བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་1ཚེས་10ཉིན་གནས་ཚུལ་འབྱོར་གསལ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་པད་མ་འཕྲིན་ལས་ཀྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ཚོགས་འདུ་ཐེངས་བཞི་པའི་ཐོག་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་མཛུབ་སྟོན་གནང་དོན། ལོ་ལྔའི་རིང་ང་ཚོས་ཐོག་མཐའ་བར་གསུམ་དུ་གོང་འཕེལ་གཏོང་རྒྱུ་དེ་ལས་འགན་ཨང་དང་པོར་བརྩིས་ཏེ་མཐའ་འཁྱོངས་བྱས་ནས་འགོག་རྐྱེན་སྣ་ཚོགས་སེལ་ཏེ་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ལེགས་སུ་ཤུགས་ཆེ་བཏང་བ་དང་། ཁྱད་ལྡན་ཐོན་ལས་མངོན་གསལ་དོད་པོས་སྐྱོང་སྤེལ་བྱས་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཛད་སྤྱོད་བྱེད་རྒྱ་ཆེ་རུ་ཧུར་ཐག་བཏང་བ་བཅས་ཀྱིས་རང་སྟོབས་རང་སྤེལ་གྱི་ནུས་པ་སྔར་བས་ཆེ་རུ་སོང་ཞིང་། གོང་འཕེལ་དེ་བས་ལེགས་པ་དང་། དེ་བས་མྱུར་བ། དེ་བས་ཆེ་བ་བཅས་ཡོང་རྒྱུར་དངོས་པོའི་རྨང་གཞི་སྲ་ཞིང་བརྟན་པ་ཞིག་བཏིང་ཡོད།
དཔལ་འབྱོར་སྤྱི་འབོར་སླར་ཡང་སྐས་རིམ་གསར་པར་སླེབས་པ། ཀྲུང་དབྱང་གི་ཇུས་ཐག་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་ནས་དུས་དང་འཚམ་ཞིང་ཚད་རན་པོས་སྲིད་གཞུང་གིས་སྟངས་འཛིན་བྱས་ཏེ། “ནང་མཁོ་རྒྱ་ཆེར་གཏོང་བ་དང་འཕར་སྣོན་འགན་སྲུང་”བྱེད་པའི་སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པ་བཏོན་པས། ལོ་ལྔ་བསྟུད་མར་དཔལ་འབྱོར་འཕར་ཚད་གྲངས་གནས་གཉིས་མཐོ་རུ་སོང་སྟེ། མཆོང་སྐྱོད་ལྟ་བུའི་གོང་འཕེལ་གཏོང་བའི་འཕེལ་ངོ་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད། ལྗོངས་ཡོངས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྔ་རྗེས་སུ་སྒོར་དུང་ཕྱུར་300དང་། 400 500བཅས་ལས་རིམ་བཞིན་བརྒལ་ཏེ་སྔོན་རྩིས་བྱས་ན་2010ལོར་སྒོར་དུང་ཕྱུར་506ཟིན་རྒྱུ་ཡིན་ཞིང་། ལོ་རེར་ཆ་སྙོམས་12.4%འཕར་རྒྱུ་རེད། ལྗོངས་ཡོངས་ཀྱི་སྤྱི་ཚོགས་གཏན་འཇགས་ཀྱི་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་སྡེབ་རྩིས་བྱས་ན་སྒོར་དུང་ཕྱུར་1630ཟིན་ཞིང་། ལོ་ལྔ་ཚན་བཅུ་པའི་ལྡབ་2.3ཡིན། སྤྱི་ཚོགས་ཀྱི་འཛད་སྤྱོད་སིལ་ཚོང་སྤྱི་འབོར་སྡེབ་རྩིས་བྱས་ན་སྒོར་དུང་ཕྱུར་669ཟིན་པ་དེ “ལོ་ལྔ་ཚན་བཅུ་པ ”དང་བསྡུར་ན་ལྡབ་1.3འཕར་ཡོད། ས་གནས་ནོར་སྲིད་ཀྱི་སྤྱིར་བཏང་སྔོན་རྩིས་ཡོང་འབབ་སྡེབ་རྩིས་བྱས་ན་སྒོར་དུང་ཕྱུར་125.8ཟིན་པ་དེ “ལོ་ལྔ་ཚན་བཅུ་པའི ”རིང་གི་ལྡབ་3ལ་ཉེ་བ་ཟིན་ཡོད། 2010ལོའི་ལོ་མཇུག་བར་སྔོན་དཔག་བྱས་ན་དངུལ་རྩའི་ལས་ཁུངས་ལ་རིགས་མི་འདྲ་བའི་བཅོལ་དངུལ་ལྷག་འཕྲོས་སྒོར་དུང་ཕྱུར་1230དང་དངུལ་བུན་ལྷག་འཕྲོས་སྒོར་དུང་ཕྱུར་290ཟིན་རྒྱུ་ཡིན་ཞིང་། “ལོ་ལྔ་ཚན་བཅུ་པའི ”དུས་མཇུག་དང་བསྡུར་ན་ཁག་སོ་སོར་ལྡབ་1.7དང་62%འཕར་རྒྱུ་རེད།
རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོབ་པ། རྒྱལ་ཁབ་ནས་མ་དངུལ་རག་ཐབས་ཧུར་ཐག་བྱས་པ་དང་། སྤྱི་ཚོགས་ནས་མ་འཇོག་བྱེད་རྒྱ་ཆེ་རུ་བཏང་བ། བོད་སྐྱོར་མ་དངུལ་དོན་འཁྱོལ་བྱས་པ་བཅས་ཀྱིས་མ་འཇོག་གཞི་ཁྱོན་ཟམ་མི་ཆད་པར་རྒྱ་ཆེར་སོང་ཡོད། དེ་ཡང་“188རྣམ་གྲངས ”ཚང་མ་ལས་འགོ་བཙུགས་ཟིན་ཞིང་། རྣམ་གྲངས་109ལས་མཇུག་བསྒྲིལ་ཡོད། རྣམ་གྲངས་ཀྱི་སྔོན་གྲབས་ལས་ཀ་ཡག་པོ་བསྒྲུབས་པ་དང་། རྣམ་གྲངས་འཛུགས་སྐྲུན་དང་དོ་དམ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་པས་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་སོང་ཡོད། ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་དྲ་རྒྱ་ཐོག་མའི་ཆར་གྲུབ་པ་དང་། མེ་ཏོག་གཞུང་ལམ་དང་ལྷ་ས་ནས་གོང་དཀར་གནམ་ཐང་བར་གྱི་ཆེད་སྤྱོད་གཞུང་ལམ་སྐྲུན་འགོ་ཚུགས་པ། རྒྱལ་ལམ་80%ཡན་ལ་སྣུམ་ནག་ལམ་བཟོས་ཟིན་པ། རྫོང་ཁག་54ལ་སྣུམ་ནག་ལམ་བཏིང་ཟིན་པ་དང་རྫོང་ཁག་6ལ་སྣུམ་ནག་ལམ་འདིང་བཞིན་ཡོད་པས་གཞུང་ལམ་ཐོག་འཁོར་རིགས་ཤར་གཏོང་ཐུབ་པའི་ལམ་ཚད་སྤྱི་ལེ་ཁྲི་5.8ཟིན་ཞིང་། “ལོ་ལྔ་ཚན་བཅུ་པའི ”དུས་མཇུག་དང་བསྡུར་ན་33%འཕར་ཡོད། མཚོ་བོད་ལྕགས་ལམ་བཟོས་ནས་མེ་འཁོར་ཤར་གཏོང་ཐུབ་སྟེ་བོད་ལ་ལྕགས་ལམ་མེད་པའི་ལོ་རྒྱུས་མཇུག་བསྒྲིལ་བ་དང་། ནག་ཆུའི་ཟོག་འགྲེམས་ལྟེ་གནས་བསྐྲུན་ཏེ་ལས་གཉེར་བྱས་པ་དང་། ལྷ་གཞིས་ལྕགས་ལམ་བཟོ་འགོ་ཚུགས་པ། ཉིང་ཁྲི་དང་། མངའ་རིས། གཞིས་རྩེ་བཅས་ཀྱི་གནམ་ཐང་བསྐྲུན་ནས་གནམ་གྲུ་ཤར་གཏོང་ཐུབ་ཡོད། ཆུ་གློག་གིས་གཙོ་རྐང་བྱས་པའི་ཕྱོགས་བསྡུས་ནུས་རྒྱུ་མ་ལག་གང་མགྱོགས་བཙུགས་ཤིང་། སེང་གེ་ཁ་འབབ་དང་། འབྲི་གུང་། བྲག་ཆུ་ཞོལ་ཁ་སོགས་གློག་ཁང་བསྐྲུན་ནས་གློག་གཏོང་འགོ་ཚུགས་པ། རྫམ་དང་གོ་རྡོག་སོགས་གློག་ཁང་བདེ་བླག་ངང་སྐྲུན་བཞིན་ཡོད་པ། མཚོ་བོད་ཐད་རྒྱུག་གློག་གི་དྲ་སྦྲེལ་ལས་གྲྭ་སྐྲུན་འགོ་ཚུགས་པ་དང་། གློག་མེད་པའི་ས་ཁུལ་དུ་གློག་ཤུགས་འཛུགས་སྐྲུན་ཏན་ཏིག་བྱེད་བཞིན་ཡོད་པས་ལྗོངས་ཡོངས་ཀྱི་གློག་འདོན་འཕྲུལ་ཤུགས་སྤྱི་འབོར་ཆན་ཝ་ཁྲི་97.4ཟིན་པ་དེ “ལོ་ལྔ་ཚན་བཅུ་པའི ”དུས་མཇུག་དང་བསྡུར་ན་ཆན་ཝ་ཁྲི་47.4འཕར་བ་དང་། སྐྲུན་བཞིན་པའི་གཞི་ཁྱོན་ལ་ཆན་ཝ་ཁྲི་95.6ཟིན་ཡོད། ཆུ་བེད་རྨང་གཞིའི་སྒྲིག་བཀོད་ལེགས་སུ་སོང་ཞིང་། “ཆུ་འདྲེན་ཁུལ་ཆེ་མོ་གསུམ ”གྱི་ལས་གྲྭ་མཇུག་སྒྲིལ་མཚམས་སུ་སླེབས་པ་དང་། ཡར་གཙང་བྱང་རྒྱུད་ཀྱི་ཆུ་འདྲེན་ཁུལ་འཛུགས་སྐྲུན་མྱུར་པོ་བྱེད་བཞིན་པ། ཕོད་མདོ་ཆུ་བེད་ལྟེ་གནས་ལས་གྲྭ་གང་མགྱོགས་སྐྲུན་བཞིན་ཡོད་པས། ཆུ་འདྲེན་རྒྱ་ཁྱོན་མུའུ་ཁྲི་111ཆེ་རུ་སོང་བ་དང་ལེགས་བཅོས་བྱུང་ཡོད། གྲོང་ཁྱེར་གྲོང་རྡལ་གྱི་ཞབས་ཞུའི་ནུས་པ་སྔར་བས་ཆེ་རུ་བཏང་ཡོད། ཆ་འཕྲིན་ཅན་དུ་སྒྱུར་བའི་ཆུ་ཚད་མཐོ་རུ་གང་ཙམ་སོང་ཞིང་། རྫོང་ཚང་མར་3Gདྲ་རྒྱ་ཁེབས་པ་དང་། ཨིན་སྦྲེལ་དྲ་རྒྱ་སྤྱོད་མཁན་ཐེམ་དུད་ཁྲི་115ལས་བརྒལ་བ། ཤང་ཚང་མར་འོད་ཆུན་དང་བཪྙན་སྐྱེལ་གཞི་རྩའི་ཆར་འཁྲིད་ཐུབ་པ་བྱུང་ཡོད།
གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཛད་སྤྱོད་མཉམ་དུ་འཕེལ་རྒྱས་སོང་བ། ཁྲོམ་རའི་མ་ལག་ཟམ་མི་ཆད་པར་འཐུས་ལེགས་སུ་བཏང་བ་དང་། ཁྲོམ་རར་ལྟ་སྡོམ་བྱེད་ཤུགས་ཆེ་རུ་བཏང་བ། འཛད་སྤྱོད་དགོས་མཁོ་ཤུགས་ཆེར་བཏང་བ་བཅས་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཛད་སྤྱོད་གོམ་པ་མཉམ་བགྲོད་ཀྱིས་གོང་འཕེལ་འགྲོ་བའི་རྣམ་པ་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད། ཞིང་འབྲོག་ཁུལ་གྱི་ཁྲོམ་ར་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཞིང་འབྲོག་ཐོན་ཟོག་སྡེབ་ཚོང་ཁྲོམ་ར་ཆེ་ཁག་12དང་། རྫོང་རིམ་པའི་ཞིང་ཟོག་ཁྲོམ་ར་ཁག་45 དང་ཞིང་དུད་ཚོང་ཁང་ཁག་1859གསར་གཉེར་བྱས་ཡོད། བོད་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་ཁྱིམ་སྤྱོད་གློག་ཆས་དང་། ཞིང་འཕྲུལ། རླངས་འཁོར། སྦག་སྦག་བཅས་གཤམ་གཏོང་གི་སྲིད་ཇུས་དོན་འཁྱོལ་ནན་ཏན་བྱས་ཏེ་ཁ་གསབ་སྤྲོད་ཡུལ་རྒྱ་ཆེར་བཏང་བ་དང་། ཁ་གསབ་སྤྲོད་རྒྱུའི་ཚད་གཞི་མཐོ་རུ་བཏང་ཡོད། སྡོད་ཁང་དང་མོ་ཊའི་འཛད་སྤྱོད་འཕེལ་ངོ་ཆེན་པོ་ཡོད་པ་དང་། ཡུལ་སྐོར་དང་། འཕྲིན་གཏོང་། བཟའ་བཏུང་། སྤྲོ་གསེང་སོགས་འཛད་སྤྱོད་དར་སོ་ཆེ་རིགས་གོང་འཕེལ་འགྲོ་རྒྱུ་སྔར་བས་སྲ་བརྟན་དུ་བཏང་ཡོད། 2008ལོའི་འཛད་སྤྱོད་ཁྲོམ་རར་ཉམས་ཆག་ཆེ་ཙམ་བྱུང་བའི་གནས་ཚུལ་ལ་དམིཌ་ཏེ་དཔྱ་ཁྲལ་རྩ་ཆག་དང་ཆག་ཡང་གཏོང་རྒྱུ་དང་དམིགས་བསལ་རོགས་དངུལ་སྤྲོད་པ་སོགས་ཀྱི་བྱ་ཐབས་རབ་དང་རིམ་པ་སྤྱད་ནས་ཁྲོམ་རའི་གསོན་ཤུགས་འཕེལ་བར་བྱས་པ་དང་། གྲོང་མིའི་འཛད་སྤྱོད་བྱེད་ཤུགས་སླར་གསོ་ཐུབ་པ་བྱུང་ཡོད།
ཐོན་ལས་སྐྱོང་སྤེལ་བྱེད་རྒྱུར་གོམ་སྟབས་གསར་པ་སྤོས་པ། ཁྱད་ཆོས་དང་གཞི་ཁྱོན་གལ་ཆེ་མཉམ་འཛིན་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས་ཆེད་དམིགས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་ཁྱད་ལྡན་དགེ་སྟོབས་ཆེ་བའི་ཐོན་ལས་གོང་འཕེལ་མྱུར་པོ་བྱུང་བ་དང་བཟོ་ལས་དཔལ་འབྱོར་གོང་འཕེལ་འགྲོ་ཤུགས་ཆེན་པོ་བྱུང་ཡོད། ཞིང་འབྲོག་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་ཧུར་ཐག་བྱས་ཤིང་། འབྲུ་རིགས་ཐོན་སྐྱེད་བརྟན་པོ་བྱུང་བ་དང་། ཞིང་འབྲོག་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་སྔར་བས་ཆེ་རུ་སོང་ཡོད། མ་དངུལ་སྒོར་དུང་ཕྱུར་18སྒྲིལ་སྤྱོད་བྱས་ཏེ་ཁྱད་ལྡན་ཞིང་འབྲོག་ལས་གོང་འཕེལ་གཏོང་རྒྱུར་གཞོགས་སྐྱོར་བྱས་ཡོད། དགེ་སྟོབས་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་ཨར་སྐྲུན་བཟོ་ལས་དང་། ཨར་སྐྲུན་རྒྱུ་ཆས། གཏེར་ལས། ཡུལ་སྐོར། བོད་སྨན་བཅས་ཀྱི་ཚོགས་ཚོ་བདེ་བླག་ངང་སྒྲིག་འཛུགས་བྱས་ཡོད། གཅིག་གྱུར་འཆར་འགོད་དང་། ཁྱད་ཆོས་འབུར་ཐོན། གཅིག་སྡུད་འཛུགས་སྐྱོང་བཅས་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ་སྡེ་ཁུལ་དཔལ་འབྱོར་གོང་འཕེལ་ཇེ་མགྱོགས་སུ་བཏང་ཡོད། ས་གཤིས་རྩད་ཞིབ་ལས་དོན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་པར་བརྟེན་གཏེར་རྫས་རྩད་བཤེར་ལས་དོན་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད། ཆེ་འཛིན་ཆུང་བཀག་དང་སྒྲིལ་བཅོས་སྟོབས་ཆེར་གཏོང་བའི་རྩ་དོན་གཞིར་བཟུང་གཏེར་ཁ་སྔོག་འདོན་གྱི་སྒྲིག་ལམ་སྔར་བས་ཚད་ལྡན་བཟོས་ཤིང་། རྒྱ་མའི་ཟངས་གཏེར་སོགས་གཙོ་གནད་གཏེར་ལས་གསར་སྤེལ་རྣམ་གྲངས་གཉེར་སྐྱོང་གང་མགྱོགས་བྱས་ཡོད། དྲིལ་བསྒྲགས་བྲིན་ཚོང་དང་ཞབས་ཞུ་སྒྲུབ་སྟངས་ལེགས་སུ་བཏང་ནས་དགུན་དུས་ཀྱི་ཡུལ་སྐོར་དང་གྲོང་གསེབ་ཀྱི་ཡུལ་སྐོར་མངོན་གསལ་དོད་པོས་དམ་འཛིན་བྱས་པས་ཡུལ་སྐོར་ལས་རིགས་གོང་འཕེལ་མྱུར་པོ་བྱུང་ཞིང་། སྔོན་དཔག་བྱས་ན་2010ལོར་ལྗོངས་ཡོངས་ཀྱིས་སྣེ་ལེན་ཞུས་པའི་ཡུལ་སྐོར་བ་མི་ཐེངས་ཁྲི་682ཟིན་རྒྱུ་ཡིན་པ་དང་། ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་69.3ཟིན་རྒྱུ་ཡིན་པ་དེ་ཁག་སོ་སོར་2005ལོ་དང་བསྡུར་ན་ལྡབ་2.8དང་2.6འཕར་ཡོད། དངུལ་རྩའི་ཐོག་ནས་དཔལ་འབྱོར་ལ་ཞབས་ཞུ་སྒྲུབ་པའི་གལ་ཆེའི་ནུས་པ་འདོན་སྤེལ་གང་ལེགས་ཐུབ་ཡོད། ཚོང་དོན་འཁོར་རྒྱུག་དང་། འགྲིམ་འགྲུལ་སྐྱེལ་འདྲེན། སྦྲག་ལས་འཕྲིན་གཏོང་སོགས་ཞབས་ཞུའི་ལས་རིགས་གོང་འཕེལ་ཆེན་པོ་བྱུང་ཡོད།