བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་1ཚེས་10ཉིན་གནས་ཚུལ་འབྱོར་གསལ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་པད་མ་འཕྲིན་ལས་ཀྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ཚོགས་འདུ་ཐེངས་བཞི་པའི་ཐོག་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་མཛུབ་སྟོན་གནང་དོན། ལོ་ལྔའི་རིང་ང་ཚོས་སྔ་ཕྱི་བར་གསུམ་དུ་དམངས་འཚོ་འགན་ལེན་བྱེད་རྒྱུ་དང་ལེགས་སུ་གཏོང་རྒྱུ་དེ་ཐོག་མའི་དམིགས་ས་དང་དོན་ལ་བབས་སར་བརྩིས་ནས་མཐའ་འཁྱོངས་བྱས་ཤིང་། “ལས་འགན་ཨང་དང་པོ ”དམ་འཛིན་བྱས་པ་དང་། ཐབས་བརྒྱ་ཇུས་སྟོང་གིས་ལས་ཞུགས་བྱེད་རྒྱ་ཆེ་རུ་བཏང་བ། སྤྱི་ཚོགས་བྱ་གཞག་གོང་འཕེལ་མྱུར་པོ་བཏང་བ། སྤྱི་ཚོགས་འགན་སྲུང་མ་ལག་བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་བ། མི་རིགས་ཁག་གི་མང་ཚོགས་ཀྱིས་གོང་འཕེལ་འབྲས་བུ་ལོངས་སུ་སྤྱོད་ཐུབ་པ་བཅས་བྱས་ཏེ་གོང་འཕེལ་སྔར་ལས་ལེགས་པ་དང་། སྔར་ལས་མགྱོགས་པ། སྔར་ལས་ཆེ་བ་བཅས་ཡོང་རྒྱུའི་མང་ཚོགས་ཀྱི་རྨང་གཞི་དེ་བས་སྲ་བརྟན་དུ་བཏང་ཡོད།
བདེ་འཁོད་ལས་བརྩོན་ཐུབ་པ་བྱེད་རྒྱུ་འཚང་ཁར་བྱས་པའི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱས་པར་གྲུབ་འབྲས་ཆེན་པོ་ཐོབ་པ། སྡེབ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་170བཏང་ནས་ཞིང་འབྲོག་མང་ཚོགས་ཀྱི་བདེ་འཁོད་ལས་གཞི་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་ལྗོངས་ཡོངས་ཀྱི་སྡོད་ཁང་ཆ་རྐྱེན་ཅུང་སྐྱོ་བའི་ཞིང་འབྲོག་མང་ཚོགས་དུད་ཚང་ཁྲི་27.5དང་མི་གྲངས་ཁྲི་143ཉེན་མེད་གོ་ཆོད་ཀྱི་སྡོད་ཁང་དུ་སྤོས་པ་དང་། ཞིང་འབྲོག་མང་ཚོགས་ཀྱི་སྡོད་ཁང་ཡོམ་ཟོན་བརྟན་སྐྱོར་ལས་གཞི་དང་། གྲོང་གསེབ་ཀྱི་ཁང་གོག་ཉེན་ཅན་བཟོ་བཅོས་བྱེད་པའི་ཚོད་ལྟ། གྲོང་གསེབ་ཀྱི་མིའི་འཚོ་སྡོད་ཁོར་ཡུག་ལེགས་སྐྱོང་དང་ཁོར་ཡུག་བཅོས་སྐྱོང་ལས་གཞི་བཅས་སྤེལ་ཡོད། “གཞི་རྩའི་ཆར་ཐག་གཅོད་བྱེད་རྒྱུ་བརྒྱད ”ལ་སྐུལ་སྤེལ་ཇེ་མགྱོགས་སུ་བཏང་ནས་ཞིང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ལེགས་བཅོས་མངོན་གསལ་དོད་པོ་བྱུང་ཞིང་། སྡེབ་རྩིས་བྱས་ན་མི་མགོ་ཁྲི་153ལ་ཆུ་གཙང་མ་འཐུང་རྒྱུ་ཡོད་པ་དང་། ཤང་དང་གྲོང་རྡལ་159དང་སྲིད་འཛིན་གྲོང་ཚོ་1659ལ་གཞུང་ལམ་ཤར་གཏོང་ཐུབ་ནས “ལོ་ལྔ་ཚན་བཅུ་གཅིག་པའི ”འཆར་འགོད་ཀྱི་ལས་འགན་སྔ་སྣུར་དུ་ལེགས་གྲུབ་བྱུང་ཡོད། ལྗོངས་ཡོངས་སུ་གློག་སྤྱོད་ཐུབ་པའི་ཞིང་འབྲོག་མང་ཚོགས་ཁྲི་74མང་དུ་སོང་བ་དང་། སྲིད་འཛིན་གྲོང་ཚོ་ཚང་མར་རྩ་བའི་ཆར་ཁ་པར་འཁྲིད་ཐུབ་པ་བྱུང་བ། རླུང་འཕྲིན་བཪྙན་འཕྲིན་མི་མགོར་ཕྱོགས་བསྡུས་ཁེབས་ཚད་ཁག་སོ་སོར་90.3%དང་91.4%ཟིན་པ། ཤང་དང་གྲོང་རྡལ་ལ་སྦྲག་འཕྲིན་གཏོང་ཐུབ་ཚད་85.7%ཟིན་པ། ཞིང་འབྲོག་ཁུལ་ལ་ཏེན་ཚྭ་ཁེབས་ཚད་91.2%ཟིན་པ། དེ་བཞིན་སྐྱ་གྲིབ་སྨིན་པའི་ནད་པར་འཕྲལ་དུ་གཤགས་བཅོས་ཐུབ་ཡོད། གཞན་ཡང་གྲོང་གསེབ་ཀྱི་འབུད་ཤིང་རྒྱུ་ཚབ་ལས་གཞི་སྤེལ་མགྱོགས་སུ་བཏང་ཡོད། དངུལ་རྩའི་ཐོག་ནས “ཞིང་གསུམ ”ལ་ཞབས་འདེགས་ཞུ་ནུས་ཟམ་མི་ཆད་པར་ཆེ་རུ་སོང་ཞིང་། ཞིང་འབྲེལ་ཡིད་རྟོན་དངུལ་བུན་བཏང་འབོར་སྔོན་དཔག་བྱས་ན་སྒོར་དུང་ཕྱུར་165ཟིན་རྒྱུ་ཡིན་པ་དང་། རྫོང་69ལ་ཞིང་འབྲེལ་འགན་བཅོལ་ཁྱབ་སྤེལ་ཐུབ་ཡོད།
སྤྱི་ཚོགས་བྱ་གཞག་ཁག་ཕྱོགས་ཡོངས་ནས་ཡར་རྒྱས་སོང་བ། རྒྱལ་ཡོངས་ནང་ནས་གྲོང་ཁྱེར་གྲོང་གསེབ་ཏུ་རིན་མེད་འགན་བབས་སློབ་གསོ་གཉེར་རྒྱུ་སྔོན་ལ་མངོན་གྱུར་བྱུང་བ་དང་། སྔ་རྗེས་སུ “འགན་གཙང་གསུམ ”གྱི་གྲོན་དངུལ་ཚད་གཞི་ཐེངས་བཞི་སྤར་བས། ཆ་སྙོམས་བྱས་ན་སྒོར་1800ཟིན་ཡོད། “གཞི་རྩའི་ཆ་གཉིས ”འགག་སྒྲོལ་བྱེད་རྒྱུ་ཕྱོགས་ཡོངས་ནས་ལེགས་གྲུབ་བྱུང་བ་དང་། ནང་སར་སློབ་གཉེར་བྱེད་པའི་གཞི་ཁྱོན་ཟམ་མི་ཆད་པར་ཆེ་རུ་བཏང་ཞིང་། ནང་སའི་བོད་ལྗོངས་འབྲིང་རིམ་ཆེད་ལས་འཛིན་གྲྭ་གཉེར་བ་དང་། རིམ་པ་དང་རིགས་ཁག་གི་སློབ་གྲྭ་ཕྱོགས་ཡོངས་ནས་གོང་འཕེལ་བཏང་ཡོད། ཞིང་འབྲོག་མང་ཚོགས་ཀྱི་སྨན་བཅོས་ལམ་ལུགས་ཕྱོགས་ཡོངས་ནས་བཟོས་པ་དང་། རྫོང་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་72དང་ཤང་གྲོང་འཕྲོད་བསྟེན་ཁང་682བཙུཌ་ནས་གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་རིམ་བཞིན་འཐུས་སྒོ་ཚང་དུ་བཏང་བ། རྫོང་དང་། ཤང་། གྲོང་ཚོ་བཅས་ཀྱི་སྨན་བཅོས་ཚན་པ་ཚང་མར་གཞི་རྩའི་སྨན་བཅོས་སྒྲིག་ཆས་སྒྲིག་སྦྱོར་བྱས་པ། བུད་མེད་དང་ཕྲུ་གུའི་འཕྲོད་སྦྱོར་དང་སྐྱེ་གསོ་གཉིས་ལེགས་ཀྱི་ལས་དོན་ལ་སྔར་བས་ཤུགས་སྣོན་བརྒྱབ་པ་དང་། སྦྲུམ་མ་དང་ཕྲུ་གུ་དམར་འབྱར་ཤི་ཚད་དེ་ལོ་ལྔ་ཚན་བཅུ་པའི་དུས་མཇུག་དང་བསྡུར་ན་གྲངས་གནས་22ཆག་ཡོད་པ།
ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་བྱེད་ཚད་མངོན་གསལ་དོད་པོས་ཆེ་རུ་སོང་བ། ལས་ཞུགས་སྲིད་ཇུས་ལག་བསྟར་བྱས་ནས་ལས་ཞུགས་ཐད་ལ་ཞབས་ཞུ་བྱེད་ཤུགས་ཆེ་རུ་བཏང་བ་དང་། ཐབས་བརྒྱ་ཇུས་སྟོང་གི་སྒོ་ནས་ལས་ཞུགས་བྱེད་རྒྱ་ཆེ་རུ་བཏང་བར་བརྟེན་སློབ་ཆེན་ཐོན་པའི་སློབ་མ་ལས་ཞུགས་བྱེད་ཚད་80%ཡན་དུ་རྒྱུན་འཁྱོངས་ཐུབ་པ་དང་། དམག་ཞབས་ཐིམ་པའི་དམག་མིའི་འཚོ་བ་བཀོད་སྒྲིག་ཡག་པོ་བྱས་པ། སྐབས་དང་བསྟུན་ནས་“ལས་ཞུགས་མེད་པའི་ཁྱིམ་ཚང ”མི་ཡོང་བ་བྱས་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཐོ་འཁོད་ལས་ཤོར་བསྡུར་ཚད་4%ནང་ཚུན་དུ་ཚོད་འཛིན་བྱས་པ་བཅས་དང་། ཀྲུང་དབྱང་གིས་རྒྱབ་སྐྱོར་ཤུགས་ཆེན་གནང་བའི་འོག་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འགན་སྲུང་མ་ལག་རིམ་བཞིན་འཐུས་སྒོ་ཚང་དུ་བཏང་ནས་གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་དང་། གྲོང་གསེབ་སྤྱི་ཚོགས་ཀྱི་རྒན་གསོའི་འགན་བཅོལ་ལམ་ལུགས་གསར་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་ལམ་ལུགས་བཅས་ཁྱོན་ཡོངས་ལ་ཁྱབ་པ་བྱེད་རྒྱུ་དེ་རྒྱལ་ཡོངས་ནང་ནས་ཨང་དང་པོར་སླེབས་ཡོད། རྒན་གསོ་དང་། སྨན་བཅོས། ལས་ཤོར་སོགས་ཀྱི་སྤྱི་ཚོགས་འགན་བཅོལ་ཐད་གཅིག་གྱུར་འཆར་འགོད་བྱེད་རྒྱུའི་རིམ་པ་སྔར་ལས་མཐོ་རུ་སོང་བ་དང་ཐེབས་རྩ་སྙོམས་སྒྲིག་བྱེད་ནུས་མངོན་གསལ་དོད་པོས་ཆེ་རུ་སོང་ཡོད། འགན་སྲུང་ཁྱབ་ཁོངས་རིམ་གྱིས་རྒྱ་ཆེར་བཏང་བ་དང་ཚད་གཞི་ཟམ་མ་ཆད་པར་མཐོ་རུ་བཏང་ཞིང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མང་ཚོགས་ཀྱི་མ་མཐའི་འཚོ་བའི་འགན་སྲུང་ཚད་གཞི་ཁག་སོ་སོར་ཟླ་རེར་མི་རེར་ཆ་སྙོམས་སྒོར་330དང་ལོ་རེར་མི་རེར་ཆ་སྙོམས་སྒོར་1300ལ་སྤར་བ། དཀའ་ངལ་ཡོད་པའི་མང་ཚོགས་དང་ལྟ་སྐྱོང་བྱ་ཡུལ་མང་ཚོགས་ཀྱི་འཚོ་བ་འགན་སྲུང་བྱེད་རྒྱུར་ཤུགས་བརྒྱབ་པ། སྤྱི་ཚོགས་ཀྱི་ཕན་བདེ་དང་དགེ་སྒྲུབ་སྤྱི་ཕན་བྱ་གཞག་ཟམ་མི་ཆད་པར་གོང་འཕེལ་བཏང་བ། རྒུད་སྐྱོབ་དང་རོགས་སྐྱོར་བྱེད་ཚད་རྒྱུན་ཆད་མེད་པར་ཤུགས་ཆེར་བཏང་བ། ཞིང་འབྲོག་ཁུལ་གྱི “རྒན་གྲས་གསུམ ”གྱི་འཚོ་བའི་ཁ་གསབ་རོགས་དངུལ་སྤྲོད་རྒྱུའི་ལམ་ལུགས་བཙུགས་ནས་དོན་འཁྱོལ་བྱས་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་དམིགས་བསལ་དཀའ་ངལ་ཆེ་བའི་མང་ཚོགས་ཀྱི་འཚོ་བ་དང་སྨན་བཅོས་རྒུད་སྐྱོབ་ལམ་ལུགས་རིམ་གྱིས་ཚགས་ཚུད་དུ་བཏང་བ། ཤང་ཧྲིལ་པོར་སྤེལ་རྒྱུའི་དབུལ་སྐྱོར་ལས་དོན་གཏིང་ཟབ་སྤེལ་ཡོད་པས་དབུལ་པོའི་མི་འབོར་ཤུགས་ཆེན་ཆག་ཡོད། སྒོར་དུང་ཕྱུར་40ལྷག་ཙམ་བཏང་ནས་གྲོང་ཁྱེར་གྲོང་རྡལ་གྱི་ཁང་གླ་ཁེ་བའི་ཁང་པ་ཆ་ཚང་10800དང་ལས་ཤག་26582བརྒྱབ་ཡོད་པས་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་དཀའ་ངལ་ཆེ་བའི་ཁྱིམ་ཚང་དང་ལས་བྱེད་ལས་བཟོའི་སྡོད་ཁང་གི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད།
གྲོང་ཁྱེར་དང་གྲོང་གསེབ་ཀྱི་མང་ཚོགས་ཀྱི་ཡོང་འབབ་མཐོ་རུ་ཤུགས་ཆེ་སོང་བ། ཞིང་འབྲོག་ལས་ལ་ཐོན་འཕར་ཡོང་རྒྱུ་དང་། ཕན་འབྲས་བཟང་དུ་གཏོང་རྒྱུ། ཁྱད་ལྡན་ཐོན་ལས་གསར་སྤེལ་བྱེད་རྒྱུ། ངལ་ནུས་སྤོ་སྒྱུར་བྱེད་རྒྱུ། ཚན་རྩལ་ཁྱབ་གདལ་གཏོང་རྒྱུ། ཆེད་ལས་མཉམ་འབྲེལ་གྱི་དཔལ་འབྱོར་ཚོགས་པ་འཕེལ་རྒྱས་གཏོང་རྒྱུ་སོགས་ཀྱི་བྱ་ཐབས་སྣ་ཚོགས་སྤྱད་དེ་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་མགྱོགས་པོ་ཡོང་རྒྱུར་སྐུལ་འདེད་བཏང་ཡོད། ཞིང་ལས་ལ་ཤུགས་སྣོན་དང་ཞིང་པར་ཕན་སྦྱར་བྱེད་པའི་སྲིད་ཇུས་ལག་བསྟར་ནན་ཏན་བྱས་ནས་2010ལོར་ཞིང་འབྲོག་མང་ཚོགས་མི་རེར་ཆ་སྙོམས་ཁ་གསབ་རོགས་དངུལ་སྒོར་1800ལས་བརྒལ་བ་སྤྲད་ཡོད། གྲོང་ཁྱེར་གྲོང་རྡལ་གྱི་མང་ཚོགས་ཀྱི་ཡོང་འབབ་བརྟན་པོའི་ངང་འཕར་སྣོན་བྱུང་བ་དང་། ཁེ་ལས་ཀྱི་ལས་བཟོའི་གླ་ཕོགས་ཀྲིག་ཅར་ཐོག་སྤར་རྒྱུའི་ལམ་སྲོལ་ལམ་ཙམ་ཆགས་པ་དང་། གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་ཆ་སྙོམས་སྒོར་900ཟིན་གྱི་ཡོད། ཞིང་འབྲོག་མང་ཚོགས་མི་རེའི་ཆ་སྙོམས་འབབ་སྨར་འཕར་ཚད་ལོ་8བསྟུད་མར་གྲངས་གནས་གཉིས་རྒྱུན་འཁྱོངས་ཐུབ་ཅིང་། སྔོན་དཔག་ལྟར་ན་2010ལོར་སྒོར་3990ཟིན་རྒྱུ་ཡིན་པ་དེ་2005ལོ་དང་བསྡུར་ན་92%འཕར་རྒྱུ་རེད། གྲོང་ཁྱེར་གྲོང་རྡལ་གྱི་མང་ཚོགས་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་སྒོར་14871ཟིན་པ་དེ་2005ལོ་དང་བསྡུར་ན་76.8%འཕར་རྒྱུ་རེད།