བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་1ཚེས་10ཉིན་གནས་ཚུལ་འབྱོར་གསལ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་པད་མ་འཕྲིན་ལས་ཀྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ཚོགས་འདུ་ཐེངས་བཞི་པའི་ཐོག་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་མཛུབ་སྟོན་གནང་དོན། ལོ་ལྔའི་རིང་ང་ཚོས་སྔ་བར་ཕྱི་གསུམ་དུ་ཕུགས་འཕེར་གྱི་ཇུས་གཞི་འདིང་བ་དང་རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་མཐའ་འཁྱོངས་བྱས་ནས་དམངས་སེམས་གཅིག་སྒྲིལ་དང་སྟོབས་ཤུགས་གཅིག་སྡུད་བྱས་ཏེ་སྤྱི་ཚོགས་ཀྱི་བརྟན་ལྷིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་པ་དང་། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་པ། རྒྱུན་ལྡན་གྱི་ཆོས་ལུགས་སྒྲིག་ལམ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་པ་བཅས་ལ་བརྟེན་སྤྱི་ཚོགས་ཀྱི་དུས་བབ་རྒྱུན་མཐུད་བརྟན་ལྷིང་ཡོང་བ་དང་། གོང་འཕེལ་སྔར་ལས་ཡག་པ་དང་། སྔར་ལས་མགྱོགས་པ། སྔར་ལས་ཆེ་བ་བཅས་ཡོང་བའི་བསམ་བློ་དང་སྤྱི་ཚོགས་ཀྱི་རྨང་གཞི་སྔར་ལས་བརྟན་པ་བཏིང་ཡོད།
ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་རྒྱལ་ཁ་ཆེན་པོ་ཐོབ་པ། ཏཱ་ལའི་རུ་ཚོགས་ལ་འཐབ་རྩོད་བྱེད་རྒྱུའི་ཀྲུང་དབྱང་གི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་དར་ཆ་གསལ་སྟོན་གྱིས་ཏཱ་ལར་ཐེར་འདོན་དགག་རྒྱག་བྱས་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་ཡོད། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་དམ་པོར་བརྟེན་ནས་ལྷ་སའི “གསུམ་པའི་བཅུ་བཞིའི ”རྡུང་གཅོག་འཕྲོག་སྲེག་གི་ཚབས་ཆེའི་གཏུམ་སྤྱོད་ཉེས་གསོག་དོན་རྐྱེན་ཁྲིམས་ལུགས་གཞིར་བཟུང་འཕྲལ་ཐག་ཆོད་པོས་ཐག་གཅོད་བྱས་པ་དང་། དུས་ཐུང་ནང་རྒྱུན་ལྡན་གྱི་སྤྱི་ཚོགས་སྒྲིག་ལམ་སླར་གསོ་བྱས་ཏེ་ཏཱ་ལའི་རུ་ཚོགས་དང་རྒྱལ་ཁབ་ཕྱི་ནང་གི་དགྲ་ཡའི་ཕྱོགས་གཏོགས་ཀྱི་ཁ་ཕྲལ་གཏོར་བཤིག་བྱེད་སྒོར་རྡུང་རྡེག་ཚ་ནན་བཏང་ཡོད། “ཁ་ཕྲལ་ལ་ངོ་རྒོལ་དང་། བརྟན་ལྷིང་སྲུང་སྐྱོང་། གོང་འཕེལ་ལ་སྐུལ་འདེད་གཏོང་བ ”བཅས་ཀྱི་བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་ནས “མཐུན་སྒྲིལ་བརྟན་ལྷིང་ནི་བདེ་སྐྱིད་དང་ཁ་ཕྲལ་ཟིང་ཆ་ནི་ཆག་སྒོ་ཡིན་པ ”ཚང་མས་རྒྱ་ཁྱབ་ཏུ་ངོས་འཛིན་གཅིག་མཐུན་བྱུང་སྟེ་ཏཱ་ལའི་རུ་ཚོགས་དང་འཐབ་རྩོད་བྱེད་པའི་བློ་བརྟན་འགྱུར་མེད་ཀྱི་བསམ་བློ་དང་། རང་རྟོགས་བྱེད་སེམས། རང་འགུལ་བྱེད་སེམས་བཅས་སྔར་བས་ཆེ་རུ་སོང་ཡོད།
སྤྱི་ཚོགས་དོ་དམ་བྱེད་རྒྱུར་སྔར་བས་ཤུགས་སྣོན་བརྒྱབ་པ། སྤྱི་ཚོགས་ཀྱི་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་འདྲ་མིན་རིགས་ལ་དོགས་ཟོན་ནན་པོ་དང་ཁྲིམས་ལུགས་གཞིར་བཟུང་རྡུང་རྡེག་བཏང་ཡོད། དོ་དམ་དང་ཞབས་ཞུ་གལ་ཆེ་མཉམ་འཛིན་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་ཕྱོགས་མིར་དོ་དམ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་པ་དང་སྡེ་ཁུལ་ལ་དོ་དམ་དང་ཞབས་ཞུ་སྒྲུབ་པའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་སོང་ཡོད། མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས་ཐོན་ཁུངས་གསར་སྤེལ་དང་། དབྱར་རྩྭ་དགུན་འབུ་བསྔོག་འཐུ་དང་ཉོ་ཚོང་། གླ་ཕོགས་ཆད་འགྱངས་སོགས་ཐད་ཀྱི་འགལ་ཟླ་དང་རྩོད་ཪྙོག་འཕྲལ་མར་འདུམ་སེལ་དང་ཐག་གཅོད་འཚམ་པོ་བྱས་པ་དང་། མི་དཔུང་ཁྱུ་སྒྲིག་གི་དོན་རྐྱེན་ཐོན་རྒྱུ་སྔོན་འགོག་ནུས་ལྡན་བྱས་པ་དང་ཐོན་རིགས་ཐག་གཅོད་འཚམ་པོ་བྱས་ཡོད། འཕྲལ་བསྟུན་དོ་དམ་མ་ལག་ཟམ་མི་ཆད་པར་ཚགས་ཚུད་དུ་བཏང་ནས་གློ་བུར་དུ་ཐོན་པའི་དོན་རྐྱེན་འདྲ་མིན་རིགས་ཐག་གཅོད་དང་འཕྲལ་སྡོམ་བྱས་ཡོད། གཞི་རིམ་གྱི་སྲིད་དབང་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་སྲིད་ཁྲིམས་ཀྱི་གཞི་རིམ་རྨང་གཞིའི་འཛུགས་སྐྲུན་བྱེད་རྒྱུར་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་པ་དང་གཞི་རིམ་གྱི་རྨང་གཞི་ཟམ་མི་ཆད་པར་སྲ་བརྟན་དུ་བཏང་ཡོད། འགྲོ་ལམ་འགྲིམ་འགྲུལ་དང་། བཟའ་བཅའ། སྨན་རྫས། གཏེར་ཁ། ཡུལ་སྐོར་བཅས་གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་ཐོན་སྐྱེད་བྱེད་རྒྱུའི་དོ་དམ་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ཡོང་བའི་འགན་ལེན་ནུས་ལྡན་བྱས་ཡོད། མི་རིགས་དང་ཆོས་ལུགས་ལས་དོན་ཟམ་མི་ཆད་པར་གཏིང་ཟབ་ཏུ་སོང་བ། མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་བ་དང་། “ཁ་འབྲལ་ཐབས་མེད་པ་གསུམ ”གྱི་བསམ་བློ་མི་སེམས་ལ་གཏིང་ཟབ་ཟུག་ཡོད། “མཐའ་དར་དམངས་ཕྱུག ”གི་ལས་ཀ་ཏན་ཏིག་བྱས་ནས་མི་འབོར་ཉུང་བའི་མི་རིགས་ས་ཁུལ་དང་མཐའ་མཚམས་ས་ཁུལ་མགྱོགས་མྱུར་གོང་འཕེལ་ཡོང་བ་བྱས་པ་དང་གྲངས་ཉུང་མི་རིགས་དང་བུད་མེད་ཀྱི་ལས་བྱེད་པ་གསོ་སྐྱོང་དང་བེད་སྤྱོད་བྱེད་རྒྱུར་མཐོང་ཆེན་བྱས་པ། བོད་སྐད་ཡིག་ལས་དོན་ལ་ཤུགས་སྣོན་བརྒྱབ་པ་བཅས་ལ་བརྟེན་མི་རིགས་ཁག་གི་མཐུན་སྒྲིལ་ཆེ་མོ་སྲ་བརྟན་གོང་འཕེལ་བྱུང་ཡོད། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ནས་དགོན་སྡེར་དོ་དམ་བྱེད་པའི་ནུས་པ་རྒྱུན་ཐོན་གྱི་ལམ་སྲོལ་བཙུགས་པ་དང་ཚགས་ཚུད་དུ་བཏང་བ་དང་། ཁྲིམས་ལུགས་གཞིར་བཟུང་ཆོས་ལུགས་བྱ་བར་དོ་དམ་བྱས་ནས་ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཐུབ་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་པ་དང་རྒྱུན་ལྡན་གྱི་ཆོས་ལུགས་སྒྲིག་ལམ་སྲུང་སྐྱོབ་ནུས་ལྡན་བྱས་ཡོད། དགོན་སྡེར་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་བ་དང་རྒྱ་ཆེའི་གྲྭ་བཙུན་རྣམས་ཀྱི་ཀྲུང་ཧྭ་མི་རིགས་ཀྱི་འདུ་ཤེས་དང་། རྒྱལ་ཁབ་ཀྱི་འདུ་ཤེས། ཁྲིམས་ལུགས་ཀྱི་འདུ་ཤེས། སྤྱི་དམངས་ཀྱི་འདུ་ཤེས་བཅས་ཆེ་རུ་སོང་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་དར་སྤེལ་གཏིང་ཟབ་བཏང་བ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་འཛུགས་སྐྱོང་བྱེད་རྒྱུར་དམིགས་ནས་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་དར་སྤེལ་བཏང་ཡོད། བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ་གཏན་འཁེལ་བྱས་ནས་རྟེན་འབྲེལ་མཛད་སྒོ་གཉེར་བ་དང་། ཀྲུང་གོ་གསར་པ་དབུ་བཪྙེས་ནས་ལོ་60འཁོར་བ་དང་། པེ་ཅིང་ཨའོ་རྩལ་འགྲན་ཚོགས། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་50འཁོར་བ། ཆབ་མདོ་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བ་སོགས་ཀྱི་གལ་ཆེའི་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ་གལ་ཆེའི་དྲིལ་བསྒྲགས་བྱེད་སྒོ་རབ་དང་རིམ་པ་སྤེལ་ཞིང་། སྤྱི་ཚོགས་ཁྱོན་ཡོངས་ལ “ཡག་པ་དྲུག ”གི་བརྗོད་དོན་གཙོ་བོ་མཆོག་ཏུ་བཟུང་ཡོད། ཏང་གི་དམངས་ཕྱུག་དམངས་ཕན་སྲིད་ཇུས་ཀྱི་དྲིལ་བསྒྲགས་སློབ་གསོ་དང་མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་གཏོད་པའི་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་། བོད་ལྗོངས་གསར་པ་དང་། གོང་འཕེལ་གསར་པ། འགྱུར་ལྡོག་གསར་པ། འཚོ་བ་གསར་པ་བཅས་དྲིལ་བསྒྲགས་ཤུགས་ཆེ་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་གོང་བུ་འགྲིལ་ཤུགས་དང་རླབས་ཆེན་མེས་རྒྱལ་ལ་བློ་ཁ་ཕྱོགས་ཤུགས་སྔར་བས་ཆེ་རུ་འགྲོ་བ་བྱས་ཡོད།