ནུས་པ་མཐོ་རུ་གཏོང་རྒྱུ། གྲོང་ཁྱེར་དང་ཤང་གི་མང་ཚོགས་ཀྱི་ཡོང་འབབ་ཟམ་མི་ཆད་པར་མཐོ་རུ་གཏོང་རྒྱུ་དང་། སྤྱི་ཚོགས་འགན་བཅོལ་དང་རོགས་སྐྱོབ་སོགས་ཡོང་འབབ་དམའ་བའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཛད་སྤྱོད་ཀྱི་ཆུ་ཚད་གོང་མཐོར་གཏོང་རྒྱུའི་འབྲེལ་ཡོད་སྲིད་ཇུས་དང་མ་དངུལ་དོན་འཁྱོལ་ཡག་པོ་བྱས་ནས་འཛད་སྤྱོད་དམའ་བའི་མང་ཚོགས་ཀྱི་ཁ་གསབ་རོགས་དངུལ་སྤྲོད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་མང་ཚོགས་ཀྱི་སྔོན་དཔག་འཛད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་དགོས།

        15.སྐས་རིམ་ལྟ་བུའི་འཛད་སྤྱོད་ལུགས་མཐུན་གྱི་སྒོ་ནས་གསར་སྤེལ་བྱེད་རྒྱུ། ཁ་གསབ་སྲིད་ཇུས་ཁག་དོན་འཁྱོལ་ནན་ཏན་བྱེད་པ་དང་། ཁྱིམ་སྤྱོད་གློག་ཆས་དང་ཁྱིམ་ཆས། མོ་ཊ། སྦག་སྦག་བཅས་གཤམ་གཏོང་དང་། མོ་ཊ་ཪྙིང་རྗེས་གསར་འགྱུར་གྱི་བྱེད་སྒོ་ཧུར་ཐག་སྤེལ་ནས་ཞིང་འབྲོག་མང་ཚོགས་ཀྱི་འཛད་སྤྱོད་ལ་ངར་སྐུལ་གཏོང་དགོས། ཡུལ་སྐོར་དང་། སྡོད་ཁང་། མོ་ཊ། ཚོང་དོན་བཟའ་བཏུང་། སྡེ་ཁུལ་གྱི་ཚོང་དོན། སྡེ་ལས། ཁྱིམ་ལས་སོགས་འཛད་སྤྱོད་ཆེ་རིགས་སྐྱོང་སྤེལ་བྱས་ནས་མང་ཚོགས་ཀྱི་འཛད་སྤྱོད་བྱེད་རྒྱ་ཆེ་རུ་གཏོང་དགོས།

        16.འཁོར་རྒྱུག་མ་ལག་གང་མགྱོགས་འཛུགས་རྒྱུ། རང་ལྗོངས་ཀྱི་ཚོང་དོན་འཁོར་རྒྱུག་ཁྱབ་ཁོངས་ལ་མ་འཇོག་ཤུགས་ཆེ་བྱེད་རྒྱུ་དང་། རྣམ་གྲངས་ལག་བསྟར་གང་མགྱོགས་བྱས་ཏེ་འཁོར་རྒྱུག་གི་རྨང་གཞིའི་སྒྲིག་བཀོད་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་དགོས། ས་གནས་དང་རྫོང་གི་ཚོང་འདུས་བྱེད་སྒོ་ཤུགས་ཆེ་སྤེལ་ནས་ཞིང་ཕྱུགས་ཐོན་རྫས་འཁོར་རྒྱུག་ཇེ་མགྱོགས་སུ་གཏོང་རྒྱུ།

        17.འཛད་སྤྱོད་ཀྱི་ཁོར་ཡུག་ལེགས་གྱུར་བྱེད་རྒྱུ། ཁྲོམ་རའི་ཡིད་རྟོན་མ་ལག་ཧུར་ཐག་བཙུགས་ནས་རྫུན་བཟོ་རྫུན་འཚོང་དང་། ཚོང་ལས་ཁ་བསླུས་རྒྱག་པ་སོགས་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་ནན་པོ་བཏང་ནས་འཛད་སྤྱོད་ཁོར་ཡུག་དེ་བས་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། གལ་ཆེའི་དུས་ཆེན་གྱི་འཛད་སྤྱོད་ཁྲོམ་རའི་ཚོང་ཟོག་མཁོ་འདོན་དང་རིན་གོང་ལྟ་འདོམས་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་སྟེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཛད་སྤྱོད་ཟམ་མི་ཆད་པར་རྒྱ་ཆེར་གཏོང་རྒྱུར་སྐུལ་འདེད་བཏང་ནས་སྤྱི་ཚོགས་ཀྱི་འཛད་སྤྱོད་ཐོན་རྫས་སིལ་འཚོང་སྤྱི་འབོར་18%ཡན་འཕར་ཐུབ་པའི་འགན་ལེན་བྱེད་རྒྱུ།

        (ལྔ )གོང་འཕེལ་གཏོང་སྟངས་ལ་འགྱུར་ལྡོག་གཏོང་རྒྱུ་ཇེ་མགྱོགས་སུ་བཏང་ནས་རང་ངོས་གོང་འཕེལ་གཏོང་རྒྱུའི་ཆུ་ཚད་གོང་མཐོར་གཏོང་དགོས།

        18.ཁྱད་ལྡན་ལེགས་ཆ་ཆེ་བའི་ཐོན་ལས་གོང་འཕེལ་སྟོབས་ཆེར་གཏོང་རྒྱུ། ལག་རྩལ་བསྒྱུར་བཅོས་དང་ཚན་རྩལ་གསར་གཏོད་བྱེད་རྒྱུར་རྒྱབ་སྐྱོར་དང་སྐུལ་འདེད་བཏང་ཐོག ཁེ་ལས་ཆེ་བར་རོགས་སྐྱོར་བྱེད་པ་དང་། གླིང་ཁུལ་ཆེ་བ་འཛུགས་སྐྲུན་བྱེད་པ། ཁྱུ་ཚོགས་ཆེ་བ་གསོ་སྐྱོང་བྱེད་པ། རྟེན་གཞི་ཆེ་བ་སྐྲུན་པ་བཅས་བྱས་ནས་ཁྱད་ལྡན་ཐོན་ལས་གོང་འཕེལ་ཧུར་ཐག་གཏོང་དགོས། ཁྱད་ལྡན་ཞིང་འབྲོག་ཐོན་ལས་དང་། བོད་ཀྱི་གསོ་བ་རིག་པ་དང་སྨན་རྫས་ལས་རིགས། མི་རིགས་ལག་ཤེས་བཟོ་ལས། འབྱུང་འཕྲོད་བཟའ་བཏུང་ཐོན་རྫས་ལས་རིགས་སོགས་ཁྱད་ལྡན་ཐོན་ལས་གོང་འཕེལ་སྟོབས་ཆེར་གཏོང་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས་ལྗོངས་ཕྱི་ནང་གི་ཁྲོམ་ར་བཟུང་ཚད་རིམ་པས་རྒྱ་ཆེར་གཏོང་དགོས། ཡིད་རྟོན་དངུལ་བུན་གྱི་གྲུབ་ཆ་ལེགས་འགྱུར་ཡོང་བ་བྱས་ཏེ་ཁྱད་ལྡན་ལེགས་ཆ་ཆེ་བའི་ཐོན་ལས་གོང་འཕེལ་གཏོང་རྒྱུར་གཙོ་གནད་རྒྱབ་སྐྱོར་བྱེད་དགོས། ཁྲོམ་རའི་དགོས་མཁོ་དང་རང་ངོས་ཀྱི་ཐོན་སྐྱེད་ནུས་པ་ཟུང་འབྲེལ་བྱེད་རྒྱུ་དང་། ཁེ་ལས་ཚོང་གཉེར་འཐབ་ཇུས་གསར་གཏོད་བཅས་བྱས་ནས་ཁེ་ལས་སྐྱོན་བྲལ་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།

        19.འཐབ་ཇུས་ཀྱི་རང་བཞིན་ལྡན་པའི་གཙོ་རྟེན་ཐོན་ལས་གསོ་འཕེལ་ཧུར་ཐག་བྱེད་རྒྱུ། ཁྲོམ་རའི་ཆ་རྐྱེན་དང་ཐོན་ཁུངས་ཀྱི་དགེ་མཚན་ལ་བརྟེན་ནས་རྒྱལ་ཁབ་ཀྱི “ནུབ་གློག་ཤར་འདྲེན ”གྱི་ནུས་ཁུངས་འབྲེལ་མཐུད་ལྟེ་གནད་འཛུགས་སྐྲུན་བྱེད་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་དང་། ཡར་ཀླུངས་གཙང་པོ་དང་བོད་ཤར་ལྷོའི “གཙང་གསུམ་རྒྱུགས་ཁུལ ”གྱི་ཆུ་གློག་ཐོན་ཁུངས་རིམ་བཞིན་གསར་སྤེལ་འཆར་འགོད་དང་རྣམ་གྲངས་ཀྱི་སྔོན་གྲབས་ལས་དོན་སྤེལ་མགྱོགས་སུ་གཏོང་དགོས། དམིགས་ས་དང་། ཚད་གཞི། ལག་རྩལ་བཅས་གསུམ་མཐོ་པོ་དགོས་པའི་བླང་བྱ་གཞིར་བཟུང་སྣུམ་རླངས་ཐོན་ཁུངས་དང་། དགེ་མཚན་ལྡན་པའི་གཏེར་ཁའི་ཐོན་ཁུངས་རྩད་འཚོལ་དང་དཔྱད་གདེང་བྱེད་རྒྱུ་གོ་རིམ་ལྡན་པའི་སྒོ་ནས་སྤེལ་ཏེ། གསར་སྤེལ་དང་སྲུང་སྐྱོབ་གལ་ཆེ་མཉམ་འཛིན་རྒྱུན་འཁྱོངས་བྱས་ནས་ཁོར་ཡུག་ལ་གནོད་གཞི་ཇི་ཡོང་ཞིབ་དཔྱད་བྱས་ནས་ཆོག་མཆན་ཞུ་རྒྱུ་ལམ་ལུགས་ནན་པོ་བཟུང་དགོས། རྒྱལ་ཁབ་ཀྱི་སྦེ་ལ་སའི་བཟོ་ལས་ཀྱི་ཐོན་ལས་སྲིད་ཇུས་དོན་འཁྱོལ་ནན་ཏན་བྱས་ཏེ་ཁེ་ལས་ཀྱི་ལག་རྩལ་བསྒྱུར་བཅོས་ལ་རྒྱབ་སྐྱོར་བྱས་ནས། རྗེས་ལུས་ཀྱི་ཐོན་སྐྱེད་དང་ནུས་འགྲོ་བྲལ་འབུད་ཇེ་མགྱོགས་སུ་གཏོང་དགོས། བོད་ཀྱི་གསོ་བ་རིག་པ་དང་སྨན་རྫས་ལས་རིགས་གོང་འཕེལ་ཇེ་མགྱོགས་སུ་བཏང་ནས་འབྲས་བུ་དངོས་འགྱུར་གྱི་ནུས་པ་དང་ཐོན་སྐྱེད་ནུས་པ་གོང་མཐོར་གཏོང་དགོས། ཡུལ་སྐོར་ལས་རིགས་སྟོབས་ཆེར་དང་ཞིབ་ཚགས་སུ་བཏང་ནས་འཛམ་གླིང་གི་ཡུལ་སྐོར་བྱེད་སའི་སྤུས་ཚད་གཏོད་རྒྱུར་ཤུགས་བརྒྱབ་སྟེ་ཡུལ་སྐོར་གྱི་ཐོག་ནས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་ནུས་པ་མཐོ་རུ་གཏོང་དགོས། གཙོ་གནད་ཚན་རྩལ་ཆེད་དོན་རྣམ་གྲངས་ལག་བསྟར་ཡག་པོ་བྱས་ནས་གསར་སྤེལ་དང་གསར་གཏོད་ཀྱི་ནུས་པ་མཐོ་རུ་ཧུར་ཐག་གཏོང་དགོས།

        20.ཐོན་ལས་གོང་འཕེལ་གཏོང་སྟངས་ལེགས་གྱུར་དང་སྲ་བརྟན་གཏོང་རྒྱུ། ཐོན་ཁུངས་ཀྱི་བཟང་ཆ་དང་ཐོན་སྐྱེད་ཀྱི་མཐུན་རྐྱེན་ནུས་པར་དམིགས་ཏེ། ཡུལ་བབ་དང་བསྟུན་ཞིང་ཚན་རིག་དང་མཐུན་པའི་སྒོ་ནས་ས་གནས་དང་གྲོང་ཁྱེར་བདུན་གྱི་གཙོ་གནད་ཐོན་ལས་སྐྱོང་སྤེལ་བྱས་ཏེ་བོད་དབུས་རྒྱུད་དང་། བོད་ཤར་རྒྱུད། བོད་ནུབ་རྒྱུད་བཅས་ཀྱི་ཐོན་ལས་བར་སྟོང་ཁྱབ་ཚུལ་ལེགས་འགྱུར་ཡོང་བ་བྱས་ནས་ཅུང་གཅིག་སྡུད་ཀྱི་ཐོན་ལས་གོང་འཕེལ་གཏོང་བའི་རྣམ་པ་ཞིག་ཆགས་པ་བྱེད་དགོས། མཚོ་བོད་ལྕགས་ལམ་གྱི་ཁྱབ་འགྱེད་སྐུལ་ཁྲིད་ཀྱི་ནུས་པ་སྟོབས་ཆེ་དེ་འདོན་སྤེལ་གང་ལེགས་བྱས་ཏེ་ལྷ་སའི་རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དང་། ནག་ཆུའི་ཟོག་འགྲེམས་ལྟེ་གནས། གོར་མོའི་མཚོ་བོད་བཟོ་ལས་སྡེ་གླིང་སོགས་ཐོན་ལས་གོང་འཕེལ་གྱི་ལས་སྟེགས་འཛུགས་རྒྱུ་ཇེ་མགྱོགས་སུ་བཏང་ནས་གྲུབ་འབྲས་དངོས་ཐོན་པ་བྱས་ཏེ་ཁྱད་ལྡན་ལེགས་ཆ་ཆེ་བའི་ཐོན་ལས་རིགས་གཅིག་སྡུད་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།

        (དྲུག )དམངས་འཚོའི་བྱ་གཞག་སྔོན་ལ་གོང་འཕེལ་བཏང་ནས་སྤྱི་པའི་ཞབས་ཞུ་ཆ་མཚུངས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས།

        21.སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་དང་མ་ལག་འཛུགས་རྒྱུར་ཤུགས་སྣོན་རྒྱག་རྒྱུ། སྤྱི་པའི་ཐོན་ཁུངས་དེ་བས་མང་བ་དམངས་འཚོའི་ཁྱབ་ཁོངས་ཀྱི་འཛུགས་སྐྲུན་ནང་ཁྲིད་སྟོན་བྱས་ནས་སློབ་གསོ་དང་། ཚན་རྩལ། རིག་གནས། འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཤུགས་ཆེ་བྱས་ཏེ་སྤྱི་ཚོགས་ཀྱི་སྤྱི་པའི་ཞབས་ཞུའི་གཞི་རྩའི་མ་ལག་འཐུས་ཚང་དུ་གང་མགྱོགས་གཏོང་དགོས། སྤྱི་ཚོགས་འགན་སྲུང་གི་ཁེབས་རྒྱ་སྔར་བས་ཆེ་རུ་བཏང་སྟེ་གྲོང་གསེབ་ཀྱི་རྒན་གསོའི་འགན་བཅོལ་ལམ་ལུགས་གསར་པ་མུ་མཐུད་ཁྱབ་གདལ་གཏོང་རྒྱུ་དང་། གྲོང་ཁྱེར་གྲོང་བརྡལ་མང་ཚོགས་ཀྱི་རྒན་གསོའི་འགན་བཅོལ་ལམ་ལུགས་འཛུགས་དགོས།

        22.ལས་ཞུགས་དང་ལས་ཀ་བསྐྱར་ཞུགས་ཀྱི་ལས་དོན་ལ་མུ་མཐུད་དམ་འཛིན་ཡག་པོ་བྱེད་རྒྱུ། སྲིད་ཇུས་ཀྱི་ཁྲིད་སྟོན་དང་མཐུན་སྦྱོར་ཞབས་ཞུའི་ལས་ཀར་ཤུགས་སྣོན་བརྒྱབ་སྟེ་གསར་གཏོད་ལ་བརྟེན་ནས་ལས་ཞུགས་ལ་སྐུལ་འདེད་ཤུགས་ཆེ་གཏོང་དགོས་པ་དང་། སློབ་ཆེའི་སློབ་ཐོན་སློབ་མ་དང་། དམག་ཞབས་འཐིམ་པའི་དམག་མི། གྲོང་གསེབ་ཀྱི་ངལ་ནུས་ལྷག་མ་བཅས་ཀྱི་ལས་ཞུགས་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་ངང་ཡག་པོ་བྱེད་དགོས། ལས་རིགས་ཀྱི་རྩལ་ནུས་སྦྱོང་བརྡར་སྤྲོས་རྒྱུ་ཤུགས་ཆེར་བཏང་ཐོག་ལས་ཞུགས་ཐད་ཀྱི་དགོས་མཁོ་དང་མཁོ་འདོན་གཉིས་ཁ་སྦྱོར་བྱེད་རྒྱུའི་ལས་དོན་ལ་ཤུགས་སྣོན་རྒྱག་དགོས་པ་མ་ཟད། སྤྱི་ཕན་རང་བཞིན་གྱི་ལས་གནས་གསར་སྤེལ་དང་དོ་དམ། མཇུག་འདེད་ཞབས་ཞུ་བཅས་མུ་མཐུད་ཡག་པོ་བྱས་ནས་ལས་ཞུགས་པ་མེད་པའི་ཁྱིམ་ཚང་སོགས་ལས་ཞུགས་ཐད་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་ལས་ཞུགས་ལ་རོགས་སྐྱོར་བྱེད་རྒྱུའི་ལས་དོན་ཡག་པོ་བྱེད་དགོས།

        23.འགན་སྲུང་རང་བཞིན་གྱི་སྡོད་ཁང་གང་མགྱོགས་སྐྲུན་རྒྱུ། གྲོང་ཁྱེར་གྲོང་བརྡལ་གྱི་ཁང་གླ་ཁེ་བའི་ཁང་པ་དང་། སྤྱི་པའི་བོགས་གཏོང་ཁང་པ། ལས་བཟོའི་ལས་ཤག་སོགས་རྣམ་གྲངས་འཛུགས་སྐྲུན་བྱེད་རྒྱུར་གཙོ་གནད་དམ་འཛིན་བྱས་ཏེ་མ་དངུལ་དང་། ས་ཆ། ནོར་ཁྲལ། དངུལ་རྩ་སོགས་ཀྱི་ཐད་ནས་དེར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ནུས་ལྡན་གྱི་མཁོ་སྤྲོད་བྱེད་རྒྱུ་མང་དུ་གང་མགྱོགས་གཏོང་དགོས།

        24.ཁྲོམ་རའི་རིན་གོང་སྙོམས་སྒྲིག་སྟངས་འཛིན་ལས་ཀར་ཤུགས་སྣོན་རྒྱག་རྒྱུ། ཟོག་གོང་བརྟན་པོ་ཡོང་བའི་ལས་དོན་དེ་མངོན་ཆེའི་གནས་བབ་ཐོག་བཞག་སྟེ་རིན་གོང་གི་སྤྱིའི་ཆུ་ཚད་བརྟན་པོ་ཡོང་བ་བྱས་ནས་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་སྲུང་བྱེད་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་ཇུས་བྱ་ཐབས་ཁག་དོན་འཁྱོལ་བྱས་ཐོག་བྱ་ཐབས་སྣ་མང་མཉམ་འཛིན་གྱིས་ཞིང་ཞོར་ཐོན་རྫས་མཁོ་འདོན་འགན་སྲུང་བྱས་ཏེ། གལ་ཆེའི་དངོས་ཟོག་གྲབས་གསོག་དང་གློག་སྣུམ་དབོར་འདྲེན་གྱི་མཐུན་སྦྱོར་ལས་དོན་ཡག་པོ་བསྒྲུབ་དགོས་པ་དང་། ཁྲོམ་རའི་རིན་གོང་སྙོམས་སྒྲིག་སྟངས་འཛིན་གྱི་ལམ་སྲོལ་འཐུས་ཚང་དུ་བཏང་ནས། རིན་གོང་སྙོམས་བྱེད་ཀྱི་ཐེབས་རྩ་བཙུགས་ཐོག་རིན་གོང་ཁ་གསབ་སྲིད་ཇུས་དོན་འཁྱོལ་བྱེད་རྒྱུར་གཞོགས་འདེགས་ཀྱིས་རིན་གོང་གི་ལྟ་སྡོམ་ཤུགས་ཆེར་བཏང་སྟེ། འཛད་སྤྱོད་རིན་གོང་གི་སྤྱིའི་ཆུ་ཚད་དེ་རྩ་བའི་ཆ་ནས་བརྟན་པོ་ཡོང་གང་ཐུབ་བྱེད་དགོས། དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་སྟེ། མི་སེམས་ཞི་ལྷོད་ཡོང་བ་དང་སྤྱི་ཚོགས་གཞི་མཐུན་བརྟན་ལྷིང་ཡོང་རྒྱུར་སྐུལ་འདེད་གཏོང་དགོས།

        (བདུན )སྣོད་བཅུད་ལེགས་སྐྱོང་དང་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུར་དམ་འཛིན་ནན་པོ་བྱས་ནས་མི་དང་རང་བྱུང་ཁམས་གཉིས་མཐུན་སྦྱོར་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།

        25.སྣོད་བཅུད་ལེགས་སྐྱོང་དང་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་སྣོན་རྒྱག་རྒྱུ། 《བོད་ཀྱི་སྣོད་བཅུད་སྲུང་བཅད་སྲུང་སྐྱོབ་དང་ལེགས་སྐྱོང་འཆར་འགོད 》གང་མགྱོགས་ལག་བསྟར་བྱས་ཏེ་གཙོ་གནད་ཁུལ་ཁོངས་ཀྱི་སྣོད་བཅུད་ལེགས་སྐྱོང་བྱེད་རྒྱུར་དམ་འཛིན་ནན་པོ་བྱས་ཐོག་ལྗོངས་ཡོངས་ཀྱི་སྣོད་བཅུད་ཀྱི་བཀོད་པ་ལེགས་འགྱུར་ཡོང་བ་བྱས་ནས་སྣོད་བཅུད་བཟང་བའི་བོད་ལྗོངས་འཛུགས་སྐྲུན་ཏན་ཏིག་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་རྒྱུ་དང་གཙོ་གནད་རྣམ་གྲངས་འཛུགས་སྐྲུན། ཐོན་ལས་གོང་འཕེལ། དབུལ་འགྲོལ་ཕྱུག་འགྱུར་སོགས་ཀྱི་རྣམ་གྲངས་དང་ཟུང་འབྲེལ་བྱས་ནས་ལག་བསྟར་བྱེད་དགོས་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་སྣོད་བཅུད་བཟང་ཁུལ་དུ་གནས་སྤོས་བྱེད་པའི་འཆར་འགོད་བཟོས་ཐོག ལས་དོན་དེ་སྣོད་བཅུད་ཞན་པ་དང་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ཞན་པའི་ས་ཁུལ་དུ་སྤེལ་དགོས། ནགས་ཚལ་ཕན་འབྲས་སྐྱོང་གསབ་ཐེབས་རྩ་དོན་འཁྱོལ་ཡག་པོ་བྱེད་རྒྱུ་དང་། རྩྭ་ཐང་གི་སྣོད་བཅུད་སྲུང་སྐྱོབ་ཀྱི་བྱ་དགའི་ལམ་སྲོལ་ཕྱོགས་ཡོངས་ནས་བཟོས་ཏེ་སྣོད་བཅུད་ཕན་འབྲས་སྐྱོང་གསབ་དང་ཐོན་ཁུངས་གསར་སྤེལ་གྱི་སྣོད་བཅུད་སྐྱོང་གསབ་ཚོད་ལྟ་འཚོལ་ཞིབ་བྱས་ནས་གཏེར་རིའི་ཁོར་ཡུག་བཅོས་སྒྲིག་དང་སྣོད་བཅུད་སླར་གསོའི་འགན་འཁྲིའི་ལམ་སྲོལ་འཛུགས་རྒྱུ། སྣོད་བཅུད་ཀྱི་ལྟ་ཞིབ་ཚད་ལེན་བྱེད་ནུས་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་མི་ཐབས་ཀྱིས་གནམ་གཤིས་ལ་ཤུགས་རྐྱེན་སྤྲོད་པ་དང་གནམ་གཤིས་འགྱུར་བར་ཁ་གཏད་གཅོག་ནུས་ཆེ་རུ་གཏོང་དགོས།

        26.ལས་རིགས་ནང་འཛུལ་འཐུས་ཚོད་འཛིན་ནན་པོ་བྱེད་རྒྱུ། རྒྱལ་ཁབ་ཀྱི 《ཐོན་ལས་སྒྲིག་གཞི་ལེགས་སྒྲིག་གི་མཛུབ་ཁྲིད་དཀར་ཆག 》 དང་རང་སྐྱོང་ལྗོངས་འབྲེལ་ཡོད་ཐོན་ལས་སྲིད་ཇུས་ཀྱི་བླང་བྱར་གཞིགས་ཏེ་ནུས་རྒྱུ་ཟད་གྲོན་ཆེ་བ་དང་བཙོག་སྐྱོན་ཆེ་རིགས་ཀྱི་རྣམ་གྲངས་འཛུལ་འཐུས་ལ་ཚོད་འཛིན་ནན་པོ་བྱེད་པ་དང་། ནུས་རྒྱུ་བསྲི་ཚགས་དང་བཙོག་སྐྱོན་ཉུང་གཏོང་གི་ལས་འགན་སྒྲུབ་ཤུགས་་ཆེ་རུ་བཏང་སྟེ། ཁོར་ཡུག་སྲུང་སྐྱོབ་ཀྱི་ཐོན་ལས་དང་ནུས་རྒྱུ་ཟད་གྲོན་ཆུང་བའི་ཐོན་ལས་གོང་འཕེལ་གཏོང་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་བྱས་ནས། རྗེས་ལུས་ཀྱི་ཐོན་རྫས་ཀྱི་ནུས་རྒྱུ་བྲལ་འབུད་གཏོང་རྒྱུ་མགྱོགས་སུ་གཏོང་དགོས།

        27.ནུས་རྒྱུ་བསྲི་ཚགས་དང་བཙོག་སྐྱོན་ཉུང་གཏོང་གི་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་རྒྱུ། ནུས་ཁུངས་གྲུབ་ཆ་ལེགས་སྒྲིག་ཧུར་ཐག་བྱས་ནས་ཉི་ནུས་དང་། ས་འོག་ཚ་ནུས། རྫབ་རླངས། སྐྱེ་དངོས་ནུས་རྒྱུ་སོགས་བསྐྱར་སྤྱོད་ཀྱི་ནུས་ཁུངས་གསར་སྤེལ་བེད་སྤྱོད་ཇེ་མགྱོགས་སུ་གཏོང་དགོས། སྤྱོད་གོ་ཆེ་ལ་ནུས་རྒྱུ་གྲོན་ཆུང་ཐུབ་པའི་ཐོན་རྫས་མུ་མཐུད་ཁྱབ་གདལ་བཏང་ཐོག་ལས་གྲྭའི་ཨར་སྐྲུན་ནང་ནུས་རྒྱུ་བསྲི་ཚགས་ཀྱི་ལག་རྩལ་དང་རྒྱུ་ཆ་བེད་སྤྱོད་ཁྱབ་གདལ་གཏོང་རྒྱུ་དང་གད་སྙིགས་སྦས་ས་དང་། བཙོག་ཆུ་གཙང་གསིང་བཟོ་གྲྭ་སོགས་ནུས་རྒྱུ་བསྲི་ཚགས་དང་བཙོག་སྐྱོན་ཉུང་གཏོང་གི་རྣམ་གྲངས་ལས་གྲྭ་དུས་ཐོག་ཏུ་དོན་འཁྱོལ་ཡག་པོ་བྱས་ཏེ་ནུས་རྒྱུ་བསྲི་ཚགས་དང་བཙོག་སྐྱོན་ཉུང་གཏོང་གི་དམིགས་ཚད་ཁག་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས།

        (བརྒྱད )བསྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་གོང་འཕེལ་གྱི་གསོན་ཤུགས་དང་འགུལ་ཤུགས་སྔར་ལས་ལྷག་པའི་སྒོ་ནས་ཆེ་རུ་གཏོང་དགོས།

        28.ཞིང་འབྲོལ་ཁུལ་གྱི་དཔལ་འབྱོར་ལམ་སྲོལ་བསྒྱུར་བཅོས་བྱེད་རྒྱུར་སྐུལ་འདེད་གཏོང་རྒྱུ། བརྟན་ཞིང་འོས་འཚམ་གྱི་སྒོ་ནས་མཉམ་སྡེབ་ནགས་དབང་ལམ་ལུགས་བསྒྱུར་བཅོས་བྱེད་རྒྱུར་སྐུལ་འདེད་ཧུར་ཐག་བཏང་སྟེ་ཞིང་ལས་རོགས་སྐྱོར་དང་སྲུང་སྐྱོབ་བྱེད་རྒྱུའི་མ་ལག་སྔར་བས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། ཞིང་འབྲོག་ཁུལ་གྱི་ཁྲོམ་རའི་འཁོར་རྒྱུག་མ་ལག་འཐུས་ཚང་དུ་བཏང་ཐོག་ས་ཞིང་ཤོར་བའི་ཞིང་པར་ས་བསྡུའི་འཕར་ཐང་གི་ཁེ་ཕན་མཉམ་སྤྱོད་བྱེད་རྒྱུའི་ལམ་སྲོལ་བཙུགས་ཏེ་ཞིང་འབྲོལ་ཁུལ་གྱི་དཔལ་འབྱོར་འཕེལ་ཤུགས་ཆེ་རུ་གཏོང་དགོས།

        29.སྤྱི་ཚོགས་བྱ་གཞག་གི་གཙོ་གནད་ཁྱབ་ཁོངས་ཀྱི་ལམ་སྲོལ་བསྒྱུར་བཅོས་ཇེ་མགྱོགས་སུ་གཏོང་རྒྱུ། སྨན་བཅོས་སྨན་རྫས་འཕྲོད་བསྟེན་ལམ་སྲོལ་བསྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་རིན་མེད་སྨན་བཅོས་ཀྱི་རྨང་གཞི་བྱས་པའི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་སྔར་ལས་ལྷག་པའི་སྒོ་ནས་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། ཞིང་འབྲོག་མང་ཚོགས་ཀྱི་ལུས་ཁམས་བདེ་ཐང་ཡོང་བའི་བྱེད་སྒོ་ལག་བསྟར་ཤུགས་ཆེ་བྱས་ཏེ། གཞི་རིམ་སྨན་བཅོས་ཚན་པ་ཚང་མར་གཞི་རྩའི་སྨན་རྫས་ལམ་ལུགས་ལག་བསྟར་བྱེད་རྒྱུ་དང་། སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་རྣམ་གྲངས་དོན་འཁྱོལ་བྱས་ནས། གཞུང་བཙུགས་སྨན་ཁང་ནང་ངོས་ཀྱི་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་ཞིང་འབྲོག་མང་ཚོགས་ཀྱི་ན་ཚ་ལྟ་དཀའ་བའི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་དགོས། “གྲོང་ཚོ་རེར་སློབ་ཆེན་སློབ་ཐོན་སློབ་མ་རེ་ཡོད་པའི ”བྱེད་སྒོ་ལག་བསྟར་ཤུགས་ཆེ་བྱེད་དགོས། སྤྱི་ཚོགས་འགན་བཅོལ་ལས་ཀར་ཤུགས་སྣོན་བརྒྱབ་ནས་སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་སྒྲིག་འཛུགས་ནང་ལས་ཀ་བྱེད་མཁན་དང་སྟབས་བསྟུན་ལས་ཞུགས་བྱེད་མཁན་ཚང་མ་གྲོང་ཁྱེར་གྲོང་བརྡལ་གྱི་གཞི་རྩའི་རྒན་གསོ་དང་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་ཁྱབ་ཁོངས་ནང་བཅུག་ཐུབ་བྱེད་དགོས།

        30.ཁྲོམ་ར་གཙོ་རྐང་འཛུགས་རྒྱུར་ཤུགས་སྣོན་རྒྱག་རྒྱུ། གཞུང་ཁོངས་ཁེ་ལས་བསྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། ཁེ་ལས་འབྲིང་ཆུང་གོང་འཕེལ་གང་མགྱོགས་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་གྱི་གཙོ་རྐང་སྔར་བས་སྟོབས་ཆེར་གཏོང་དགོས། མ་འཇོག་གྲུབ་ཆ་ལེགས་འགྱུར་གང་མགྱོགས་བྱས་ཏེ་ཁྲོམ་རས་བགོ་སྒྲིག་བྱེད་པའི་ཐོན་ཁུངས་ཀྱི་རྨང་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཐོག་ཁྲོམ་རའི་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་ལ་སྐུལ་ལྕག་དང་། ཁྲིད་སྟོན། སྟོབས་ཆེར་གཏོང་བ་བཅས་བྱེད་དགོས། དངུལ་རྩས་ས་གནས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་འདེགས་སྐྱོར་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ས་གནས་རང་བཞིན་གྱི་ཁྲིམས་ཚན་དངུལ་ཁང་བསྐྱར་སྒྲིག་བྱེད་དགོས།

        (དགུ )གོང་འཕེལ་གྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ནས་སྒོ་དབྱེའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས།

        31.ཕྱི་ཕྱོགས་ཉོ་འཚོང་གོང་འཕེལ་གཏོང་རྒྱུ། ལྗོངས་ནང་ཁུལ་གྱི་འགག་སྒོའི་བྱེད་ནུས་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ་དང་། སྐྱིད་རོང་འགག་སྒོའི་མཐའ་མཚམས་འགྲོལ་བའི་དཔལ་འབྱོར་མཉམ་ལས་ཁུལ་གྱི་སྔོན་གྲབས་ལས་དོན་སྤེལ་མགྱོགས་སུ་གཏོང་དགོས་པ། ཕྱིར་གཏོང་ལ་རོགས་སྐྱོར་བྱེད་པའི་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་ཐོག་རང་བཟོས་ཐོན་རྫས་ཕྱིར་གཏོང་བྱེད་རྒྱུར་བྱ་དགའ་སྤྲོད་ཤུགས་ཆེ་རུ་བཏང་ནས་ཕྱིར་གཏོང་ནང་འདྲེན་བརྟན་པོའི་སྒོ་ནས་འཕར་སྣོན་རྒྱུན་མཐུད་ཡོང་བ་བྱེད་དགོས།

        32.དཔལ་འབྱོར་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ། སྤུན་ཟླའི་ཞིང་ཆེན་དང་(ལྗོངས་དང་གྲོང་ཁྱེར )གྲོང་ཁྱེར་དབར་གྱི་འབྲེལ་ཡོད་མཉམ་ལས་ཀྱི་གྲོས་མཐུན་དོན་འཁྱོལ་སྔར་ལས་ལྷག་པ་བྱེད་རྒྱུ་དང་། ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་འཐབ་ཇུས་ཀྱི་ལས་དོན་ཁག་ལག་བསྟར་གཏིང་ཟབ་བྱེད་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ནས་ཐོན་ལས་སྤོ་སྒྱུར་ལས་ཀའི་བསམ་འཆར་གང་མགྱོགས་བཏོན་ནས “གཅིག་འཐུས ”ཞབས་ཞུའི་བྱེད་ནུས་ལ་ཤུགས་སྣོན་བརྒྱབ་སྟེ་ཁུལ་ཁོངས་དཔལ་འབྱོར་མཉམ་ལས་ལ་འཕེལ་རྒྱས་གསར་པ་ཞིག་ཡོང་རྒྱུར་སྐུལ་འདེད་གཏོང་དགོས།

        33.བོད་སྐྱོར་ལས་དོན་ཧུར་ཐག་སྒྲུབ་རྒྱུ། རྒྱལ་ཡོངས་ཀྱིས་དཔལ་འབྱོར་གྱི་ཐད་ནས་བོད་ལ་ག་སྦྱར་རོགས་སྐྱོར་བྱེད་རྒྱུའི་ལས་དོན་བཞུགས་མོལ་ཚོགས་འདུའི་དགོངས་དོན་དོན་འཁྱོལ་ཡག་པོ་བྱས་ཏེ་རྒྱལ་ཁབ་འཕེལ་བསྒྱུར་ཨུ་ལྷན་ལ་གཞོགས་འདེགས་བྱས་ནས 《དཔལ་འབྱོར་ཐད་ནས་བོད་ལ་ག་སྦྱར་རོགས་སྐྱོར་བྱེད་རྒྱུའི་ལས་དོན་ལ་ཤུགས་སྣོན་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར 》དང 《དཔལ་འབྱོར་ཐད་ནས་བོད་ལ་ག་སྦྱར་རོགས་སྐྱོར་བྱེད་རྒྱུའི་ཆེད་དོན་འཆར་འགོད་བཟོ་སྒྲིག་བྱེད་རྒྱུའི་ལས་དོན་རྩ་གནད 》གང་མགྱོགས་བཟོ་འདོན་བྱེད་དགོས་པ་དང་། བོད་སྐྱོར་མ་དངུལ་དང་རྣམ་གྲངས་དོ་དམ་བྱ་ཐབས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ། བོད་སྐྱོར་བྱེད་མཁན་ཞིང་ཆེན (གྲོང་ཁྱེར )དང་ཀྲུང་དབྱང་ཁེ་ལས་དང་ལྷན་དུ་བོད་སྐྱོར་ཆེད་དོན་འཆར་འགོད་བཟོ་སྒྲིག་ཡག་པོ་བྱེད་དགོས།

        34.གོང་འཕེལ་གྱི་ཁོར་ཡུག་ལེགས་འགྱུར་བྱེད་རྒྱུ། སྒྲིག་བཀོད་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་ཕྱོགས་མཚུངས། ལས་གྲྭའི་རྣམ་གྲངས་འཛུགས་སྐྲུན་གྱི་མངོན་ཆེའི་ཁྱབ་ཁོངས་དམ་འཛིན་གྱིས་གོང་འཕེལ་གྱི་ནང་ངོས་མཐུན་རྐྱེན་ལེགས་བཅོས་ཤུགས་ཆེ་བཏང་སྟེ། ཚོང་དང་མ་རྩ་འདྲེན་འགུགས་ཀྱི་སྲིད་ཇུས་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་ནས་དངུལ་རྩ་དེ་བས་མང་བ་ཞིག་བོད་དུ་སླེབས་པ་བྱེད་དགོས། ཉེན་མེད་ཐོན་སྐྱེད་དང་། ཡིག་འབུལ་ཞུ་བཅར་སོགས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་ལས་གྲྭའི་རྣམ་གྲངས་འཛུགས་སྐྲུན་ཁྲོད་དུ་ཐོན་པའི་མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་རིགས་འོས་ཤིང་འཚམ་པའི་སྒོ་ནས་ཐག་གཅོད་ཡག་པོ་བྱས་ནས་དམངས་འཚོ་འགན་སྲུང་ཡག་པོ་དང་མང་ཚོགས་ཀྱི་ཁེ་ཕན་སྲུང་སྐྱོབ་ཡག་པོ་བྱས་ཏེ། གཞི་མཐུན་གོང་འཕེལ་གྱི་ཁོར་ཡུག་ཅིག་གཏོད་དགོས།

        (བཅུ )“ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ཀྱི 《རྩ་གནད 》བཟོ་འགོད་ཡག་པོ་བྱེད་དགོས།

        35.འཆར་འགོད་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་རྒྱུ། རང་སྐྱོང་ལྗོངས་ཀྱི “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ཀྱི་རྩ་གནད་བཟོ་འགོད་བྱེད་རྒྱུ་རྩ་བའི་ཆ་ནས་ལེགས་གྲུབ་བྱུང་ཡོད་པས་འཆར་འགོད་ཀྱི་རྩ་གནད་དེ་ས་གནས་ཁག་གི་འཆར་འགོད་དང་ཆེད་དོན་འཆར་འགོད་དབར་འབྲེལ་མཐུད་བྱེད་རྒྱུར་ཤུགས་སྣོན་སྔར་ལས་ལྷག་པ་བརྒྱབ་ཐོག བཟོ་འགོད་གང་མགྱོགས་བྱེད་རྒྱུར་སྐུལ་འདེད་བཏང་སྟེ། ལྗོངས་ཏང་ཨུད་ཀྱི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་ཐོག་གྲོས་འཆམ་བྱུང་བའི 《“ལོ་ལྔ་ཚན་བཅུ་གཉིས་པའི ”རིང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་འགོད་གཏན་འཁེལ་བྱེད་རྒྱུའི་སྐོར་གྱི་གྲོས་འཆར 》དགོངས་དོན་གཞིར་བཟུང་། ས་གནས་གྲོང་ཁྱེར་ཁག་དང་ལས་རིགས་ཁག་གིས་རང་སྐྱོང་ལྗོངས་ཀྱི་འཆར་འགོད་ཀྱི་རྩ་གནད་ནང་གཏན་འཁེལ་བྱས་པའི་གཙོ་བོའི་དམིགས་ཚད་དང་ལས་འགན་ཁག་ཕྱོགས་བགོས་བྱས་ནས་འཆར་འགོད་ཀྱི་བཀོད་སྤྱོད་རང་བཞིན་དང་ལག་ལེན་བསྟར་འཐུས་རང་བཞིན་ཤུགས་ཆེར་བཏང་སྟེ། རང་སྐྱོང་ལྗོངས་ཀྱི་ངོས་ནས་བཟོས་པའི་འཆར་འགོད་ཀྱི་དམིགས་ཚད་གཙོ་བོ་དེ་སྟོན་གྲངས་གཙོ་བོ་དང་ཕྱོགས་བགོས་སྟོན་གྲངས་གཉིས་འབྲེལ་མཐུད་ཐུབ་པའི་སྟོན་གྲངས་ཆ་ཚང་བ་ཞིག་ཆགས་པ་བྱེད་དགོས་པ་དང་། ས་གནས་ཀྱི་འཆར་འགོད་དང་ཆེད་དོན་འཆར་འགོད་དེ་སྟོན་གྲངས་ཀྱི་མ་ལག་ཐད་སྤྱིའི་ཆ་ནས་རང་སྐྱོང་ལྗོངས་ཀྱི་འཆར་འགོད་རྩ་གནད་དང་གཅིག་མཐུན་ཡོང་བ་འགན་ལེན་བྱས་ནས་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འཐབ་ཇུས་དགོངས་དོན་གང་ལེགས་མཚོན་ཐུབ་པ་བྱེད་དགོས།

        འཐུས་མི་རྣམ་པ། 2011ལོ་ནི “ལོ་ལྔ་ཚན་བཅུ་གཉིསཔའི ”འཆར་འགོད་ལག་བསྟར་བྱེད་པའི་ལོ་དང་པོ་དེ་ཡིན་པས་འགོ་ཡག་པོ་འཛུགས་རྒྱུ་དང་གོམ་པ་ཡག་པོ་སྤོ་ཐུབ་པ་བྱེད་རྒྱུ་ནི་“ལོ་ལྔ་ཚན་བཅུ་གཉིས་པའི ”རིང་གི་གོང་འཕེལ་ལ་སྣེ་ཁྲིད་ཡག་པོ་བྱེད་རྒྱུར་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན། ང་ཚོས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་མུ་མཐུད་དོན་འཁྱོལ་གཏིང་ཟབ་བྱེད་རྒྱུ་དང་། ལྗོངས་ཏང་ཨུད་སྐབས་བདུན་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་། ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ། དེ་བཞིན་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ཚོགས་འདུ་ཐེངས་བཞི་པ་བཅས་ཀྱི་བཀོད་སྒྲིག་ལྟར་གོ་སྐབས་དམ་འཛིན་གྱིས་དུས་བསྟུན་ཡར་བརྩོན་བྱེད་རྒྱུ་དང་། རིག་སྒྲིམ་མདུན་སྐྱོད། བརྩོན་ལེན་ཧུར་ཐག དོན་འཁྱོལ་དམ་འཛིན་ཡག་པོ་བཅས་བྱས་ཏེ་ལོ་འཁོར་མའི་དམིགས་ཚད་ཁག་ལེགས་སྒྲུབ་ཡག་པོ་ཡོང་རྒྱུར་འགན་ལེན་བྱས་ནས་ལྗོངས་ཡོངས་ཀྱི་དཔལ་འབྱོར་དེ་ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལམ་བུའི་ཐོག་མཆོང་སྐྱོད་ལྟ་བུའི་གོང་འཕེལ་ཡོང་རྒྱུར་རྨང་གཞི་བརྟན་པོ་ཞིག་འདིང་དགོས།

        (ལྗོངས་རྩོམ་སྒྱུར་ཅུས་ཀྱིས་བསྒྱུར་བ་གཞིར་བཟུང་། )

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།