དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • ཡུལ་སྐོར་གྱི་འགྲུལ་སྐྱེལ་ཁྲོམ་ར་སྔར་བས་ཚད་ལྡན་བཟོ་རྒྱུའི་སྐོར་གྱི་བརྡ་ཐོ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        འགྲིམ་འགྲུལ་སྐྱེལ་འདྲེན་དོ་དམ་ཅུས་དང་སྤྱི་བདེ་འགྲིམ་འགྲུལ་སྤྱི་ཁྱབ་རུ་ཁག་དང་། ས་ཁུལ (གྲོང་ཁྱེར )ཁག་གི་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་དང་། སྤྱི་བདེ་ཁྲུའུ (ཅུས ) ཡུལ་སྐོར་ཅུས། བདེ་འཇགས་ལྟ་སྐུལ་ཅུས། ནོར་སྲིད་ཅུས་བཅས་དང་དེ་བཞིན་འབྲེལ་ཡོད་ཚན་པ་ཁག་ལ།

        རང་ལྗོངས་ཀྱི་ཡུལ་སྐོར་སྐྱེལ་འདྲེན (ལམ་ཐིག་གཏན་འཁེལ་མ་བྱས་པའི་ཡུལ་སྐོར་འགྲུལ་སྐྱེལ་ལ་བརྗོད་པ་དང་གཤམ་ལ་གཅིག་མཚུངས་ཡིན )ཁྲོམ་ར་སྔར་བས་ཚད་ལྡན་བཟོས་ཏེ་མཐུན་སྦྱོར་གྱི་ཡུལ་སྐོར་འགྲུལ་སྐྱེལ་གཉེར་སྐྱོང་གི་ཁོར་ཡུག་གཏོད་པ་དང་ཡུལ་སྐོར་འགྲུལ་སྐྱེལ་གྱི་དོ་དམ་དང་ཞབས་ཞུའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་ཆེད་རང་སྐྱོང་ལྗོངས་སྲིད་གཞུང་གི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་གཞིར་བཟུང་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་དང་། སྤྱི་བདེ་ཐིང་། ཡུལ་སྐོར་ཅུས། བདེ་འཇགས་ལྟ་སྐུལ་ཅུས། ནོར་སྲིད་ཐིང་སོགས་འབྲེལ་ཡོད་སྡེ་ཚན་གྱིས་རང་ལྗོངས་ཀྱི་ཡུལ་སྐོར་འགྲུལ་སྐྱེལ་ཁྲོམ་རའི་དོ་དམ་ཚད་ལྡན་བཟོ་བའི་གནད་དོན་ལ་ཆེད་དོན་ཞིབ་འཇུག་བྱས་པ་ཡིན། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད་ད་ཆ་འབྲེལ་ཡོད་དོན་གནད་བརྡ་ཐོ་གཏོང་རྒྱུ་གཤམ་གསལ།

        གཅིག སྤྱིའི་བླང་བྱ།

        ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བས་གཅིག་འདོམས་བྱེད་པ་དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལམ་སྐྱེལ་འདྲེན་སྲོལ་ཡིག 》སོགས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞི་འཛིན་སར་བྱེད་པ། ཡོངས་བསྒྲགས་དང་། གཞུང་དྲང་། དྲང་གཞག་བཅས་རྩ་དོན་དུ་བྱེད་པ། བདེ་འཇགས་དང་། ནུས་རྒྱུ་གྲོན་ཆུང་། ཁོར་ཡུག་སྲུང་སྐྱོང་བཅས་ཀྱི་བླང་བྱ་དང་མཐུན་པ་བྱེད་རྒྱུ་ཚད་གཞིར་བྱེད་པ། ཀུང་སི་ཅན་དང་། གཞི་ཁྱོན་ཅན། ཞིབ་ལས་ཅན། ཚད་ལྡན་ཅན་བཅས་ཀྱི་གཉེར་སྐྱོང་ཁྲིད་སྟོན་དུ་བྱེད་པ་བཅས་བྱས་ཏེ་འཇུག་འཐུས་ཚད་གཞི་མཐོ་རུ་གཏོང་བ་དང་། ཚན་རིག་དང་མཐུན་པའི་ངང་འཁོར་རིགས་བཀོད་སྒྲིག་བྱེད་པ། ཡུལ་སྐོར་འགྲུལ་སྐྱེལ་ཁྲོམ་རའི་འཇུག་འཐུས་འགག་སྒོ་ནན་པོ་སྲུང་བ། ཡུལ་སྐོར་འགྲུལ་སྐྱེལ་གཉེར་སྐྱོང་དོ་དམ་ཚད་ལྡན་ཡོང་བ་བཅས་བྱས་ནས་ཡུལ་སྐོར་འགྲུལ་སྐྱེལ་ཁྲོམ་ར་བརྟན་པོ་ཡོང་བའི་འགན་ལེན་བྱེད་པ་དང་ཡུལ་སྐོར་འགྲུལ་སྐྱེལ་སྐྱོན་བྲལ་དང་། གོ་རིམ་ལྡན་པ། མཐུན་སྦྱོར་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཡོང་བའི་འགན་ལེན་བྱེད་དགོས།

        གཉིས། འཇུག་འཐུས་དོ་དམ།

        ཡུལ་སྐོར་སྐྱེལ་འདྲེན་ནི་ཉེན་ཁ་ཆེན་པོ་ལྡན་པའི་ལས་རིགས་ཀྱི་ཁོངས་སུ་གཏོགས་པས་ཡུལ་སྐོར་འགྲུལ་སྐྱེལ་གཉེར་སྐྱོང་གི་རེ་འདུན་ཞུ་རྩིས་ཡོད་མཁན་ཚོས་དུས་འགོའི་ཁྲོམ་རར་བརྟག་ཞིབ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་ཚོད་སྐོར་གང་ལེགས་བྱེད་པ་དང་འབྲེལ་ཡུལ་སྐོར་འགྲུལ་སྐྱེལ་གྱི་མ་འཇོག་དང་གཉེར་སྐྱོང་གི་ཉེན་ཁ་རང་སོ་སོས་འཁུར་དགོས།

        (གཅིག ) ཡུལ་སྐོར་སྐྱེལ་འདྲེན་ཁྲོམ་རར་འཁོར་རིགས་གཏོང་རྒྱུ་དེ་ཁྲོམ་རས་སྙོམས་སྒྲིག་བྱེད་པ་དང་སྲིད་གཞུང་གིས་སྟངས་འཛིན་བྱེད་པ་གཉིས་ཟུང་འབྲེལ་བྱེད་པའི་ལམ་ལུགས་སྤྱད་དེ་རིམ་གྱིས་ཁྲོམ་རས་སྙོམས་སྒྲིག་བྱེད་པར་བར་བརྒལ་ཡོང་བ་བྱེད་དགོས། འཁོར་རིགས་གཏོང་རྒྱུ་དེས་ཡུལ་སྐོར་འགྲུལ་སྐྱེལ་ཁྲོམ་རའི་སྤྱིའི་དགོས་མཁོ་བསྐངས་ཏེ་འདྲེན་ཤུགས་དང་འདྲེན་ཚད་སྤྱིར་ན་དོ་སྙོམས་ཡོང་བ་འགན་ལེན་གྱིས་དོ་སྙོམས་མ་བྱུང་བའི་དབང་གིས་ཐོན་ཁུངས་འཕྲོ་བརླག་དང་ཐ་ན་སྤྱི་ཚོགས་ཀྱི་འགལ་བ་ཐོན་རྒྱུ་སྔོན་འགོག་བྱེད་དགོས། གསར་སྣོན་བྱས་པའི་ཡུལ་སྐོར་འཁོར་རིགས་མ་བཏང་གོང་རང་སྐྱོང་ལྗོངས་ཡུལ་སྐོར་ཅུས་དང་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་ཆེད་ལས་སྒྲིག་གཞིར་ཡུལ་སྐོར་ཁྲོམ་རའི་གཞི་ཁྱོན་དང་དེ་བཞིན་འདྲེན་ཤུགས་དང་འདྲེན་ཚད་དབྱེ་ཞིབ་དང་། ཚད་ལེན་ཞིབ་རྩིས། ཚོད་སྐོར་བཅས་བྱ་རྒྱུའི་མངགས་བཅོལ་བྱས་ཏེ་འདྲེན་ཤུགས་དགོས་མཁོའི་ཚད་ལེན་ཞིབ་རྩིས་ཀྱི་དཔེ་དབྱིབས་བཟོ་བ་དང་། ཡུལ་སྐོར་འགྲུལ་སྐྱེལ་གྱི་འདྲེན་ཤུགས་སྤྱི་འབོར་ལ་ཚན་རིག་དང་མཐུན་པའི་སྔོན་དཔག་བྱེད་པ། ས་ཁུལ (གྲོང་ཁྱེར )ཁག་གི་འཁོར་རིགས་ཁྱབ་ཚུལ་ལུགས་མཐུན་ངང་གཏན་འཁེལ་བྱེད་པ་བཅས་བྱས་ནས་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་ཞིབ་བཤེར་ཆོག་མཆན་ཐོབ་རྗེས་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱེད་དགོས།

        (གཉིས ) ཡུལ་སྐོར་འགྲུལ་སྐྱེལ་འཁོར་རིགས་ལ་ཚད་ལྡན་གྱི་གཏན་འཁེལ་ལམ་ལུགས་ལག་བསྟར་བྱེད་དགོས། སྐྱེལ་འདྲེན་གྱི་བདེ་འཇགས་འགན་ལེན་བྱེད་པ་དང་། ནུས་རྒྱུ་གྲོན་ཆུང་དང་བཙོག་འབུད་ཉུང་གཏོང་ལ་སྐུལ་འདེད་གཏོང་བ། ཡུལ་སྐོར་འགྲུལ་སྐྱེལ་འཁོར་རིགས་ཀྱི་རིམ་པ་མཐོ་རུ་གཏོང་བ་བཅས་བྱ་ཆེད་ཡུལ་སྐོར་འགྲུལ་སྐྱེལ་གཉེར་སྐྱོང་གི་རེ་འདུན་ཞུ་མཁན་འཁོར་རིགས་ངེས་པར་དུ་ལོ་དེ་རང་དུ་ཉོས་པའི་རླངས་འཁོར་གསར་པ་ཡིན་དགོས་པའི་ཁར་དེའི་ལག་རྩལ་གྱི་ནུས་པ་དང་། ཕྱི་དབྱིབས་ཀྱི་ཆེ་ཆུང་། འཁོར་རྟེན་གྱི་ཐེག་ཚད་དང་སྤུས་ཚད་བཅས་ངེས་པར་དུ་རྒྱལ་ཁབ་ཀྱི་ཚད་གཞི (GB18565དང GB1589)དང་མཐུན་དགོས་པ་དང་། བདེ་འཇགས་ལག་རྩལ་གྱི་ཆ་རྐྱེན་ངེས་པར་དུ་རྒྱལ་ཁབ་ཀྱི་ཚད་གཞི (GB7258)དང་མཐུན་དགོས་པ། སྣུམ་གྲོན་གྱི་ཚད་ཐང་དང་མཇུག་རླངས་ཕྱིར་འབུད་བྱེད་ཚད་ངེས་པར་དུ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་དང་མཐུན་དགོས། རླངས་འཁོར་གྱི་རིང་ཚད་སྨི་7.6ཡན་ཡིན་པའི་ཚོང་སྤྱོད་འགྲུལ་སྐྱེལ་རླངས་འཁོར་གྱི་ལག་རྩལ་རིམ་པ་ངེས་པར་དུ་རིམ་པ་དང་པོར་སླེབས་དགོས་པ་དང་དབྱིབས་ཀྱི་རིམ་པ་ངེས་པར་དུ་རིམ་པ་མཐོ་བ་ཡན་ལ་སླེབས་དགོས། རླངས་འཁོར་གྱི་རིང་ཚད་སྨི་6.0ནས་7.6བར་གྱི་ཚོང་སྤྱོད་འགྲུལ་སྐྱེལ་རླངས་འཁོར་འབྲིང་གྲས་ཀྱི་ལག་རྩལ་རིམ་པ་ངེས་པར་དུ་རིམ་པ་དང་པོར་སླེབས་དགོས་པ་དང་དབྱིབས་ཀྱི་རིམ་པ་ངེས་པར་དུ་རིམ་པ་འབྲིང་གྲས་ཡན་ལ་སླེབས་དགོས་པའི་ཁར་ཉོས་པའི་རིན་གོང་མི་དམངས་ཤོག་སྒོར་ཁྲི་16ཡན་ལོན་དགོས། རླངས་འཁོར་གྱི་རིང་ཚད་སྨི་6.0མན་གྱི་ཚོང་སྤྱོད་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་ཀྱི་ལག་རྩལ་རིམ་པ་ངེས་པར་དུ་རིམ་པ་དང་པོར་སླེབས་དགོས་པ་དང་དབྱིབས་ཀྱི་རིམ་པ་ངེས་པར་དུ་རིམ་པ་མཐོ་བ་ཡན་ལ་སླེབས་དགོས་པའི་ཁར་ཉོས་པའི་རིན་གོང་མི་དམངས་ཤོག་སྒོར་ཁྲི་15ཡན་ལོན་དགོས། ཐང་བསྐྱོད་རླངས་འཁོར་དང་དབྱིབས་ཀྱི་རིམ་པའི་ཚོད་སྐོར་ནང་ཞུགས་མེད་པའི་ཚོང་སྤྱོད་རླངས་འཁོར་གཞན་དག་ཉོས་པའི་རིན་གོང་ངེས་པར་དུ་མི་དམངས་ཤོག་སྒོར་ཁྲི་20ཡན་ལོན་དགོས།

        (གསུམ ) ཡུལ་སྐོར་འགྲུལ་སྐྱེལ་ཐད་ཁྲོམ་རའི་འཇུག་འཐུས་དང་བདག་སྤྲོད་ཡོངས་བསྒྲགས་ལམ་ལུགས་ལག་བསྟར་བྱ་རྒྱུ། ཡུལ་སྐོར་འགྲུལ་སྐྱེལ་གཉེར་སྐྱོང་རེ་འདུན་ཞུ་མཁན་གྱིས་རླངས་འཁོར་མ་ཉོས་གོང་ངེས་པར་དུ་འགྲིམ་འགྲུལ་སྐྱེལ་འདྲེན་དོ་དམ་སྡེ་ཚན་གྱིས་དཔྱད་སྤྲོད་བྱས་པའི 《གཞུང་ལམ་སྐྱེལ་འདྲེན་ཁྲོམ་རའི་འཇུག་འཐུས་ལག་འཁྱེར 》ཐོབ་དགོས་པ་དང་ཉོས་པའི་རླངས་འཁོར་ངེས་པར་དུ་གཏན་འཁེལ་བྱས་པའི་རེ་བ་དང་མཐུན་དགོས། 《གཞུང་ལམ་སྐྱེལ་འདྲེན་ཁྲོམ་རའི་འཇུག་འཐུས་ལག་འཁྱེར 》མ་ཐོབ་པར་རང་དགར་རླངས་འཁོར་ཉོ་མཁན་ལ་གཉེར་སྐྱོང་ཆོག་འཐུས་ལག་འཁྱེར་མི་སྤྲོད་རྒྱུ། འགྲིམ་འགྲུལ་སྐྱེལ་འདྲེན་དོ་དམ་སྡེ་ཚན་གྱིས་དུས་བསྟུན་གྱིས་ཡུལ་སྐོར་འགྲུལ་སྐྱེལ་གཉེར་སྐྱོང་རེ་འདུན་ཞུ་མཁན་གྱི་བདག་སྤྲོད་གནས་ཚུལ་ཡོངས་བསྒྲགས་བྱས་ནས་སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་དགོས། དངོས་ཡོད་གནས་ཚུལ་ལ་གཞིགས་ཏེ་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཚན་གྱིས་སྐྱེལ་འདྲེན་ཞབས་ཞུའི་སྤུས་ཚད་ཀྱི་གདེང་འཇོག་གི་ཚད་གཞི་གཙོ་བོར་བྱས་ཏེ་འོས་སྐུལ་འོས་འབོད་ཀྱི་བྱེད་ཐབས་སྤྱད་དེ་སྲིད་འཛིན་གྱི་བཀའ་ཁྲོལ་སྤྲོད་ཆོག

        (བཞི ) ཡུལ་སྐོར་འགྲུལ་སྐྱེལ་གཉེར་སྐྱོང་ཐད་མངའ་ཁོངས་ས་ཆས་དོ་དམ་དང་རིམ་པ་ཕྱེ་ནས་འགན་འཁུར་བའི་ལམ་ལུགས་ལག་བསྟར་བྱ་རྒྱུ། ཡུལ་སྐོར་འགྲུལ་སྐྱེལ་གཉེར་སྐྱོང་བྱ་རྒྱུའི་རེ་ཞུ་བྱེད་མཁན་གྱིས་ཡོངས་བསྒྲགས་བྱས་པའི་ས་ཁུལ (གྲོང་ཁྱེར )ཁག་གི་འཁོར་རིགས་གཏོང་ཚུལ་ལ་གཞིགས་ནས་ས་ཁུལ (གྲོང་ཁྱེར )ཁག་གི་འགྲིམ་འགྲུལ་སྐྱེལ་འདྲེན་གཉེར་སྐྱོང་དོ་དམ་སྡེ་ཚན་ལ་སྙན་ཞུ་འབུལ་དགོས་པ་དང་ཁྲིམས་ལྟར་ཆོག་མཆན་ཐོབ་རྗེས་ས་ཁུལ (གྲོང་ཁྱེར )ཁག་གི་འགྲིམ་འགྲུལ་སྐྱེལ་འདྲེན་གཉེར་སྐྱོང་དོ་དམ་སྡེ་ཚན་གྱིས 《གཞུང་ལམ་སྐྱེལ་འདྲེན་ལག་ཁྱེར 》དཔྱད་སྤྲོད་བྱ་རྒྱུ།

        (ལྔ ) ཡུལ་སྐོར་འགྲུལ་སྐྱེལ་ཐད་གཉེར་སྐྱོང་དུས་ཚད་ལམ་ལུགས་ལག་བསྟར་བྱ་རྒྱུ། ཡུལ་སྐོར་འགྲུལ་སྐྱེལ་གཉེར་སྐྱོང་བྱེད་དབང་ནི་རྒྱལ་ཁབ་ཀྱི་སྤྱི་པའི་ཐོན་ཁུངས་ཡིན་པ་དང་། མང་དུ་བཏང་བའི་ཡུལ་སྐོར་འགྲུལ་སྐྱེལ་འཁོར་རིགས་ཀྱི་གཉེར་སྐྱོང་དུས་ཚད་གཅིག་གྱུར་ཐོག་གཏན་འབེབས་བྱས་པ་ནི་ལོ་8ཡིན་པ་དང་དེ་ཆོག་མཆན་ཐོབ་པའི་ཉིན་ནས་བཟུང་བརྩི་རྒྱུ་དང་། ཆོག་མཆན་སྤྲད་ཀྱང་གཉེར་སྐྱོང་དུས་ཚད་ཁ་གསལ་བཟོས་མེད་པའི་ཡུལ་སྐོར་འགྲུལ་འཁོར་རིགས་ལ་ཆ་མཚོན་ན་བརྡ་ཐོ་འདི་བཏང་བའི་ཉིན་ནས་བཟུང་གསར་པ་ཐེངས་གཅིག་བརྗེ་ཆོག་པ་དང་གཉེར་སྐྱོང་གི་དུས་ཚད་ནི་ལོ་8ལ་གཏན་འཁེལ་བྱ་རྒྱུ། 《གཞུང་ལམ་སྐྱེལ་འདྲེན་ལག་འཁྱེར 》གསར་བརྗེས་དང་དཔྱད་སྤྲོད་བྱས་པའི་ཉིན་ནས་བཟུང་བརྩི་རྒྱུ། ཆོག་མཆན་ཐོབ་པ་མ་ཟད་གཉེར་སྐྱོང་གི་དུས་ཚད་ཀྱང་ཁ་གསལ་བཟོས་པའི་ཡུལ་སྐོར་འགྲུལ་སྐྱེལ་འཁོར་རིགས་ལ་ཆ་མཚོན་ན་གཉེར་སྐྱོང་གི་དུས་ཚད་ནི་སྔར་བཞིན་གཏན་འཁེལ་བྱས་པའི་དུས་ཚད་དེ་ཡིན། གཉེར་སྐྱོང་དུས་ཚད་ནང་འཁོར་རིགས་གསར་པ་བརྗེས་པར་ཆ་མཚོན་ན་གཉེར་སྐྱོང་དུས་ཚད་ལ་འགྱུར་བ་མེད། གཉེར་སྐྱོང་གི་དུས་ཚད་འཐིམ་པར་འགྲིམ་འགྲུལ་སྐྱེལ་འདྲེན་དོ་དམ་སྡེ་ཚན་གྱིས་དེའི་ཡུལ་སྐོར་འགྲུལ་སྐྱེལ་གཉེར་སྐྱོང་བྱེད་དབང་མེད་པ་བཟོ་རྒྱུ།

        གསུམ། གཉེར་སྐྱོང་དོ་དམ།

        ཡུལ་སྐོར་འགྲུལ་སྐྱེལ་གཉེར་སྐྱོང་བྱེད་མཁན་གྱིས་ཁྲིམས་ལྟར་གཉེར་སྐྱོང་དང་། ཁ་དན་ཚིག་གནས། དྲང་གཞག་འགྲན་རྩོད་བཅས་བྱས་ནས་ཞབས་ཞུའི་སྤུས་ཚད་མཐོ་རུ་ཧུར་ཐག་གཏོང་བ་དང་སྦྲགས་འབྲེལ་ཡོད་སྡེ་ཚན་གྱིས་ལས་རིགས་ལ་དོ་དམ་བྱ་རྒྱུ་དང་ལེན་བྱས་ནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་ཕྱིར་བདེ་འཇགས་དང་། སྤུས་ལེགས། སྟབས་བདེ་བཅས་ཀྱི་སྐྱེལ་འདྲེན་ཞབས་ཞུ་བྱེད་དགོས།

        (གཅིག ) ཡུལ་སྐོར་འགྲུལ་སྐྱེལ་འཁོར་རིགས་ངེས་པར་དུ་ཡུལ་སྐོར་འགྲུལ་སྐྱེལ་ཁེ་ལས་ཀྱིས་དོ་དམ་བྱེད་པའི་ཁྱབ་ཁོངས་ནང་འཇུག་དགོས། ཡུལ་སྐོར་འགྲུལ་སྐྱེལ་ཁེ་ལས་ལ་འཁོར་རིགས་སོ་སོས་ཉོ་བའམ་ཡང་ན་མ་རྐང་ལམ་ལུགས་ཀྱི་མཉམ་ལས་བྱེད་པ་དང་ཟླ་སྒྲིལ་གཏོང་བ་སོགས་ཀྱི་བྱེད་ཐབས་བརྒྱུད་གཞུང་གི་རླངས་འཁོར་གཞུང་གིས་གཉེར་སྐྱོང་བྱ་རྒྱུའི་སྐུལ་མ་གཏོང་དགོས་པ་དང་། ཡུལ་སྐོར་འགྲུལ་སྐྱེལ་ཁེ་ལས་ལ་ཀུང་སི་ཅན་དང་། གཞི་ཁྱོན་ཅན། ཞིབ་ལས་ཅན། ཚད་ལྡན་ཅན་བཅས་ཀྱི་གཉེར་སྐྱོར་རིམ་བཞིན་བྱ་རྒྱུའི་སྐུལ་མ་གཏོང་དགོས་པ། ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་དོ་དམ་སྡེ་ཚན་གྱིས་མཉམ་གཉེར་བྱེད་ཆོག་པའི་གཏན་འཁེལ་བྱས་པ་མ་ཟད་ཁྱབ་བསྒྲགས་ཀྱང་བྱས་པའི་ཡུལ་སྐོར་འགྲུལ་སྐྱེལ་ཁེ་ལས་ཕུད་དེ་བྱིངས་ཁེ་ལས་ཀྱིས་ཁེར་རྐྱང་འཁོར་རིགས་བསྡུ་ལེན་བྱས་ནས་རང་དགར་གཉེར་སྐྱོང་བྱེད་མི་ཆོག ཡུལ་སྐོར་འགྲུལ་སྐྱེལ་ཁེ་ལས་ལ་ཆ་མཚོན་ན་དེ་མཚུངས་ཀྱི་ནུས་བབ་བླང་བྱ་དང་མཐུན་པ་དང་། ཐོན་ཁུངས་ཀྱི་གཞི་ཁྱོན་དང་ཉེན་འགོག་ནུས་པ་ངེས་ཅན་ལྡན་པ། འཐུས་སྒོ་ཚང་བའི་བདེ་འཇགས་ཐོན་སྐྱེད་དོ་དམ་ལམ་ལུགས་དང་དེ་མཚུངས་ཀྱི་འཕྲལ་སྡོམ་བྱེད་ཐབས་ཡོད་དགོས་པའི་ཐོག་བདེ་འཇགས་ཐོན་སྐྱེད་ཀྱི་སྒྲིག་གཞི་འཛུགས་པ་དང་བདེ་འཇགས་དང་འཕྲལ་སྡོམ་ཆེད་མངགས (གཅིག་ལྕོགས )མི་སྣ་བཀོད་སྒྲིག་བྱེད་དགོས། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཉེན་ཁའི་གཏའ་མ་འདང་ངེས་ཤིག་བཞག་ནས་ཉེན་ཁ་སྣ་ཚོགས་ནུས་ལྡན་ངང་སྔོན་འགོག་དང་དུས་ཐོག་ཏུ་སེལ་དགོས། ཡུལ་སྐོར་འགྲུལ་སྐྱེལ་ཁེ་ལས་ཀྱིས་ཁེ་ཕན་དང་འགན་འཁྲི་གཉིས་གཅིག་གྱུར་ཡོང་བ་བྱས་ནས་འཁུར་དགོས་པའི་སྤྱི་ཚོགས་ཀྱི་འགན་འཁྲི་ཁུར་ཏེ་ཡུལ་སྐོར་འགྲུལ་སྐྱེལ་ཁྲོམ་ར་བརྟན་པོ་དང་གོ་རིམ་ལྡན་པ་ཞིག་ཡོང་རྒྱུར་སྲུང་སྐྱོང་ཏན་ཏིག་བྱེད་དགོས་པ་དང་ཆབས་ཅིག་བདེ་འཇགས་ཐོན་སྐྱེད་བྱེད་མཁན་གྱི་འགན་འཁྲི་ནན་ཏན་ངང་དོན་འཁྱོལ་བྱེད་པ་དང་ཡུལ་སྐོར་འགྲུལ་སྐྱེལ་འཁོར་རིགས་ལ་དོ་དམ་དང་ལས་ཞུགས་མི་སྣར་བདེ་འཇགས་སློབ་གསོ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས་གཟུགས་བཪྙན་གྱི་མཚོན་རྟགས་དང་ཞབས་ཞུའི་ཚད་གཞི་གཅིག་གྱུར་ཡོང་བ་བྱེད་དགོས་པ། ཡུལ་སྐོར་འགྲུལ་སྐྱེལ་འཁོར་རིགས་ལ་ཆ་མཚོན་ན་མངོན་གསལ་དོད་སར་སྐྱེལ་འདྲེན་དོ་དམ་ལས་ཁུངས་དང་ཡུལ་སྐོར་ཞུ་གཏུག་ཁ་པར་ཨང་གྲངས་གཅིག་གྱུར་ཐོག་ཡོངས་བསྒྲགས་བྱེད་དགོས་པ།

        (གཉིས ) ཡུལ་སྐོར་འགྲུལ་སྐྱེལ་འཁོར་རིགས་ལ “L”ཆེད་དམིགས་དུམ་བུའི་ཨང་བྱང་སྤྲོད་རྒྱུ། ཞིབ་བཤེར་བྱས་པ་བརྒྱུད་ཡུལ་སྐོར་འགྲུལ་སྐྱེལ་གཉེར་སྐྱོང་གི་ཆ་རྐྱེན་འཛོམས་པའི་འཁོར་རིགས་ཀྱིས་འགྲིམ་འགྲུལ་སྡེ་ཚན་གྱིས་མཁོ་འདོན་བྱས་པའི་འབྲེལ་ཡོད་ངོ་སྤྲོད་ཡི་གེ་འཁྱེར་ཏེ་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་དུ་ཡུལ་སྐོར་ཆེད་དམིགས་དུམ་བུའི་ཨང་བྱང་དང་འཁོར་རིགས་ཐོ་འགོད་ཀྱི་འགྲོ་ལུགས་གཉེར་བར་སྐྱོད་དགོས་པ་དང་འཁོར་རིགས་ལག་ཁྱེར་གྱི་བེད་སྤྱོད་ངོ་བོ་དེ “ཡུལ་སྐོར་འགྲུལ་སྐྱེལ ”དུ་གཏན་འཁེལ་ཁ་གསལ་བྱ་རྒྱུ། འགྲིམ་འགྲུལ་སྐྱེལ་འདྲེན་དོ་དམ་སྡེ་ཚན་གྱིས 《གཞུང་ལམ་སྐྱེལ་འདྲེན་ལག་ཁྱེར 》སྤྲད་པའི་ཡུལ་སྐོར་འགྲུལ་སྐྱེལ་འཁོར་རིགས་ལ་གཅིག་གྱུར་གྱི་ཡུལ་སྐོར་འགྲུལ་སྐྱེལ་མཚོན་རྟགས་དཔྱད་སྤྲོད་བྱ་རྒྱུ།

        (གསུམ ) ཡུལ་སྐོར་འགྲུལ་སྐྱེལ་འཁོར་རིགས་ལ་སྟབས་བསྟུན་གྱི་ལྟ་སྐུལ་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ། བདེ་འཇགས་འགོག་སྲུང་གི་ཆུ་ཚད་མཐོ་རུ་ཧུར་ཐག་བཏང་ནས་ཡུལ་སྐོར་འགྲུལ་སྐྱེལ་བདེ་འཇགས་འགན་ལེན་བྱེད་དགོས་པ་སྟེ། ཡུལ་སྐོར་འགྲུལ་སྐྱེལ་འཁོར་རིགས་ལ་ངེས་པར་དུ་འགྲོ་སྐྱོད་བྱ་ཚུལ་ཟིན་འགོད་ཐུབ་ནུས་ལྡན་པའི་སྲུང་སྐར་གྱི་གནས་གཏན་འཁེལ་སྒྲིག་ཆས་སྒྲིག་སྦྱོར་བྱེད་དགོས་པ་དང་ཡུལ་སྐོར་འགྲུལ་སྐྱེལ་ཁེ་ལས་ཀྱིས་སྲུང་སྐར་གྱི་གནས་གཏན་འཁེལ་སྒྲིག་ཆས་བེད་སྤྱོད་གཏོང་བའི་སྟེགས་བུ་བསྐྲུན་ཏེ་ལྟ་སྐུལ་དང་། ཚོད་འཛིན། དོ་དམ་བཅས་བྱ་རྒྱུའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་སྒྲིག་སྲོལ་ལས་འགལ་མཁན་ལ་ཆད་པ་གཅོད་ཤུགས་ཆེ་རུ་གཏོང་དགོས། འགྲིམ་འགྲུལ་སྐྱེལ་འདྲེན་དོ་དམ་སྡེ་ཚན་གྱིས་གཏན་འབེབས་གཞིར་བཟུང་སྲུང་སྐར་གྱི་གནས་གཏན་འཁེལ་སྒྲིག་ཆས་སྒྲིག་སྦྱོར་བྱས་མེད་པའི་ཡུལ་སྐོར་འགྲུལ་སྐྱེལ་འཁོར་རིགས་ཚང་མའི་གཉེར་སྐྱོང་ཆོག་འཐུས་ལག་ཁྱེར་མེད་པ་བཟོ་རྒྱུ།

        (བཞི ) ཡུལ་སྐོར་འགྲུལ་སྐྱེལ་ཐད་སྐྱེལ་འདྲེན་བྱེད་མཁན་གྱི་འགན་འཁྲིའི་འགན་བཅོལ་དངུལ་འབོར་ཉུང་ཤོས་ཀྱི་ལམ་ལུགས་ལག་བསྟར་བྱ་རྒྱུ། ཡུལ་སྐོར་འགྲུལ་སྐྱེལ་གཉེར་སྐྱོང་པས་འགན་བཅོལ་བྱས་པའི་སྐྱེལ་འདྲེན་བྱེད་མཁན་གྱི་འགན་འཁྲིའི་འགན་བཅོལ་དངུལ་དེ་རྐུབ་སྟེགས་རེར་སྒོར་ཁྲི་ 20 ལས་དམའ་མི་ཆོག་པ་དང་འགན་བཅོལ་དངུལ་འབོར་མང་དུ་གཏོང་རྒྱུའི་སྐུལ་མ་བཏང་ནས་གཉེར་སྐྱོང་གི་ཉེན་ཁ་སེལ་ནུས་ཆེ་རུ་ཏན་ཏིག་གཏོང་རྒྱུ། འགན་བཅོལ་དུས་ཐོག་ཏུ་མ་བྱས་པ་དང་དངུལ་འབོར་འདང་ངེས་བཏང་མེད་པའི་སྐྱེལ་འདྲེན་བྱེད་མཁན་ལ་དུས་བཀག་བཞིན་འགན་བཅོལ་བྱེད་དགོས་པའི་བཀའ་རྒྱ་གཏོང་རྒྱུ། འགན་བཅོལ་གཏན་ནས་མ་བྱེད་མཁན་ལ་ཆ་མཚོན་ན་དེ་སྔོན་ཆོག་འཐུས་ལག་ཁྱེར་སྤྲོད་མཁན་གྱིས་ཡུལ་སྐོར་འགྲུལ་སྐྱེལ་གཉེར་སྐྱོང་ཆོག་འཐུས་ལག་ཁྱེར་མེད་པ་བཟོ་རྒྱུ། འོས་སྐུལ་འོས་དཔོད་རྣམ་པ་བརྒྱུད་ཡུལ་སྐོར་འགྲུལ་སྐྱེལ་འཁོར་རིགས་ལ་གཅིག་གྱུར་ཐོག་གཅིག་སྡུད་ཀྱི་འགན་བཅོལ་འགྲོ་ལུགས་གཉེར་ནས་འགན་བཅོལ་གྲོན་དངུལ་ཉུང་དུ་གཏོང་རྒྱུ།

        (ལྔ ) ཡུལ་སྐོར་འགྲུལ་སྐྱེལ་ཁ་ལོ་བའི་ལས་ཞུགས་ཐོབ་ཐང་ལ་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ། ཡུལ་སྐོར་འགྲུལ་སྐྱེལ་འཁོར་རིགས་ཀྱི་ཁ་ལོ་བར་ངེས་པར་དུ་གཏན་འབེབས་དང་མཐུན་པའི་ལས་ཞུགས་ཐོབ་ཐང་དང་ཆ་རྐྱེན་ལྡན་དགོས་པ་དང་ཡུལ་སྐོར་འགྲུལ་སྐྱེལ་གཉེར་སྐྱོང་པའི་ཐད་ངེས་པར་དུ་ཁ་ལོ་བ་གདན་ཞུའི་ཚད་གཞི་དང་ཞིབ་དཔྱད་ལམ་ལུགས་བཙུགས་ནས་འགག་སྒོ་ནན་པོ་སྲུང་དགོས། ཡུལ་སྐོར་འགྲུལ་སྐྱེལ་ཁ་ལོ་བ་གདན་ཞུ་མ་བྱས་གོང་ཡུལ་སྐོར་འགྲུལ་སྐྱེལ་གཉེར་སྐྱོང་པས་ངེས་པར་དུ་འགྲུལ་སྐྱེལ་སྡེ་ཚན་དུ་ཁ་ལོ་བར་ལྡན་པའི་ལས་ཞུགས་ཐོབ་ཐང་བདེན་རྫུན་དབྱེ་འབྱེད་བྱེད་པར་སྐྱོད་དགོས་པ་དང་དུས་མཚུངས་སུ་སྤྱི་བདེ་འགྲིམ་འགྲུལ་ཉེན་རྟོག་སྡེ་ཚན་དུ་ཁ་ལོ་བའི་ལག་ཁྱེར་བདེན་རྫུན་དང་། གཏོང་ཆོག་པའི་འཁོར་རིགས། ཁ་ལོ་བ་དེར་ཉེ་བའི་ལོ་གསུམ་ནང་ཚབས་ཆེ་རིགས་ཡན་གྱི་འགྲིམ་འགྲུལ་ཆག་སྒོ་བྱུང་མིན་བཅས་བརྟག་དཔྱད་བྱེད་པར་སྐྱོད་དགོས་པ་དང་དེ་རྗེས་རེ་བ་དང་མཐུན་ཚེ་གཞི་ནས་གདན་ཞུ་བྱེད་ཆོག ཁ་ལོ་བ་གདན་ཞུ་བྱས་པའི་གནས་ཚུལ་ངེས་པར་དུ་ཆོག་མཆན་སྤྲོད་མཁན་འགྲིམ་འགྲུལ་སྐྱེལ་འདྲེན་དོ་དམ་སྡེ་ཚན་ལ་དུས་ཐོག་ཏུ་སྙན་སེང་ཞུས་ནས་ཐོ་འགོད་བྱེད་དགོས།

        (དྲུག ) ཡུལ་སྐོར་གྱི་འགྲུལ་སྐྱེལ་བོགས་གཏོང་རླངས་འཁོར་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུ། ཡུལ་སྐོར་གྱི་འགྲུལ་སྐྱེལ་བོགས་གཏོང་རླངས་འཁོར་གཏོང་སྐབས་ངེས་པར་དུ་ཡུལ་སྐོར་ལས་དོན་ཁང་དང་ཡུལ་སྐོར་གྱི་འགྲུལ་སྐྱེལ་ཁེ་ལས་དང་གན་རྒྱ་བཞག་ནས་དོ་བདག་དང་འགན་གཙང་ལེན་མཁན་གཉིས་དབར་གྱི་ཁེ་དབང་དང་། འོས་འགན། དབོར་གླ་སོགས་ཀྱི་འབྲེལ་ཡོད་ནང་དོན་ཁ་གསལ་བཟོས་ཏེ་རླངས་འཁོར་གཏོང་རྒྱུ་ཚད་ལྡན་ཡོང་བ་བྱེད་དགོས། ཡུལ་སྐོར་འགྲུལ་སྐྱེལ་རླངས་འཁོར་གྱིས་འགྲུལ་པ་སྐྱེལ་འདྲེན་བྱེད་རིང་རླངས་འཁོར་བོགས་གཏོང་གི་གན་རྒྱ་ལུས་དང་འབྲལ་མེད་ངང་འཁྱེར་དགོས། ཡུལ་སྐོར་ལས་དོན་ཁང་ཁག་གིས་ཡུལ་སྐོར་གྱི་འགྲུལ་སྐྱེལ་ཁྲོམ་རའི་སྒྲིག་ལམ་རང་འགུལ་ངང་བསྲུངས་ནས་ཡུལ་སྐོར་བའི་ཁྲིམས་མཐུན་གྱི་ཁེ་དབང་ལ་འགན་ལེན་ཏན་ཏིག་བྱས་ཏེ་ཡུལ་སྐོར་འགྲུལ་སྐྱེལ་གྱི་སྒེར་གཉེར་ཚོང་པ་དང་གན་རྒྱའི་འབྲེལ་བ་བཙུགས་མི་ཆོག་པ་དང་ཡུལ་སྐོར་འགྲུལ་སྐྱེལ་གྱི་ལས་སྒོ་དེ་ཁྲིམས་མཐུན་གྱི་གཉེར་སྐྱོང་ཐོབ་ཐང་དང་འགྲོ་ལུགས་མེད་པའི་སྐྱེལ་འདྲེན་བྱེད་མཁན་ལ་སྤྲོད་མི་ཆོག་པ། འཁྲོལ་འཛིན་མེད་པའི་རང་སྒྲིག་འགྲུལ་སྐྱེལ་རླངས་འཁོར་གྱིས་ཡུལ་སྐོར་འགྲུལ་སྐྱེལ་བྱེད་མི་ཆོག་པ། འགྲོ་ལུགས་ཞིང་ཆེན་ཕྱི་ཁོངས་ཀྱི་འགྲུལ་སྐྱེལ་རླངས་འཁོར་གཡར་ནས་ཡུལ་སྐོར་འགྲུལ་སྐྱེལ་བྱེད་མི་ཆོག

        (བདུན ) ཡུལ་སྐོར་འགྲུལ་སྐྱེལ་ལ་བདེ་འཇགས་ཞིབ་བཤེར་དང་ལམ་འཛིན་སྤྲོད་པའི་ལམ་ལུགས་ལག་བསྟར་བྱ་རྒྱུ། ཡུལ་སྐོར་འགྲུལ་སྐྱེལ་རླངས་འཁོར་མ་བཏང་གོང་ཡུལ་སྐོར་འགྲུལ་སྐྱེལ་ཁེ་ལས་ཀྱིས་ངེས་པར་དུ་གཏན་འབེབས་ལ་གཞིགས་ནས་རླངས་འཁོར་ལ་བདེ་འཇགས་ཀྱི་འཆར་ཅན་ཞིབ་བཤེར་བྱེད་དགོས་པ་དང་ལས་གཉེར་དང་སྐྱེལ་འདྲེན་དང་དེ་བཞིན་འགན་བཅོལ་གྱི་འགྲོ་ལུགས་ཚང་ཡོད་མིན་དང་གོ་ཆོད་ཡིན་མེད་ལ་བརྟག་དཔྱད་ཞིབ་བཤེར་བྱེད་དགོས་པ་དང་སྦྲགས་ཁ་ལོ་བར་བདེ་འཇགས་ངང་རླངས་འཁོར་གཏོང་དགོས་པའི་བསླབ་བྱ་བྱེད་དགོས། བླང་བྱ་དང་མཐུན་རིགས་ལ་ཡུལ་སྐོར་འགྲུལ་སྐྱེལ་གྱི་ལམ་འཛིན་སྤྲོད་ཆོག་པ་དང་ཡུལ་སྐོར་ཀྱི་ལམ་ཐག་རིང་ཐུང་དེ་ཡུལ་སྐོར་འགྲུལ་སྐྱེལ་རླངས་འཁོར་གྱི་ལམ་འཛིན་ནང་གཏན་འཁེལ་བྱས་པ་དང་མཐུན་དགོས།

        བཞི། ལས་དོན་གྱི་བླང་བྱ།

        འབྲེལ་ཡོད་ཚན་པ་དང་སྡེ་ཚན་ཁག་གིས་ཡུལ་སྐོར་གྱི་འགྲུལ་སྐྱེལ་རྣམ་པར་སྲུང་སྐྱོང་དང་ཡུལ་སྐོར་བའི་ཚེ་སྲོག་གི་བདེ་འཇགས་ལ་འགན་ལེན་བྱེད་པའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ནས་ཡུལ་སྐོར་ཁྲོམ་ར་སྒྲིག་འཛུགས་དང་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ་འབྲེལ་ཡོད་ཀྱི་གལ་ཆེའི་གནད་དོན་མཐུན་སྦྱོར་ངང་ཐག་གཅོད་བྱས་ནས་འཕྲལ་སྡོམ་བཀོད་འདོམས་དང་ལས་འཛོལ་ཐག་གཅོད་ཡག་པོ་བྱེད་དགོས།

        (གཅིག ) ཡུལ་སྐོར་ཁེ་ལས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུ། ཡུལ་སྐོར་དང་། འགྲིམ་འགྲུལ་སྐྱེལ་འདྲེན། སྤྱི་བདེ་འགྲིམ་འགྲུལ་དོ་དམ། བདེ་འཇགས་ལྟ་སྐུལ་དོ་དམ་སོགས་སྡེ་ཚན་གྱིས་ཡུལ་སྐོར་འགྲུལ་སྐྱེལ་ཁེ་ལས་ཀྱི་བདེ་འཇགས་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་བདེ་འཇགས་ལྟ་སྐུལ་དོ་དམ་ཚན་པས་སྤྱི་བདེའི་འགྲིམ་འགྲུལ་དོ་དམ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་དོ་དམ། ཡུལ་སྐོར་སྡེ་ཚན་སོགས་སྡེ་ཚན་ཁག་ལ་མཛུབ་ཁྲིད་དང་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་ཆ་འཕྲིན་མཉམ་སྤྱོད། ལམ་སྲོལ་དང་དོ་དམ་མཉམ་སྒུལ་ལམ་སྲོལ་འཐུས་ཚང་དུ་བཏང་ནས་བདེ་འཇགས་ཐོན་སྐྱེད་ཀྱི་ཉེས་སྐྱོན་འབྱུང་གཞི་གྲལ་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ་ལས་འཛོལ་རྩད་ཞིབ་ཐག་གཅོད་དང་འགན་འཁྲི་རྩད་གཅོད་ནན་པོ་བྱེད་དགོས།

        འགྲིམ་འགྲུལ་སྡེ་ཚན་གྱིས་ཡུལ་སྐོར་གྱི་འགྲུལ་སྐྱེལ་ཁེ་ལས་ལ་སློབ་གསོའི་ཁྲིད་སྟོན་དང་རྒྱུན་གཏན་གྱི་ལྟ་སྐུལ་བྱ་ཤུགས་ཆེ་རུ་གཏོང་དགོས་པ་དང་ཁེ་ལས་ལ་བདེ་འཇགས་ལས་དོན་ཁྲོད་ལྷག་པའི་ཉེས་སྐྱོན་འབྱུང་གཞི་དང་ལྷུ་ཚིགས་ཞན་ས་དུས་ཐོག་ཏུ་ཤེས་རྟོགས་དང་བཅོས་སྒྲིག་བྱ་རྒྱུའི་སྐུལ་འདེད་གཏོང་དགོས་པ་དང་འབྲེལ་སྲུང་སྐར་གྱི་གནས་གཏན་འཁེལ་སྒྲིག་ཆས་སྤྱོད་རྒྱུ་དང་། བདེ་འཇགས་ལ་ཞིབ་བཤེར་བྱེད་པ། ལམ་འཛིན་སྤྲོད་པ། ཡུལ་སྐོར་གྱི་བོགས་གཏོང་རླངས་འཁོར་གྱི་གན་རྒྱ་འཇོག་པ། འཁོར་རིགས་ཀྱི་ལག་རྩལ་ཞིབ་བཤེར་བྱེད་པ། ཁ་ལོ་བ་གདན་ཞུའི་ཚད་གཞི་བཟོ་བ། བདེ་འཇགས་སྐྱེལ་འདྲེན་གྱི་གནས་ཚུལ་སོགས་དོ་དམ་ལམ་ལུགས་དང་རྩིས་ཁྲ་བཟོས་ནས་འཐུས་ཚང་དུ་གཏོང་རྒྱུ་དང་བདེ་འཇགས་དོ་དམ་གྱི་འགན་འཁྲིའི་ལམ་ལུགས་རིམ་པ་སྟར་ཆགས་ཀྱིས་བཟོ་དགོས། ཡུལ་སྐོར་དང་། བཟོ་ཚོང་། རིན་གོང་སོགས་འབྲེལ་ཡོད་སྡེ་ཚན་གྱིས་ཡུལ་སྐོར་ལས་དོན་ཁང་ལ་ལྟ་སྐུལ་དང་དོ་དམ་བྱ་ཤུགས་ཆེ་རུ་བཏང་ནས་སྒྲིག་འགལ་ཁྲིམས་འགལ་གྱི་བྱེད་སྤྱོད་ལ་ཞིབ་གཅོད་ནན་པོ་བྱེད་དགོས། ཡུལ་སྐོར་རླངས་འཁོར་དང་གྲུ་གཟིངས་མཐུན་ཚོགས་དང་ཡུལ་སྐོར་ལས་དོན་མཐུན་ཚོགས་ཀྱིས་ལས་རིགས་གཅུན་འདོམས་དང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་ཀྱིས་ཁེ་ལས་ཀྱི་གཉེར་སྐྱོང་བྱ་སྤྱོད་ཚད་ལྡན་དུ་གཏོང་དགོས་པ་དང་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་དགོས།

        (གཉིས ) ཡུལ་སྐོར་འགྲུལ་སྐྱེལ་ཁྲོམ་རའི་སྒྲིག་ལམ་སྲུང་སྐྱོང་ཏན་ཏིག་བྱ་རྒྱུ། འགྲིམ་འགྲུལ་སྲིད་འཛིན་ལག་བསྟར་སྡེ་ཚན་གྱིས་ཁྲིམས་འགལ་གྱི་སྐྱེལ་འདྲེན་བྱེད་སྤྱོད་ཞིབ་བཤེར་ནན་པོ་བྱས་ནས་བབ་བསྟུན་གྱི་ལྟ་སྐུལ་ཚོད་འཛིན་བྱ་ཐབས་སྤྱད་དེ་ཡུལ་སྐོར་འགྲུལ་སྐྱེལ་ཁྲོམ་རའི་སྒྲིག་ལམ་དོ་དམ་ལ་ཤུགས་སྣོན་རྒྱག་དགོས་པ་དང་། སྤྱི་བདེའི་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་རླངས་འཁོར་ནང་མི་འཇུག་ཚད་དང་། འཁོར་རིགས་གཏོང་བའི་མྱུར་ཚད། ངལ་གསོ་མེད་པར་འཁོར་རིགས་བསྟུད་མར་གཏོང་བ་སོགས་ཀྱི་འཁོར་སྐྱོད་གནས་ཚུལ་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་ནས་མི་འཇུག་མང་བ་དང་། མགྱོགས་དྲགས་པ། ངལ་དུབ་ངང་འཁོར་རིགས་གཏོང་བ་སོགས་ཁྲིམས་འགལ་བྱེད་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ཏེ་ཡུལ་སྐོར་འགྲུལ་སྐྱེལ་ཁྲོམ་རའི་སྒྲིག་ལམ་ལ་སྲུང་སྐྱོང་ཏན་ཏིག་བྱེད་དགོས། བདེ་འཇགས་ལ་ལྟ་སྐུལ་ཞིབ་བཤེར་དང་། འགྲིམ་འགྲུལ་སྐྱེལ་འདྲེན་དོ་དམ། འགྲིམ་འགྲུལ་སྲིད་འཛིན་ལག་བསྟར། སྤྱི་བདེའི་འགྲིམ་འགྲུལ་དོ་དམ། ཡུལ་སྐོར། བཟོ་ཚོང་། རིན་གོང་སོགས་འབྲེལ་ཡོད་སྡེ་ཚན་གྱིས་དུས་གཏན་དང་ངེས་མེད་ངང་ཡུལ་སྐོར་འགྲུལ་སྐྱེལ་གྱི་ཕྱོགས་བསྡུས་བཅོས་སྒྲིག་བྱ་སྤྱོད་སྤེལ་རྒྱུ་སྒྲིག་འཛུགས་བྱས་ནས་ཁྲིམས་འགལ་སྒྲིག་འགལ་གྱི་ཚོང་གཉེར་བྱེད་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ནས་ཡུལ་སྐོར་འགྲུལ་སྐྱེལ་གྱི་བདེ་འཇགས་འགན་སྲུང་བྱེད་དགོས།

        (གསུམ ) འཁོར་རིགས་ལག་རྩལ་གྱི་་འགག་སྒོ་ནན་པོ་སྲུང་རྒྱུ། ལས་ཁུངས་དང་སྡེ་ཚན་ཁག་གིས་འཁོར་རིགས་ཪྙིང་པ་ཐག་གཅོད་བྱེད་རིམ་ནང་འབྲེལ་ཡོད་ཀྱི་གྲོས་མཐུན་ངེས་པར་བཞག་ནས་འཁོར་རིགས་ཉོ་མཁན་ལ་འཁོར་རིགས་དེ་རིགས་འགྲུལ་སྐྱེལ་ཁྲོམ་རར་བཏང་མི་ཆོག་ཚུལ་ངེས་པར་ཤེས་སུ་བཅུག་ནས་མང་ཚོགས་ཀྱིས་འཁོར་རིགས་ཪྙིང་པ་ཉོས་ནས་ཡུལ་སྐོར་སྐྱེལ་འདྲེན་ཁྲོམ་རར་གཏོང་བའི་སྙན་ཞུ་བྱ་རྒྱུ་བཀག་སྟེ་མང་ཚོགས་ལ་དོན་མེད་དུ་གྱོང་གུན་མི་ཕོག་པ་དང་སྤྱི་ཚོགས་ཀྱི་འགལ་ཟླ་ཐོན་རྒྱུ་སྔོན་འགོག་བྱེད་དགོས། འཁོར་རིགས་ཀྱི་ལག་རྩལ་དང་ནུས་པ་ཞིབ་བཤེར་ཚད་ལེན་སྒྲིག་གཞི་དང་། འཁོར་རིགས་ཀྱི་བདེ་འཇགས་ལག་རྩལ་ཞིབ་བཤེར་སྒྲིག་གཞི། འཁོར་རིགས་ཀྱི་བཙོག་འབུད་དུ་རླངས་ཞིབ་བཤེར་ཚད་ལེན་སྒྲིག་གཞི་བཅས་ཀྱིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་འཁོར་རིགས་ལ་ཚད་ལེན་དང་ཞིབ་བཤེར (རྒྱལ་ཁབ་ཀྱི་གཏན་འབེབས་ལྟར་ཞིབ་བཤེར་བྱ་རྒྱུ་ཆག་ཡང་བཏང་བ་ཕུད )བྱ་རྒྱུ་མ་ཟད་ཚད་ལེན་དང་ཞིབ་བཤེར་བྱས་འབྲས་སྙན་ཞུ་བཏོན་དགོས། སྤྱི་བདེའི་འགྲིམ་འགྲུལ་དོ་དམ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་དོ་དམ། ཁོར་ཡུག་སྲུང་སྐྱོང་། སྤུས་ཚད་དང་ལག་རྩལ་ལྟ་སྐུལ་ཞིབ་བཤེར་སོགས་འབྲེལ་ཡོད་སྡེ་ཚན་གྱིས་འཁོར་རིགས་ཀྱི་བདེ་འཇགས་དང་ལག་རྩལ་ཞིབ་བཤེར་སྒྲིག་གཞི་དང་། འཁོར་རིགས་ཀྱི་ལག་རྩལ་དང་ནུས་པ་ཞིབ་བཤེར་སྒྲིག་གཞི། འཁོར་རིགས་ཀྱི་བཙོག་འབུད་དུ་རླངས་ཞིབ་བཤེར་ཚད་ལེན་སྒྲིག་གཞི་བཅས་ལ་ལྟ་སྐུལ་དོ་དམ་ནན་པོ་བྱེད་པའི་འགན་འཁྲི་འཁུར་དགོས། སྤྱི་བདེའི་འགྲིམ་འགྲུལ་དོ་དམ་དང་འགྲིམ་འགྲུལ་སྐྱེལ་འདྲེན་དོ་དམ་སྡེ་ཚན་གྱིས་ཡུལ་སྐོར་སྐྱེལ་འདྲེན་འཁོར་རིགས་ཀྱི་ལོ་འཁོར་གྱི་ཞིབ་བཤེར་རྩིས་ལེན་འགག་སྒོ་ནན་པོ་བསྲུངས་ནས་འབྲེལ་ཡོད་ཀྱི་གཏན་འབེབས་དང་མི་མཚུངས་པའི་ཡུལ་སྐོར་འགྲུལ་སྐྱེལ་འཁོར་རིགས་ཡུལ་སྐོར་འགྲུལ་སྐྱེལ་ཁྲོམ་རར་གཏོང་རྒྱུ་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས།

        (བཞི ) ཡུལ་སྐོར་འགྲུལ་སྐྱེལ་གྱི་སྲིད་ཇུས་དྲིལ་བསྒྲགས་བྱ་ཤུགས་ཆེ་རུ་གཏོང་རྒྱུ། འགྲིམ་འགྲུལ་སྐྱེལ་འདྲེན་དང་། ཡུལ་སྐོར། སྤྱི་བདེ་སོགས་འབྲེལ་ཡོད་སྡེ་ཚན་གྱིས་ཡུལ་སྐོར་འགྲུལ་སྐྱེལ་གྱི་སྲིད་ཇུས་དྲིལ་བསྒྲགས་བྱ་ཤུགས་དང་ཡུལ་སྐོར་འགྲུལ་སྐྱེལ་ཁྲོམ་རར་ཁྲིད་སྟོན་བྱ་ཤུགས་ཆེ་རུ་གཏོང་དགོས་པ་དང་། གསར་འགྱུར་སྨྱན་སྦྱོར་ཚན་པ་ཁག་གིས་ཡང་དག་པའི་གླེང་ཕྱོགས་ཀྱི་ཁྲིད་སྟོན་དང་ལྟ་སྐུལ་གྱི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་འབྲེལ་ཡོད་སྲིད་ཇུས་དྲིལ་བསྒྲགས་བྱེད་པའི་ལས་དོན་ལ་གཞོགས་འདེགས་ཡག་པོ་བྱེད་དགོས།

        བརྡ་ཐོ་འདི་2011ལོའི་ཟླ་1ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་དང་། 《ལམ་ཐིག་གཏན་འཁེལ་བྱས་མེད་པའི་ཡུལ་སྐོར་འཁོར་རིགས་ཆོག་འཐུས་དོ་དམ་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་ཐིང་དང་། སྤྱི་བདེ་ཐིང་། ནོར་སྲིད་ཐིང་། ཡུལ་སྐོར་ཅུས་བཅས་ཀྱི་བརྡ་ཐོ 》([2007]ལོའི་བོད་འགྲིམ་ཡིག་ཨང 62པ )ཪྙིང་པ་དེ་དུས་གཅིག་ཏུ་མེད་པ་བཟོ་རྒྱུ་ཡིན།

        བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་།

        བོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་།

        བོད་རང་སྐྱོང་ལྗོངས་ནོར་སྲིད་ཐིང་།

        བོད་རང་སྐྱོང་ལྗོངས་ཡུལ་སྐོར་ཅུས།

        བོད་རང་སྐྱོང་ལྗོངས་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་ དམ་ཅུས་བཅས་ནས།

        2010ལོའི་ཟླ་12ཚེས་21ཉིན།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།