དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • བོད་རང་སྐྱོང་ལྗོངས་ཀྱི་མེ་སྐྱོན་འགོག་གསོད་སྲོལ་ཡིག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས།

                                                  (2010)ཨང་3པ།

        《བོད་རང་སྐྱོང་ལྗོངས་ཀྱི་མེ་ཟོན་སྲོལ་ཡིག 》འདི་2010ལོའི་ཟླ་4ཚེས་1ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅོ་ལྔ་པའི་ཐོག་གྲོས་འཆམ་བྱུང་དོན་བཞིན་ད་ལྟ་ཁྱབ་བསྒྲགས་བྱེད་རྒྱུ་ཡིན་པས་2010ལོའི་ཟླ་6ཚེས་1ཉིན་ནས་ལག་བསྟར་བྱེད་རྒྱུ། དམིགས་བསལ་དུ་སྤྱི་བསྒྲགས་བྱེད་རྒྱུ།

                         བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས།

                                                       2010ལོའི་ཟླ་4ཚེས་1ཉིན།

        ལེའུ་དང་པོ། སྤྱིའི་རྩ་འཛིན།

        དོན་ཚན་དང་པོ། མེ་སྐྱོན་སྔོན་འགོག་དང་། མེ་སྐྱོན་གྱི་གནོད་འཚེ་ཉུང་དུ་གཏོང་རྒྱུ། འཕྲལ་མྱུར་རོགས་སྐྱོབ་ལས་ཀར་ཤུགས་སྣོན་རྒྱག་རྒྱུ། མིའི་ལུས་སྲོག་དང་། རྒྱུ་ནོར། སྤྱི་པའི་བདེ་འཇགས་བཅས་སྲུང་སྐྱོང་བྱེད་ཆེད 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མེ་སྐྱོན་འགོག་གསོད་བཅའ་ཁྲིམས 》དང་། འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་ཐོག་རང་སྐྱོང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སྲོལ་ཡིག་འདི་བཟོས་པ་ཡིན།

        དོན་ཚན་གཉིས་པ། སྲོལ་ཡིག་འདི་རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ས་ཁོངས་ནང་མེ་ཟོན་བདེ་འཇགས་ཀྱི་བྱེད་སྒོའི་རིགས་ལ་སྤྱོད་རྒྱུ།

        དོན་ཚན་གསུམ་པ། རང་སྐྱོང་ལྗོངས་ཀྱི་མེ་སྐྱོན་འགོག་གསོད་ལས་དོན་དེ་སྔོན་འགོག་གཙོ་བཟུང་དང་། འགོག་གསོད་ཟུང་འབྲེལ་གྱི་བྱེད་ཕྱོགས་ལག་བསྟར་བྱེད་རྒྱུའི་ཐོག སྲིད་གཞུང་གིས་གཅིག་གྱུར་འགོ་ཁྲིད་བྱེད་རྒྱུ་དང་། སྡེ་ཚན་གྱིས་ཁྲིམས་ལུགས་ལྟར་ལྟ་འདོམས་བྱེད་རྒྱུ། ཚན་པས་ཕྱོགས་ཡོངས་ནས་འགན་འཁུར་རྒྱུ། སྤྱི་དམངས་ཀྱིས་ཐེ་ཞུགས་ཧུར་ཐག་བྱེད་རྒྱུ་བཅས་ཀྱི་རྩ་དོན་གཞིར་བཟུང་མེ་ཟོན་བདེ་འཇགས་ཀྱི་འགན་འཁྲིའི་ལམ་ལུགས་དང་མེ་སྐྱོན་ལས་འཛོལ་གྱི་འགན་འཁྲི་བདའ་འདེད་གཏོང་བའི་ལམ་ལུགས་ལག་བསྟར་བྱེད་རྒྱུ།

        དོན་ཚན་བཞི་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་རང་ཁོངས་སྲིད་འཛིན་ས་ཁོངས་ནང་གི་མེ་སྐྱོན་འགོག་གསོད་ལས་ཀར་འགན་འཁུར་ནས་དེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་འཆར་འགོད་དང་ལོ་འཁོར་འཆར་འགོད་ནང་བཅུག་ནས་མེ་སྐྱོན་འགོག་གསོད་ལས་དོན་དེ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུ་དང་འཚམ་ཐུབ་པའི་འགན་ལེན་བྱེད་དགོས།

        དོན་ཚན་ལྔ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་མེ་སྐྱོན་འགོག་གསོད་བྱ་གཞག་ལ་གཏོང་རྒྱུའི་འགྲོ་གྲོན་ལོགས་སུ་བཅད་ནས་རིམ་པ་དེ་གའི་ནོར་སྲིད་སྔོན་རྩིས་ནང་བཅུག་སྟེ་མེ་སྐྱོན་འགོག་གསོད་ལས་ཀའི་དགོས་མཁོ་སྐོང་ཐུབ་པ་བྱེད་དགོས།

        དོན་ཚན་དྲུག་པ། རིམ་ཁག་མི་དམངས་སྲིད་གཞུང་དང་ཚན་པ་ཁག་གིས་མེ་སྐྱོན་འགོག་གསོད་ཀྱི་དྲིལ་བསྒྲགས་སློབ་གསོ་སྤེལ་རྒྱུ་སྒྲིག་འཛུགས་བྱེད་རྒྱུ་དང་དེ་སྐོར་གྱི་བྱེད་སྒོ་སྤེལ་ནས་སྤྱི་དམངས་ཀྱི་མེ་ཟོན་བྱེད་སེམས་དང་རང་འགོག་རང་སྐྱོབ་བྱེད་ནུས་ཆེ་རུ་གཏོང་དགོས།

        དོན་ཚན་བདུན་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་སྤྱི་བདེ་ལས་ཁུངས་ཀྱིས་རང་ཁོངས་སྲིད་འཛིན་ས་ཁོངས་ནང་གི་མེ་སྐྱོན་འགོག་གསོད་ལས་ཀར་ལྟ་སྐུལ་དོ་དམ་བྱེད་རྒྱུ་དང་། རིམ་པ་དེ་གའི་མི་དམངས་སྲིད་གཞུང་སྤྱི་བདེ་ལས་ཁུངས་ཀྱི་མེ་སྐྱོན་འགོག་གསོད་ཚན་པས་དངོས་སུ་ལག་བསྟར་བྱེད་འགན་འཁུར་རྒྱུ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གཞན་དག་གིས་རང་འཁྲིའི་འགན་ཁོངས་ནང་གི་མེ་སྐྱོན་འགོག་གསོད་ལས་ཀ་ཡག་པོ་སྒྲུབ་དགོས།

        དོན་ཚན་བརྒྱད་པ། རང་སྐྱོང་ལྗོངས་ནས་སྤྱི་ཚོགས་ཀྱི་སྟོབས་ཤུགས་ཀྱིས་མེ་སྐྱོན་འགོག་གསོད་ཐད་ཀྱི་ཚན་རིག་ཞིབ་འཇུག་དང་ལག་རྩལ་གསར་གཏོད་བྱེད་རྒྱུར་ཁྲིད་སྟོན་དང་རྒྱབ་སྐྱོར་བྱེད་རྒྱུ་དང་། མེ་སྐྱོན་འགོག་གསོད་ཀྱི་སྔོན་ཐོན་ལག་རྩལ་དང་སྒྲིག་བཀོད་སྤྱོད་རྒྱུར་སྐུལ་ལྕག་གཏོང་རྒྱུ།

        དོན་ཚན་དགུ་པ། ཚན་པ་དང་མི་སྒེར་ཚང་མར་མེ་སྐྱོན་འགོག་གསོད་བྱེད་རྒྱུ་དང་། མེ་གསོད་སྒྲིག་ཆས་སྲུང་སྐྱོབ་བྱེད་རྒྱུ། མེ་ཟོན་བྱེད་རྒྱུ། མེ་སྐྱོན་བྱུང་འཕྲལ་སྙན་སེང་ཞུ་རྒྱུ་བཅས་ཀྱི་འོས་འགན་ཡོད།

        དོན་ཚན་བཅུ་པ། ལོ་རེའི་ཟླ་11ཚེས་9ཉིན་ནི་རང་སྐྱོང་ལྗོངས་ཀྱི་མེ་ཟོན་བདེ་འཇགས་ཀྱི་དྲིལ་བསྒྲགས་བྱེད་སྒོའི་ཉིན་མོ་ཡིན།

        དོན་ཚན་བཅུ་གཅིག་པ། མེ་སྐྱོན་སྔོན་འགོག་དང་། ཚབས་ཆེའི་མེ་སྐྱོན་རྐྱེན་རྩ་སྙན་སེང་ཞུ་རྒྱུ། མེ་སྐྱོན་འགོག་གསོད་ཀྱི་ཚན་རྩལ་ཞིབ་འཇུག་བྱེད་རྒྱུ། མེ་གསོད་དང་འཕྲལ་སྐྱོབ་ལས་དོན་ནང་ཞུགས་རྒྱུ་སོགས་ཀྱི་ཐད་ལ་ལེགས་སྐྱེས་མངོན་གསལ་དོད་པོ་འབུལ་མཁན་ཚན་པ་དང་མི་སྒེར་ལ་རིམ་ཁག་མི་དམངས་སྲིད་གཞུང་གིས་གཟེངས་བསྟོད་དང་བྱ་དགའ་སྤྲོད་དགོས།

        ལེའུ་གཉིས་པ། མེ་ཟོན་བདེ་འཇགས་ཀྱི་འགན་འཁྲི།

        དོན་ཚན་བཅུ་གཉིས་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་གཤམ་གསལ་མེ་སྐྱོན་འགོག་གསོད་ཀྱི་ལས་འགན་གཙོ་བོ་ཁག་སྒྲུབ་དགོས། (གཅིག ) མེ་སྐྱོན་འགོག་གསོད་ཀྱི་བཅའ་ཁྲིམས་དང་། ཁྲིམས་སྲོལ། མཛད་ཕྱོགས། སྲིད་ཇུས་བཅས་ལག་བསྟར་བྱེད་རྒྱུ། (གཉིས ) མེ་སྐྱོན་འགོག་གསོད་བྱ་གཞག་གོང་འཕེལ་གཏོང་རྒྱུའི་འཆར་འགོད་དང་ལོ་འཁོར་ལས་ཀའི་འཆར་གཞི་བཟོ་དགོས་པ་མ་ཟད། དེ་ལག་བསྟར་བྱེད་རྒྱུའི་སྒྲིག་འཛུགས་བྱེད་རྒྱུ། (གསུམ ) མེ་ཟོན་བདེ་འཇགས་ཀྱི་འགན་འཁྲིའི་ལམ་ལུགས་དང་མེ་སྐྱོན་ལས་འཛོལ་གྱི་འགན་འཁྲི་བདའ་འདེད་གཏོང་བའི་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་རྒྱུ་མ་ཟད་དོན་འཁྱོལ་བྱེད་རྒྱུ། (བཞི ) རྣམ་པ་འདྲ་མིན་གྱི་མེ་སྐྱོན་འགོག་གསོད་བྱེད་མཁན་སྒྲིག་འཛུགས་འཛུགས་རྒྱུ། (ལྔ ) མེ་སྐྱོན་མི་ཡོང་བའི་བདེ་འཇགས་ཐད་ལ་ཚོད་སྐོར་བྱེད་རྒྱུ་སྒྲིག་འཛུགས་དང་། ཚབས་ཆེའི་མེ་སྐྱོན་རྐྱེན་རྩ་སེལ་རྒྱུ། (དྲུག ) མེ་སྐྱོན་མི་ཡོང་བའི་བདེ་འཇགས་འགན་ལེན་བྱེད་རྒྱུ་དང་། བདེ་འཇགས་དོ་དམ་བྱེད་རྒྱུ། མེ་གསོད་དང་འཕྲལ་སྐྱོབ་བྱེད་རྒྱུ། ལྟ་སྐུལ་ཞིབ་བཤེར་བྱེད་རྒྱུ་སོགས་ཀྱི་ཐད་ལ་དུས་བཀག་ཐོག་ཞིབ་འཇུག་བྱས་ནས་ཐག་གཅོད་བྱེད་རྒྱུ། (བདུན ) བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་འགན་འཁྲི་གཞན་དག་བཅས་སོ།

        དོན་ཚན་བཅུ་གསུམ་པ། ཤང་(གྲོང་རྡལ )མི་དམངས་སྲིད་གཞུང་དང་ཁྲོམ་གཞུང་དོན་གཅོད་ཁྲུའུ་ཁག་གིས་གཤམ་གསལ་མེ་སྐྱོན་འགོག་གསོད་ཀྱི་ལས་འགན་གཙོ་བོ་ཁག་སྒྲུབ་དགོས། (གཅིག ) གྲོང་ཚོ (གྲོང་མི )ཨུ་ཡོན་ལྷན་ཁང་ནས་མེ་སྐྱོན་འགོག་གསོད་ཀྱི་དྲིལ་བསྒྲགས་སློབ་གསོའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་སྒྲིག་འཛུགས་དང་མཛུབ་ཁྲིད་བྱེད་རྒྱུ། (གཉིས ) མེ་ཟོན་བདེ་འཇགས་ཀྱི་ཤེས་བྱའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་རྒྱུ་དང་མེ་གསོད་ནང་སྦྱོང་བྱེད་རྒྱུ་སྒྲིག་འཛུགས་བྱེད་རྒྱུ། (གསུམ ) མེ་ཟོན་བདེ་འཇགས་ཐད་ཞིབ་བཤེར་དང་སྐོར་ཞིབ་བྱེད་རྒྱུ་སྒྲིག་འཛུགས་དང་དེའི་ནང་ཞུགས་རྒྱུ། ཚབས་ཆེའི་མེ་སྐྱོན་རྐྱེན་རྩ་སྙན་སེང་ཞུ་རྒྱུ། (བཞི ) མེ་སྐྱོན་རྐྱེན་རྩ་སེལ་རྒྱུ་སྒྲིག་འཛུགས་བྱེད་རྒྱུ་དང་དེའི་ནང་ཞུགས་རྒྱུ། (ལྔ ) མེ་གསོད་མྱུར་སྐྱོབ་བྱེད་རྒྱུའི་སྒྲིག་འཛུགས་བྱེད་རྒྱུ་དང་དེའི་ནང་ཞུགས་རྒྱུ། (དྲུག ) བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་འགན་འཁྲི་གཞན་དག་བཅས་སོ།

        དོན་ཚན་བཅུ་བཞི་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་སྤྱི་བདེ་ལས་ཁུངས་ཀྱི་མེ་སྐྱོན་འགོག་གསོད་ཚན་པས་གཤམ་གསལ་མེ་སྐྱོན་འགོག་གསོད་ལས་འགན་གཙོ་བོ་ཁག་སྒྲུབ་དགོས། (གཅིག ) མེ་སྐྱོན་འགོག་གསོད་ཀྱི་བཅའ་ཁྲིམས་དང་། ཁྲིམས་སྲོལ། མཛད་ཕྱོགས། སྲིད་ཇུས་བཅས་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དང་། མེ་ཟོན་བདེ་འཇགས་ཀྱི་ཤེས་བྱ་དྲིལ་བསྒྲགས་སློབ་གསོ་སྤེལ་རྒྱུ་དང་ཆེད་ལས་སྦྱོང་བརྡར་སྤྲོས་རྒྱུ། (གཉིས ) ཚན་པ་དང་མི་སྒེར་ནས་མེ་ཟོན་ཡག་པོ་བྱེད་རྒྱུར་ལྟ་སྐུལ་དང་མཛུབ་ཁྲིད་བྱེད་རྒྱུ། (གསུམ ) མེ་གསོད་མྱུར་སྐྱོབ་བྱེད་རྒྱུར་གཅིག་གྱུར་སྒྲིག་འཛུགས་དང་བཀོད་འདོམས་བྱེད་རྒྱུ། (བཞི ) མི་སྲོག་མྱུར་སྐྱོབ་བྱེད་རྒྱུ་གཙོ་བོར་བྱེད་པའི་འཕྲལ་སྐྱོབ་ལས་ཀའི་ནང་ཞུགས་རྒྱུ། (ལྔ ) མེ་སྐྱོན་ལས་འཛོལ་ལ་བརྟག་དཔྱད་དང་ཐག་གཅོད་བྱེད་རྒྱུའི་ལས་ཀའི་ནང་ཞུགས་རྒྱུ། (དྲུག ) བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་འགན་འཁྲི་གཞན་དག་བཅས་སོ།

        དོན་ཚན་བཅོ་ལྔ་པ། སྤྱི་བདེ་མངག་གཏོང་ཁང་གིས་གཤམ་གསལ་མེ་སྐྱོན་འགོག་གསོད་ལས་འགན་ཁག་སྒྲུབ་དགོས། (གཅིག ) རྣམ་ཀུན་གྱི་མེ་སྐྱོན་འགོག་གསོད་བྱེད་རྒྱུར་ལྟ་སྐུལ་དང་མེ་ཟོན་བདེ་འཇགས་ཀྱི་ཤེས་བྱའི་དྲིལ་བསྒྲགས་སློབ་གསོ་སྤེལ་རྒྱུ། (གཉིས ) རང་ཁོངས་གྲོང་མི་སྡོད་ཁུལ་གྱི་སྡེ་ལས་ཞབས་ཞུའི་ཁེ་ལས་དང་། གྲོང་ཚོ (གྲོང་མི )ཨུ་ཡོན་ལྷན་ཁང་། མེ་ཟོན་བྱེད་རྒྱུའི་གཙོ་གནད་མིན་པའི་ཚན་པ་བཅས་ཀྱི་མེ་ཟོན་བདེ་འཇགས་ཀྱི་འགན་འཁྲི་བསྒྲུབ་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་རྒྱུ། (གསུམ ) རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་སྤྱི་བདེ་ལས་ཁུངས་ཀྱིས་གཏན་འབེབས་བྱས་པའི་ཁྱབ་ཁོངས་ནང་གི་ཚན་པར་མེ་ཟོན་བདེ་འཇགས་ཐད་ལ་ལྟ་སྐུལ་ཞིབ་བཤེར་བྱེད་རྒྱུ། (བཞི ) མེ་སྐྱོན་བྱུང་སའི་ས་ཡུལ་དངོས་སྲུང་སྐྱོབ་བྱེད་འཇུག་དགོས་པ་དང་དེའི་ནང་ཞུགས་ཏེ་མེ་སྐྱོན་བྱུང་རྐྱེན་ལ་བརྟག་དཔྱད་བྱེད་རྒྱུར་གཞོགས་འདེགས་བྱེད་དགོས། (ལྔ ) བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་འགན་འཁྲི་གཞན་དག་བཅས་སོ།

        དོན་ཚན་བཅུ་དྲུག་པ། སློབ་གསོ་དང་། མི་རྒྱུན་ཡོང་ཁུངས། སྤྱི་ཚོགས་འགན་སྲུང་བཅས་སྲིད་འཛིན་སྡེ་ཚན་གྱིས་མེ་སྐྱོན་འགོག་གསོད་སྐོར་གྱི་ཤེས་བྱ་དེ་རིམ་རིགས་ཁག་གི་སློབ་གྲྭ་དང་ལས་རིགས་སྦྱོང་བརྡར་ཚན་པའི་སློབ་གསོ་དང་སྦྱོང་བརྡར་གྱི་ནང་དོན་ཁོངས་སུ་འཇུག་དགོས།

        དོན་ཚན་བཅུ་བདུན་པ། གསར་འགྱུར་དཔེ་སྐྲུན་དང་། རླུང་འཕྲིན་གློག་བཪྙན་བཪྙན་འཕྲིན། ཚགས་པར་དུས་དེབ། དྲ་རྒྱའི་མཚམས་སྦྱོར་སོགས་ཚན་པར་མེ་སྐྱོན་འགོག་གསོད་སྐོར་གྱི་བཅའ་ཁྲིམས་དང་། ཁྲིམས་སྲོལ། མེ་སྐྱོན་འགོག་གསོད་ཀྱི་ཤེས་བྱ་བཅས་དྲིལ་བསྒྲགས་བྱེད་རྒྱུའི་འོས་འགན་ཡོད།

        དོན་ཚན་བཅོ་བརྒྱད་པ། གྲོང་ཚོ (གྲོང་མི )ཨུ་ཡོན་ལྷན་ཁང་གིས་གཤམ་གསལ་མེ་སྐྱོན་འགོག་གསོད་ཀྱི་འགན་འཁྲི་གཙོ་བོ་ཁག་སྒྲུབ་དགོས། (གཅིག ) ཤང་(གྲོང་རྡལ )མི་དམངས་སྲིད་གཞུང་དང་། སྤྱི་བདེ་ལས་ཁུངས། དེ་བཞིན་སྤྱི་བདེ་ལས་ཁུངས་ཀྱི་མེ་སྐྱོན་འགོག་གསོད་ཚན་པ་བཅས་ཀྱི་མཛུབ་ཁྲིད་འོག་མེ་སྐྱོན་འགོག་གསོད་ཀྱི་དྲིལ་བསྒྲགས་སློབ་གསོའི་ལས་དོན་ཡག་པོ་སྒྲུབ་དགོས། (གཉིས ) ཡུལ་མིའི (གྲོང་མི )སྡོད་ཁུལ་དང་གཡུལ་ཁ་སོགས་ཀྱི་མེ་ཟོན་བདེ་འཇགས་ཐད་ལ་བརྟག་དཔྱད་དང་སྐོར་ཞིབ་བྱས་ནས་མེ་ཟོན་སྒྲིག་སྲོལ་དང་འགལ་རིགས་མཐོང་ཐུབ་པ་བྱེད་དགོས་པ་མ་ཟད་དེ་རིགས་ཡོ་བསྲང་བྱེད་དགོས། (གསུམ ) མེ་སྐྱོན་བྱུང་འཕྲལ་དུས་ཐོག་ཏུ་ཉེན་བརྡ་བཏང་སྟེ་གྲོང་མི་རྣམས་ཁ་གྲམ་འཇུག་པ་དང་མེ་གསོད་མྱུར་སྐྱོབ་བྱེད་རྒྱུ་དང་། མེ་སྐྱོན་ལས་འཛོལ་ཐོན་ཡུལ་སྲུང་སྐྱོབ་བྱེད་རྒྱུ། མེ་སྐྱོན་བྱུང་རྐྱེན་དང་གྱོང་གུན་བརྟག་དཔྱད་ཐད་ལ་གཞོགས་འདེགས་བྱེད་རྒྱུ། (བཞི ) བཅའ་ཁྲིམས་དང་ཁྲིམས་སྲོལ་གྱིས་གཏན་འབེབས་བྱས་པའི་འགན་འཁྲི་གཞན་དག་བཅས་སོ།

        དོན་ཚན་བཅུ་དགུ་པ། ཚན་པས་གཤམ་གསལ་མེ་སྐྱོན་འགོག་གསོད་ཀྱི་འགན་འཁྲི་གཙོ་བོ་ཁག་སྒྲུབ་དགོས། (གཅིག ) མེ་སྐྱོན་འགོག་གསོད་བཅའ་ཁྲིམས་དང་། ཁྲིམས་སྲོལ། སྒྲིག་སྲོལ། མེ་སྐྱོན་འགོག་གསོད་ཀྱི་ཚད་གཞི་བཅས་ལག་བསྟར་བྱེད་རྒྱུ། (གཉིས ) མེ་ཟོན་བདེ་འཇགས་ཀྱི་འགན་འཁྲིའི་ལམ་ལུགས་དང་། མེ་ཟོན་བདེ་འཇགས་ཀྱི་སྒྲིག་སྲོལ་ལམ་ལུགས། བཀོལ་སྤྱོད་ལས་རིམ་བཅས་ཚགས་ཚུད་དུ་བཏང་ནས་ལས་གནས་དང་ལས་སྣ་ཁག་གི་མེ་ཟོན་བདེ་འཇགས་ཀྱི་འགན་འཁྲི་ཁ་གསལ་བཟོ་རྒྱུ། (གསུམ ) མེ་ཟོན་བདེ་འཇགས་ཀྱི་འཕྲལ་སྡོམ་སྔོན་ཇུས་བཟོ་རྒྱུ་མ་ཟད་ནང་སྦྱོང་བྱེད་རྒྱུ། (བཞི ) ལས་ཀ་བྱེད་མཁན་ལ་མེ་སྐྱོན་འགོག་གསོད་ཀྱི་ཤེས་བྱའི་སྐོར་སྦྱོང་བརྡར་སྤྲོས་རྒྱུ་དང་སློབ་གསོ་གཏོང་རྒྱུ། (ལྔ )སྲོལ་ཡིག་འདིའི་གཏན་འབེབས་གཞིར་བཟུང་ཚན་པར་ཆེད་བཙུགས་མེ་གསོད་རུ་ཁག་གམ་ཡང་ན་མེ་གསོད་དང་བླངས་རུ་ཁག་འཛུགས་རྒྱུ། (དྲུག )རང་གི་ཚན་པའི་མེ་གསོད་མྱུར་སྐྱོབ་ལས་ཀ་སྒྲིག་འཛུགས་བྱེད་རྒྱུ་དང་དེའི་ནང་ཞུགས་ནས་མེ་སྐྱོན་ལས་འཛོལ་ལ་བརྟག་དཔྱད་བྱེད་རྒྱུར་གཞོགས་འདེགས་བྱེད་རྒྱུ། (བདུན )བཅའ་ཁྲིམས་དང་ཁྲིམས་སྲོལ་གྱིས་གཏན་འབེབས་བྱས་པའི་འགན་འཁྲི་གཞན་དག་བཅས་སོ།

        དོན་ཚན་ཉི་ཤུ་པ། སྤྱི་དམངས་ཀྱིས་གཤམ་གསལ་མེ་སྐྱོན་འགོག་གསོད་ཀྱི་འོས་འགན་སྒྲུབ་དགོས། (གཅིག )མེ་སྐྱོན་འགོག་གསོད་བཅའ་ཁྲིམས་དང་། ཁྲིམས་སྲོལ། མེ་ཟོན་བདེ་འཇགས་ཀྱི་འབྲེལ་ཡོད་གཏན་འབེབས་བཅས་ལ་བརྩི་སྲུང་ཞུ་རྒྱུ། (གཉིས )མེ་དང་། གློག སྣུམ། ཐབ་དབུགས་བཅས་ཉེན་ཁ་མེད་པའི་ཐོག་ནས་བེད་སྤྱོད་གཏོང་རྒྱུ། (གསུམ )སྤྱི་པའི་མེ་སྐྱོན་འགོག་གསོད་སྒྲིག་བཀོད་ལ་བདག་གཅེས་བྱེད་རྒྱུ། (བཞི )མེ་མཆེད་བདེ་བའི་དངོས་རིགས་གང་བྱུང་དུ་སྤུངས་ནས་མི་འཇོག་པ་དང་། སྤྱི་པའི་བགྲོད་ལམ་མི་འགོག་པ། (ལྔ )མེ་སྐྱོན་འགོག་གསོད་ཀྱི་རྒྱུན་སྤྱོད་ཤེས་བྱ་སློབ་སྦྱོང་བྱས་ནས་མེ་ཟོན་དང་། ཉེན་བརྡ་གཏོང་རྒྱུ། མེ་གསོད་རྒྱུ། སྲོག་ཉེན་ལས་ཐར་ཐབས་བྱེད་རྒྱུ་སོགས་ཀྱི་རང་སྐྱོབ་བྱེད་ཐབས་ཁོང་དུ་ཆུད་པ་བྱེད་རྒྱུ། (དྲུག )ན་ཚོད་མ་ལོན་པའི་མིར་མེ་ཟོན་བདེ་འཇགས་ཐད་ཀྱི་སློབ་གསོ་རྒྱག་རྒྱུ། (བདུན )བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་འོས་འགན་གཞན་དག་བཅས་སོ།

        ལེའུ་གསུམ་པ། མེ་ཟོན་བདེ་འཇགས་ཐད་ཀྱི་འགན་སྲུང་།

        དོན་ཚན་ཉེར་གཅིག་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མེ་སྐྱོན་འགོག་གསོད་འཆར་འགོད་བཟོ་དགོས་པ་མ་ཟད། དེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱིའི་འཆར་འགོད་ནང་བཅུག་སྟེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མེ་ཟོན་བདེ་འཇགས་ཁྱབ་བཀོད་འཐུས་ཚང་བཟོས་ནས་སྤྱི་པའི་མེ་སྐྱོན་འགོག་གསོད་ཀྱི་སྒྲིག་བཀོད་གསར་འཛུགས་དང་། མེ་ཟོན་ཡོ་བྱད་སྒྲིག་སྦྱོར་བྱེད་རྒྱུ། གྲོང་ཁྱེར་གྲོང་རྡལ་དང་། གནས་སྡོད་ཁུལ། གསར་སྤེལ་ཁུལ་བཅས་གསར་རྒྱག་དང་། བཟོ་བཅོས། རྒྱས་སྐྲུན་བྱེད་རྒྱུ་དང་དེ་བཞིན་གྲོང་ཁྱེར་ཪྙིང་པ་བསྒྱུར་བཅོས་བྱེད་སྐབས་གྲོང་ཁྱེར་གྲོང་རྡལ་གྱི་མེ་སྐྱོན་འགོག་གསོད་ཀྱི་འཆར་འགོད་གཞིར་བཟུང་མེ་སྐྱོན་འགོག་གསོད་ས་ཚུགས་དང་སྤྱི་པའི་མེ་སྐྱོན་འགོག་གསོད་ཀྱི་རྨང་གཞིའི་སྒྲིག་བཀོད་ཆབས་ཅིག་ཏུ་འཛུགས་རྒྱུ།

        དོན་ཚན་ཉེར་གཉིས་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མེ་སྐྱོན་འགོག་གསོད་འཆར་འགོད་དང་ལས་དོན་གྱི་དགོས་མཁོ་གཞིར་བཟུང་མེ་ཟོན་བདེ་འཇགས་ཐད་ལ་ཆེད་ལས་ཚོད་སྐོར་བྱས་པ་བརྒྱུད་གྲོང་ཁྱེར (ས་གནས )དང་། རྫོང (གྲོང་ཁྱེར་དང་ཆུད )འགག་སྒོ་དོ་དམ་ཨུ་ལྷན་བཅས་ཀྱི་གནས་ཡུལ་དང་། རང་སྐྱོང་ལྗོངས་རིམ་པའི་རིག་དངོས་སྲུང་སྐྱོབ་ཚན་པ། ཆོས་ལུགས་བྱེད་སྒོ་སྤེལ་གནས་བཅས་སུ་ངེས་པར་དུ་སྤྱི་བདེ་མེ་གསོད་རུ་ཁག་འཛུགས་དགོས།

        དོན་ཚན་ཉེར་གསུམ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་གྲོང་ཁུལ་གྱི་གཞི་ཁྱོན་སྤྱི་ལེ་གྲུ་བཞི་མ་3ཡན་ཟིན་པའམ་ཡང་ན་རྒྱུན་སྡོད་མི་འབོར་ཁྲི་3ཡན་ཟིན་པའི་སྤྱི་བདེ་མེ་གསོད་རུ་ཁག (ས་ཚུགས )བཙུགས་མེད་པའི་རྫོང་(གྲོང་ཁྱེར་དང་ཆུད )མི་དམངས་སྲིད་གཞུང་དང་འགག་སྒོའི་དོ་དམ་ཨུ་ལྷན་གནས་ཡུལ་ལ་ངེས་པར་དུ་སྲིད་གཞུང་གི་ཆེད་བཙུགས་མེ་གསོད་རུ་ཁག་འཛུགས་དགོས། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་གྲོང་ཁུལ་གྱི་གཞི་ཁྱོན་སྤྱི་ལེ་གྲུ་བཞི་མ་3མ་ཟིན་པའམ་ཡང་ན་རྒྱུན་སྡོད་མི་འབོར་ཁྲི་3མ་ཟིན་པའི་རྫོང་(གྲོང་ཁྱེར་དང་ཆུད )མི་དམངས་སྲིད་གཞུང་དང་འགག་སྒོའི་དོ་དམ་ཨུ་ལྷན་གནས་ཡུལ་ལ་ངེས་པར་དུ་སྲིད་གཞུང་གི་ཆེད་བཙུགས་མེ་གསོད་རུ་ཁག་གམ་ཡང་ན་མེ་གསོད་དང་བླངས་རུ་ཁག་འཛུགས་དགོས།

        དོན་ཚན་ཉེར་བཞི་པ། ཤང་(གྲོང་རྡལ )མི་དམངས་སྲིད་གཞུང་གིས་ངེས་པར་དུ་མེ་གསོད་དང་བླངས་རུ་ཁག་འཛུགས་དགོས་པ་དང་། ས་གནས་དེ་གའི་དཔལ་འབྱོར་གོང་འཕེལ་དང་མེ་སྐྱོན་འགོག་གསོད་ལས་ཀའི་དགོས་མཁོར་གཞིགས་ནས་སྲིད་གཞུང་གི་ཆེད་བཙུགས་མེ་གསོད་རུ་ཁག་འཛུགས་ཆོག

        དོན་ཚན་ཉེར་ལྔ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་སྤྱི་བདེ་མེ་གསོད་རུ་ཁག་དང་སྲིད་གཞུང་གི་ཆེད་བཙུགས་མེ་གསོད་རུ་ཁག་ལ་དགོས་ངེས་ཀྱི་མོ་ཊ་དང་། སྒྲིག་ཆས། ཡོ་བྱད་སོགས་སྤྲད་ནས་མེ་འགོག་མེ་གསོད་དང་འཕྲལ་སྡོམ་རོགས་སྐྱོབ་སོགས་མེ་སྐྱོན་འགོག་གསོད་ཀྱི་ལས་དོན་ནུས་ལྡན་ངང་སྤེལ་ཐུབ་པའི་འགན་ལེན་བྱེད་དགོས། སྤྱི་བདེ་མེ་གསོད་རུ་ཁག་དང་། ཆེད་བཙུགས་མེ་གསོད་རུ་ཁགདེ་བཞིན་མེ་གསོད་དང་བླངས་རུ་ཁག་བཅས་ཀྱིས་མེ་གསོད་མོ་ཊ་དང་། སྒྲིག་བཀོད། ཡོ་བྱད། སྒྲིག་ཆས་རྣམས་སྐྱོན་མེད་བེད་སྤྱོད་གཏོང་ཆོག་དགོས་པ་དང་ཆེད་དངོས་ཆེད་སྤྱོད་ཐུབ་པའི་འགན་ལེན་བྱེད་དགོས།

        དོན་ཚན་ཉེར་དྲུག་པ། གཤམ་གསལ་ཚན་པ་ཁག་ལ་ངེས་པར་དུ་ཚན་པའི་ཆེད་བཙུགས་མེ་གསོད་རུ་ཁག་འཛུགས་དགོས། (གཅིག )གློག་ཁང་ཆེ་འབྲིང་རིགས་དང་། དམངས་སྤྱོད་གནམ་ཐང་། (གཉིས )མེ་མཆེད་བདེ་བ་དང་འབར་གས་བྱེད་བདེ་བའི་ཉེན་ཆེའི་དངོས་རིགས་བཟོ་བ་དང་བཀར་འཇུག་རྒྱག་མཁན་ཁེ་ལས་ཆེ་གྲས། (གསུམ )མེ་འབར་རྒྱུ་ཡོད་པའི་གནད་ཆེའི་དངོས་རིགས་འཇུག་སའི་མཛོད་ཁང་དང་རྟེན་གཞི་ཆེ་གྲས། (བཞི )གོང་གསལ་ནང་གསེས་དང་པོ་དང་། གཉིས་པ། གསུམ་པ་བཅས་ཕུད་པའི་མེ་ཉེན་ཆེ་ས་དང་ས་གནས་དེ་གའི་སྤྱི་བདེ་མེ་གསོད་རུ་ཁག་དང་བར་ཐག་སྤྱི་ལེ་བདུན་གྱི་ཕྱི་ལ་ཡོད་པའི་དཔལ་འབྱོར་གསར་སྤེལ་ཁུལ་དང་། བཟོ་ལས་སྡེ་གླིང་། ཁེ་ལས་ཆེ་འབྲིང་གྲས་གཞན་དག་བཅས་སོ།

        དོན་ཚན་ཉེར་བདུན་པ། ཆེད་བཙུགས་མེ་གསོད་རུ་ཁག་ལ་གཤམ་གསལ་གྱི་ཆ་རྐྱེན་ཁག་འཛོམས་དགོས། (གཅིག )མེ་ཟོན་བདེ་འཇགས་ཀྱི་དོ་དམ་ལམ་ལུགས་གསལ་པོ་ཡོད་དགོས་པ། (གཉིས )རུ་མི་མི་གྲངས་6ལས་མི་ཉུང་བ་ཡོད་དགོས་པ། (གསུམ )མེ་གསོད་མོ་ཊ་གཅིག་ཡན་དང་དགོས་ངེས་ཀྱི་མེ་གསོད་མྱུར་སྐྱོབ་ཡོ་བྱད་ཡོད་དགོས་པ། (བཞི )དགོས་ངེས་ཀྱི་མྱུར་སྐྱོབ་ཡོ་བྱད་དང་སྒྲིག་ཆས་ཡོད་དགོས་པ། (ལྔ )གཏན་འཇགས་ཀྱི་ལས་ཀ་བྱེད་ས་དང་རྨང་གཞིའི་སྒྲིག་བཀོད་ཆ་ཚང་ཡོད་དགོས་པ་བཅས་སོ།

        དོན་ཚན་ཉེར་བརྒྱད་པ། ཆེད་བཙུགས་མེ་གསོད་རུ་ཁག་འཛུགས་རྒྱུའི་ཞིབ་ཕྲའི་བྱ་ཐབས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ལོགས་སུ་གཏན་འབེབས་བྱེད་རྒྱུ།

        དོན་ཚན་ཉེར་དགུ་པ། ཆེད་བཙུགས་མེ་གསོད་རུ་ཁག་བཙུགས་རྗེས་ས་གནས་དེ་གའི་སྤྱི་བདེ་ལས་ཁུངས་ཀྱི་མེ་སྐྱོན་འགོག་གསོད་ཚན་པར་ཞིབ་བཤེར་རྩིས་ལེན་གྱི་ཆོག་མཆན་ཞུ་དགོས། ཆེད་བཙུགས་མེ་གསོད་རུ་ཁག་མེད་པ་བཟོ་དགོས་ཚེ་ཐོག་མར་ཆོག་མཆན་སྤྲོད་མཁན་ལས་ཁུངས་ལ་ཆོག་མཆན་ཞུ་རྒྱུ་མ་ཟད། ས་གནས་དེ་གའི་མི་དམངས་སྲིད་གཞུང་སྤྱི་བདེ་ལས་ཁུངས་ཀྱི་མེ་སྐྱོན་འགོག་གསོད་ཚན་པར་སྙན་ཐོ་དཔོད་དགོས།

        དོན་ཚན་སུམ་ཅུ་པ། སྤྱི་བདེ་ལས་ཁུངས་ཀྱི་མེ་སྐྱོན་འགོག་གསོད་ཚན་པས་ཆེད་བཙུགས་མེ་གསོད་རུ་ཁག་དང་མེ་གསོད་དང་བླངས་རུ་ཁག་ལ་ངེས་པར་དུ་ལས་སྒོའི་མཛུབ་ཁྲིད་བྱས་ནས་མེ་སྐྱོན་འགོག་གསོད་ཀྱི་ཆེད་ལས་ལག་རྩལ་མི་སྣ་གསོ་སྐྱོང་བྱེད་དགོས།

        དོན་ཚན་སོ་གཅིག་པ། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་ཀྱི་འཛུགས་སྐྲུན་དོ་དམ་ཚན་པ་དང་། ཆུ་དང་གློག་མཁོ་འདོན་ཚན་པ། འཕྲིན་གཏོང་ལས་གཉེར་ཚོང་པ་བཅས་ཀྱིས་མེ་གསོད་མོ་ཊའི་འགྲོ་ལམ་དང་། མེ་གསོད་ཆུ་རྐ། མེ་གསོད་སྤྱོད་གློགམེ་གསོད་འཕྲིན་གཏོང་སོགས་ཐད་ཀྱི་སྤྱི་པའི་སྒྲིག་བཀོད་རྣམས་སྐྱོན་མེད་བེད་སྤྱོད་གཏོང་ཐུབ་པ་བྱེད་དགོས།

        དོན་ཚན་སོ་གཉིས་པ། གཤམ་གསལ་གསར་རྒྱག་བྱེད་རྒྱུ་དང་། བཟོ་བཅོས་རྒྱག་རྒྱུ། རྒྱས་སྐྲུན་བྱེད་རྒྱུ་བཅས་ཀྱི་ལས་གྲྭ་དང་རིག་དངོས་ཉམས་གསོའི་ལས་གྲྭ (གཤམ་དུ་སྤྱི་མིང་ལ་འཛུགས་སྐྲུན་ལས་གྲྭ་ཞེས་ཟེར་རྒྱུ )འཛུགས་མཁན་ཚན་པས་མེ་སྐྱོན་འགོག་གསོད་ཀྱི་ཇུས་འགོད་ཡིག་ཆ་ལས་གྲྭ་འཛུགས་ཡུལ་གྱི་སྤྱི་བདེ་ལས་ཁུངས་ཀྱི་མེ་སྐྱོན་འགོག་གསོད་ཚན་པར་ཞིབ་བཤེར་བྱེད་རྒྱུར་འབུལ་དགོས། (གཅིག ) ཨར་སྐྲུན་རྒྱ་ཁྱོན་རྨིད་གྲུ་བཞི་མ་300ཡན་ཡོད་པའི་གླུ་གར་ཁང་དང་། གློག་བཪྙན་བཪྙན་འཕྲིན་སྟོན་ས། མཚན་མོའི་སྤྲོ་སྐྱིད་ཁང་། རོལ་རྩེད་ཁང་། ཇ་ཁང་། ཨར་ཁང་། ན་སྲུང་སྤོ་ལོ་རྒྱག་ཁང་། སྐམ་ཤུར་གློད་ས། སང་ནཱ་ཁྲུས་ཁང་། རྐང་པ་འཁྲུ་ཁང་། རྣམ་པ་འདོན་ཁང་། རྩེད་ཁང་། ཨིན་འབྲེལ་དྲ་ཁང་བཅས་དང་། དེ་བཞིན་རོལ་རྩེད་ཀྱི་བྱེད་ནུས་ལྡན་པའི་ཟ་ཁང་དང་ཀོའོ་ཧྥེའི་ཁང་སོགས།

        (གཉིས ) ཨར་སྐྲུན་རྒྱ་ཁྱོན་རྨིད་གྲུ་བཞི་མ་2500ཡན་ཡོད་པའི་མགྲོན་ཁང་དང་། ཟ་ཁང་། ཚོང་ཁང་། ཚོང་འདུས་ཁྲོམ་ར། འགྲུལ་སྐྱེལ་བབས་ཚུགས་ཀྱི་མོ་ཊ་སྒུག་ས། དམངས་སྤྱོད་གནམ་ཐང་བབས་ཚུགས་ཐོག་ཁང་། ལུས་རྩལ་ཁང་། ཚོགས་ཁང་། གློག་བཪྙན་ཁང་། རིག་གནས་ཁང་། རྟེན་རྫས་ཁང་། འགྲེམས་སྟོན་ཁང་། དཔེ་མཛོད་ཁང་། ཚོང་གཉེར་རང་བཞིན་གྱི་ཁང་པའི་ནང་གི་ལུས་སྦྱོང་སྤྲོ་གསེང་ཁང་། ངལ་རྩོལ་འདུ་ཚོགས་ཆེ་བའི་ཁེ་ལས་ཀྱི་ཐོན་སྐྱེད་བཟོ་སྣོན་འཁོར་ཁང་སོགས། (གསུམ ) ཨར་སྐྲུན་རྒྱ་ཁྱོན་རྨིད་གྲུ་བཞི་མ་500ཡན་ཡོད་པའི་བུ་བཅོལ་ཁང་དང་བུ་གསོ་ཁང་གི་བྱིས་པའི་སྡོད་ཁང་དང་། བྱིས་པའི་རོལ་རྩེད་ཁང་སོགས་བྱིས་པའི་བྱེད་སྒོ་སྤེལ་གནས་ཁང་པ་དང་། རྒན་གསོ་ཁང་། ཕན་བདེ་ཁང་། སྨན་ཁང་། ལུས་གསོ་ཁང་བཅས་ཀྱི་ནད་ཁང་དང་སྒོ་བསྟེན་ཐོག་ཁང་། སློབ་གྲྭའི་སློབ་ཁྲིད་ཐོག་ཁང་དང་། དཔེ་མཛོད་ཁང་། ཟ་ཁང་། མཉམ་སྡེབ་ཀྱི་ཉལ་ཁང་། ངལ་རྩོལ་འདུ་ཚོགས་ཆེ་བའི་ཁེ་ལས་ཀྱི་ལས་བྱའི་མཉམ་སྡེབ་ཀྱི་ཉལ་ཁང་སོགས། (བཞི ) མེ་མཆེད་བདེ་བ་དང་འབར་གས་བྱེད་བདེ་བའི་ཉེན་ཆེའི་དངོས་རིགས་བཟོ་མཁན་དང་། བཀར་འཇུག་རྒྱག་མཁན། འདོན་འཇུག་བྱེད་མཁན་བཅས་ཀྱི་བཟོ་གྲྭ་དང་། མཛོད་ཁང་། ཆེད་སྤྱོད་འཁོར་རིགས་བབས་ཚུགས་བཅས་དང་། མེ་མཆེད་བདེ་བ་དང་འབར་གས་བྱེད་བདེ་བའི་ཕུ་དབུགས་དང་གཤེར་རིགས་འདོན་འཇུག་ས་ཚུགས་དང་། མཁོ་འདོན་ས་ཚུགས། སྙོམས་སྒྲིག་ས་ཚུགས་སོགས་ཡོད་ས། (ལྔ ) ཕུག་ལམ་ལས་གྲྭ་དང་། གློག་འདོན་དང་གློག་སྒྱུར་ལས་གྲྭ (དྲུག ) རྒྱལ་ཁབ་ལས་ཁུངས་ཀྱི་གཞུང་ལས་ཐོག་ཁང་དང་། གློག་ཤུགས་བཀོད་གཏོང་། གློག་འཕྲིན་ཐོག་ཁང་། སྦྲག་ལས་ཐོག་ཁང་། གནོད་འགོག་བཀོད་འདོམས་དང་བཀོད་གཏོང་ཐོག་ཁང་། རླུང་འཕྲིན་བཪྙན་འཕྲིན་ཐོག་ཁང་། ཡིག་ཚགས་ཐོག་ཁང་སོགས། (བདུན ) ཨར་སྐྲུན་རྒྱ་ཁྱོན་བསྡོམས་རྨིད་གྲུ་བཞི་མ་ཁྲི་2ཡན་ཡོད་པའི་ཨར་སྐྲུན་དངོས་རིགས་སམ་ཡང་ན་ཨར་སྐྲུན་དངོས་ཚོགས། (བརྒྱད ) ཨར་སྐྲུན་དངོས་རིགས་ཀྱི་མཐོ་ཚད་རྨིད་24ཡན་ཡོད་པའི་སྤྱི་པའི་ཨར་སྐྲུན་དངོས་རིགས། (དགུ ) རིག་དངོས་སྲུང་སྐྱོབ་ཚན་པའི་ཉམས་གསོའི་ཨར་སྐྲུན་ལས་གྲྭ (བཅུ ) རྒྱལ་ཁབ་ཀྱི་གཏན་འབེབས་གཞིར་བཟུང་ཞིབ་བཤེར་བྱེད་དགོས་པའི་འཛུགས་སྐྲུན་ལས་གྲྭ་གཞན་དག་བཅས་སོ། སྤྱི་བདེ་ལས་ཁུངས་ཀྱི་མེ་སྐྱོན་འགོག་གསོད་ཚན་པས་མེ་སྐྱོན་འགོག་གསོད་ཀྱི་ཇུས་འགོད་ཞིབ་བཤེར་བྱེད་རྒྱུ་བདག་སྤྲོད་བྱས་ཉིན་ནས་བཟུང་ཉིན་20ནང་ཚུད་དུ་ཡིག་ཐོག་གི་ཞིབ་བཤེར་བསམ་འཆར་འདོན་དགོས། རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ཏེ་དཔྱད་ཞིབ་བྱེད་དགོས་རིགས་དཔྱད་ཞིབ་བྱེད་རིང་གི་དུས་ཚོད་དེ་ཞིབ་བཤེར་དུས་ཚོད་ཁོངས་སུ་བརྩི་རྒྱུ་མིན། དོན་ཚན་འདིའི་ནང་གསེས་དང་པོའི་ནང་གཏན་འབེབས་བྱས་པའི་འཛུགས་སྐྲུན་ལས་གྲྭར་སྤྱི་བདེ་ལས་ཁུངས་ཀྱི་མེ་སྐྱོན་འགོག་གསོད་ཚན་པས་ཞིབ་བཤེར་བྱས་མེད་པའམ་ཡང་ན་ཞིབ་བཤེར་བྱས་ཏེ་ཚད་གཞི་མ་ལོན་ན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་སྲིད་འཛིན་སྡེ་ཚན་གྱིས་ཨར་པོའི་འཁྲོལ་འཛིན་སྤྲོད་མི་ཆོག

        དོན་ཚན་སོ་གསུམ་པ། སྲོལ་ཡིག་འདིའི་དོན་ཚན་སོ་གཉིས་པའི་ནང་གསེས་དང་པོའི་ནང་གཏན་འབེབས་བྱས་པའི་འཛུགས་སྐྲུན་ལས་གྲྭ་ཕུད། རྒྱལ་ཁབ་ཀྱི་ལས་གྲྭའི་འཛུགས་སྐྲུན་ཐད་ཀྱི་མེ་སྐྱོན་འགོག་གསོད་ཀྱི་ལག་རྩལ་ཚད་གཞི་གཞིར་བཟུང་མེ་སྐྱོན་འགོག་གསོད་ཀྱི་ཇུས་འགོད་བྱེད་དགོས་པའི་འཛུགས་སྐྲུན་ལས་གྲྭ་གཞན་དག་གཉེར་དགོས་ཚེ་འཛུགས་སྐྲུན་ཚན་པས་ཁྲིམས་ལུགས་གཞིར་བཟུང་ཨར་པོའི་བཀའ་འཁྲོལ་བྱུང་ཉིན་ནས་བཟུང་ལས་ཀའི་ཉིན་གྲངས་7ནང་ཚུད་དུ་མེ་སྐྱོན་འགོག་གསོད་ཀྱི་ཇུས་འགོད་ཡིག་ཆ་འཛུགས་སྐྲུན་ལས་གྲྭ་འཛུགས་སའི་རྫོང་རིམ་པའི་སྤྱི་བདེ་ལས་ཁུངས་ཀྱི་མེ་སྐྱོན་འགོག་གསོད་ཚན་པར་སྙན་ཐོ་དཔོད་དགོས། ཨར་སྐྲུན་གྱི་གཞི་ཁྱོན་སྲོལ་ཡིག་འདིའི་དོན་ཚན་སོ་གཉིས་པའི་ནང་གསེས་དང་པོའི་ནང་ཚན་དང་པོ་དང་ནང་ཚན་གཉིས་པའི་གཏན་འབེབས་ལས་ཆུང་བ་ཡོད་ཀྱང་འཛུགས་སྐྲུན་ལས་གྲྭའི་མེ་སྐྱོན་འགོག་གསོད་ཀྱི་ཇུས་འགོད་སྙན་ཐོ་དཔོད་དགོས་པའི་རིགས་གཅིག་པའི་ཨར་སྐྲུན་ལས་གྲྭའི་རིགས་སྤྱི་བདེ་ལས་ཁུངས་ཀྱི་མེ་སྐྱོན་འགོག་གསོད་ཚན་པས་རང་ལ་སྙན་ཐོ་དཔོད་འབྱོར་བྱུང་ཉིན་ནས་བཟུང་ལས་ཀའི་ཉིན་གྲངས་10ནང་ཚུད་དུ་འཛུགས་སྐྲུན་ཚན་པར་མེ་སྐྱོན་འགོག་གསོད་ཀྱི་ལག་རྩལ་ཐད་ལ་ཇུས་འདོན་བྱེད་དགོས།

        དོན་ཚན་སོ་བཞི་པ། སྤྱི་བདེ་ལས་ཁུངས་ཀྱི་མེ་སྐྱོན་འགོག་གསོད་ཚན་པས་ཞིབ་བཤེར་བྱས་པའི་འཛུགས་སྐྲུན་ལས་གྲྭ་ལས་མཇུག་འགྲིལ་རྗེས་འཛུགས་སྐྲུན་ཚན་པས་སྤྱི་བདེ་ལས་ཁུངས་ཀྱི་མེ་སྐྱོན་འགོག་གསོད་ཚན་པར་མེ་སྐྱོན་འགོག་གསོད་ཀྱི་ཞིབ་བཤེར་རྩིས་ལེན་བྱེད་རྒྱུའི་རེ་འདུན་ཞུ་དགོས། འཛུགས་སྐྲུན་ལས་གྲྭ་གཞན་དག་ལས་མཇུག་འགྲིལ་ནས་ཞིབ་བཤེར་རྩིས་ལེན་བྱས་རྗེས་འཛུགས་སྐྲུན་ཚན་པས་སྤྱི་བདེ་ལས་ཁུངས་ཀྱི་མེ་སྐྱོན་འགོག་གསོད་ཚན་པར་སྙན་ཐོ་དཔོད་དགོས་པ་དང་། སྤྱི་བདེ་ལས་ཁུངས་ཀྱི་མེ་སྐྱོན་འགོག་གསོད་ཚན་པས་སྒྲུག་བཤེར་བྱེད་དགོས། དོན་ཚན་འདིའི་ནང་གསེས་དང་པོའི་གཏན་འབེབས་གཞིར་བཟུང་མེ་སྐྱོན་འགོག་གསོད་ཀྱི་ཞིབ་བཤེར་རྩིས་ལེན་མ་བྱས་པའམ་ཡང་ན་ཞིབ་བཤེར་རྩིས་ལེན་བྱས་ཏེ་ཚད་གཞི་མ་ལོན་པ་དང་། དོན་ཚན་འདིའི་ནང་གསེས་གཉིས་པའི་སྒྲུག་བཤེར་བྱེད་རྒྱུའི་གཏན་འབེབས་ཀྱི་ཚད་གཞི་མ་ལོན་པའི་འཛུགས་སྐྲུན་ལས་གྲྭའི་རིགས་བེད་སྤྱོད་བྱེད་མི་ཆོག བེད་སྤྱོད་བྱས་པ་རྣམས་ཀྱང་བེད་སྤྱོད་བྱེད་མཚམས་འཇོག་དགོས།

        དོན་ཚན་སོ་ལྔ་པ། མེ་སྐྱོན་འགོག་གསོད་ཀྱི་དམིགས་བསལ་ལས་རིགས་ནང་ལས་ཀ་བྱེད་མཁན་གཤམ་གསལ་མི་སྣར་ཁྲིམས་ལུགས་གཞིར་བཟུང་བཙུགས་པའི་མེ་སྐྱོན་འགོག་གསོད་ཀྱི་ཆེད་ལས་སྦྱོང་བརྡར་ལས་ཁུངས་སུ་སྦྱོང་བརྡར་བྱེད་དགོས་པ་མ་ཟད། བབ་མཚུངས་ཀྱི་ལས་རིགས་ཐོབ་ཐང་རག་པ་བྱེད་དགོས། (གཅིག ) མེ་གསོད་ཡོ་བྱད་ཀྱི་སྤུས་ཚད་ལྟ་བཤེར་བྱེད་མཁན་དང་། མེ་སྐྱོན་འགོག་གསོད་ཀྱི་སྒྲིག་བཀོད་ལ་ཞིབ་དཔྱད་ཚད་ལེན་བྱེད་མཁན། མེ་ཟོན་བདེ་འཇགས་ཀྱི་ལྟ་ཞིབ་ཚད་ལེན་བྱེད་མཁན་བཅས། (གཉིས ) མེ་སྐྱོན་འགོག་གསོད་ཀྱི་འཕྲུལ་འགུལ་མ་ལག་ལ་ལྟ་འདོམས་དང་། བཀོལ་སྤྱོད། སྲུང་སྐྱོང་བཅས་བྱེད་མཁན། (གསུམ ) ཆེད་བཙུགས་མེ་གསོད་རུ་མི། (བཞི ) བཅའ་ཁྲིམས་དང་ཁྲིམས་སྲོལ་གྱིས་གཏན་འབེབས་བྱས་པའི་མི་སྣ་གཞན་དག་བཅས་སོ། ཚན་པས་བབ་མཚུངས་ཀྱི་ལས་རིགས་ཐོབ་ཐང་ཡོད་པའི་མེ་སྐྱོན་འགོག་གསོད་ཀྱི་དམིགས་བསལ་ལས་ཀ་བྱེད་མཁན་གདན་ཞུ་བྱེད་དགོས།

        དོན་ཚན་སོ་དྲུག་པ། སྲོལ་ཡིག་འདིའི་གཏན་འབེབས་གཞིར་བཟུང་མེ་སྐྱོན་འགོག་གསོད་ཐད་ཞིབ་བཤེར་བྱེད་དགོས་པའི་འཛུགས་སྐྲུན་ལས་གྲྭའི་རིགས་ཀྱི་གློག་འདྲེན་སྐུད་ལམ་འཁྲིད་པ་དང་མེ་ཟོན་གྱི་ལས་ཐབས་སྤྱད་པའི་མེ་མཆེད་བདེ་བ་དང་མེ་འབར་རྒྱུ་ཡོད་པའི་ཨར་སྐྲུན་རྒྱུ་ཆ་དང་། མཛེས་རྒྱན། ཀོན་འདོན་རྒྱུ་ཆ་བཅས་ལ་ཁྲིམས་ལུགས་གཞིར་བཟུང་བཙུགས་པའི་ཆེད་ལས་མེ་སྐྱོན་འགོག་གསོད་ཞིབ་དཔྱད་ཚད་ལེན་ཚན་པས་ཞིབ་དཔྱད་ཚད་ལེན་བྱེད་དགོས་པ་དང་། ཞིབ་དཔྱད་ཚད་ལེན་བྱས་ཏེ་ཚད་གཞི་ལོན་ན་གཞི་ནས་བེད་སྤྱོད་བྱེད་ཆོག

        ལེའུ་བཞི་པ། མེ་ཟོན་བདེ་འཇགས་ཀྱི་དོ་དམ།

        དོན་ཚན་སོ་བདུན་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་མེ་སྐྱོན་འགོག་གསོད་ཀྱི་ལས་དོན་ལ་སྒྲིག་འཛུགས་དང་འགོ་ཁྲིད་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས། རིམ་ཁག་མི་དམངས་སྲིད་གཞུང་གི་འགན་འཁུར་བ་གཙོ་བོས་རང་ཁོངས་སྲིད་འཛིན་ས་ཁུལ་དེ་གའི་ནང་གི་མེ་སྐྱོན་འགོག་གསོད་ཀྱི་ལས་དོན་ལ་འགོ་ཁྲིད་ཀྱི་འགན་འཁྲི་འཁུར་དགོས་པ་དང་། འགན་བགོས་འགན་འཁུར་བས་རང་གི་འགན་ཁོངས་ནང་གི་མེ་སྐྱོན་འགོག་གསོད་ཀྱི་ལས་དོན་ལ་ཐད་ཀའི་འགན་འཁྲི་འཁུར་དགོས་པ། གཙོ་འགན་འཁུར་མཁན་སྡེ་ཚན་གྱི་འགན་འཁུར་བས་རང་ཁོངས་སྡེ་ཁག་གི་མེ་སྐྱོན་འགོག་གསོད་ཀྱི་ལས་དོན་ལ་འགོ་ཁྲིད་ཀྱི་འགན་འཁྲི་འཁུར་དགོས་པ། ཚན་པའི་ཁྲིམས་ཚན་འཐུས་ཚབ་བའམ་ཡང་ན་འགན་འཁུར་བ་གཙོ་བོས་ཚན་པ་དེ་གའི་མེ་སྐྱོན་འགོག་གསོད་ཀྱི་ལས་དོན་ལ་ཐད་ཀའི་འགོ་ཁྲིད་ཀྱི་འགན་འཁྲི་འཁུར་དགོས།

        དོན་ཚན་སོ་བརྒྱད་པ། གཤམ་གསལ་ཚན་པ་རྣམས་མེ་ཟོན་བྱེད་རྒྱུའི་གཙོ་གནད་ཚན་པ་ཡིན། (གཅིག ) རྒྱལ་ཁབ་ལས་ཁུངས། (གཉིས ) གསར་འགྱུར་དང་། དཔེ་སྐྲུན། རླུང་འཕྲིན་བཪྙན་འཕྲིན། གློག་ཤུགས། སྦྲག་ཏར་འཕྲིན་གཏོང་། (གསུམ ) རིག་དངོས་སྲུང་སྐྱོབ་ཚན་པ། (བཞི ) རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་སྤྱི་བདེ་ལས་ཁུངས་ཀྱི་མེ་སྐྱོན་འགོག་གསོད་ཚན་པས་གཏན་འབེབས་བྱས་པའི་ཁྱབ་ཁོངས་ནང་གི་གློག་བཪྙན་ཟློས་གར་ཁང་དང་། རིག་གནས་ཁང་། རྟེན་རྫས་ཁང་། འགྲེམས་སྟོན་ཁང་། དཔེ་མཛོད་ཁང་། ཆོས་ལུགས་བྱེད་སྒོ་སྤེལ་གནས། གླུ་གར་ཁང་། ཇ་ཁང་། མགྲོན་ཁང་། ཟ་ཁང་། ཨིན་འབྲེལ་དྲ་ཁང་། སྨན་ཁང་། སློབ་གྲྭ བུ་བཅོལ་ཁང་། ཕན་བདེ་ཁང་། རྒན་གསོ་ཁང་། འདུ་འཛོམས་ཁང་སོགས་ཀྱི་མི་མང་འདུ་འཛོམས་བྱེད་ས། (ལྔ ) ཐོག་བརྩེགས་མང་བའི་སྤྱི་པའི་ཨར་སྐྲུན། (དྲུག ) མེ་མཆེད་བདེ་བ་དང་འབར་གས་བྱེད་བདེ་བའི་ཉེན་ཆེའི་དངོས་རིགས་བཟོ་མཁན་དང་། བཀར་འཇུག་བྱེད་མཁན། ཚོང་གཉེར་བྱེད་མཁན་བཅས་ཀྱི་ཚན་པ་དང་། དེ་བཞིན་འབར་རྒྱུ་ཡོད་པའི་དངོས་པོ་གཅིག་སྡུད་ཀྱིས་བཀར་འཇུག་བྱེད་སའི་མཛོད་ཁང་ཆེ་འབྲིང་རིགས། (བདུན ) དེ་མིན་མེ་སྐྱོན་ཆེན་པོ་ཐོན་བཟོ་ཡོད་པ་དང་། དེ་བཞིན་མེ་སྐྱོན་བྱུང་ནས་མི་ཤི་རྨས་ཚབས་ཆེ་དང་། རྒྱུ་ནོར་གྱི་གྱོང་གུན་ཚབས་ཆེ། སྤྱི་ཚོགས་ཐོག་ཤུགས་རྐྱེན་ཚབས་ཆེ་བཅས་བཟོ་ཉེན་ཡོད་པའི་ཚན་པ་བཅས་སོ།

        དོན་ཚན་སོ་དགུ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་རིག་དངོས་སྲུང་སྐྱོབ་ཚན་པའི་མེ་སྐྱོན་འགོག་གསོད་ཀྱི་ལས་ཀའི་རྩ་འཛུགས་དང་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་རིག་དངོས་སྲུང་སྐྱོབ་ཚན་པར་མེ་སྐྱོན་མི་ཡོང་བའི་བདེ་འཇགས་འགན་ལེན་བྱེད་དགོས། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་རིག་དངོས་སྲུང་སྐྱོབ་ཚན་པའི་ཨར་སྐྲུན་གྱི་གྲུབ་ཆ་དང་རིག་དངོས་ཀྱི་ངོ་བོ་སོགས་ཀྱི་ཁྱད་ཆོས་ལ་གཞིགས་ནས་མེ་སྐྱོན་འགོག་གསོད་ཀྱི་བྱ་ཐབས་ཞིབ་འཇུག་དང་བཟོ་འགོད་བྱེད་དགོས། རིག་དངོས་སྲུང་སྐྱོབ་ཚན་པས་ངེས་པར་དུ་ཁྲིམས་ལུགས་གཞིར་བཟུང་མེ་སྐྱོན་འགོག་གསོད་ཀྱི་འགན་འཁྲི་འཁུར་ཏེ་རང་ཁོངས་ཚན་པའི་མེ་སྐྱོན་འགོག་གསོད་ཀྱི་ལས་ཀ་ཡག་པོ་སྒྲུབ་དགོས།

        དོན་ཚན་བཞི་བཅུ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་གཙོ་གནད་རིག་དངོས་ཀྱི་མེ་སྐྱོན་འགོག་གསོད་ལས་དོན་ཐད་ལ་གཏོང་རྒྱུའི་གྲོན་དངུལ་ངེས་པར་དུ་གཏོང་ཤུགས་ཆེ་རུ་གཏོང་དགོས། སྤ་སེའི་ཡོང་འབབ་ཡོད་པའི་རིག་དངོས་སྲུང་སྐྱོབ་ཚན་པས་སྤ་སེའི་ཡོང་འབབ་ཁྲོད་ནས་བསྡུར་ཚད་གང་འཚམ་ཞིག་ཚན་པ་དེ་གའི་མེ་སྐྱོན་འགོག་གསོད་ལས་ཀའི་ཆེད་དམིགས་ལས་སྒོའི་གྲོན་དངུལ་དུ་འཇོག་དགོས། འོན་ཀྱང་སྤ་སེའི་ཡོང་འབབ་ཡོངས་རྫོགས་ནོར་སྲིད་ལ་གོང་འབུལ་ཞུ་དགོས་རིགས་ཕུད།

        དོན་ཚན་ཞེ་གཅིག་པ། རིག་དངོས་སྲུང་སྐྱོབ་ཚན་པས་གློག་འདྲེན་སྐུད་ལམ་འཁྲིད་དགོས་རིགས་དང་གློག་ཆས་བསྒར་སྒྲིག་བྱེད་དགོས་རིགས་ངེས་པར་དུ་རིག་དངོས་སྲིད་འཛིན་སྡེ་ཚན་དང་སྤྱི་བདེ་ལས་ཁུངས་ཀྱི་མེ་སྐྱོན་འགོག་གསོད་ཚན་པའི་ཆོག་མཆན་ཞུ་དགོས། རིག་དངོས་སྲུང་སྐྱོབ་ཚན་པ་དང་ཆོས་ལུགས་བྱེད་སྒོ་སྤེལ་གནས་ཁག་གིས་ངེས་པར་དུ་ཉེན་ཁ་མེད་སར་བསང་སྤོས་དང་མཆོད་མེ་སྤོར་ས་བཟོ་དགོས། སྲུང་སྐྱོབ་བྱེད་ཁོངས་ནང་མེ་མཆེད་བདེ་བ་དང་འབར་གས་བྱེད་བདེ་བའི་ཉེན་ཆེའི་དངོས་རིགས་བཀར་འཇུག་དང་བེད་སྤྱོད་བྱེད་རིགས་མི་ཆོག་པ་དང་། མེ་ཤིང་སོགས་མེ་མཆེད་བདེ་བ་དང་མེ་འབར་རྒྱུ་ཡོད་པའི་དངོས་རིགས་ཕུང་གསོག་བརྒྱབ་ནས་འཇོག་མི་ཆོགརིག་དངོས་སྲུང་སྐྱོབ་ཚན་པ་དང་ཆོས་ལུགས་བྱེད་སྒོ་སྤེལ་གནས་ཁག་གིས་སྔར་སྲོལ་གྱི་མེ་བེད་སྤྱོད་བྱེད་ཐབས་བསྒྱུར་བཅོས་བཏང་སྟེ་མེ་སྐྱོན་མི་ཡོང་བའི་འགན་ལེན་བྱེད་དགོས།

        དོན་ཚན་ཞེ་གཉིས་པ། ཚན་པ་དང་མི་སྒེར་སུ་ཞིག་ཡིན་རུང་མི་མང་འདུ་འཛོམས་ཆེ་ས་དང་མི་སྡོད་སའི་ཨར་སྐྲུན་དངོས་པོ་དང་། ས་འོག་གི་ཨར་སྐྲུན་དངོས་པོའི་ནང་མེ་མཆེད་བདེ་བ་དང་འབར་གས་བྱེད་བདེ་བའི་ཉེན་ཆེའི་དངོས་རིགས་བཟོ་བ་དང་། བཀར་འཇུག་རྒྱག་པ། ཚོང་གཉེར་བྱེད་པ་བཅས་ཀྱི་རིགས་བྱེད་མི་ཆོགཚན་པ་དང་མི་སྒེར་སུ་ཞིག་ཡིན་རུང་ཤོག་སྦག་གི་རིགས་མི་མང་འདུ་འཛོམས་ཆེ་སར་འཁྱེར་མི་ཆོག་པ་དང་། མི་མང་འདུ་འཛོམས་ཆེ་སར་ཤོག་སྦག་རྒྱག་རིགས་མི་ཆོག

        དོན་ཚན་ཞེ་གསུམ་པ། གྲོང་ཁྱེར་དང་གྲོང་གསེབ་ལ་མེ་སྐྱོན་གྱི་ཉེན་ཁ་ཚབས་ཆེ་བཟོ་བའི་མེ་མཆེད་བདེ་བ་དང་འབར་གས་བྱེད་བདེ་བའི་ཉེན་ཆེའི་དངོས་རིགས་བཟོ་མཁན་དང་། བཀར་འཇུག་རྒྱག་མཁན། ཚོང་གཉེར་བྱེད་མཁན། འདོན་འཇུག་བྱེད་མཁན་བཅས་ཀྱི་བཟོ་གྲྭ་དང་། མཛོད་ཁང་། ཆེད་སྤྱོད་འཁོར་རིགས་བབས་ཚུགས་སོགས་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་ནས་ངེས་པར་དུ་དུས་བཀག་ནང་བསྒྱུར་བཅོས་བྱེད་པའམ་ཡང་ན་གནས་སྤོ་བྱེད་དུ་འཇུག་དགོས།

        དོན་ཚན་ཞེ་བཞི་པ། མེ་མཆེད་བདེ་བ་དང་འབར་གས་བྱེད་བདེ་བའི་ཉེན་ཆེའི་དངོས་རིགས་བཟོ་ས་དང་། བཀར་འཇུག་རྒྱག་ས། ཚོང་གཉེར་བྱེད་ས། འདོན་འཇུག་བྱེད་ས་བཅས་དང་མི་མང་འདུ་འཛོམས་བྱེད་སར་གློག་གི་ཚ་ལ་དང་ཕུ་རླངས་ཀྱི་ཚ་ལ་རྒྱག་རྒྱུ་དང་དྲོད་གཏོང་རྒྱུ་སོགས་ལ་མེ་བེད་སྤྱོད་བྱེད་དགོས་རིགས་ངེས་པར་དུ་མེ་སྐྱོན་མི་ཡོང་བའི་སྔོན་འགོག་གི་བྱ་ཐབས་བཟོ་དགོས་པ་དང་། མེ་སྐྱོན་སྔོན་འགོག་གི་བྱ་ཐབས་དོན་འཁྱོལ་བྱས་མེད་ཕྱིན་མེ་ཡི་ལས་ཀ་བྱེད་མི་ཆོག

        དོན་ཚན་ཞེ་ལྔ་པ། མི་མང་འདུ་འཛོམས་བྱེད་སའི་གཉེར་སྐྱོང་བྱེད་མཁན་གྱིས་ས་ཆ་དེ་གའི་བྲོས་གྲམ་བྱེད་སའི་འགྲོ་ལམ་དང་། ཐོན་སྒོ མེ་གསོད་ཡོ་བྱད། སྲོག་སྐྱོབ་སྒྲིག་ཆས་སོགས་གང་དུ་ཡོད་མེད་ཞབས་ཞུ་བྱ་ཡུལ་ལ་ངེས་པར་དུ་གསལ་པོ་ཤོད་དགོས་པ་དང་། ལས་གཉེར་བྱེད་རིང་ངམ་ཡང་ན་སྒོ་ཕྱེ་རིང་བྲོས་གྲམ་བྱེད་སའི་ལམ་དང་བྲོས་སའི་སྒོའི་ཕྱོགས་སྟོན་མཚོན་རྟགས་དང་འཕྲལ་སྤྱོད་གློག་སྒྲོན་རྣམས་ངེས་པར་དུ་སྤྱོད་གོ་འཕེར་ངེས་ཐུབ་པའི་འགན་ལེན་བྱེད་པ་ལས་བྲོས་གྲམ་བྱེད་སའི་ལམ་དང་བྲོས་སའི་སྒོ་སོགས་བཀག་པ་དང་། སྒོ་ལྕགས་བརྒྱབ་ནས་འཇོག་པ། ས་ཆ་བཟུང་བ་སོགས་བྱེད་མི་ཆོག་ལ་བྲོས་གྲམ་བྱེད་སའི་ལམ་དང་བྲོས་སའི་སྒོ་ཁར་འགག་འཛུགས་པ་དང་སྒྲོམ་བཅད་རྒྱག་པ་སོགས་བྲོས་གྲམ་བྱེད་རྒྱུར་འགོག་རྐྱེན་ཡོང་གཞི་བཟོ་མི་ཆོགསྤྱི་པའི་རོལ་རྩེད་བྱེད་སར་ངེས་པར་དུ་རྒྱལ་ཁབ་ཀྱི་ཨར་སྐྲུན་ཇུས་འགོད་ཀྱི་མེ་སྐྱོན་འགོག་གསོད་ལག་རྩལ་ཚད་གཞིའི་གཏན་འཁེལ་གྱི་མི་གྲངས་གཞིར་བཟུང་ལས་མི་གྲངས་ཚད་ལས་བརྒལ་ཏེ་སྐོང་འགུགས་བྱེད་མི་ཆོག

        དོན་ཚན་ཞེ་དྲུག་པ། ཚོང་ཟོག་འགྲེམས་འཚོང་དང་། འགྲེམས་སྟོན། རིག་རྩལ་འཁྲབ་སྟོན། ལུས་རྩལ་འགྲན་བསྡུར་སོགས་མང་ཚོགས་རང་བཞིན་གྱི་བྱེད་སྒོ་ཆེ་གྲས་གཉེར་དགོས་ཚེ་བྱེད་སྒོ་གཉེར་མཁན་གྱིས་མེ་གསོད་དང་བྲོས་གྲམ་བྱེད་ཕྱོགས་ཀྱི་འཕྲལ་སྡོམ་སྔོན་ཇུས་བཟོ་འགོད་བྱེད་དགོས་པ་མ་ཟད་དེ་དོན་བྱེད་སྒོ་གཉེར་སའི་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་སྤྱི་བདེ་ལས་ཁུངས་སུ་བདེ་འཇགས་ཐད་ཀྱི་ཆོག་མཆན་ཞུ་དགོས། བྱེད་སྒོ་གཉེར་སའི་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་སྤྱི་བདེ་ལས་ཁུངས་ཀྱིས་རེ་འདུན་ཞུ་ཡིག་བདག་སྤྲོད་བྱས་ཉིན་ནས་བཟུང་ལས་ཀའི་ཉིན་གྲངས་3གྱི་ནང་ཚུད་དུ་ཆོག་མཆན་སྤྲོད་མིན་གྱི་ཐག་གཅོད་བྱེད་དགོས།

        དོན་ཚན་ཞེ་བདུན་པ། ཨར་སྐྲུན་རྒྱ་ཁྱོན་རྨིད་གྲུ་བཞི་མ་200ཡན་ཟིན་པའི་སྤྱི་པའི་རོལ་རྩེད་ཁང་གི་རིགས་གཉེར་སྐྱོང་བྱེད་མཁན་གྱིས་ཡོང་དམངས་ཀྱི་ཉེན་འགན་འཁུར་བའི་འགན་བཅོལ་ནང་ཞུགས་དགོས།

        དོན་ཚན་ཞེ་བརྒྱད་པ། ཨར་སྐྲུན་དངོས་རིགས་ཀྱི་བདག་པོས་ཨར་སྐྲུན་དངོས་པོ་མི་གཞན་ལ་བེད་སྤྱོད་དང་དོ་དམ་བྱེད་རྒྱུར་མཁོ་འདོན་བྱེད་སྐབས་ངེས་པར་དུ་ཕྱོགས་གཉིས་པོས་ཡིག་ཐོག་ནས་རང་སོ་སོའི་མེ་སྐྱོན་འགོག་གསོད་ཀྱི་འགན་འཁྲི་ཁ་གསལ་བཟོ་དགོས་པ་དང་། མེ་སྐྱོན་འགོག་གསོད་ཀྱི་འགན་འཁྲི་ཁ་གསལ་བཟོས་མེད་རིགས་མེ་སྐྱོན་འགོག་གསོད་ཀྱི་འགན་འཁྲི་ཨར་སྐྲུན་དངོས་པོའི་བདག་པོས་འཁུར་དགོས། ཨར་སྐྲུན་དངོས་པོའི་བདག་པོས་མི་གཞན་ལ་བེད་སྤྱོད་དང་དོ་དམ་བྱེད་རྒྱུར་བཏང་བའི་ཨར་སྐྲུན་དངོས་པོ་དེ་མེ་སྐྱོན་འགོག་གསོད་ཀྱི་དགོས་འདུན་དང་མཐུན་དགོས་པ་དང་། བེད་སྤྱོད་མཁན་གྱིས་ཨར་སྐྲུན་དངོས་པོའི་སྤྱོད་གོ་འགྱུར་ལྡོག་གཏོང་དགོས་ཚེ་ངེས་པར་དུ་དེ་མཚུངས་ཀྱི་མེ་སྐྱོན་འགོག་གསོད་ཀྱི་དགོས་འདུན་དང་འཚམ་ཐུབ་པ་བྱེད་དགོས།

        དོན་ཚན་ཞེ་དགུ་པ། ཨར་སྐྲུན་དངོས་པོ་གཅིག་ལ་བདག་པོ་གཉིས་ཡན་ཡོད་པའི་རིགས་ཀྱིས་ངེས་པར་དུ་ཐུན་མོང་ཐོག་མེ་སྐྱོན་འགོག་གསོད་ཀྱི་འགན་འཁྲིའི་ལམ་ལུགས་འཛུགས་པ་དང་དོན་འཁྱོལ་བྱེད་དགོས། ཨར་སྐྲུན་དངོས་པོ་གཅིག་ལ་བདག་པོ་མང་པོ་ཡོད་པའི་རིགས་བདག་པོ་སོ་སོས་རང་སོ་སོར་བདག་པོའི་ཆ་དེར་མེ་ཟོན་བདེ་འཇགས་ཀྱི་འགན་འཁུར་དགོས། སྤྱི་ཐོག་ལ་བདག་པའི་ཨར་སྐྲུན་དངོས་པོར་མེ་ཟོན་བདེ་འཇགས་ཀྱི་འགན་འཁྲི་བདག་པོ་སྤྱི་ཐོག་ནས་འཁུར་དགོས། ཨར་སྐྲུན་དངོས་པོ་གཅིག་ལ་བདག་པོ་མང་པོ་ཡོད་རིགས་ལ་ངེས་པར་དུ་ཆེད་དམིགས་དོ་དམ་ཚན་པ་འཛུགས་པའམ་ཡང་ན་ཐུན་མོང་ཐོག་སྡེ་ལས་ཞབས་ཞུའི་ཁེ་ལས་ལ་མངགས་ནས་སྤྱི་ཐོག་གི་ཆ་ཤས་དེའི་མེ་ཟོན་བདེ་འཇགས་ཀྱི་ལས་དོན་དོ་དམ་བྱེད་དུ་འཇུག་དགོས།

        ལེའུ་ལྔ་པ། མེ་གསོད་དང་འཕྲལ་སྡོམ་རོགས་སྐྱོབ།

        དོན་ཚན་ལྔ་བཅུ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་རང་ཁོངས་སྲིད་འཛིན་ས་ཁུལ་གྱི་མེ་སྐྱོན་སོགས་གནོད་འཚེའི་ལས་འཛོལ་ཡོང་རྐྱེན་གྱི་ཁྱད་ཆོས་ལ་དམིགས་ནས་འཕྲལ་སྡོམ་རོགས་སྐྱོབ་ཀྱི་སྔོན་ཇུས་བཟོ་བ་དང་། འཕྲལ་སྡོམ་རོགས་སྐྱོབ་མ་ལག་འཛུགས་པ། འཕྲལ་སྡོམ་རོགས་སྐྱོབ་ཐོན་ཁུངས་སྒྲིལ་སྤྱོད་བཅས་བྱས་ཏེ་འཕྲལ་སྡོམ་རོགས་སྐྱོབ་བྱེད་ནུས་ཆེ་རུ་གཏོང་དགོས། མེ་ཟོན་བདེ་འཇགས་ཀྱི་གཙོ་གནད་ཚན་པས་རང་སོ་སོའི་ཁྱད་ཆོས་ལ་དམིགས་ནས་མེ་ཟོན་བདེ་འཇགས་ཀྱི་འཕྲལ་སྡོམ་སྔོན་ཇུས་བཟོ་དགོས་པ་མ་ཟད་མེ་གསོད་སྟངས་ནང་སྦྱོང་བྱེད་དགོས།

        དོན་ཚན་ང་གཅིག་པ། སྤྱི་བདེ་མེ་གསོད་རུ་ཁག་དང་སྲིད་གཞུང་གི་ཆེད་བཙུགས་མེ་གསོད་རུ་ཁག་གིས་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་གཅིག་གྱུར་སྒྲིག་འཛུགས་འོག་མིའི་ཚེ་སྲོག་མྱུར་སྐྱོབ་བྱེད་རྒྱུ་གཙོ་བོར་བྱེད་པའི་འཕྲལ་སྡོམ་རོགས་སྐྱོབ་བྱེད་རྒྱུའི་ལས་དོན་ནང་ཞུགས་དགོས་པ་གཤམ་གསལ། (གཅིག )ཞོད་ཐན་གྱི་གནོད་འཚེ་དང་། གནམ་གཤིས་ཀྱི་གནོད་འཚེ། ས་གཤིས་ཀྱི་གནོད་འཚེ། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན། ས་ཡོམ་དང་དེའི་རྗེས་འབྲེལ་གྱི་གནོད་འཚེ་སོགས་རང་བྱུང་གནོད་འཚེའི་རིགས། (གཉིས )ཉེན་ཆེའི་རྫས་འགྱུར་དངོས་རྫས་འཛག་ཤོར་བྱུང་བ་དང་། རྒྱ་ལམ་ཐོག་གི་འགྲིམ་འགྲུལ་ལས་འཛོལ། གཏེར་ཁའི་ལས་འཛོལ། ཆུ་ཐོག་གི་ལས་འཛོལ། མཁའ་ཐོག་གི་གོད་ཆག ཨར་སྐྲུན་དངོས་པོ་རྡིབ་སྐྱོན་བྱུང་བ་སོགས་ཀྱི་བདེ་འཇགས་ལས་འཛོལ། (གསུམ ) མང་ཚོགས་ལ་ཉེན་ཁ་འཕྲད་པའི་དོན་རྐྱེན། (བཞི )འཇིགས་གཏུམ་འཇབ་རྒོལ་གྱི་དོན་རྐྱེན། (ལྔ ) གློ་བུར་དུ་ཐོན་པའི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན། (དྲུག ) མིའི་ཚེ་སྲོག་བདེ་འཇགས་ལ་གནོད་པའི་གློ་བུར་གྱི་དོན་རྐྱེན་གཞན་དག་བཅས་སོ། དོན་ཚན་ང་གཉིས་པ། སྤྱི་བདེ་མེ་གསོད་རུ་ཁག་དང་། སྲིད་གཞུང་གི་ཆེད་བཙུགས་མེ་གསོད་རུ་ཁག་ལ་མེ་སྐྱོན་ཉེན་བརྡ་འབྱོར་རྗེས་དེ་མར་མེ་སྐྱོན་བྱུང་སར་སླེབས་པ་བྱས་ནས་མེ་གསོད་མྱུར་སྐྱོབ་དང་འཕྲལ་སྡོམ་རོགས་སྐྱོབ་བྱེད་དགོས། ཆེད་བཙུགས་མེ་གསོད་རུ་ཁག་གིས་སྤྱི་བདེ་ལས་ཁུངས་ཀྱི་མེ་སྐྱོན་འགོག་གསོད་ཚན་པའི་གཅིག་གྱུར་བཀོད་སྒྲིག་དང་ལེན་ཞུས་ནས་མེ་གསོད་མྱུར་སྐྱོབ་དང་འཕྲལ་སྡོམ་རོགས་སྐྱོབ་བྱེད་པའི་ནང་ཞུགས་དགོས།

        དོན་ཚན་ང་གསུམ་པ། མེ་སྐྱོན་ཆེ་ཙམ་ཡན་ནམ་ཡང་ན་ཤུགས་རྐྱེན་ཆེ་ཙམ་ཡོད་པའི་གནོད་འཚེའི་དོན་རྐྱེན་གཞན་དག་ཐོན་སྐབས་དོན་རྐྱེན་ཐོན་སའི་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་འཕྲལ་སྡོམ་རོགས་སྐྱོབ་ཀྱི་སྔོན་ཇུས་བཟོས་ནས་མི་དང་། དངོས་ཟོག སྒྲིག་ཆས་སོགས་གྲ་སྒྲིག་བྱས་ཏེ་མེ་གསོད་མྱུར་སྐྱོབ་བྱེད་པའམ་ཡང་ན་འཕྲལ་སྡོམ་རོགས་སྐྱོབ་བྱེད་དགོས།

        དོན་ཚན་ང་བཞི་པ། མེ་སྐྱོན་ཐོན་སའི་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་སྤྱི་བདེ་ལས་ཁུངས་ཀྱི་མེ་སྐྱོན་འགོག་གསོད་ཚན་པ་དང་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་སོགས་སྡེ་ཚན་སྒྲིག་འཛུགས་བྱས་ཏེ་གཤམ་གསལ་གྱི་གཏན་འབེབས་ལྟར་མེ་སྐྱོན་བྱུང་རྐྱེན་ལ་བརྟག་དཔྱད་བྱེད་དགོས། (གཅིག ) མེ་སྐྱོན་ཚབས་ཆེའི་རིགས་ལ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་བརྟག་དཔྱད་བྱེད་རྒྱུ་སྒྲིག་འཛུགས་བྱེད་རྒྱུ། (གཉིས ) མེ་སྐྱོན་ཅུང་ཆེ་རིགས་ལ་གྲོང་ཁྱེར (ས་གནས )མི་དམངས་སྲིད་གཞུང་གིས་བརྟག་དཔྱད་བྱེད་རྒྱུ་སྒྲིག་འཛུགས་བྱེད་རྒྱུ། (གསུམ ) མེ་སྐྱོན་སྤྱིར་བཏང་རིགས་ལ་རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་བརྟག་དཔྱད་བྱེད་རྒྱུ་སྒྲིག་འཛུགས་བྱེད་རྒྱུ། མེ་སྐྱོན་ཐོན་སའི་མི་དམངས་སྲིད་གཞུང་གིས་བརྟག་དཔྱད་མཇུག་བསྒྲིལ་རྗེས་ཀྱི་ཉིན་15ནང་མེ་སྐྱོན་བྱུང་རྐྱེན་བརྟག་དཔྱད་བྱས་ཚུལ་གོང་རིམ་མི་དམངས་སྲིད་གཞུང་ལ་སྙན་འབུལ་ཞུ་དགོས།

        དོན་ཚན་ང་ལྔ་པ། སྤྱི་བདེ་མེ་གསོད་རུ་ཁག་དང་ཆེད་བཙུགས་མེ་གསོད་རུ་ཁག་གིས་མེ་གསོད་མྱུར་སྐྱོབ་དང་འཕྲལ་སྡོམ་རོགས་སྐྱོབ་བྱེད་པའི་ནང་ཞུགས་སྐབས་གླ་རིན་གང་ཡང་ལེན་མི་ཆོགམེ་གསོད་མྱུར་སྐྱོབ་དང་འཕྲལ་སྡོམ་རོགས་སྐྱོབ་བྱེད་སྐབས་བཤིག་དགོས་པའམ་ཡང་ན་གཏོར་སྐྱོན་ཕོག་པའི་འཛུགས་སྐྲུན་དངོས་རིགས་དང་། འབྲེལ་ཡོད་ཚན་པའམ་ཡང་ན་མི་སྒེར་གྱི་དངོས་ཟོག་དང་སྒྲིག་ཆས་བེད་སྤྱོད་བྱས་པ་མ་ཟད། འབྲེལ་ཡོད་ཚན་པའམ་ཡང་ན་མི་སྒེར་ལ་གྱོང་གུན་བཟོས་རིགས་དང་། གཞན་ཡང་ཚན་པའི་ཆེད་བཙུགས་མེ་གསོད་རུ་ཁག་དང་དང་བླངས་མེ་གསོད་རུ་ཁག་ཚན་པ་གཞན་གྱི་མེ་གསོད་ལས་དོན་ནང་ཞུགས་ནས་ཟད་གྲོན་བྱུང་བའི་སྣུམ་དང་། མེ་གསོད་ཡོ་བྱད། སྒྲིག་ཆས་སོགས་མེ་སྐྱོན་ཐོན་སའི་མི་དམངས་སྲིད་གཞུང་ནས་གསབ་དགོས། མེ་གསོད་མྱུར་སྐྱོབ་བམ་ཡང་ན་འཕྲལ་སྡོམ་རོགས་སྐྱོབ་བྱེད་པའི་ནང་ཞུགས་ནས་རྨས་སྐྱོན་ཕོག་པ་དང་དབང་པོ་སྐྱོན་ཅན་ཆགས་པའམ་ཡང་ན་འདས་གྲོངས་སོང་རིགས། དེའི་སྨན་བཅོས་འགྲོ་གྲོན་དང་གོད་སོས་དོད་དངུལ་སོགས་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ལག་བསྟར་བྱེད་རྒྱུ།

        ལེའུ་དྲུག་པ། ལྟ་སྐུལ་ཞིབ་བཤེར།

        དོན་ཚན་ང་དྲུག་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་དུས་བཀག་ལྟར་འབྲེལ་ཡོད་སྡེ་ཚན་དང་འོག་རིམ་མི་དམངས་སྲིད་གཞུང་གིས་མེ་ཟོན་བདེ་འཇགས་ཀྱི་འགན་འཁྲི་དོན་འཁྱོལ་དང་མེ་ཟོན་བདེ་འཇགས་ཀྱི་འགན་འཁྲི་ལག་བསྟར་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་དགོས།

        དོན་ཚན་ང་བདུན་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གྱིས་རང་ཁོངས་སྡེ་ཁག་གི་མེ་ཟོན་བདེ་འཇགས་ཀྱི་ཁྱད་ཆོས་དང་མེ་ཟོན་བདེ་འཇགས་ལས་དོན་གྱི་འགན་འཁྲི་གཞིར་བཟུང་དམིགས་ས་ཡོད་པའི་སྒོ་ནས་རང་ཁོངས་སྡེ་ཁག་དང་ལྟ་སྐུལ་དོ་དམ་ཚན་པར་མེ་ཟོན་བདེ་འཇགས་ཞིབ་བཤེར་བྱས་ཏེ་མེ་སྐྱོན་ཡོང་གཞི་མེད་པ་བཟོ་དགོས།

        དོན་ཚན་ང་བརྒྱད་པ། སྤྱི་བདེ་ལས་ཁུངས་དང་དེའི་མེ་སྐྱོན་འགོག་གསོད་ཚན་པས་ངེས་པར་དུ་ཚན་པས་མེ་སྐྱོན་འགོག་གསོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་བྱེད་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱས་ནས་མེ་སྐྱོན་ཡོང་གཞིའི་ཉེན་རྐྱེན་ཡོད་རིགས་དུས་ཐོག་ཏུ་སེལ་འཇུག་དགོས།

        དོན་ཚན་ང་དགུ་པ། སྤྱི་བདེ་ལས་ཁུངས་ཀྱི་མེ་སྐྱོན་འགོག་གསོད་ཚན་པ་དང་སྤྱི་བདེ་མངགས་གཏོང་ཁང་གིས་ཁྲིམས་ལུགས་དང་ཁྲིམས་སྲོལ་གཞིར་བཟུང་མེ་ཟོན་ལས་དོན་སྤེལ་ཕྱོགས་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཕྱོགས་ཀྱི་འཆར་གཞི་བཟོ་དགོས་པ་མ་ཟད། དེ་ལག་བསྟར་བྱེད་འཇུག་དགོས།

        དོན་ཚན་དྲུག་ཅུ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་ལ་གྲོང་ཁྱེར་གྲོང་གསེབ་ཀྱི་མེ་ཟོན་ལས་དོན་བཀོད་སྒྲིག་དང་སྤྱི་པའི་མེ་ཟོན་སྒྲིག་ཆས་རིགས་མེ་ཟོན་བདེ་འཇགས་ཀྱི་དགོས་འདུན་དང་མི་འཚམ་པའམ་ཡང་ན་སྤྱི་པའི་བདེ་འཇགས་ལ་གནོད་ཚབས་ཆེ་བའི་མེ་སྐྱོན་ཡོང་གཞིའི་ཉེན་རྐྱེན་ཡོད་ཚུལ་གྱི་སྤྱི་བདེ་ལས་ཁུངས་ནས་བཏང་བའི་སྙན་ཞུ་འབྱོར་ཉིན་ནས་བཟུང་ལས་ཀའི་ཉིན་གྲངས་3གྱི་ནང་ཚུད་དུ་ཞིབ་བཤེར་བྱས་ནས་གནས་ཚུལ་ཡོད་གཏན་རེད་ན་ངེས་པར་དུ་ལམ་སེང་འབྲེལ་ཡོད་སྡེ་ཚན་ནམ་ཡང་ན་ཚན་པ་སྒྲིག་འཛུགས་བྱས་ནས་བཅོས་སྒྲིག་བྱེད་འགན་ཁ་གསལ་བཟོ་བ་དང་བཅོས་སྒྲིག་བྱ་ཐབས་དོན་འཁྱོལ་བྱས་ནས་མེ་སྐྱོན་མི་ཡོང་བའི་འགན་ལེན་བྱེད་དགོས།

        དོན་ཚན་རེ་གཅིག་པ། ཇུས་འགོད་དང་། ཨར་ལས། ལྟ་འདོམས། ཞིབ་དཔྱད། ཉམས་བཟོ་སོགས་བྱེད་མཁན་ཚན་པས་མེ་སྐྱོན་འགོག་གསོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་དང་འགལ་བའི་རིགས་སྤྱི་བདེ་ལས་ཁུངས་ཀྱི་མེ་སྐྱོན་འགོག་གསོད་ཚན་པས་ཁྲིམས་ལུགས་གཞིར་བཟུང་ཆད་པ་གཅོད་དགོས་པ་དང་སྦྲགས་རིམ་པ་དེ་གའི་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་ཀྱི་འཛུགས་སྐྲུན་གཙོ་འགན་འཁུར་མཁན་སྡེ་ཚན་ལ་དེ་དོན་ཡིག་ཐོག་ནས་གནས་ཚུལ་གཏོང་དགོས།

        དོན་ཚན་རེ་གཉིས་པ། སྤྱི་བདེ་ལས་ཁུངས་ཀྱི་མེ་སྐྱོན་འགོག་གསོད་ཚན་པ་དང་དེའི་ལས་བྱས་མེ་སྐྱོན་འགོག་གསོད་ཇུས་གཞིར་ཞིབ་བཤེར་དང་། མེ་ཟོན་ལས་ཀ་ཞིབ་བཤེར་རྩིས་ལེན། མེ་ཟོན་བདེ་འཇགས་ཐད་ཀྱི་བརྟག་དཔྱད། ལག་རྩལ་ཐད་ལ་ཇུས་འདོན་སོགས་བྱེད་པར་གླ་རིན་གང་ཡང་ལེན་མི་ཆོག སྤྱི་བདེ་མངགས་གཏོང་ཁང་དང་དེའི་ལས་བྱས་མེ་ཟོན་བདེ་འཇགས་ཐད་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པར་གླ་རིན་གང་ཡང་ལེན་མི་ཆོག

        དོན་ཚན་རེ་གསུམ་པ། སྤྱི་བདེ་ལས་ཁུངས་ཀྱི་མེ་སྐྱོན་འགོག་གསོད་ཚན་པ་དང་སྤྱི་བདེ་མངགས་གཏོང་ཁང་གིས་མེ་སྐྱོན་འགོག་གསོད་བྱེད་ཕྱོགས་སྐོར་ལ་ལྟ་སྐུལ་ཞིབ་བཤེར་བྱེད་སྐབས། མེ་ཟོན་སྲིད་འཛིན་ཁྲིམས་སྒྱུར་བྱེད་མཁན་མི་གཉིས་ལས་མི་ཉུང་བ་ཡོད་དགོས་པ་དང་ཁྲིམས་སྒྱུར་ལག་ཁྱེར་སྟོན་དགོས་པ་མ་ཟད། རང་འགུལ་ངང་སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་ཞུ་དགོས།

        དོན་ཚན་རེ་བཞི་པ། སྤྱི་བདེ་ལས་ཁུངས་ཀྱི་མེ་སྐྱོན་འགོག་གསོད་ཚན་པ་དང་སྤྱི་བདེ་མངགས་གཏོང་ཁང་གིས་བྱེད་ཐབས་འཚམ་ངེས་སྤྱད་དེ་མེ་ཟོན་བྱེད་ཕྱོགས་སྐོར་ལ་ལྟ་སྐུལ་ཞིབ་བཤེར་བྱས་འབྲས་སྤྱི་ཚོགས་ཐོག་འགྲེམས་བསྒྲགས་བྱེད་དགོས།

        དོན་ཚན་རེ་ལྔ་པ། སྤྱི་བདེ་ལས་ཁུངས་ཀྱི་མེ་སྐྱོན་འགོག་གསོད་ཚན་པ་དང་སྤྱི་བདེ་མངགས་གཏོང་ཁང་གིས་ཐེར་འདོན་ལམ་ལུགས་འཛུགས་དགོས་པ་མ་ཟད། ཐེར་འདོན་བྱེད་ལམ་དང་བྱེད་སྟངས་སྤྱི་ཚོགས་ཐོག་ཁྱབ་བསྒྲགས་བྱེད་དགོས། སྤྱི་བདེ་ལས་ཁུངས་ཀྱི་མེ་སྐྱོན་འགོག་གསོད་ཚན་པ་དང་སྤྱི་བདེ་མངགས་གཏོང་ཁང་ལ་ཐེར་འདོན་གནས་ཚུལ་འབྱོར་རྗེས་དུས་ཐོག་ཏུ་བདག་སྤྲོད་བྱེད་དགོས་པ་མ་ཟད། ཁྲིམས་ལུགས་གཞིར་བཟུང་ཐག་གཅོད་བྱེད་དགོས།

        ལེའུ་བདུན་པ། བཅའ་ཁྲིམས་ཀྱི་འགན་འཁྲི།

        དོན་ཚན་རེ་དྲུག་པ། རིམ་ཁག་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་སྲོལ་ཡིག་འདིའི་གཏན་འབེབས་དང་འགལ་ཏེ་ཚབས་ཆེའི་མེ་སྐྱོན་ཡོང་གཞིའི་ཉེན་རྐྱེན་དུས་ཐོག་ཏུ་སེལ་མེད་པའི་རིགས། གོང་རིམ་མི་དམངས་སྲིད་གཞུང་ནས་བརྡ་ཁྱབ་གཏོང་དགོས་པ་མ་ཟད། དུས་བཀག་ནང་ཡོ་བསྲང་བྱེད་རྒྱུའི་བཀོད་པ་གཏོང་དགོས་པ་དང་། ཉེན་རྐྱེན་མ་སེལ་བའི་རྐྱེན་གྱིས་ས་ཆ་དེ་གར་མེ་སྐྱོན་ཅུང་ཆེ་ཙམ་ཡན་བྱུང་རིགས་ལ། ཐད་ཀའི་འགན་འཁུར་མཁན་གཙོ་བོ་དང་དེ་མིན་གྱི་ཐད་ཀའི་འགན་འཁྲི་ཡོད་མཁན་ལ་སྲིད་འཛིན་ཆད་པ་གཅོད་རྒྱུ། ཉེས་གསོག་གི་ཚད་ལ་སླེབས་རིགས་ཁྲིམས་ལུགས་གཞིར་བཟུང་འགན་འཁྲི་བདའ་འདེད་གཏོང་རྒྱུ།

        དོན་ཚན་རེ་བདུན་པ། སྤྱི་བདེ་ལས་ཁུངས་ཀྱི་མེ་སྐྱོན་འགོག་གསོད་ཚན་པ་དང་སྤྱི་བདེ་མངགས་གཏོང་ཁང་སོགས་འབྲེལ་ཡོད་སྡེ་ཚན་དང་ཚན་པའི་ལས་བྱས་མེ་སྐྱོན་འགོག་གསོད་ཀྱི་ལས་ཀའི་ནང་འགན་དབང་གང་བྱུང་དུ་སྤྱད་པ་དང་། རང་འགན་ཟོལ་འཇོག་བྱས་པ། ཉེ་དགའ་ཕྱོགས་ཞེན་བྱས་པ་བཅས་ཀྱི་རིགས་ཉེས་གསོག་གི་ཚད་ལ་སླེབས་མེད་ཚེ་ཁྲིམས་ལུགས་ལྟར་སྲིད་འཛིན་ཆད་པ་གཅོད་རྒྱུ་དང་། ཉེས་གསོག་གི་ཚད་ལ་སླེབས་རིགས་ཁྲིམས་ལུགས་གཞིར་བཟུང་འགན་འཁྲི་བདའ་འདེད་གཏོང་རྒྱུ།

        དོན་ཚན་རེ་བརྒྱད་པ། ཚན་པས་སྲོལ་ཡིག་འདིའི་གཏན་འབེབས་དང་རྒྱབ་འགལ་བྱས་པའི་གཤམ་གསལ་གནས་ཚུལ་གང་རུང་ཡོད་རིགས་ལ་སྤྱི་བདེ་ལས་ཁུངས་ཀྱི་མེ་སྐྱོན་འགོག་གསོད་ཚན་པས་དུས་བཀག་ནང་ཡོ་བསྲང་བྱེད་རྒྱུའི་བཀོད་པ་གཏོང་དགོས་པ་དང་། དུས་བཀག་ནང་ཡོ་བསྲང་བྱས་མེད་པའི་རིགས་ལ་ཚན་པར་སྒོར་2000ཡན་ནས་སྒོར་ཁྲི་2མན་གྱི་དངུལ་ཆད་འགེལ་རྒྱུ་དང་། ཐད་ཀའི་འགན་འཁུར་མི་སྣ་གཙོ་བོ་དང་དེ་མིན་གྱི་ཐད་ཀའི་འགན་འཁྲི་ཡོད་མཁན་ལ་དྲན་སྐུལ་ཐ་ཚིག་སྒྲོག་རྒྱུ། (གཅིག ) མེ་ཟོན་བདེ་འཇགས་ཀྱི་འགན་འཁྲི་དོན་འཁྱོལ་བྱས་མེད་པའི་རིགས། (གཉིས )མེ་ཟོན་བདེ་འཇགས་ཀྱི་ལམ་ལུགས་དང་མེ་ཟོན་བདེ་འཇགས་ཐད་ཀྱི་བཀོལ་སྤྱོད་བྱེད་ལུགས་བཟོས་མེད་པ། (གསུམ )མེ་གསོད་དང་བྲོས་གྲམ་གྱི་འཕྲལ་སྡོམ་སྔོན་ཇུས་བཟོས་མེད་པ། (བཞི )འཛུགས་སྐྲུན་གྱི་དངོས་པོའི་མེ་སྐྱོན་འགོག་གསོད་སྒྲིག་ཆས་ལ་དུས་བཀག་ནང་ཞིབ་བཤེར་ཚད་ལེན་བྱས་མེད་པ་བཅས་སོ།

        དོན་ཚན་རེ་དགུ་པ། སྲོལ་ཡིག་འདིའི་གཏན་འབེབས་དང་རྒྱབ་འགལ་བྱས་པའི་གཤམ་གསལ་གྱི་གནས་ཚུལ་གང་རུང་ཞིག་ཡོད་རིགས་ལ་སྤྱི་བདེ་ལས་ཁུངས་ཀྱི་མེ་སྐྱོན་འགོག་གསོད་ཚན་པས་དེར་ལས་མཚམས་འཇོག་རྒྱུ་དང་བེད་སྤྱོད་དམ་ཡང་ན་ཐོན་སྐྱེད་བྱེད་མཚམས་འཇོག་དགོས་པའི་བཀོད་པ་གཏོང་དགོས་པ་དང་སྦྲགས། མེ་སྐྱོན་གྱི་ཉེན་རྐྱེན་མེད་པའི་རིགས་ལ་དངུལ་ཆད་སྒོར་ཁྲི་3ཡན་ནས་སྒོར་ཁྲི་10མན་འགེལ་རྒྱུ། སྤྱིར་བཏང་གི་མེ་སྐྱོན་གྱི་ཉེན་རྐྱེན་བཟོས་རིགས་ལ་དངུལ་ཆད་སྒོར་ཁྲི་10ཡན་ནས་སྒོར་ཁྲི་20མན་འགེལ་རྒྱུ། ཚབས་ཆེའི་མེ་སྐྱོན་གྱི་ཉེན་རྐྱེན་བཟོས་རིགས་ལ་དངུལ་ཆད་སྒོར་ཁྲི་20ཡན་ནས་སྒོར་ཁྲི་30མན་འགེལ་རྒྱུ། (གཅིག )འཛུགས་སྐྲུན་ལས་གྲྭའི་མེ་སྐྱོན་འགོག་གསོད་འཆར་འགོད་ལ་སྤྱི་བདེ་ལས་ཁུངས་ཀྱི་མེ་སྐྱོན་འགོག་གསོད་ཚན་པས་ཞིབ་དཔྱད་བྱས་མེད་པའམ་ཡང་ན་ཞིབ་དཔྱད་བྱས་ནས་ཚད་མཐུན་བྱུང་མེད་པ་དང་། རང་འཚམ་གྱིས་ཨར་སྐྲུན་བྱས་པའི་རིགས། (གཉིས )འཛུགས་སྐྲུན་ལས་གྲྭའི་མེ་སྐྱོན་འགོག་གསོད་འཆར་འགོད་ལ་སྤྱི་བདེ་ལས་ཁུངས་ཀྱི་མེ་སྐྱོན་འགོག་གསོད་ཚན་པས་སྒྲུག་བཤེར་བྱས་ནས་ཚད་མཐུན་བྱུང་མེད་ཀྱང་ཨར་སྐྲུན་མཚམས་འཇོག་བྱས་མེད་པའི་རིགས། (གསུམ )འཛུགས་སྐྲུན་ལས་གྲྭའི་རིགས་ཀྱི་མེ་ཟོན་བྱེད་ཕྱོགས་ཐད་ལ་མེ་ཟོན་ཞིབ་བཤེར་རྩིས་ལེན་བྱས་མེད་པའམ་ཡང་ན་ཚད་མཐུན་བྱུང་མེད་ཀྱང་རང་འཚམ་གྱིས་བེད་སྤྱོད་གཏོང་བའི་རིགས། (བཞི )འཛུགས་སྐྲུན་ལས་གཉེར་ཟིན་པའི་དངོས་རིགས་བེད་སྤྱོད་བཏང་རྗེས། སྤྱི་བདེ་ལས་ཁུངས་ཀྱི་མེ་སྐྱོན་འགོག་གསོད་ཚན་པས་སྒྲུག་བཤེར་བྱས་ནས་ཚད་མཐུན་བྱུང་མེད་ཀྱང་བེད་སྤྱོད་གཏོང་མཚམས་བཞག་མེད་པའི་རིགས་བཅས་སོ།

        དོན་ཚན་བདུན་ཅུ་པ། འཛུགས་སྐྲུན་ཚན་པས་སྲོལ་ཡིག་འདིའི་གཏན་འབེབས་ལྟར་མེ་སྐྱོན་འགོག་གསོད་ཀྱི་འཆར་འགོད་ཡིག་ཆ་རྣམས་སྤྱི་བདེ་ལས་ཁུངས་ཀྱི་མེ་སྐྱོན་འགོག་གསོད་ཚན་པར་སྙན་ཐོ་དཔོད་མེད་པའམ་ཡང་ན་ལས་གྲྭ་མཇུག་འགྲིལ་རྗེས་སྲོལ་ཡིག་འདིའི་གཏན་འབེབས་ལྟར་སྤྱི་བདེ་ལས་ཁུངས་ཀྱི་མེ་སྐྱོན་འགོག་གསོད་ཚན་པར་སྙན་ཐོ་དཔོད་མེད་པའི་རིགས་ལ། སྤྱི་བདེ་ལས་ཁུངས་ཀྱི་མེ་སྐྱོན་འགོག་གསོད་ཚན་པས་དུས་བཀག་བཟོས་ནས་ཡོ་བསྲང་བྱེད་དགོས་པའི་བཀོད་པ་གཏོང་དགོས་པ་དང་། དུས་བཀག་ནང་ཡོ་བསྲང་བྱས་མེད་པའི་རིགས་ལ་དངུལ་ཆད་སྒོར་1000ཡན་ནས་སྒོར་5000མན་འགེལ་རྒྱུ།

        དོན་ཚན་དོན་གཅིག་པ། སྲོལ་ཡིག་འདིའི་གཏན་འབེབས་དང་རྒྱབ་འགལ་གྱིས་གློག་གི་ཐོན་རྫས་དང་། མེ་སྤྱོད་ཕུ་དབུགས་ཡོ་བྱད་བསྒར་སྒྲིག་དང་བེད་སྤྱོད་གཏོང་བ། གཞན་ཡང་དེའི་སྐུད་ལམ་དང་། མདོང་ལམ་འཆར་འགོད། འཁྲིད་པ། བདག་སྐྱོང་ཉམས་གསོ། ཞིབ་བཤེར་ཚད་ལེན་བཅས་བྱེད་རྒྱུ་མེ་སྐྱོན་འགོག་གསོད་ཀྱི་ལག་རྩལ་ཚད་གཞི་དང་དོ་དམ་གྱི་གཏན་འབེབས་དང་མཐུན་མེད་པའི་རིགས་ལ། དུས་བཀག་བཟོས་ནས་ཡོ་བསྲང་བྱེད་རྒྱུའི་བཀོད་པ་གཏོང་དགོས་པ་དང་། དུས་བཀག་ནང་ཡོ་བསྲང་མི་བྱེད་པའི་རིགས་ལ་ལས་མཚམས་འཇོག་ཏུ་འཇུག་པའམ་ཡང་ན་བེད་སྤྱོད་གཏོང་མཚམས་འཇོག་ཏུ་འཇུག་རྒྱུ་དང་འབྲེལ་དངུལ་ཆད་སྒོར་1000ཡན་ནས་སྒོར་5000མན་འགེལ་རྒྱུ།

        དོན་ཚན་དོན་གཉིས་པ། སྲོལ་ཡིག་འདིའི་གཏན་འབེབས་དང་རྒྱབ་འགལ་གྱིས་མེ་འགོག་གི་ལས་ཐབས་སྤྱད་པའི་མེ་འབར་སླ་བ་དང་མེ་འབར་རྒྱུ་ཡོད་པའི་ཨར་སྐྲུན་རྒྱུ་ཆ་དང་། མཛེས་རྒྱན། ཀོན་འདོན་རྒྱུ་ཆ་བཅས་བེད་སྤྱོད་གཏོང་དགོས་རིགས་ལ་ཞིབ་བཤེར་ཚད་ལེན་བྱས་མེད་པའམ་ཡང་ན་ཞིབ་བཤེར་ཚད་ལེན་བྱས་རྗེས་ཚད་མཐུན་བྱུང་མེད་པའི་རིགས། དུས་བཀག་བཟོས་ནས་ཡོ་བསྲང་བྱེད་རྒྱུའི་བཀོད་པ་གཏོང་དགོས་པ་དང་། དུས་བཀག་ནང་ཡོ་བསྲང་མི་བྱེད་པའི་རིགས་ལ་བེད་སྤྱོད་གཏོང་མཚམས་འཇོག་དགོས་པ་དང་འབྲེལ་དངུལ་ཆད་སྒོར་5000ཡན་ནས་སྒོར་ཁྲི་5མན་འགེལ་རྒྱུ་དང་། དེའི་ཐད་ཀའི་གཙོ་འགན་འཁུར་མཁན་དང་དེའི་ཐད་ཀའི་འགན་འཁྲི་ཡོད་མཁན་ལ་དངུལ་ཆད་སྒོར་500ཡན་ནས་སྒོར་2000མན་འགེལ་རྒྱུ།

        དོན་ཚན་དོན་གསུམ་པ། སྲོལ་ཡིག་འདིའི་གཏན་འབེབས་དང་རྒྱབ་འགལ་གྱིས་མེ་སྐྱོན་གྱི་ཡོངས་དམངས་ཀྱི་ཉེན་འགན་འཁུར་བའི་མེ་ཟོན་འགན་བཅོལ་ནང་ཞུགས་མེད་པའི་རིགས་ལ། སྤྱི་བདེ་ལས་ཁུངས་ཀྱི་མེ་སྐྱོན་འགོག་གསོད་ཚན་པས་དུས་བཀག་བཟོས་ནས་ཡོ་བསྲང་བྱེད་དགོས་པའི་བཀོད་པ་གཏོང་དགོས་པ་དང་དུས་བཀག་ནང་ཡོ་བསྲང་མི་བྱེད་པའི་རིགས་ལ་དངུལ་ཆད་སྒོར་5000ཡན་ནས་སྒོར་ཁྲི་3མན་འགེལ་རྒྱུ།

        དོན་ཚན་དོན་བཞི་པ། སྲོལ་ཡིག་འདིའི་གཏན་འབེབས་དང་རྒྱབ་འགལ་བྱས་པའི་གཤམ་གསལ་གནས་ཚུལ་གང་རུང་ཞིག་ཡོད་རིགས་ལ་སྤྱི་བདེ་ལས་ཁུངས་ཀྱི་མེ་སྐྱོན་འགོག་གསོད་ཚན་པས་དེར་ཐོན་སྐྱེད་བྱེད་མཚམས་དང་ལས་མཚམས་འཇོག་དགོས་པའི་བཀོད་པ་གཏོང་དགོས་པ་དང་འབྲེལ་དངུལ་ཆད་སྒོར་5000ཡན་ནས་སྒོར་ཁྲི་5མན་འགེལ་རྒྱུ། (གཅིག )མི་མང་འདུ་ཚོགས་ཆེ་སར་ཤོག་སྦག་ཉར་འཇོག་བྱེད་པ། (གཉིས )སྤྱི་པའི་རོལ་རྩེད་ཁང་དུ་མི་ཚད་ལས་བརྒལ་ནས་སྐོང་འགུག་བྱེད་པ། (གསུམ )མི་སྣ་འདུ་ཚོགས་ཆེ་ས་དང་། མི་སྣ་སྡོད་ཁུལ། ས་འོག་གི་འཛུགས་སྐྲུན་དངོས་རིགས་བཅས་ནང་ངམ་ཡང་ན་མི་སྣ་སྡོད་ཁུལ་དང་ཉེན་མེད་ཀྱི་བར་ཐག་ངེས་ཅན་བཞག་མེད་པའི་སར་འབར་གས་བྱེད་བདེ་བའི་ཉེན་ཆེའི་དངོས་རྫས་བཟོ་བ་དང་། བཀར་འཇུག་རྒྱག་པ། ཚོང་གཉེར་བཅས་བྱེད་པའི་རིགས་སོ།

        དོན་ཚན་དོན་ལྔ་པ། སྲོལ་ཡིག་འདིའི་གཏན་འབེབས་དང་རྒྱབ་འགལ་གྱིས་མེ་ལས་བྱེད་པའམ་ཡང་ན་མེ་སྐྱོན་དང་འབར་གས་ཡོང་ཉེན་ཆེ་སར་ཐ་མག་འཐེན་པ་དང་མེ་བེད་སྤྱོད་གཏོང་མཁན་རིགས་ལ་ཐ་ཚིག་སྒྲོག་རྒྱུའམ་ཡང་ན་དངུལ་ཆད་སྒོར་100ཡན་ནས་སྒོར་500མན་འགེལ་རྒྱུ། གནས་ཚུལ་ཚབས་ཆེ་རིགས་ལ་ཁྲིམས་ལུགས་ལྟར་ཉིན་5མན་བཀག་ཉར་བྱེད་རྒྱུ།

        དོན་ཚན་དོན་དྲུག་པ། སྲོལ་ཡིག་འདིའི་གཏན་འབེབས་དང་རྒྱབ་འགལ་གྱིས་རིག་གནས་སྲུང་སྐྱོབ་ཚན་པའི་ནང་གློག་སྐུད་སོགས་འཁྲིད་པ་དང་། གློག་ཆས་བསྒར་སྒྲིག་བྱེད་སྐབས་ཆོག་མཆན་ཞུས་མེད་པའི་རིགས་ལ། སྤྱི་བདེ་ལས་ཁུངས་ཀྱི་མེ་སྐྱོན་འགོག་གསོད་ཚན་པས་དུས་བཀག་བཟོས་ནས་ཡོ་བསྲང་བྱེད་དགོས་པའི་བཀོད་པ་གཏོང་དགོས་པ་དང་དུས་ཚོད་ཡོལ་ཡང་ཡོ་བསྲང་མི་བྱེད་པའི་རིགས་ལ་དངུལ་ཆད་སྒོར་5000ཡན་ནས་སྒོར་ཁྲི་2མན་འགེལ་རྒྱུ།

        དོན་ཚན་དོན་བདུན་པ། སྲོལ་ཡིག་འདིའི་གཏན་འབེབས་དང་རྒྱབ་འགལ་གྱིས་མེ་སྐྱོན་འགོག་གསོད་ལས་རིགས་ཀྱི་ཐོབ་ཐང་མེད་པའི་མི་སྣ་མེ་སྐྱོན་འགོག་གསོད་ཀྱི་དམིགས་བསལ་ལས་ཀ་བྱེད་མཁན་ལ་གདན་ཞུ་བྱས་རིགས་ཡོ་བསྲང་བྱེད་དགོས་པའི་བཀོད་པ་གཏོང་དགོས་པ་དང་འབྲེལ་ཚན་པར་དངུལ་ཆད་སྒོར་1000ཡན་ནས་སྒོར་ཁྲི་1མན་འགེལ་རྒྱུ།

        དོན་ཚན་དོན་བརྒྱད་པ། སྲོལ་ཡིག་འདིའི་དོན་ཚན་ཞེ་དགུ་པའི་གཏན་འབེབས་དང་རྒྱབ་འགལ་བྱེད་མཁན་རིགས་ལ། དུས་བཀག་བཟོས་ནས་ཡོ་བསྲང་བྱེད་དགོས་པའི་བཀོད་པ་གཏོང་དགོས་པ་དང་། དུས་བཀག་ནང་ཡོ་བསྲང་མི་བྱེད་ཚེ་འགན་འཁྲི་ཡོད་མཁན་ལ་དངུལ་ཆད་སྒོར་1000ཡན་ནས་སྒོར་5000མན་འགེལ་རྒྱུ།

        དོན་ཚན་དོན་དགུ་པ། སྲོལ་ཡིག་འདིའི་གཏན་འབེབས་དང་རྒྱབ་འགལ་བྱས་པའི་དེ་མིན་གྱི་བྱ་བའི་རིགས་ལ་བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གསལ་གྱི་ཉེས་ཆད་གཏན་འབེབས་ལྟར་ཉེས་ཆད་གཅོད་རྒྱུ།

        ལེའུ་བརྒྱད་པ། ཞར་བྱུང་།

        དོན་ཚན་བརྒྱད་ཅུ་པ། སྲོལ་ཡིག་འདིའི་ནང་འཁོད་གཤམ་གསལ་ཐ་སྙད་ཀྱི་གོ་དོན། (གཅིག )ཚབས་ཆེའི་མེ་སྐྱོན་གྱི་ཉེན་རྐྱེན་ཞེས་པ་ནི། མེ་སྐྱོན་འགོག་གསོད་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་རྒྱབ་འགལ་བྱས་པའི་རྐྱེན་གྱིས་མེ་སྐྱོན་ཡོང་སྲིད་པའམ་ཡང་ན་མེ་སྐྱོན་གྱི་གནོད་འཚེ་ཆེ་རུ་འགྲོ་སྲིད་པ་ལས་བྱུང་བའི་ཚབས་ཆེའི་མེ་སྐྱོན་ལས་འཛོལ་གྱི་མཇུག་འབྲས་དང་སྤྱི་ཚོགས་ལ་ཚབས་ཆེའི་ཤུགས་རྐྱེན་ངན་པ་བཟོ་ཉེན་ཡོད་པའི་མི་མངོན་པའི་རྒྱུ་རྐྱེན་སྣ་ཚོགས་ལ་ཟེར། (གཉིས )ཚབས་ཆེའི་མེ་སྐྱོན་ལས་འཛོལ་ཞེས་པ་ནི། མི་10ཡན་ནས་མི་30མན་ཤི་སྐྱོན་བྱུང་བའམ་ཡང་ན་མི་50ཡན་ནས་མི་100མན་ལ་རྨས་སྐྱོན་ཚབས་ཆེ་བྱུང་བའམ་ཡང་ན་སྒོར་ཁྲི་5000ཡན་ནས་སྒོར་དུང་ཕྱུར་1མན་གྱི་ཐད་ཀའི་དཔལ་འབྱོར་གྱོང་གུན་བཟོས་པའི་མེ་སྐྱོན་ལ་ཟེར། (གསུམ )ཅུང་ཚབས་ཆེ་བའི་མེ་སྐྱོན་ལས་འཛོལ་ཞེས་པ་ནི། མི་3ཡན་ནས་མི་10མན་ཤི་སྐྱོན་བྱུང་བའམ་ཡང་ན་མི་10ཡན་ནས་མི་50མན་ལ་རྨས་སྐྱོན་ཚབས་ཆེ་བྱུང་བའམ་ཡང་ན་སྒོར་ཁྲི་1000ཡན་ནས་སྒོར་ཁྲི་5000མན་གྱི་ཐད་ཀའི་དཔལ་འབྱོར་གྱོང་གུན་བཟོས་པའི་མེ་སྐྱོན་ལ་ཟེར། (བཞི )སྤྱིར་བཏང་གི་མེ་སྐྱོན་ལས་འཛོལ་ཞེས་པ་ནི། མི་3མན་ཤི་སྐྱོན་བྱུང་བའམ་ཡང་ན་མི་10མན་ལ་རྨས་སྐྱོན་ཚབས་ཆེ་བྱུང་བའམ་ཡང་ན་སྒོར་ཁྲི་1000མན་གྱི་ཐད་ཀའི་དཔལ་འབྱོར་གྱོང་གུན་བཟོས་པའི་མེ་སྐྱོན་ལ་ཟེར། སྲོལ་ཡིག་འདིའི་ནང་བརྗོད་པའི “ཡན ”ཞེས་པའི་ནང་གྲངས་ཀ་དེ་རང་ཚུད་ཡོད་པ་དང་“མན ”ཞེས་པའི་ནང་གྲངས་ཀ་དེ་རང་ཚུད་མེད།

        དོན་ཚན་གྱ་གཅིག་པ། སྲོལ་ཡིག་འདིའི་ནང་བརྗོད་པའི “ཚན་པ ”ཞེས་པའི་ནང་རྒྱལ་ཁབ་ལས་ཁུངས་དང་། སྤྱི་ཚོགས་ཚོགས་པ། ཁེ་ལས་དང་བྱ་གཞག་ཚན་པ། དེ་མིན་སྒྲིག་འཛུགས་གཞན་དག་དང་རིག་དངོས་སྲུང་སྐྱོབ་ཚན་པ། ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་གནས་བཅས་ཚུད་ཡོད། སྲོལ་ཡིག་འདིའི་ནང་བརྗོད་པའི “སྤྱི་བདེ་མངགས་གཏོང་ཁང་”ཞེས་པའི་ནང་སྤྱི་བདེ་མཐའ་སྲུང་མངགས་གཏོང་ཁང་ཚུད་ཡོད།

        དོན་ཚན་གྱ་གཉིས་པ། སྲོལ་ཡིག་འདི་2010ལོའི་ཟླ་6ཚེས་1ཉིན་ནས་ལག་བསྟར་བྱེད་རྒྱུ།

        2000ལོའི་ཟླ་དང་པོའི་ཚེས་26ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བདུན་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གཅིག་པའི་ཐོག་གྲོས་འཆམ་བྱུང་བའི 《བོད་རང་སྐྱོང་ལྗོངས་ཀྱི་མེ་སྐྱོན་འགོག་གསོད་སྲོལ་ཡིག 》དེ་མེད་པ་བཟོ་རྒྱུ།

                (ལྗོངས་མི་དམངས་འཐུས་ཚོགས་ཡིག་སྒྱུར་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང )

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།