“ལོ་ལྔ་ཚན་བཅུ་གཉིས་པའི”རིང་གི་མཛུབ་ཁྲིད་བསམ་བློ་དང་གཞི་རྩའི་བླང་བྱ།འབད་འཐབ་དམིགས་ཚད།
བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་1ཚེས་10ཉིན་གནས་ཚུལ་འབྱོར་གསལ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་པད་མ་འཕྲིན་ལས་ཀྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ཚོགས་འདུ་ཐེངས་བཞི་པའི་ཐོག་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་མཛུབ་སྟོན་གནང་དོན། “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་ནི་བོད་ལྗོངས་འདི་ཉིད་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བཅས་བྱེད་པའི་འགག་རྩའི་དུས་སྐབས་ཤིག་ཡིན། ཕྱིས་འབྱུང་ལོ་ལྔའི་རིང་གི་མཛུབ་ཁྲིད་བསམ་བློ་དང་གཞི་རྩའི་བླང་བྱ། འབད་འཐབ་དམིགས་ཚད་བཅས་གཏན་འཁེལ་བྱེད་རྒྱུ་དེས་ཁྱོན་ཡོངས་ལས་ཀར་ནུས་པ་གལ་ཆེན་ལྡན་ཡོད།
《རྩ་གནད 》ནང་བཏོན་པའི “ལོ་ལྔ་ཚན་བཅུ་གཉིས་པའི ”མཛུབ་ཁྲིད་བསམ་བློ་ནི། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་བ་དང་། ཏེང་ཞའོ་ཕིང་གི་རིག་གཞུང་དང “མཚོན་བྱེད་གསུམ ”གྱི་གལ་ཆེའི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་ལག་བསྟར་གཏིང་ཟབ་དང་། ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་ལས་དོན་གྲོས་ཚོགས། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ། ལྗོངས་ཏང་ཨུད་ཀྱི་སྐབས་བདུན་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ། ལྗོངས་ཏང་ཨུད་ཀྱི་ལས་དོན་ཚོགས་འདུ་བཅས་ཀྱི་དགོངས་དོན་སྒོ་ཀུན་ནས་ལག་བསྟར་དོན་འཁྱོལ་དང་། ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས། ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་གོང་འཕེལ་གྱི་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བཅས་བྱས་ཐོག ཚན་རིག་དང་མཐུན་པའི་གོང་འཕེལ་དང་མཆོང་སྐྱོད་ལྟ་བུའི་གོང་འཕེལ། ཡུན་རིང་བདེ་འཁོད་ཡོང་བ་བཅས་བྱེད་རྒྱུས་བརྗོད་བྱ་གཙོ་བོ་བྱེད་པ་དང་། “ཐོན་ལས་དང་པོ་ཆུ་ཚད་མཐོ་རུ་གཏོང་རྒྱུ་དང་། ཐོན་ལས་གཉིས་པ་གཙོ་གནད་དམ་འཛིན་བྱེད་རྒྱུ། ཐོན་ལས་གསུམ་པ་གོང་འཕེལ་ཤུགས་ཆེ་གཏོང་རྒྱུ ”བཅས་ཀྱི་དཔལ་འབྱོར་གོང་འཕེལ་གཏོང་བའི་འཐབ་ཇུས་ལག་བསྟར་དང་དཔལ་འབྱོར་གོང་འཕེལ་གཏོང་སྟངས་ལ་འགྱུར་ལྡོག་ཇེ་མགྱོགས་སུ་གཏོང་རྒྱུས་གཙོ་དོན་བྱེད་པ། སྒྱུར་བཅོས་སྒོ་དབྱེས་སྒུལ་ཤུགས་བྱེད་པ། མི་རིགས་མཐུན་སྒྲིལ་གྱིས་འགན་སྲུང་བྱེད་པ། དམངས་འཚོ་འགན་ལེན་དང་ལེགས་བཅོས་བྱ་རྒྱུས་དམིགས་ས་དང་དོན་ལ་བབ་ས་བྱེད་པ། སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་བྱ་རྒྱུས་ནང་དོན་གཙོ་བོ་བྱེད་པ་བཅས་བྱས་ནས “ལོ་ལྔ་ཚན་བཅུ་གཅིག་པའི ”གོང་འཕེལ་གྱི་གྲུབ་འབྲས་སྲ་བརྟན་གོང་འཕེལ་བཏང་སྟེ་དཔལ་འབྱོར་གོང་འཕེལ་སྔར་ལས་ཡག་པ་དང་། སྔར་ལས་མགྱོགས་པ། སྔར་ལས་ཆེ་བ་ཡོང་བ་དང་སྤྱི་ཚོགས་མཐུན་སྦྱོར་བརྟན་ལྷིང་ཡོང་རྒྱུར་སྐུལ་འདེད་བཏང་ནས་2020ལོར་སླེབས་སྐབས་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་རྒྱུའི་བརྗིད་རླབས་ཆེ་བའི་དམིགས་ཚད་འགྲུབ་རྒྱུར་སྲ་ཞིང་བརྟན་པའི་རྨང་གཞི་འདིང་རྒྱུ་དེ་ཡིན།
“ལོ་ལྔ་ཚན་བཅུ་གཉིས་པའི ”རིང་གོང་འཕེལ་སྔར་ལས་ཡག་པ་དང་། སྔར་ལས་མགྱོགས་པ། སྔར་ལས་ཆེ་བ་བཅས་ཡོང་བ་བྱེད་རྒྱུར་ངེས་པར་དུ་ཚན་རིག་དང་མཐུན་པའི་གོང་འཕེལ་དང་། མཆོང་སྐྱོད་ལྟ་བུའི་གོང་འཕེལ། ཡུན་རིང་བདེ་འཁོད་བཅས་ཡོང་བ་བྱེད་རྒྱུའི་བརྗོད་བྱ་གཙོ་བོ་དེ་ཐོག་མཐའ་བར་གསུམ་དུ་འབུར་དུ་ཐོན་པ་བྱེད་དགོས། དེ་ནི་རང་ལྗོངས་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་དང་འགལ་བ་དམིགས་བསལ་ཅན་དེས་ཐག་བཅད་པ་ཞིག་རེད། བོད་ལྗོངས་ནི་དར་རྒྱས་འགྲོ་འགོར་བའི་ས་ཁུལ་ཞིག་ཡིན་པས་ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ་མི་རྩ་བར་འཛིན་རྒྱུར་སྔར་བས་མཐོང་ཆེན་བྱས་ཐོགཕྱོགས་ཡོངས་དང་མགོ་ལུས་མཚུངས་པོ། རྒྱུན་བསྲིང་ཐུབ་པ་བཅས་ཀྱི་སྒོ་ནས་གོང་འཕེལ་གཏོང་རྒྱུར་སྔར་བས་མཐོང་ཆེན་དང་། གཅིག་གྱུར་འཆར་འགོད་དང་ཁྱོན་ཡོངས་ལ་ལྟ་རྟོག་བྱེད་རྒྱུར་སྔར་བས་མཐོང་ཆེན། དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་རྒྱུར་སྔར་བས་མཐོང་ཆེན་བཅས་བྱས་ནས་སྤྱི་ཚོགས་དེ་བཞིན་དྲང་གཞག་བདེན་སྐྱོང་གི་ཕྱོགས་སུ་སྐུལ་སྤེལ་གཏོང་ཐུབ་ན་གཞི་ནས་རྗེས་ཐོན་ཁྱད་ཡོན་གོང་འཕེལ་སྔར་བས་འདོན་སྤེལ་ཐུབ་ནས་གོང་འཕེལ་སྔར་ལས་ཡག་པ་དང་། སྔར་ལས་མགྱོགས་པ། སྔར་ལས་ཆེ་བ་བཅས་གོང་འཕེལ་གཏོང་ཐུབ་རྒྱུ་རེད། བོད་ལྗོངས་ནི་མཐའ་མཚམས་ས་ཁུལ་ཞིག་ཡིན་པ་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་ས་མདུན་མར་གནས་ཡོད་པར་བརྟེན་ཁ་ཙམ་མིན་པའི་སྒོ་ནས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་འདེད་བཏང་ནས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་བཅད་བརྟན་པོ་བཙུགས་ན་གཞི་ནས་གོང་འཕེལ་སྔར་ལས་ཡག་པ་དང་། སྔར་ལས་མགྱོགས་པ། སྔར་ལས་ཆེ་བ་བཅས་གཏོང་རྒྱུ་འགན་སྲུང་བྱེད་ཐུབ་རྒྱུ་རེད། “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་ང་ཚོས་ངེས་པར་དུ་སེམས་ཐག་གཙང་བཅད་ཀྱི་སྒོ་ནས་ཀྲུང་དབྱང་གི་ཐབས་ཇུས་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་ལྟར་སྔར་བས་ཧུར་བརྩོན་དང་། རང་འགུལ། རང་རྟོགས་བཅས་ཀྱི་སྒོ་ནས་བརྗོད་བྱ་གཙོ་བོ་འདི་ཉིད་ཆབ་སྲིད་ཀྱི་ལས་འགན་དང་ལོ་རྒྱུས་ཀྱི་འཁྲི་འགན་ལ་བརྩིས་ཏེ་ཕྱོགས་ཡོངས་ཀྱི་སྟོབས་ཤུགས་གཅིག་སྒྲིལ་བྱས་ནས་ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལམ་བུའི་ཐོག་མཆོང་སྐྱོད་ལྟ་བུའི་གོང་འཕེལ་ཡོང་བ་བྱེད་དགོས་པ་དང་། སྤྱི་ཚོགས་མཐུན་སྦྱོར་ཡོང་བ་བྱེད་རྒྱུའི་ནང་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་འདེད་གཏོང་དགོས།
ངེས་པར་དུ “ ཐོན་ལས་དང་པོ་ཆུ་ཚད་མཐོ་རུ་གཏོང་བ་དང་། ཐོན་ལས་གཉིས་པ་གཙོ་གནད་དམ་འཛིན་བྱེད་པ། ཐོན་ལས་གསུམ་པ་གོང་འཕེལ་ཤུགས་ཆེ་གཏོང་བ ”བཅས་ཀྱི་དཔལ་འབྱོར་གོང་འཕེལ་གྱི་འཐབ་ཇུས་ལག་བསྟར་ཤུགས་ཆེ་བྱེད་རྒྱུ་དང་དཔལ་འབྱོར་གོང་འཕེལ་གཏོང་སྟངས་ལ་འགྱུར་ལྡོག་ཇེ་མགྱོགས་སུ་གཏོང་རྒྱུའི་གཙོ་དོན་དེ་ཐོག་མཐའ་བར་གསུམ་དུ་ཁྱབ་པ་བྱེད་དགོས། ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག ཚན་རིག་དང་མཐུན་པའི་གོང་འཕེལ་གཏོང་རྒྱུར་ངེས་པར་དུ་དཔལ་འབྱོར་གྲུབ་ཆ་འཐབ་ཇུས་རང་བཞིན་ལེགས་སྒྲིག་བྱེད་རྒྱུ་དེ་དམིགས་འབེན་གཙོ་བོར་བརྩི་བ་དང་། ཚན་རྩལ་ཡར་ཐོན་དང་གསར་གཏོད་བྱེད་རྒྱུ་དེ་གལ་ཆེའི་འདེགས་སྐྱོར་ལ་བརྩི་བ། དམངས་འཚོ་འགན་ལེན་དང་ལེགས་བཅོས་བྱེད་རྒྱུ་དེ་རྩ་བའི་དམིགས་ས་དང་དོན་ལ་བབ་སར་བརྩི་བ། ཐོན་ཁུངས་ཟད་གྲོན་ཆུང་བ་དང་ཁོར་ཡུག་མཐུན་འཕྲོད་ཅན་གྱི་སྤྱི་ཚོགས་འཛུགས་སྐྲུན་བྱེད་རྒྱུ་དེ་ཤུགས་རྒྱག་སར་བརྩི་བ། སྒྱུར་བཅོས་སྒོ་དབྱེ་དེ་སྒུལ་ཤུགས་སྟོབས་ཆེན་ཞིག་ལ་བརྩི་བ་བཅས་བྱས་ཏེ་དཔལ་འབྱོར་གོང་འཕེལ་གཏོང་སྟངས་ལ་འགྱུར་ལྡོག་གཏོང་རྒྱུ་ཇེ་མགྱོགས་སུ་བཏང་ནས་ཕྱོགས་ཡོངས་དང་། མགོ་ལུས་མཚུངས་པོ། རྒྱུན་བསྲིངས་ཐུབ་པ་བཅས་ཀྱི་སྒོ་ནས་གོང་འཕེལ་གཏོང་རྒྱུའི་ཚད་གཞི་མཐོ་རུ་གཏོང་དགོས་ཞེས་ནན་བཤད་བྱས་ཡོད། དེར་རང་ལྗོངས་ཀྱི་ལས་དོན་ཁག་ལ་མཛུབ་ཁྲིད་ཀྱི་དོན་སྙིང་ཟབ་མོ་ལྡན་ཡོད། “ཐོན་ལས་དང་པོ་ཆུ་ཚད་མཐོ་རུ་གཏོང་རྒྱུ་དང་། ཐོན་ལས་གཉིས་པ་གཙོ་གནད་དམ་འཛིན་བྱེད་རྒྱུ། ཐོན་ལས་གསུམ་པ་གོང་འཕེལ་ཤུགས་ཆེ་གཏོང་རྒྱུ ”བཅས་ཀྱི་དཔལ་འབྱོར་གོང་འཕེལ་གཏོང་རྒྱུའི་འཐབ་ཇུས་ལག་བསྟར་བྱེད་རྒྱུ་དེ་ནི་རང་ལྗོངས་ཀྱི་དོན་དངོས་ལ་བསྟུན་པ་དང་། ཚན་རིག་དང་མཐུན་པའི་གོང་འཕེལ་གཏོང་རྒྱུ་མཐའ་འཁྱོངས། གོང་འཕེལ་གཏོང་སྟངས་ལ་འགྱུར་ལྡོག་ཇེ་མགྱོགས་སུ་གཏོང་བ། གོང་འཕེལ་གྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ་བཅས་ཀྱི་བྱ་སྤྱོད་ཀྱི་ཕྱོགས་སྟོན་ལྟ་བུ་ཡིན། ཐོན་ལས་དང་པོ་ཆུ་ཚད་མཐོ་རུ་གཏོང་རྒྱུ་ཞེས་པ་ནི། རྗེས་ལུས་ཀྱི་ཐོན་སྐྱེད་དང་གཉེར་སྐྱོང་བྱེད་སྟངས་འགྱུར་ལྡོག་བཏང་སྟེ་ཞིང་འབྲོག་ལས་ཀྱི་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་མ་ལག་གསར་པ་འཛུགས་རྒྱུ་ཇེ་མགྱོགས་སུ་གཏོང་རྒྱུ་དང་། ཁྱད་ལྡན་ཞིང་འབྲོག་ལས་དང་བཟོ་སྣོན་ལས་རིགས་གོང་འཕེལ་ཤུགས་ཆེ་གཏོང་རྒྱུ། ཞིང་འབྲོག་ལས་ཐོན་ལས་ཅན་གྱི་གཉེར་སྐྱོང་བྱེད་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ནས་སྲོལ་རྒྱུན་གྱི་ཞིང་འབྲོག་ལས་དེ་དེང་རབས་ཅན་གྱི་ཞིང་འབྲོག་ལས་ཕྱོགས་སུ་འགྱུར་རྒྱུར་སྐུལ་འདེད་བྱེད་རྒྱུ་དེ་ཡིན། ཐོན་ལས་གཉིས་པ་གཙོ་གནད་དམ་འཛིན་བྱེད་རྒྱུ་ཞེས་པ་ནི། ནུས་རྒྱུ་གཙང་མའི་ཐོན་ལས་དང་ཞིང་ཕྱུགས་ཁྱད་ལྡན་ཐོན་རྫས་བཟོ་སྣོན་ལས་རིགས། དགེ་སྟོབས་ཆེ་བའི་ས་གཏེར་ཐོན་ལས། ཨར་སྐྲུན་དང་ཨར་སྐྲུན་རྒྱུ་ཆའི་ལས་རིགས། བོད་སྨན་ལས་རིགས། མི་རིགས་ཀྱི་ལག་ཤེས་བཟོ་ལས་སོགས་ཀྱིས་གཙོ་གནད་བྱས་ཏེ་ཐོན་ཁུངས་སྒྲིལ་བཅོས་བྱས་ནས་དམིགས་གཞི་མཐོ་བ་དང་གཞི་ཁྱོན་ཆེ་བའི་ཕྱོགས་སུ་སྐུལ་སྤེལ་བཏང་ཐོག ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་གསར་དར་བཟོ་ལས་ཅན་གྱི་ལམ་བུ་གཏོད་རྒྱུ་དེ་རེད། ཐོན་ལས་གསུམ་པ་གོང་འཕེལ་ཤུགས་ཆེ་གཏོང་རྒྱུ་ཞེས་པ་ནི། ཡུལ་སྐོར་ལས་རིགས་རྩེ་གྲ་དང་ཁྱད་ལྡན་རིག་གནས་ཐོན་ལས་ཀྱི་ཁྲིད་སྟོན་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་དེང་དུས་ཀྱི་ཞབས་ཞུའི་ལས་རིགས་གོང་འཕེལ་ཤུགས་ཆེ་གཏོང་བ་དང་། བཟོ་ཞིང་ཐོན་སྐྱེད་དང་འབྲེལ་བ་དམ་ཟབ་ཡོད་པའི་ཞབས་ཞུའི་ལས་རིགས་གོང་འཕེལ་ཇེ་མགྱོགས་སུ་གཏོང་བ། སྲོལ་རྒྱུན་གྱི་ཞབས་ཞུའི་ལས་རིགས་སྤུས་རིམ་བཟང་དུ་གཏོང་བ་བཅས་བྱས་ནས་ས་གནས་ཀྱི་ཁྱད་ཆོས་ལྡན་པ་དང་གཞན་ལས་ལེགས་པའི་འཐབ་ཇུས་ཀྱི་འདེགས་སྐྱོར་ཐོན་ལས་སུ་དངོས་འབྲེལ་འགྱུར་ཐུབ་པ་བྱེད་རྒྱུ་དེ་ཡིན།
“ལོ་ལྔ་ཚན་བཅུ་གཉིས་པའི ”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་གཞི་རྩའི་བླང་བྱ་ནི། གོང་འཕེལ་ཇེ་མགྱོགས་སུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་རང་ངོས་གོང་འཕེལ་གཏོང་ནུས་ཆེ་རུ་གཏོང་རྒྱུའི་ཐད་འགག་སྒྲོལ་ཐུབ་རྒྱུར་ཤུགས་རྒྱག་དགོས་པ་དང་། གོང་འཕེལ་གྱི་འབྲས་བུ་མཉམ་སྤྱོད་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ་དམངས་འཚོ་འགན་ལེན་དང་ལེགས་བཅོས་བྱེད་རྒྱུའི་ཐད་འགག་སྒྲོལ་ཐུབ་རྒྱུར་ཤུགས་རྒྱག་དགོས་པ། རྒྱུན་བསྲིངས་ནས་གོང་འཕེལ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་སྣོད་བཅུད་སྲུང་སྐྱོང་དང་ལེགས་སྐྱོང་བྱེད་རྒྱུའི་ཐད་འགག་སྒྲོལ་ཐུབ་རྒྱུར་ཤུགས་རྒྱག་དགོས་པ། མཐུན་སྦྱོར་གོང་འཕེལ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་ཡུན་རིང་བདེ་འཁོད་ཡོང་བའི་ནུས་པ་ལེགས་སྐྱོང་བྱེད་རྒྱུའི་ཐད་འགག་སྒྲོལ་ཐུབ་རྒྱུར་ཤུགས་རྒྱག་དགོས་པ། གཅིག་གྱུར་འཆར་འགོད་བྱས་ནས་གོང་འཕེལ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་གོང་འཕེལ་གཏོང་ཡུལ་བཀོད་སྒྲིག་ཡག་པོ་བྱེད་རྒྱུའི་ཐད་འགག་སྒྲོལ་ཐུབ་རྒྱུར་ཤུགས་རྒྱག་དགོས་པ། གསར་གཏོད་གོང་འཕེལ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་སྒྲིག་གཞི་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུའི་ཐད་འགག་སྒྲོལ་ཐུབ་རྒྱུར་ཤུགས་རྒྱག་དགོས་པ་བཅས་གོང་གསལ་ཕྱོགས་དྲུག་པོ་འདི་ནི་རང་ལྗོངས་ཀྱིས་ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་དཔལ་འབྱོར་གོང་འཕེལ་གཏོང་སྟངས་ལ་འགྱུར་ལྡོག་གཏོང་རྒྱུར་ཤུགས་རྒྱག་རྒྱུ་དང་། གོང་འཕེལ་གྱི་སྤུས་ཚད་མཐོ་རུ་གཏོང་རྒྱུར་ངེས་པར་དུ་མཐའ་འཁྱོངས་བྱེད་དགོས་པའི་གཞི་རྩའི་རྩ་དོན་ཞིག་ཡིན་ལ། རང་ལྗོངས་ཀྱི “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་ཚན་རིག་དང་མཐུན་པའི་གོང་འཕེལ་གཏོང་རྒྱུའི་ལམ་བུའི་ཐོག་མཆོང་སྐྱོད་ལྟ་བུའི་གོང་འཕེལ་ཡོང་བའི་དམིགས་ཚད་བླང་བྱ་ཞིག་ཀྱང་ཡིན།
“ལོ་ལྔ་ཚན་བཅུ་གཉིས་པའི ”རིང་འཕྲད་སྲིད་པའི་དུས་བབ་དང་ལས་འགན་ལ་གཞིགས་ཏེ། 《རྩ་གནད 》ནང་དཔལ་འབྱོར་གོང་འཕེལ་དང་། མི་དམངས་ཀྱི་འཚོ་བ། སྤྱི་པའི་ཞབས་ཞུ། རྨང་གཞིའི་སྒྲིག་བཀོད། སྣོད་བཅུད་ཁོར་ཡུག སྒྱུར་བཅོས་སྒོ་དབྱེ། སྤྱི་ཚོགས་བརྟན་ལྷིང་བཅས་ཕྱོགས་བདུན་ཐད་ཀྱི་དམིགས་ཚད་བཏོན་ཡོད་པའི་ནང་། གཙོ་བོ་མཆོང་སྐྱོད་ལྟ་བུའི་གོང་འཕེལ་གཏོང་རྒྱུའི་འཕེལ་ངོ་བཟང་པོ་མུ་མཐུད་མཐའ་འཁྱོངས་བྱས་ཏེ། ས་གནས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་ཆ་སྙོམས་ལོ་རེར་12%ཡན་དང་ས་གནས་ནོར་སྲིད་ཀྱི་སྤྱིར་བཏང་སྔོན་རྩིས་ཡོང་འབབ་ཆ་སྙོམས་ལོ་རེར་15%ཡན་འཕར་བ་བྱེད་དགོས་པ་དང་། མི་དམངས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་འགྲོ་བ་བྱས་ཏེ་ཞིང་འབྲོག་མི་རེའི་ཆ་སྙོམས་ཡོང་འབབ་13%ཡན་འཕར་བ་བྱེད་དགོས་པ་དང་གྲོང་ཁྱེར་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་རྒྱུན་མཐུད་ནས་འཕར་བ་བྱེད་དགོས་པ། སླད་ཕྱིན་ལོ་ལྔའི་ནང་ཚུན་དུ་གྲོང་ཁྱེར་གྲོང་རྡལ་དུ་གསར་འཕར་ལས་ཞུགས་མི་གྲངས་ཁྲི་10བརྒལ་ཐུབ་པ་བྱེད་དགོས་པའི་ཐོག གྲོང་ཁྱེར་གྲོང་རྡལ་གྱི་ཐོ་འགོད་ལས་ཤོར་གྲངས་འབོར་4%ནང་ཚུན་དུ་ཚོད་འཛིན་ཐུབ་པ་བཅས་བྱེད་དགོས། གཞི་རྩའི་སྤྱི་པའི་ཞབས་ཞུ་བྱེད་ནུས་མངོན་གསལ་དོད་པོས་ཤུགས་ཆེར་གཏོང་དགོས་པ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་རྒྱུར་གྲུབ་འབྲས་ཆེན་པོ་ཐོབ་པ་བྱེད་དགོས་པ། སྣོད་བཅུད་ཁོར་ཡུག་སྔར་བས་ལེགས་སུ་བཏང་ནས་2015ལོར་སླེབས་དུས་ས་གནས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་རྩིས་གཞིར་བྱས་པའི་ནུས་རྒྱུ་ཟད་གྲོན་བྱེད་ཚད 15%ཆག་པ་བྱེད་དགོས་པ། སྦགས་བཙོག་དངོས་རིགས་གཙོ་གྲས་བཤང་འབུད་བྱེད་འབོར་དེ་རྒྱལ་ཁབ་ཀྱི་གཏན་འབེབས་ནང་ཚུན་དུ་ཚོད་འཛིན་ཐུབ་པ་བྱེད་དགོས་པ། སྒྱུར་བཅོས་སྒོ་དབྱེ་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་དགོས་པ། སྤྱི་ཚོགས་མུ་མཐུད་བརྟན་ལྷིང་ཡོང་བ་བྱེད་དགོས་པ་བཅས་ཡིན།
གོང་གསལ་ཕྱོགས་བདུན་པོའི་དམིགས་ཚད་ཁོངས་ནས་གྲོང་ཁྱེར་གྲོང་རྡལ་གྱི་གསར་འཕར་ལས་ཞུགས་མི་འབོར་དང་ས་གནས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་རྩིས་གཞིར་བྱས་པའི་ནུས་རྒྱུ་ཟད་གྲོན་སོགས་དོན་ཚན་ཁག་6པོ་དེ་དག་ནི་གཅུན་འདོམས་རང་བཞིན་གྱི་དམིགས་ཚད་ཡིན་པས་ངེས་པར་དུ་ལེགས་འགྲུབ་ཐུབ་པ་བྱེད་དགོས། དེ་མིན་གྱི་དམིགས་ཚད་ནི་སྔོན་དཔག་རང་བཞིན་དང་ཕྱོགས་སྟོན་རང་བཞིན་གྱི་དམིགས་ཚད་ཡིན་པས་འགྲུབ་གང་ཐུབ་བྱེད་དགོས།
“ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ཀྱི་རྩ་གནད་ནང་འཐབ་ཇུས་རང་བཞིན་དང་། རྩ་འཛིན་རང་བཞིན། ཕྱོགས་བསྡུས་རང་བཞིན་བཅས་འབུར་དུ་བཏོན་ཡོད་པས། དམིགས་ཚད་ཀྱི་གཅུན་འདོམས་རང་བཞིན་ཆེ་རུ་ཕྱིན་ཡོད་པ་དང་། ཐག་གཅོད་བྱེད་དགོས་པའི་གནད་དོན་གཙོ་བོ་དང་གཙོ་གནད་གོང་འཕེལ་གཏོང་ཁོངས་ལ་དམིགས་ཏེ་འབད་བརྩོན་བྱེད་ཕྱོགས་དང་། འབྲེལ་མཚུངས་ཀྱི་སྲིད་ཇུས་ཀྱི་བྱ་ཐབས་བཏོན་ཡོད། འཆར་འགོད་རྩ་གནད་བཟོ་ཕྱོགས་ཐད་དམངས་གཙོ་དར་སྤེལ་གང་ལེགས་བཏང་སྟེ། བསམ་འཆར་དང་གྲོས་འཆར་རྒྱ་ཁྱབ་ཏུ་ཉན་པར་བརྟེན་ཏང་ཨུད་དང་སྲིད་གཞུང་གི་ཇུས་ཐབས་ཀྱི་དགོངས་གཞི་དང་སྲིད་སྐྱོང་གི་མཛད་ཕྱོགས་གཅིག་སྡུད་ཀྱིས་མཚོན་ཐུབ་ཀྱི་ཡོད་ལ། ཕྱོགས་ཁག་གི་གཅིག་གྱུར་གྱི་འདོད་འདུན་དང་མང་ཚོགས་ཀྱི་བློ་གྲོས་ཀྱང་འདུས་ཡོད་པས། དེ་ནི་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་མཐུན་སྒྲིལ་དང་། དམངས་གཙོ། འབྱོར་ཕྱུག ཤེས་དཔལ། མཐུན་སྦྱོར་བཅས་དང་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་རྩ་འཛིན་ཞིག་ཡིན།
འགན་འཁུར་རྩོམ་སྒྲིག་པ། admin
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣