དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • དངུལ་ལོར་གྱི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་ཡག་པོ་སྤྱད་དེ་བོད་ཀྱི་དཔལ་འབྱོར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        2010ལོའི་ཟླ་དང་པོར་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་དེ་པེ་ཅིང་དུ་འཚོགས་ཤིང་། ཚོགས་འདུ་མཇུག་སྒྲིལ་རྗེས་ཀྲུང་དབྱང་གིས 《བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར 》(ཀྲུང་སྤེལ [2010]ལོའི་ཡིག་ཨང་4པ )བཀྲམས་ནས་བསམ་འཆར་ཁག་38བཏོན་ཏེ་སླད་ཕྱིན་དུས་སྐབས་ཤིག་རིང་གི་བོད་ཀྱི་ལས་དོན་གྱི་མཛུབ་ཁྲིད་བསམ་བློ་དང་། དམིགས་ཚད་ལས་འགན། སྲིད་ཇུས་བྱ་ཐབས་བཅས་གཏན་འཁེལ་ཁ་གསལ་བྱས་ནས་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཡོང་ཆེད་ཁ་ཕྱོགས་གསལ་སྟོན་བྱས་ཡོད། དེའི་རྗེས་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས 《〈བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་འགའ་ཞིག་དང་རྣམ་གྲངས་གལ་ཆེན་གྱི་བསམ་འཆར 〉པར་འགྲེམས་བྱ་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི་བརྡ་ཐོ 》(རྒྱལ་གཞུང་གཞུང་ཡིག [2010]ལོའི་ཡིག་ཨང་62པ )བཀྲམས་ཏེ་བསམ་འཆར་ཁག་55བཏོན་ནས་དངུལ་རྩའི་གཟིགས་སྐྱོང་སྲིད་ཇུས་དང་འབྲེལ་བའི་བྱ་ཐབས་སྔར་བས་གསལ་པོ་བཟོས་པ་དེའི་ནང “ལག་བསྟར་བྱེད་བཞིན་པའི་བོད་རང་སྐྱོང་ལྗོངས་དངུལ་རྩ་ལས་ཁུངས་ཀྱི་དངུལ་བུན་གཡར་བའི་སྐྱེད་ཚད་དང་སྐྱེད་ཚད་ཧེ་བག་ཁ་གསབ་ཀྱི་གཟིགས་སྐྱོང་སྲིད་ཇུས་རྒྱུན་འཁྱོངས་བྱ་རྒྱུ་དང་། བོད་དུ་ས་གནས་རང་བཞིན་གྱི་ཚོང་ལས་དངུལ་ཁང་གྲབས་འཛུགས་བྱེད་རོགས་བྱ་རྒྱུ། རྒྱལ་ཁབ་ཀྱི་སྲིད་ཇུས་རང་བཞིན་གྱི་དངུལ་ཁང་གིས་བོད་དུ་ཡན་ལག་དང་ཉིང་ལག་དངུལ་ཁང་འཛུགས་རྒྱུར་ལྕག་སྐུལ་དང་རྒྱབ་སྐྱོར་བྱ་རྒྱུ། ལག་བསྟར་བྱེད་བཞིན་པའི་ཕྱི་དངུལ་དོ་དམ་གྱི་གཟིགས་སྐྱོང་སྲིད་ཇུས་མུ་མཐུད་ལག་བསྟར་བྱ་རྒྱུ ”སོགས་ཚུད་ཡོད། ཟླ་7ཚེས་7ཉིན་ཀྲུང་གོ་མི་དམངས་དངུལ་ཁང་གིས 《བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་འབྲེལ་ཡོད་དངུལ་རྩའི་སྲིད་ཇུས་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་ཀྲུང་གོ་མི་དམངས་དངུལ་ཁང་གི་བསམ་འཆར 》(དངུལ་སྤེལ 〔2010ལོའི 〕ཡིག་ཨང་189པ )བཀྲམས་ནས “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ནང་དངུལ་བུན་གཡར་བའི་གཟིགས་སྐྱོང་སྐྱེད་ཚད་དང་སྐྱེད་ཀའི་ཧེ་བག་གི་ཁ་གསབ་དང་། ཧེ་བག་ཅན་གྱི་ཡིད་རྟོན་དངུལ་བུན་གྱི་དོ་དམ་བྱ་ཐབས་དང་ཁེར་རྐྱང་དཔྱད་ཞིབ་བྱ་ཐབས། ཕྱོགས་བསྡུས་ཁ་གསབ། སླར་ཡང་དངུལ་བུན་གཡར་བ། དབུལ་སྐྱོར་སྐྱེད་གསབ་དངུལ་བུན། མི་དམངས་དངུལ་ལོར་གྱི་མ་དངུལ་ཚོང་གཉེར་འཆར་འགོད། ཕྱི་དངུལ་དོ་དམ་སོགས་ཚུད་པའི་དངུལ་རྩའི་སྲིད་ཇུས་རབ་དང་རིམ་པ་ཁ་གསལ་བཏོན་ཡོད། ཟླ་7ཚེས་28ཉིན་ཀྲུང་གོ་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གིས་འགན་འཁྲིའི་རེ་འདུན་ལྟར་འབྲེལ་ཡོད་ཀྱི་དངུལ་ལོར་གྱི་གཟིགས་སྐྱོང་སྲིད་ཇུས་འཕྲལ་མར་ཞིབ་འཇུག་དང་ཞིབ་ཕྲ་བཟོས་ནས 《“ལོ་ལྔ་ཚན་བཅུ་གཉིས་པའི ”རིང་གི་དངུལ་རྩའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་ནན་ཏན་བྱ་རྒྱུའི་སྐོར་གྱི་ཀྲུང་གོ་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གི་ལག་བསྟར་བསམ་འཆར 》(ལྷ་ས་དངུལ་སྤེལ 〔2010ལོའི 〕ཡིག་ཨང་158པ ) བཏོན་ནས་དངུལ་ཁང་གི་ལས་དོན་ལ་ཞིབ་ཕྲའི་ལག་བསྟར་བསམ་འཆར་བཏོན་པ་རེད། སྐབས་དེ་དུས་རང་ལྗོངས་ཀྱི “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་དམིགས་བསལ་གཟིགས་སྐྱོང་གི་དངུལ་ལོར་སྲིད་ཇུས་ཆ་ལག་ཚང་བའི་སྒོ་ནས་བཏོན་ཏེ་རང་ལྗོངས་ཀྱི “ལོ་ལྔ་ཚན་བཅུ་གཅིག་པའི ”དུས་མཇུག་དང “ལོ་ལྔ་ཚན་བཅུ་གཉིས་པའི ”དམིགས་བསལ་གཟིགས་སྐྱོང་གི་དངུལ་ལོར་སྲིད་ཇུས་འབྲེལ་མཐུད་དམ་ཟབ་བྱས་ནས་སྲིད་ཇུས་ཀྱི་བརྟན་པོའི་རང་བཞིན་དང་འབྲེལ་མཐུད་རང་བཞིན་འགན་ལེན་བྱས་ཡོད་པ་རེད། བོད་ཀྱི་ཁྲོམ་ར་ཁག་གི་སྒྲིག་གཞི་དང་འབྲེལ་བ་དམ་ཟབ་ཡོད་པའི་རང་ལྗོངས་ཀྱི “ལོ་ལྔ་ཚན་བཅུ་གཉིས་པའི ”དངུལ་བུན་གཡར་བའི་གཟིགས་སྐྱོང་སྐྱེད་ཚད་སྲིད་ཇུས་ནང་གཙོ་བོ་སྤྱིར་བཏང་རིགས་ཀྱི་དངུལ་བུན་གྱི་དམིགས་བསལ་གཟིགས་སྐྱོང་གི་དངུལ་བུན་གྱི་སྐྱེད་ཚད་སྲིད་ཇུས་ནི “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་བོད་དུ་ཡོད་པའི་དངུལ་ཁང་ལས་རིགས་ཀྱི་ཡན་ལག་དང་ཉིང་ལག་སྒྲིག་གཞི་ཁག་གིས་མི་དམངས་དངུལ་ལོར་གྱི་དངུལ་བུན་སྐྱེད་ཚད་ཐད་རྒྱལ་ཡོངས་ཀྱི་རིམ་པ་ཁག་གི་དངུལ་བུན་གྱི་སྐྱེད་ཚད་ལས་བརྒྱ་ཆའི་གྲངས་གཉིས་དམའ་བའི་དངུལ་བུན་སྐྱེད་ཚད་ཀྱི་གཟིགས་སྐྱོང་སྲིད་ཇུས་གཅིག་གྱུར་ཐོག་ལག་བསྟར་བྱ་རྒྱུ་དང་། དབུལ་སྐྱོར་སྐྱེད་གསབ་དངུལ་བུན་གྱི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་ནི “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་རང་ལྗོངས་ཀྱི་དབུལ་སྐྱོར་སྐྱེད་གསབ་དངུལ་བུན་གཡར་སྐབས་དུད་ཚང་ལ་དངུལ་བུན་གཏོང་བའམ་ཡང་ན་རྣམ་གྲངས་ལ་དངུལ་བུན་གཏོང་བ་གང་ཡིན་རུང་ལོ་སྐྱེད་1.08%ཀྱི་གཏན་འཇགས་འགྱུར་མེད་ཀྱི་སྐྱེད་ཚད་ཀྱི་གཟིགས་སྐྱོང་སྲིད་ཇུས་གཅིག་གྱུར་ཐོག་ལག་བསྟར་བྱ་རྒྱུ་ཡིན།

        1“ལོ་ལྔ་ཚན་བཅུ་གཉིས་པའི ”དམིཌ་བསལ་གཟིགས་སྐྱོང་གི་དངུལ་ལོར་སྲིད་ཇུས་ཀྱི་ནང་དོན་གཙོ་བོ་དང་ཁ་ལོ་སྒྱུར་ཕྱོགས།

        དམིགས་བསལ་གཟིགས་སྐྱོང་གི་དངུལ་ལོར་སྲིད་ཇུས་ལག་བསྟར་བྱ་ཐབས་ཀྱི་རྩ་དོན།

        “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་སྤྱིར་བཏང་རིགས་ཀྱི་དངུལ་བུན་གཡར་བའི་སྐྱེད་ཚད་ཀྱི་གཟིགས་སྐྱོང་སྲིད་ཇུས་ནང “སུས་དངུལ་བུན་གཡར་ན་དེར་ཕན་པ་ཐོབ་པའི ”རྩ་དོན་ལག་བསྟར་བྱ་རྒྱུ་སྟེ། སྤྱིར་བཏང་རིགས་ཀྱི་དངུལ་བུན་གཡར་མཁན་ཡིན་ཕྱིན་ཚང་མར་དངུལ་བུན་གཡར་བའི་སྐྱེད་ཚད་དེ་རྒྱལ་ཡོངས་ཀྱི་རིམ་པ་ཁག་གི་དངུལ་བུན་སྐྱེད་ཚད་ལས་བརྒྱ་ཆའི་གྲངས་གཉིས་ཀྱི་དམའ་བའི་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱོད་ཆོག དབུལ་སྐྱོར་སྐྱེད་གསབ་དངུལ་བུན “གཙོ་གནད་མངོན་གསལ་དོད་པོ་དང་། སྤྱིར་བཏང་ལ་ལྟ་རྟོག་བྱེད་པའི ”རྩ་དོན་ལག་བསྟར་བྱ་རྒྱུ་སྟེ། དབུལ་སྐྱོར་སྐྱེད་གསབ་དངུལ་བུན་གཏོང་སྐབས་ལྗོངས་ཡོངས་ཀྱི་གཙོ་གནད་དབུལ་སྐྱོར་རྫོང་34ཡི་དངུལ་བུན་གཡར་བའི་དགོས་མཁོ་གཙོ་གནད་སྐོང་རྒྱུ་དང་ཆབས་ཅིག་རང་ལྗོངས་ཀྱི་དབུལ་སྐྱོར་སྐྱེད་གསབ་དངུལ་བུན་སྲིད་ཇུས་ནང་སྤྲོད་ཆོག་པའི་ཆ་རྐྱེན་འཛོམས་མཁན་ཡིན་ཕྱིན་དབུལ་སྐྱོར་སྐྱེད་གསབ་དངུལ་བུན་གཡར་ཆོག

          དམིགས་བསལ་གཟིགས་སྐྱོང་དངུལ་བུན་གཏོང་ཡུལ་གཙོ་གནད།

        དམིགས་བསལ་གཟིགས་སྐྱོང་གི་དངུལ་བུན་གཏོང་ཡུལ་གཙོ་གནད་ནི་སྤྱིར་བཏང་རིགས་ཀྱི་དངུལ་བུན་དང་དབུལ་སྐྱོར་སྐྱེད་གསབ་དངུལ་བུན་གྱི་དངོས་གཞིའི་དཔལ་འབྱོར་ཁག་དང་དངུལ་བུན་གཡར་མཁན་དུ་དབྱེ་ཆོག

          དམིགས་བསལ་གཟིགས་སྐྱོང་དངུལ་བུན་གྱི་སྐྱེད་ཚད་ལེགས་སྒྲིག་བྱེད་པའི་རྩ་དོན།

        གལ་ཏེ་རྒྱལ་ཡོངས་རིམ་ཁག་གི་དངུལ་བུན་གྱི་གཞི་འཛིན་སྐྱེད་ཚད་ལེགས་སྒྲིག་བྱས་ཚེ་བོད་ཀྱི་དངུལ་བུན་གཟིགས་སྐྱོང་སྐྱེད་ཚད་དེའང་ལེགས་སྒྲིག་བྱ་རྒྱུ་ཡིན་ཞིང་། དཔེར་ན། ཀྲུང་གོ་མི་དམངས་དངུལ་ཁང་གིས་2010ལོའི་ཟླ་10ཚེས་20ཉིན་རྒྱལ་ཡོངས་ཀྱི་དུས་ཡུན་ལོ་གཅིག་གི་དངུལ་བུན་གྱི་གཞི་འཛིན་སྐྱེད་ཚད་དེ་ལེགས་སྒྲིག་མ་བྱས་གོང་གི་5.31%ནས་5.56%བར་ལེགས་སྒྲིག་བྱས་པར་བརྒྱ་ཆའི་གྲངས་0.25སྤར་བ་དང་། བོད་དུ་དུས་ཡུན་ལོ་གཅིག་གི་གཞི་འཛིན་པའི་དངུལ་བུན་གྱི་སྐྱེད་ཚད་དེའང་ལེགས་སྒྲིག་མ་བྱས་གོང་གི་3.33%ནས་3.58%བར་ལེགས་སྒྲིག་བྱས་པར་བརྒྱ་ཆའི་གྲངས་0.25སྤར་བ། དེ་དང་འདྲ་བར་སྐྱེད་ཚད་དམའ་རུ་གཏོང་བའམ་ཡང་དེ་དང་འདྲ་བར་བོད་ཀྱི་དངུལ་བུན་གྱི་གཟིགས་སྐྱོང་སྐྱེད་ཚད་དེ་རྒྱལ་ཡོངས་ཀྱི་དངུལ་བུན་གཞི་འཛིན་ཚེ་སྐྱེད་ཚད་ལས་བརྒྱ་ཆའི་གྲངས་གཉིས་ཀྱི་དམའ་བ་དེ་ནམ་ཡང་རྒྱུན་འཛིན་བྱུང་ཡོད།

        སྤྱིར་བཏང་རིགས་ཀྱི་དམིགས་བསལ་གཟིགས་སྐྱོང་དངུལ་བུན་གྱི་སྐྱེད་ཚད།

        “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་བོད་ལྗོངས་ཚོང་ལས་དངུལ་ཁང་གི་དངུལ་རྩའི་སྒྲིག་གཞི་ཁག་གིས་སྤྱིར་བཏང་རིགས་ཀྱི་དངུལ་བུན་ཏེ་མི་དམངས་ཤོག་སྒོར་དངུལ་བུན་གྱི་སྐྱེད་ཚད་ཐད་རྒྱལ་ཡོངས་ཀྱི་རིམ་པ་མི་འདྲ་བའི་རྩ་བའི་ཚད་གཞིའི་སྐྱེད་ཚད་ལས་བརྒྱ་ཆའི་གྲངས་གཉིས་ཀྱི་དམའ་བའི་དངུལ་བུན་གྱི་གཟིགས་སྐྱོང་སྐྱེད་ཚད་སྲིད་ཇུས་ལག་བསྟར་བྱ་རྒྱུ་ཡིན་པ་རེད། 2010 ལོའི་ཟླ་ 10 ཚེས་ 26 ཉིན་ནས་ལག་བསྟར་བྱས་པའི་སྐྱེད་ཚད་ཀྱི་ཆུ་ཚད་དེ་དཔེར་འཛིན་ན་རྒྱལ་ཡོངས་སུ་དུས་བཀག་ལོ་གཅིག་ཡིན་པའི་དངུལ་བུན་གྱི་ལོ་རེའི་སྐྱེད་ཚད་ནི་5.56%ཡིན་པ་དང་བོད་དུ་དམིགས་བསལ་གཟིགས་སྐྱོང་དངུལ་བུན་གྱི་སྐྱེད་ཚད་སྲིད་ཇུས་ལག་ལེན་བསྟར་བར་བརྟེན་རང་ལྗོངས་ཀྱི་ཚོང་ལས་དངུལ་ཁང་སྒྲིག་གཞིས་ལག་བསྟར་བྱེད་པའི་དུས་བཀག་ལོ་གཅིག་ཡིན་པའི་དངུལ་བུན་གྱི་ལོ་རེའི་སྐྱེད་ཚད་ནི་3.58%ཡིན་པ་དེ་རྒྱལ་ཡོངས་སུ་ད་ལྟ་ལག་བསྟར་བྱེད་པའི་སྐྱེད་ཚད་ལས་བརྒྱ་ཆའི་གྲངས་1.98དམའ་བ་ཡོད།

        དཔེ་གཞི། དངུལ་བུན་གཡར་མཁན་གྱིས་དངུལ་ཁང་ནས་དུས་བཀག་ལོ་གཅིག་གི་དངུལ་བུན་སྒོར་ཁྲི་100གཡར་ཚེ་རྒྱལ་ཡོངས་ཀྱི་དུས་བཀག་ལོ་གཅིག་ཡིན་པའི་དངུལ་བུན་གྱི་གཞི་འཛིན་སྐྱེད་ཚད (ད་ལྟ་ལག་བསྟར་བྱེད་བཞིན་པའི་སྐྱེད་ཚད )གཞིར་བཟུང་རྩིས་ན་དངུལ་བུན་གྱི་དུས་བཀག་ཐིམ་རྗེས་དངུལ་གཡར་མཁན་གྱིས་དངུལ་ཁང་ལ་དངུལ་བུན་གྱི་སྐྱེད་ཀ་སྒོར་55,600སྤྲོད་དགོས་ཀྱི་ཡོད། ཡིན་ནའང་བོད་ཀྱི་རིམ་པ་གཅིག་མཚུངས་དངུལ་བུན་གྱི་གཟིགས་སྐྱོང་སྐྱེད་ཚད་ལྟར་རྩིས་ན་སྐྱེད་ཀ་སྒོར་35,800ལས་སྤྲོད་དགོས་ཀྱི་མེད། དངུལ་བུན་གྱི་གཟིགས་སྐྱོང་སྐྱེད་ཚད་སྲིད་ཇུས་དེ་ལས་དངུལ་གཡར་མཁན་ལ་སྐྱེད་ཀ་སྒོར་19,800གྲོན་ཆུང་ཐུབ་ཡོད།

         སྤྱིར་བཏང་རིགས་ཀྱི་དངུལ་བུན་གཏོང་ཡུལ་དང་ཁྱབ་ཁོངས།

        ལྗོངས་ནང་ཁུལ་གྱི་ཁེ་ལས་དང་མི་སྒེར་གྱིས་རང་ལྗོངས་ཀྱི་ཚོང་ལས་དངུལ་ཁང་སྒྲིག་གཞིར་རེ་ཞུ་བྱས་པའི་རིགས་ཀྱི་དངུལ་བུན་ཚང་མར་དམིགས་བསལ་གཟིགས་སྐྱོང་དངུལ་བུན་གྱི་སྐྱེད་ཚད་ལོངས་སུ་སྤྱོད་རྒྱུ་ཡོད། ཁེ་ལས་ཀྱི་ཁྲིམས་མིའི་རིགས་ཀྱི་དངུལ་བུན་ནང་རྒྱུན་འཁོར་མ་རྩའི་དངུལ་བུན་དང་། ལག་རྩལ་སྒྱུར་བཀོད་དངུལ་བུན། གཏན་འཇགས་མ་རྩའི་དངུལ་བུན་སོགས་ཚུད་ཡོད། གཞན་ཡང་བོད་ལ་ཁེ་ལས་ཀྱི་ཐོབ་ཁྲལ་འཇལ་མཁན་ཡུལ་གཞན་དུ་ཐོ་འགོད་བྱས་པའི་ཁེ་ལས་དང་། བོད་དུ་ཐོ་འགོད་བྱས་པ་དང་ཡུལ་གཞན་དུ་ཐོན་སྐྱེད་གཉེར་སྐྱོང་བྱེད་མཁན (ལྗོངས་ཕྱིར་ཐོན་སྐྱེད་རྒྱུ་ཆ་ཉོ་སྒྲུབ་བྱེད་པར་སྐྱོད་མཁན་ཚུད་པ )ཁེ་ལས། རྒྱལ་ཁབ་ཀྱིས་བོད་ལྗོངས་སུ་གཏན་འཁེལ་བའི་རྣམ་གྲངས་དང་། བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་གཏན་འཁེལ་བའི་རྣམ་གྲངས། བོད་སྐྱོར་རྣམ་གྲངས། བོད་དུ་འཛུགས་སྐྲུན་བྱེད་པའི་རྣམ་གྲངས་གཞན་དག་བཅས་ནང་ཞུགས་མཁན་ལྗོངས་ཕྱིའི་ཐོ་འགོད་ཁེ་ལས་བཅས་ཀྱིས་རེ་ཞུ་བྱས་པའི་དངུལ་བུན་ལའང་གཟིགས་སྐྱོང་དངུལ་བུན་གྱི་སྐྱེད་ཚད་སྲིད་ཇུས་ལོངས་སུ་སྤྱོད་རྒྱུ་ཡོད། མི་སྒེར་རིགས་ཀྱི་དངུལ་བུན་ནང་གཙོ་བོ་མི་སྒེར་གྱི་སྡོད་ཁང་གཏའ་བུན་དང་། རླངས་འཁོར་འཛད་སྤྱོད་དངུལ་བུན། སྡོད་ཁང་མཛེས་བཟོའི་དངུལ་བུན། སློབ་རོགས་དངུལ་བུན། ལས་ཞུགས་དང་ལས་ཞུགས་བསྐྱར་མའི་དངུལ་བུན། ཞིང་འབྲོག་དུད་ཚང་གི་འབོར་ཆུང་ཡིད་རྟོན་དངུལ་བུན་དང་དེ་བཞིན་མི་སྒེར་གྱི་ཐོན་སྐྱེད་གཉེར་སྐྱོང་རིགས་ཀྱི་དངུལ་བུན་སོགས་ཚུད་ཡོད།

          དཔེ་གཞི་དང་པོ། ཞིང་འབྲོག་དུད་ཚང་གི་འབོར་ཆུང་ཡིད་རྟོན་དངུལ་བུན།

        བཀྲ་ཤིས་ཕུན་ཚོགས་ནི་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་རྫོང་གི་ཞིང་པ་དཀྱུས་མ་ཞིག་རེད། ཉེ་བའི་ལོ་ཤས་རིང་མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་པ་དང་ཆབས་ཅིག་ལྷ་སར་ཡུལ་སྐོར་དུ་ཡོང་མཁན་ནང་སའི་ཡུལ་སྐོར་བ་ཇེ་མང་དུ་འགྲོ་ཞིང་། མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་བོད་བཟོའི་ཁྱིམ་ཚང་མགྲོན་ཁང་ལ་ཡུལ་སྐོར་བས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། བཀྲ་ཤིས་ཕུན་ཚོགས་ཀྱིས་རང་ཁྱིམ་གྱི་སྡོད་ཁང་མཛེས་བཟོ་བྱས་རྗེས་ཁྱིམ་ཚང་མགྲོན་ཁང་དུ་བསྒྱུར་ནས་རང་ཁྱིམ་གྱི་ཡོང་འབབ་འཕར་ཐབས་བྱ་རྩིས་བྱས་མོད། འོན་ཏེ་རང་ཁྱིམ་གྱི་སྡོད་ཁང་བརྒྱབ་མ་ཐག་ཡིན་པས་མཛེས་བཟོ་བྱ་རྒྱུའི་མ་རྩ་གཏན་ནས་མེད། སྐབས་དེར་བཀྲ་ཤིས་ཕུན་ཚོགས་ཀྱི་སེམས་ལ་ཞིང་ལས་དངུལ་ཁང་སྟོད་ལུང་བདེ་ཆེན་རྫོང་ཡན་ལག་དངུལ་ཁང་འཆར་ནས་ཟླ་10ཚེས་12ཉིན་གྱི་ཞོགས་པ་ཁོང་རྫོང་ཡན་ལག་དངུལ་ཁང་དུ་བསྐྱོད། ལས་དོན་པའི་ཁྲིད་སྟོན་འོག་ཁོང་གིས 《ཀྲུང་གོ་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་ཞིང་འབྲོག་དུད་ཚང་གི་འབོར་ཆུང་ཡིད་རྟོན་དངུལ་བུན་སྐོར་གྱི་ཞུ་ཡིག 》རེའུ་མིག་ནན་ཏན་ངང་བཀོད་ནས་དུས་བཀག་ལོ་གཅིག་གི་དངུལ་བུན་སྒོར་ཁྲི་2གཏོང་རེ་ཞུས་པ (དེ་གཙོ་བོ་རང་ཁྱིམ་གྱི་ཁྱིམ་ཚང་མགྲོན་ཁང་མཛེས་བཟོ་བྱ་རྒྱུར་སྤྱོད་རྒྱུ་ཡིན་པ )དང་ཆབས་ཅིག་རང་ཉིད་ཀྱི་ཞིང་འབྲོག་དུད་ཚང་གི་འབོར་ཆུང་ཡིད་རྟོན་དངུལ་བུན “དངུལ་བྱང ”དང་དེ་བཞིན་ཐོབ་ཐང་ལག་ཁྱེར་དཔར་སློག་བརྒྱབ་པ་སོགས་མཁོ་འདོན་ཡང་བྱས། རྫོང་དངུལ་ཁང་ནས་བརྟག་དཔྱད་བྱེད་པ་དང་ཞིབ་མཆན་འགོད་པ་སོགས་བྱེད་དགོས་ཀྱི་ཡོད་པས་རྫོང་ཉིང་ལག་དངུལ་ཁང་དེའི་ལས་དོན་མི་སྣས་བཀྲ་ཤིས་ཕུན་ཚོགས་ལ་ཁྱིམ་དུ་ལོག་ནས་ཁ་པར་གྱི་བརྡ་ཐོ་སྒུག་ནས་སྡོད་ཅེས་བཤད། དེ་རྗེས་ཞིང་ལས་དངུལ་ཁང་སྟོད་ལུང་བདེ་ཆེན་རྫོང་ཉིང་ལག་དངུལ་ཁང་གི་ལས་དོན་མི་སྣས་བཀྲ་ཤིས་ཕུན་ཚོགས་ཀྱིས་མཁོ་འདོན་བྱས་པའི་དཔྱད་གཞིའི་ཡིག་རིགས (དེའི་ནང་མཁོ་འདོན་བྱས་པའི་དཔྱད་གཞིའི་ཡིག་རིགས་བདེན་པ་ཡིན་མིན་དང་། གོ་ཆོད་མིན། ཡིད་རྟོན་རུང་མིན། དངུལ་བུན་འཇལ་བའི་བསམ་འདུན། ནུས་པ་སོཌ་ཚུད་པ )ལ་ནན་ཏན་ངང་ཞིབ་དཔྱད་བྱས། ཟླ་10ཚེས་27ཉིན་ལས་ཀ་བྱེད་བཞིན་པའི་བཀྲ་ཤིས་ཕུན་ཚོགས་ལ་ཞིང་ལས་དངུལ་ཁང་སྟོད་ལུང་བདེ་ཆེན་རྫོང་ཉིང་ལག་དངུལ་ཁང་ནས་བརྒྱབ་པའི་ཁ་པར་ཞིག་འབྱོར། ཁ་པར་ནང་ཁོང་ལ་དངུལ་ཁང་དུ་གན་རྒྱ་འཇོག་པར་ཤོག ཁྱེད་ཀྱིས་དངུལ་བུན་གཡར་རེ་ཞུས་པར་ཆོག་ཆན་ཐོབ་སོང་ཞེས་བཤད། བཀྲ་ཤིས་ཕུན་ཚོགས་ཀྱིས་ཞིང་ལས་དངུལ་ཁང་དུ་དེ་མ་ཐག་ཏུ་གན་རྒྱ་འཇོག་པར་སྐྱོད། རང་ལྗོངས་ཀྱི་གཟིགས་སྐྱོང་དངུལ་བུན་གྱི་སྐྱེད་ཚད་སྲིད་ཇུས་གཞིར་བཟུང་བཀྲ་ཤིས་ཕུན་ཚོགས་ཀྱིས་གཡར་རེ་ཞུས་པའི་དུས་བཀག་ལོ་གཅིག་ཡིན་པའི་དངུལ་བུན་སྒོར་ཁྲི་2དེ་2011ལོའི་ཟླ་10ཚེས་27 ཉིན་སླེབས་སྐབས་མ་སྐྱེད་གཉིས་ཀ་ཆབས་ཅིག་ཏུ་འཇལ་ཚེ་ཞིང་ལས་དངུལ་ཁང་ལ་སྒོར་20,716 སྤྲོད་དགོས་ཀྱི་ཡོད། དངུལ་ཁང་ལ་དོན་དངོས་ཐོག་སྐྱེད་ཀ་སྒོར་716 ལས་སྤྲོད་དགོས་ཀྱི་མེད་པ་དེ་རྒྱལ་ཡོངས་ཀྱི་དུས་བཀག་གཅིག་མཚུངས་དང་རིམ་པ་གཅིག་མཚུངས་ཀྱི་དངུལ་བུན་གྱི་སྐྱེད་ཀ་ལྟར་རྩིས་བརྒྱབ་ན་སྐྱེད་ཀ་སྒོར་396 ཉུང་བ་ཡོད།

        དཔེ་གཞི་གཉིས་པ། ལྗོངས་ནང་ཁུལ་དུ་ཐོ་འགོད་བྱས་པ་དང་ལྗོངས་ནང་ཁུལ་དུ་ཐོན་སྐྱེད་དང་གཉེར་སྐྱོང་བྱེད་པའི་ཁེ་ལས་ཀྱི་སྤྱིར་བཏང་རིགས་ཀྱི་དངུལ་བུན།

        XXXཚད་ཡོད་འགན་འཁྲི་ཀུང་སི་ནི་2008ལོར་བོད་རང་སྐྱོང་ལྗོངས་བཟོ་ཚོང་ཅུས་སུ་ཐོ་འགོད་བྱས་པའི་ལྗོངས་ནང་ཁུལ་གྱི་ཁེ་ལས་ཤིག་ཡིན་པ་དེའི་ཐོན་སྐྱེད་དང་གཉེར་སྐྱོང་བྱ་ཡུལ་ལྷ་ས་ཡིན་པ་དང་གཙོ་བོ་འོ་བཟོས་བཟའ་ཆས་དང་དེ་བཞིན་འབྲེལ་ཡོད་ཐོན་རྫས་ཐོན་སྐྱེད་བྱེད་ཀྱི་ཡོད། 2010ལོའི་ལོ་སྟོད་དུ་ཀུང་སི་དེས་ཐོན་སྐྱེད་གཞི་ཁྱོན་རྒྱ་ཆེར་བཏང་བར་བརྟེན་ཐོན་སྐྱེད་ལ་མཁོ་བའི་རྒྱུ་ཆ་དང་རྒྱུ་ཆས་ཉོ་སྒྲུབ་བྱ་རྒྱུར་དངུལ་སྒོར་ཁྲི་100དགོས་ཀྱི་ཡོད། ལག་ཡོད་མ་དངུལ་མི་འདང་བའི་རྐྱེན་པས་ཀྲུང་གོ་ཞིང་ལས་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་ལ་འཁོར་རྒྱུག་མ་དངུལ་གྱི་དངུལ་བུན་ལེན་རྒྱུའི་རེ་ཞུ་བྱས་ནས་ལོ་གཅིག་དུས་མཚམས་ཀྱི་དངུལ་བུན་སྒོར་ཁྲི་100ལེན་རྒྱུའི་རེ་ཞུ་བྱས་ཤིང་། ཞིང་ལས་དངུལ་ཁང་བོད་ཡན་ལག་དངུལ་ཁང་གིས་དཔྱད་ཡིག་ལ་ཞིབ་དཔྱད་དང་། དངུལ་བུན་མ་བཏང་གོང་གི་བརྟག་བཤེར། རིམ་འདེམས་བྱས་ནས་ཡིད་རྟོན་གཏན་འཁེལ་བཅས་ལྷུ་ལག་བརྒྱུད་དངུལ་བུན་དེ་སྤྲོད་རྒྱུའི་ཆོག་མཆན་སྤྲད་པ་རེད། ལོ་གཅིག་དུས་མཚམས་ཀྱི་དངུལ་བུན་གྱི་ལོའི་སྐྱེད་ཚད་3.33%ཡིན་པས་དུས་ཚད་ཐིམ་རྗེས་དངུལ་བུན་གྱི་སྐྱེད་ཀ་སྒོར་33.300སྤྲོད་དགོས་པ་དེ་རྒྱལ་ཡོངས་ཀྱི་དུས་གཅིག་མཚུངས་དང་རིམ་པ་གཅིག་མཚུངས་ཀྱི་དངུལ་བུན་གྱི་སྐྱེད་ཚད་དང་བསྡུར་ན་དངུལ་བུན་གྱི་སྐྱེད་ཀ་སྒོར་19.800གྲོན་ཆུང་ཐུབ་པར་བརྟེན་ཀུང་སིའི་མཉམ་འདྲེས་རྒྱུན་འཁོར་མ་དངུལ་གྱི་མ་གནས་ཆེས་ཉུང་དུ་སོང་བ་རེད།

         དཔེ་གཞི་གསུམ་པ། ལྗོངས་ནང་ཁུལ་དུ་ཐོ་འགོད་བྱས་པ་དང་ལྗོངས་ཕྱི་རོལ་དུ་གཉེར་སྐྱོང་བྱེད་པའི་ཁེ་ལས་ཀྱི་སྤྱིར་བཏང་རིགས་ཀྱི་དངུལ་བུན།

        XXཚད་ཡོད་འགན་འཁྲི་ཀུང་སི་ནི་ལྗོངས་ནང་དུ་ཐོ་འགོད་བྱས་པའི་ཁེ་ལས་ཡིན་པས་དེའི་ཐོབ་ཁྲལ་ནི་བོད་རང་སྐྱོང་ལྗོངས་ལ་འཇལ་གྱི་ཡོད་ཀྱང་རྒྱུ་ཆ་དང་རྒྱུ་ཆས་ཉོ་སྒྲུབ་སོགས་ཀྱི་ཆ་རྐྱེན་དབང་གི་ཀུང་སི་དེ་གས་གཉེར་སྐྱོང་བྱ་ཡུལ་སི་ཁྲོན་ཁྲེང་ཏུའུ་རུ་གདམ་ག་བྱས་ཤིང་། 2010ལོའི་ལོ་འགོར་ཀུང་སི་དེས་ཐོན་སྐྱེད་ཀྱི་གཞི་ཁྱོན་ཆེ་རུ་བཏང་བས་རྒྱུ་ཆ་དང་རྒྱུ་ཆས་ཉོ་སྒྲུབ་བྱ་རྒྱུར་དངུལ་སྒོར་ཁྲི་100དགོས་ཀྱི་ཡོད། གལ་ཏེ་སི་ཁྲོན་ཞིང་ཆེན་ཚོང་ལས་དངུལ་ཁང་སྒྲིག་གཞིར་དངུལ་བུན་ལེན་རྒྱུའི་རེ་ཞུ་བྱས་ནས་ལོ་གཅིག་དུས་མཚམས་ཀྱི་དངུལ་བུན་སྒོར་ཁྲི་100རེ་ཞུ་བྱས་ཚེ་རྒྱལ་ཡོངས་ཀྱི་གཞི་རྩའི་སྐྱེད་ཚད་5.31%གི་ཚད་གཞི་ལྟར་རྩིས་རྒྱག་བྱས་ན་སྐྱེད་ཀ་སྒོར་53.100སྤྲོད་དགོས། ཀུང་སི་དེ་བོད་དུ་ཐོ་འགོད་བྱས་པ་དང་ས་ཆ་གཞན་དུ་ཐོན་སྐྱེད་དང་གཉེར་སྐྱོང་བྱེད་པའི་ཁེ་ལས་ཤིག་ཡིན་པར་བརྟེན་རང་ལྗོངས་ཀྱི་དམིགས་བསལ་དང་གཟིགས་སྐྱོང་གི་དངུལ་རྩའི་སྲིད་ཇུས་ཀྱི་གཏན་འབེབས་དང་མཐུན་པས་རང་ལྗོངས་ཀྱི་སྤྱིར་བཏང་རིགས་ཀྱི་དངུལ་བུན་གྱི་དམིགས་བསལ་དང་གཟིགས་སྐྱོང་སྐྱེད་ཀའི་སྲིད་ཇུས་ལོངས་སུ་སྤྱོད་ཆོག་པས་ཀུང་སི་དེས་ཀྲུང་གོ་འཛུགས་སྐྲུན་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་དུ་སྒོར་ཁྲི་100ཡི་དངུལ་བུན་ལེན་རྒྱུའི་རེ་ཞུ་བྱས་པ་རེད། ཀུང་སི་དེ་འཛུགས་སྐྲུན་དངུལ་ཁང་དུ་སྒོར་ཁྲི་1,000ཡི་ཡིད་རྟོན་ཡོད་པར་བརྟེན་ཀུང་སི་དེ་གས་འབྲེལ་ཡོད་དཔྱད་ཡིག་མཁོ་འདོན་བྱས་རྗེས་འཛུགས་སྐྲུན་དངུལ་ཁང་བོད་ཡན་ལག་དངུལ་ཁང་གིས་དངུལ་བུན་དེ་གཏོང་རྒྱུའི་ཆོག་མཆན་སྤྲད་པ་རེད། རང་ལྗོངས་ཀྱི་དམིགས་བསལ་དང་གཟིགས་སྐྱོང་གི་སྐྱེད་ཀའི་སྲིད་ཇུས་གཞིར་བཟུང་ལོ་གཅིག་དུས་མཚམས་ཀྱི་དངུལ་བུན་གྱི་ལོའི་སྐྱེད་ཚད་3,33%ཡིན་པས་དུས་ཚད་ཐིམ་རྗེས་སྐྱེད་ཀ་སྒོར་33,300ལས་སྤྲོད་མི་དགོས་པས་ཀུང་སི་དེར་སྐྱེད་ཀ་སྒོར་19,800གྲོན་ཆུང་བྱས་པ་རེད།

        དཔེ་གཞི་བཞི་པ། ས་ཆ་གཞན་དུ་ཐོ་འགོད་བྱས་པ་དང་རང་སྐྱོང་ལྗོངས་ཀྱི་གཏན་འཁེལ་རྣམ་གྲངས་ནང་ཞུགས་པའི་ཁེ་ལས་ཀྱི་སྤྱིར་བཏང་རིགས་ཀྱི་དངུལ་བུན།

        ×××གློག་ཤུགས་ཚད་ཡོད་འགན་འཁྲི་ཀུང་སི་ནི་×××ཞིང་ཆེན་དུ་ཐོ་འགོད་བྱས་པའི་ཀུང་སི་ཞིག་ཡིན་པ་དང་×××ཀུང་སི་དེ་2009ལོར་བཙུགས་ཚུན་བོད་དུ་×××ཆུ་ཤུགས་གློག་ཁང་འཛུགས་སྐྲུན་ནང་ཞུགས་ཡོད། ×××ཆུ་ཤུགས་གློག་ཁང་ནི་རང་སྐྱོང་ལྗོངས་ཀྱི “ལོ་ལྔ་ཚན་བཅུ་གཅིག་པའི ”གཙོ་གནད་འཛུགས་སྐྲུན་གྱི་རྣམ་གྲངས་ཤིག་ཡིན་པ་དེ་རང་སྐྱོང་ལྗོངས་རིམ་པའི་གཏན་འཁེལ་རྣམ་གྲངས་ཡིན་པ་དང་2010ལོའི་ཟླ་5པར་ཆུ་ཤུགས་གློག་ཁང་གི་རྨང་གཞིའི་ལས་གྲྭ་འཛུགས་སྐྲུན་བྱེད་རིང་མ་དངུལ་ཐག་གཅོད་བྱ་ཆེད ×××གློག་ཤུགས་ཚད་ཡོད་འགན་འཁྲི་ཀུང་སིས་འཛུགས་སྐྲུན་དངུལ་ཁང་བོད་ཡན་ལག་དངུལ་ཁང་ལ་དངུལ་བུན་སྒོར་དུང་ཕྱུར་1ལེན་རྒྱུའི་རེ་ཞུ་བྱས་ཤིང་། རང་ལྗོངས་ཀྱི “ལོ་ལྔ་ཚན་བཅུ་གཅིག་པའི ”དམིགས་བསལ་དང་གཟིགས་སྐྱོང་གི་དངུལ་རྩའི་སྲིད་ཇུས་ཀྱི་གཏན་འབེབས་གཞིར་བཟུང་ཀུང་སི་དེ་ལྗོངས་ཕྱི་རོལ་ཏུ་ཐོ་འགོད་བྱས་པའི་ཁེ་ལས་ཡིན་ནའང་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་གཏན་འཁེལ་རྣམ་གྲངས་ཁྲོད་ཞུགས་པར་བརྟེན་རང་ལྗོངས་ཀྱི་སྤྱིར་བཏང་རིགས་ཀྱི་དངུལ་བུན་གྱི་དམིགས་བསལ་གཟིགས་སྐྱོང་དངུལ་བུན་གྱི་སྐྱེད་ཀ་ལོངས་སྤྱོད་བྱེད་ཆོག འཛུགས་སྐྲུན་དངུལ་ཁང་བོད་ཡན་ལག་དངུལ་ཁང་གིས་ཀུང་སི་དེ་གས་མཁོ་འདོན་བྱས་པའི་དཔྱད་ཡིག་ལ་ཞིབ་དཔྱད་བྱས་ནས་ཆ་རྐྱེན་དང་མཐུན་པའི་རྨང་གཞིའི་ཐོག་དེར་དངུལ་བུན་བཏང་བ་རེད། དམིགས་བསལ་དང་གཟིགས་སྐྱོང་དངུལ་བུན་གྱི་སྐྱེད་ཚད་སྲིད་ཇུས་ལ་གཞིགས་ན་དངུལ་བུན་དེ་ལག་བསྟར་ལོའི་སྐྱེད་ཚད་3.33%ཡིན་པ་དེ་རྒྱལ་ཡོངས་ཀྱི་ས་གནས་གཞན་དག་གིས་ལག་ལེན་བསྟར་བའི 5.31%གི་གཞི་རྩའི་སྐྱེད་ཚད་ལས་བརྒྱ་ཆའི་གྲངས་1.98དམའ་བས་སྐྱེད་ཀའི་གཏོང་སྒོ་སྒོར་ཁྲི་198གྲོན་ཆུང་ཐུབ་པ་རེད།

        དཔེ་གཞི་ལྔ་པ། མི་སྒེར་སྡོད་ཁང་གི་གཏའ་འཇོག་དངུལ་བུན།

        ཉི་མ་ཚེ་རིང་ནི་ལྷ་ས་གྲོང་ཁྱེར་གྱི་གཞུང་ལས་པ་སྤྱིར་བཏང་བ་ཞིག་ཡིན། 2010ལོའི་ཟླ་11པར་ཁོང་གིས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་མེ་ཏོག་ལྡུམ་རའི་སྤྱི་གཞིས་ཐོག་ཁང་གི་སྒོར་ཁྲི་40རི་བའི་ཁང་པ་ཞིག་ཉོས་ཀྱང་ཐེངས་གཅིག་ལ་དངུལ་མང་པོ་དེ་འདྲ་འདོན་མི་ཐུབ་པར་བརྟེན་ཉི་མ་ཚེ་རིང་གིས་ཀྲུང་གོ་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་ཁང་ལ་མི་སྒེར་གྱི་སྡོད་ཁང་གི་གཏའ་འཇོག་དངུལ་བུན་ལེན་རྒྱུའི་རེ་ཞུ་བྱས་པ་རེད། ཁོང་རང་ཁང་པ་ཉོ་ཐེངས་དང་པོ་ཡིན་པར་བརྟེན་སྲིད་ཇུས་ཀྱི་གཏན་འབེབས་ལྟར་ཁོང་གིས་ཁང་པའི་རིན་གོང་བསྡོམས་འབོར་གྱི་30%ཐོག་མར་སྤྲོད་དགོས་པ་དང་དེ་བྱིངས་ཀྱི་ཁང་པའི་རིན་གོང་དངུལ་ཁང་ལ་གཏའ་འཇོག་དངུལ་བུན་ལེན་རྒྱུའི་རེ་ཞུ་བྱེད་ཆོག་པ་དང་དངུལ་བུན་གྱི་སྐྱེད་ཚད་ནི་ཀྲུང་གོ་མི་དམངས་དངུལ་ཁང་ལྷ་སའི་ལྟེ་བའི་ཉིང་ལག་དངུལ་ཁང་གིས་ཁྱབ་བསྒྲགས་བྱས་པའི་རིམ་པ་ཁག་གི་གཞི་རྩའི་སྐྱེད་ཚད་ལག་ལེན་བསྟར་རྒྱུ་རེད། དེར་བརྟེན་ཉི་མ་ཚེ་རིང་གིས་ཐོག་མའི་དངུལ་སྒོར་ཁྲི་12སྤྲད་རྗེས་གཏའ་འཇོག་དངུལ་བུན་སྒོར་ཁྲི་28རེ་ཞུ་བྱས་པ་དེའི་དུས་ཚད་ལོ་10ཡིན་ཞིང་། རང་ལྗོངས་ཀྱི་དངུལ་རྩའི་དངུལ་བུན་གྱི་སྐྱེད་ཚད་གཞིར་བཟུང་དུས་ཚད་ལོ་5(ལོ་5ཡན་ཚུད )ཡི་དངུལ་བུན་གྱི་སྐྱེད་ཀ 4.16%ལྟར་བརྩིས་ན་ཉི་མ་ཚེ་རིང་གིས་ཟླ་དང་པོར་དངུལ་བུན་སྒོར་3304འཇལ་དགོས་ཀྱི་ཡོད། འོན་ཀྱང་གལ་ཏེ་དུས་གཅིག་མཚུངས་ཀྱི་རྒྱལ་ཡོངས་ཀྱི་6.14%ཡི་གཞི་རྩའི་སྐྱེད་ཚད་ལག་ལེན་བསྟར་ན་གོང་དང་འདྲ་བར་དུས་ཚད་ལོ་10ཡིན་པའི་དངུལ་བུན་སྒོར་ཁྲི་28བླངས་ཚེ་ཟླ་དང་པོར་དངུལ་བུན་སྒོར་1766འཇལ་དགོས། དམིགས་བསལ་དང་གཟིགས་སྐྱོང་གི་སྐྱེད་ཀའི་སྲིད་ཇུས་དེ་ལས་ཉི་མ་ཚེ་རིང་ལ་ཟླ་རེར་སྒོར་400ལྷག་ཙམ་གྱི་སྐྱེད་ཀ་གྲོན་ཆུང་ཐུབ་ཡོད།

        གལ་ཏེ་ཉི་མ་ཚེ་རིང་གིས་ཁང་པ་ཉོ་ཐེངས་གཉིས་པ་ཡིན་ན་ད་ཡོད་སྲིད་ཇུས་གཏན་འབེབས་ལྟར་ཁོང་གིས་ཁང་པའི་རིན་གོང་བསྡོམས་འབོར་གྱི་50%སྟེ་སྒོར་ཁྲི་20སྤྲོད་དགོས་པ་མ་ཟད་ལག་ལེན་བསྟར་བའི་སྐྱེད་ཚད་ཀྱི་ཚད་གཞི་དེ་ཀྲུང་གོ་མི་དམངས་དངུལ་ཁང་ལྷ་སའི་ལྟེ་བའི་ཉིང་ལག་དངུལ་ཁང་གིས་ཁྱབ་བསྒྲགས་བྱས་པའི་བོད་ཀྱི་དངུལ་རྩའི་སྤྱིར་བཏང་ཚོང་ལས་རང་བཞིན་གྱི་གཟིགས་སྐྱོང་དངུལ་བུན་གྱི་དུས་གཅིག་མཚུངས་དང་རིམ་པ་གཅིག་མཚུངས་ཀྱི་སྐྱེད་ཀའི་ལྡབ་1.1ཡིན་པ་རེད། དཔེར་ན་གོང་དང་འདྲ་བར་དུས་ཚད་ལོ་10ཡིན་པའི་དངུལ་བུན་སྒོར་ཁྲི་28བླངས་ཚེ་ལོ་རེའི་སྐྱེད་ཚད་ནི་4.58%ཡིན་པ་དེ་དུས་གཅིག་མཚུངས་དང་རིམ་པ་གཅིག་མཚུངས་ཀྱི་གཟིགས་སྐྱོང་དངུལ་བུན་གྱི་སྐྱེད་ཚད་ལས་བརྒྱ་ཆའི་གྲངས 0.42མཐོ་བ་ཡོད་པ་རེད།

         དཔེ་གཞི་དྲུག་པ། རྒྱལ་ཁབ་ཀྱི་སློབ་སྐྱོར་དངུལ་བུན།

        “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་རང་ལྗོངས་ཀྱི་རྒྱལ་ཁབ་ཀྱི་སློབ་སྐྱོར་དངུལ་བུན་གྱི་སྐྱེད་ཚད་དེ་ཀྲུང་གོ་མི་དམངས་དངུལ་ཁང་གི་དབང་ཆ་ཐོབ་པའི་ཀྲུང་གོ་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གིས་ཁྱབ་བསྒྲགས་བྱས་པའི་མི་དམངས་ཤོག་སྒོར་གྱི་ལོ་གཅིག་གི་དངུལ་བུན་སྐྱེད་ཚད (མཐོ་རུ་མི་གཏོང་བ )ཀྱི་ཚད་གཞི་ལྟར་ལག་བསྟར་བྱ་རྒྱུ་དང་བོད་ཀྱི་གཟིགས་སྐྱོང་སྐྱེད་ཚད་སྲིད་ཇུས་ལོངས་སུ་སྤྱོད་རྒྱུ་དེ་རྒྱལ་ཡོངས་ཀྱི་སྐྱེད་ཚད་ལས་བརྒྱ་ཆའི་གྲངས་1.98ཀྱིས་དམའ་བ་ཡོད་པ་དཔེར་ན། སློབ་མ་དབུལ་པོ་ཞིག་བོད་ལྗོངས་སློབ་ཆེན་གྱི་ཚན་ཁག་ཞིག་གི་དངོས་གཞིའི་ཚན་ཁག་གི་འཛིན་གྲྭར་ཚུད་ན་སློབ་མ་དེས་ཞིང་ལས་དངུལ་ཁང་ལྗོངས་ཡན་ལག་དངུལ་ཁང་དུ་རྒྱལ་ཁབ་ཀྱི་སློབ་སྐྱོར་དངུལ་བུན་སྒོར་ཁྲི་2.4གཡར་རྒྱུའི་ཡིག་ཐོག་སྙན་ཞུ (ལོ་རེར་མཐོ་ཤོས་ལ་སྒོར་6,000ལྟར་རྩིས་རྒྱག་པ )འབུལ་ཆོག་པ་དང་དུས་བཅད་ལོ་བཅུ་ཡིན། རྒྱལ་ཡོངས་ཀྱི་དངུལ་བུན་སྐྱེད་ཚད་ལྟར་རྩིས་ན་སློབ་མ་དེས་དངུལ་བུན་སྐྱེད་ཀ་ཁྱོན་སྒོར་13,344སྤྲོད་དགོས་པ་དང་འོན་ཀྱང་བོད་ཀྱི་དངུལ་བུན་སྐྱེད་ཚད་ལྟར་རྩིས་ན་སློབ་མ་དེས་ཞིང་ལས་དངུལ་ཁང་ལྗོངས་ཡན་ལག་དངུལ་ཁང་ལ་དངུལ་བུན་སྐྱེད་ཀ་ཁྱོན་སྒོར་8,592ལས་སྤྲོད་དགོས་ཀྱི་མེད། བོད་ཀྱི་སློབ་མས་རྒྱལ་ཡོངས་ཀྱི་ས་ཁུལ་གཞན་གྱི་སློབ་མ་ལས་དངུལ་བུན་སྐྱེད་ཀ་སྒོར་4,752ཡིས་ཉུང་བ་སྤྲོད་དགོས་ཀྱི་ཡོད་པ་མ་ཟད་དངུལ་བུན་གཡར་མཁན་གྱི་སློབ་མ་སློབ་གྲྭར་སྡོད་རིང་གི་སྐྱེད་ཀ་རང་སྐྱོང་ལྗོངས་ནོར་སྲིད་ནས་སྐྱེད་གསབ་100%བྱེད་ཀྱི་ཡོད། སློབ་གྲྭ་ཐོན་རྗེས་རང་ཉིད་ཀྱིས་སྐྱེད་ཀ་སྤྲོད་དགོས་ཀྱི་ཡོད། དེས་ན་ལོ་བཞིའི་ནང་སློབ་མ་དེའི་སྐྱེད་ཀ་ཁྱོན་སྒོར་3,436.80རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་སྐྱེད་གསབ་བྱེད་པས་དོན་དངོས་ཐོག་སློབ་མ་དེས་སྐྱེད་ཀ་སྒོར་5,155.20ལས་སྤྲོད་དགོས་ཀྱི་མེད།

        དབུལ་སྐྱོར་སྐྱེད་གསབ་ཀྱི་དངུལ་བུན་གཟིགས་སྐྱོང་གི་སྐྱེད་ཚད།

        ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་ཐོག་བོད་འདི་ཉིད་དམིགས་བསལ་གཅིག་སྡུད་ཀྱི་ས་ཁུལ་དབུལ་པོར་བརྩིས་ནས་མུ་མཐུད་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་གཏན་འབེབས་བྱས་ཡོད། བོད་ཀྱི་དབུལ་སྐྱོར་སྐྱེད་གསབ་དངུལ་བུན་དང་ནོར་སྲིད་ཀྱི་སྐྱེད་གསབ་མ་རྩ་དེ་རྒྱལ་ཡོངས་ཀྱི་སྤྱིའི་འཆར་འགོད་ནང་མི་བཞག་པར་བོད་ལ “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་གི་དམིགས་བསལ་གཟིགས་སྐྱོང་གི་དབུལ་སྐྱོར་སྐྱེད་གསབ་ཀྱི་དངུལ་བུན་སྲིད་ཇུས་ལོགས་སུ་སྤྲད་ཡོད། རང་ལྗོངས་ཀྱི་དབུལ་སྐྱོར་སྐྱེད་གསབ་དངུལ་བུན་དེ་དུད་ཚང་གི་དངུལ་བུན་དང་རྣམ་གྲངས་ཀྱི་དངུལ་བུན་གང་ཞིག་ཡིན་རུང་ལོའི་སྐྱེད་ཚད་1.08%ཀྱི་གཟིགས་སྐྱོང་སྐྱེད་ཚད་སྲིད་ཇུས་གཅིག་གྱུར་ཐོག་ལག་བསྟར་བྱ་རྒྱུ་དང་ཀྲུང་གོ་མི་དམངས་དངུལ་ཁང་གིས་ཁྱབ་བསྒྲགས་བྱས་པའི་གཞི་རྩའི་ཚད་གཞིའི་སྐྱེད་ཚད་ལེགས་སྒྲིག་གི་ཤུགས་རྐྱེན་མི་ཕོག་ལ་དེ་ནི་རྒྱལ་ཡོངས་ཁྲོད་ནས་དངུལ་བུན་གྱི་སྐྱེད་ཚད་དམའ་ཤོས་དེ་ཡིན། རང་ལྗོངས་ཀྱི་དབུལ་སྐྱོར་སྐྱེད་གསབ་དངུལ་བུན་གྱི་སྐྱེད་ཚད་དེ་རྒྱལ་ཡོངས་དང་ལོགས་སུ་ཕྱེ་བ་དེས་དེ་བས་གཟིགས་སྐྱོང་གི་རྣམ་པ་མངོན་ཡོད། དཔེར་ན་དངུལ་བུན་གཡར་མཁན་གྱིས་སྒོར་ཁྲི་གཅིག་གི་དབུལ་སྐྱོར་སྐྱེད་གསབ་དངུལ་བུན་གཡར་ན་ལོ་གཅིག་ལ་དངུལ་བུན་སྐྱེད་ཀ་སྒོར་108ལས་སྤྲོད་མི་དགོས་པ་དང་དོན་དངོས་ཐོག་ཟླ་བ་རེར་དངུལ་བུན་སྐྱེད་ཀ་སྒོར་དགུ་ལས་སྤྲོད་དགོས་ཀྱི་མེད་པ་རེད།

         དབུལ་སྐྱོར་སྐྱེད་གསབ་དངུལ་བུན་གཏོང་ཡུལ་དང་ཁྱབ་ཁོངས།

        “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་རང་ལྗོངས་ཀྱི་དབུལ་སྐྱོར་སྐྱེད་གསབ་དངུལ་བུན་གཏོང་རྒྱུ་དེ་མུ་མཐུད་དུད་ཚང་ལ་དངུལ་བུན་གཏོང་རྒྱུ་གཙོ་བོ་བྱ་རྒྱུ་དང་དུས་མཚུངས་ཞིང་འབྲོག་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་བྱ་རྒྱུར་སྣེ་ཁྲིད་བྱེད་པའི་རྣམ་གྲངས་ཐད་དངུལ་བུན་གཏོང་རྒྱུ་དང་དབུལ་སྐྱོར་སྐྱེད་གསབ་དངུལ་བུན་རེ་ཞུ་བྱེད་མཁན་གྱི་མི་སྒེར་དང་ཞིབ་ཕྲའི་རྣམ་གྲངས་ནང་། ①ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་1700མན་གྱི་ཞིང་འབྲོག་པའི་དུད་ཚང་དབུལ་པོར་དབུལ་སྐྱོར་སྐྱེད་གསབ་དངུལ་བུན་གཏོང་ཆོག་པ་དང་། ②འཇོན་ཐང་ཅན (དུད་ཚང་ཆེ་མོ )གྱིས་དུད་ཚང་དབུལ་པོར་སྣེ་ཁྲིད་དེ་ཐུན་མོང་ཐོག་ཕྱུག་འགྱུར་བྱེད་པའི་རྣམ་གྲངས་དེར་དབུལ་སྐྱོར་གྱི་འགན་འཁྲི་ཁ་གསལ་བའི་ཆ་རྐྱེན་འོག་དབུལ་སྐྱོར་སྐྱེད་གསབ་དངུལ་བུན་གཏོང་ཆོག་པ། ③ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་ཐད་ཀར་འཕར་རྒྱུར་སྣེ་ཁྲིད་བྱེད་མཁན་གྱི་སྣེ་འདྲེན་ཁེ་ལས་དང་། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་དཔལ་འབྱོར་རྩ་འཛུགས། ཞིང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་དང་དེ་བཞིན་སྤྱི་ཚོགས་བྱ་གཞག་ཆུང་གྲས་སོགས་ཀྱི་རྣམ་གྲངས་ལ་དངུལ་བུན་གཏོང་བའི་ཐད་རྣམ་གྲངས་ལག་བསྟར་བྱེད་མཁན་གྱི་ཚན་པ་དང་ས་ཁུལ (གྲོང་ཁྱེར )གྱི་དབུལ་སྐྱོར་སྡེ་ཚན་དབར་དབུལ་སྐྱོར་གྱི་འགན་འཁྲིའི་ཡི་གེར་མིང་རྟགས་བཀོད་རྗེས་ས་ཁུལ (གྲོང་ཁྱེར )གྱི་དབུལ་སྐྱོར་སྡེ་ཚན་གྱིས་ཚོང་ལས་དངུལ་ཁང་སྒྲིག་གཞིར་འོས་སྦྱོར་བྱེད་པ་དང་ཚོང་ལས་དངུལ་ཁང་སྒྲིག་གཞིས་རང་བརྟེན་ངང་ཞིབ་བཤེར་དང་། སྤྲོད་པ། དོ་དམ་བཅས་བྱེད་དགོས་པ། ④བོད་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་བདེ་སྡོད་ལས་གྲྭའི་དངུལ་བུན་ཁྲོད་ཀྱི “འབྲོག་པ་གཞིས་ཆགས་ཀྱི་དངུལ་བུན ”དང་། “ཡུལ་ནད་ཁུལ་གྱི་མང་ཚོགས་གནས་སྤོའི་དངུལ་བུན ” “ཞིང་པའི་སྡོད་ཁང་སྒྱུར་བཀོད་དངུལ་བུན ”བཅས་ལ་དབུལ་སྐྱོར་སྐྱེད་གསབ་དངུལ་བུན་གྱི་སྐྱེད་ཚད་སྲིད་ཇུས་ལོངས་སུ་སྤྱོད་ཆོག་པ་བཅས་ཚུད་ཡོད།

         དབུལ་སྐྱོར་སྐྱེད་གསབ་དངུལ་བུན་གཡར་རྒྱུའི་འགྲོ་ལུགས་གཉེར་སྟངས།

        “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་རང་ལྗོངས་ཀྱི་བཟོ་ཚོང་དངུལ་ཁང་དང་། ཞིང་ལས་དངུལ་ཁང་། ཀྲུང་གོ་དངུལ་ཁང་། འཛུགས་སྐྲུན་དངུལ་ཁང་། སྦྲག་སྲིད་གསོག་འཇོག་དངུལ་ཁང་སོགས་ཚོང་ལས་དངུལ་ཁང་གི་དངུལ་རྩའི་སྒྲིག་གཞི་ཁག་གིས་དབུལ་སྐྱོར་སྐྱེད་གསབ་དངུལ་བུན་གཏོང་བའི་འགྲོ་ལུགས་གཉེར་ཆོག དབུལ་སྐྱོར་སྐྱེད་གསབ་དངུལ་བུན་གཡར་རྒྱུའི་ཆ་རྐྱེན་འཛོམས་པའི་མི་སྒེར་དང་། སྣེ་འདྲེན་ཁེ་ལས། ཞིང་འབྲོག་མང་ཚོགས་ཀྱི་ཐོན་ལས་མཉམ་ལས་རྩ་འཛུགས་སོགས་ཀྱིས་གོང་གསལ་དངུལ་ཁང་གི་ལས་གཉེར་ཁང་དུ་དབུལ་སྐྱོར་སྐྱེད་གསབ་དངུལ་བུན་གཡར་རྒྱུའི་འགྲོ་ལུགས་གཉེར་ཆོག ཞིབ་ཕྲའི་འགྲོ་ལུགས་གཉེར་སྟངས་ནི། ①ལོ་རེའི་ཡོང་འབབ་ཁེ་གཙང་སྒོར་1700མན་ཆད་ཀྱི་དབུལ་པོའི་ཞིང་འབྲོག་དུད་ཚང་རྣམས་རང་ཉིད་ཀྱི་ཐེམ་ཐོ་གནས་སའི་ཤང (གྲོང་རྡལ )སྲིད་གཞུང་གི་འབྲེལ་ཡོད་ངོ་སྤྲོད་འཁྱེར་ཏེ་ཚོང་ལས་དངུལ་ཁང་གི་སྒྲིག་གཞིར་དབུལ་སྐྱོར་སྐྱེད་གསབ་དངུལ་བུན་གཡར་རྒྱུའི་རེ་ཞུ་བྱེད་པ་དང་། ②རྣམ་གྲངས་ལ་བརྟེན་ནས་དུད་ཚང་དབུལ་པོའི་སྣེ་ཁྲིད་དེ་ཐུན་མོང་ཐོག་ཕྱུག་འགྱུར་བྱེད་མཁན་གྱི་འཇོན་ཐང་ཅན (དུད་ཚང་ཆེ་མོ )གྱིས་དབུལ་སྐྱོར་སྐྱེད་གསབ་དངུལ་བུན་གཡར་རྒྱུའི་རེ་ཞུ་བྱེད་ཆོག་པ་དང་ཞིང་འབྲོག་དུད་ཚང་དབུལ་པོ་དང་རྒྱུ་ཆ་ཉོ་སྒྲུབ་ཀྱི་གན་རྒྱ་དང་མི་སྤྱོད་གན་རྒྱར་མིང་རྟགས་འགོད་དགོས་པའི་འབྲེལ་ཡོད་གན་རྒྱའི་ཡིག་ཆ་འཁྱེར་ཏེ་ཚོང་ལས་དངུལ་ཁང་གི་སྒྲིག་གཞིར་དབུལ་སྐྱོར་སྐྱེད་གསབ་དངུལ་བུན་གཡར་རྒྱུའི་རེ་ཞུ་བྱེད་ཆོག་པ་དང་ཚོང་ལས་དངུལ་ཁང་སྒྲིག་གཞིས་རང་བརྟེན་ངང་ཞིབ་བཤེར་དང་། སྤྲོད་པ། དོ་དམ་བཅས་བྱེད་དགོས་པ། ③སྣེ་འདྲེན་ཁེ་ལས་སོགས་ཀྱི་དབུལ་སྐྱོར་རྣམ་གྲངས་དངུལ་བུན་དེ་རྣམ་གྲངས་ལག་བསྟར་བྱེད་མཁན་ཚན་པ་དང་ས་ཁུལ (གྲོང་ཁྱེར )དབུལ་སྐྱོར་སྡེ་ཚན་དབར་དབུལ་སྐྱོར་གྱི་འགན་འཁྲིའི་ཡི་གེར་མིང་རྟགས་བཀོད་རྗེས་ས་ཁུལ (གྲོང་ཁྱེར )དབུལ་སྐྱོར་སྡེ་ཚན་གྱིས་ཚོང་ལས་དངུལ་ཁང་སྒྲིག་གཞིར་འོས་སྦྱོར་བྱེད་པ་དང་ཚོང་ལས་དངུལ་ཁང་སྒྲིག་གཞིས་རང་བརྟེན་ངང་ཞིབ་བཤེར་དང་། སྤྲོད་པ། དོ་དམ་བཅས་བྱེད་དགོས་པ། ④ཞིང་ལས་དངུལ་ཁང་གི་གཞི་རིམ་ལས་གཉེར་ཁང་ཁག་གིས་བོད་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་བདེ་སྡོད་ལས་གྲྭའི་ཁྲོད་ཀྱི “འབྲོག་པ་གཞིས་ཆགས་ཀྱི་དངུལ་བུན ”དང “ཡུལ་ནད་ཁུལ་གྱི་མང་ཚོགས་གནས་སྤོའི་དངུལ་བུན ”“ཞིང་པའི་སྡོད་ཁང་སྒྱུར་བཀོད་ཀྱི་དངུལ་བུན ”སོགས་རིགས་གསུམ་གྱི་དངུལ་བུན་གཡར་སྐབས་དབུལ་སྐྱོར་སྐྱེད་གསབ་དངུལ་བུན་གྱི་སྐྱེད་ཚད་གཞིར་བཟུང་དངུལ་བུན་གཡར་བའི་གན་རྒྱ་འཇོག་དགོས་པ་དང་དབུལ་སྐྱོར་སྐྱེད་གསབ་དངུལ་བུན་གྱི་སྐྱེད་ཚད་སྲིད་ཇུས་ལོངས་སྤྱོད་བྱེད་ཆོག་པ་བཅས་ཡིན།

         དཔེ་གཞི་བདུན་པ། དུད་ཚང་དབུལ་པོས་དབུལ་སྐྱོར་གྱི་སྐྱེད་གསབ་དངུལ་བུན་སྙན་ཞུ་དང་སྤྱོད་སྟངས།

        དགའ་ལུ་ནི་ནག་ཆུ་ས་ཁུལ་སྦྲ་ཆེན་རྫོང་གི་ཞིང་འབྲོག་པ་དབུལ་པོ་ཞིག་ཡིན་ཞིང་། ཕྲུ་གུ་5ཡོད་པ་དང་དཔལ་འབྱོར་ཆ་རྐྱེན་ཧ་ཅང་ཞན་པོ་ཡོད། ས་གནས་དེ་གའི་ཞིང་ལས་དངུལ་ཁང་གི་ལས་གཉེར་སུའོ་ཡི་ལས་བཟོས་གཤམ་སྐྱོད་བརྟག་དཔྱད་བྱེད་ཐེངས་ཤིག་ནང་ཁོང་ཁྱིམ་གྱི་དངོས་ཡོད་དཀའ་ངལ་ཤེས་རྟོགས་ཐུབ་ནས་དགའ་ལུར་ལས་གཉེར་སུའོ་ནས་དངུལ་བུན་གཡར་ཏེ་འབྲི་གཡག་དང་ལུག་སོགས་ཐོན་སྐྱེད་རྒྱུ་ཆ་ཉོ་སྒྲུབ་བྱས་ནས་ཞིང་འབྲོག་ལས་འཕེལ་རྒྱས་གཏོང་རྒྱུའི་སྐུལ་མ་བཏང་། དེ་རྗེས་དགའ་ལུ་ཤང་སྲིད་གཞུང་དུ་བསྐྱོད་ནས་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་1700ལས་དམའ་བའི་ར་སྤྲོད་ཡི་གེ་ལེན་ཡོད། ཞིང་ལས་དངུལ་ཁང་ལས་གཉེར་སུའོ་ཡི་ལས་བཟོས 《ཞིང་འབྲོག་པའི་དངུལ་བུན་ལག་ཁྱེར་དོ་དམ་བྱེད་ཐབས 》གཞིར་བཟུང་དཔྱད་བསྡུར་གཏན་འཁེལ་བྱས་པ་མ་ཟད་དགའ་ལུའི་ཁྱིམ་ལ་ཞིང་འབྲོག་དུད་ཚང་གི་གྲངས་འབོར་ཉུང་ བའི་ཡིད་རྟོན་དངུལ་བུན་གྱི་ཟངས་བྱང་གཉེར་ནས་དགའ་ལུར་སྒོར་6000གི་སྐྱེད་གསབ་དངུལ་བུན་མགྱོགས་མྱུར་ཐོབ་ཡོད། རང་ལྗོངས་ཀྱི་དབུལ་སྐྱོར་སྐྱེད་གསབ་དངུལ་བུན་གྱི་1.08%ཀྱི་དམིགས་བསལ་གཟིགས་སྐྱོང་སྐྱེད་ཀའི་སྲིད་ཇུས་གཞིར་བཟུང་དགའ་ལུར་ཐོབ་པའི་དངུལ་བུན་སྒོར་6000ལ་ལོ་ལྟར་སྐྱེད་ཁ་སྒོར་64.8ལས་ཐོབ་ཀྱི་མེད་པ་དེས་ཞིང་འབྲོག་པ་དབུལ་པོས་ཐོན་སྐྱེད་འཕེལ་རྒྱས་གཏོང་བར་ཆ་རྐྱེན་བཟང་པོ་ཞིག་བསྐྲུན་ཡོད།

        དཔེ་གཞི་བརྒྱད་པ། དུད་ཚང་ཕྱུག་པོས་དུད་ཚང་དབུལ་པོར་སྣེ་ཁྲིད་དེ་དུད་ཚང་དབུལ་པོ་སྔ་ཙམ་དབུལ་གྲོལ་ཕྱུག་འགྱུར་ཡོང་བར་སྐུལ་འདེད་བཏང་བ།

        ནོར་བུ་ནི་གཞིས་རྩེ་ས་ཁུལ་པ་སྣམ་རྫོང་གི་སྔོ་ཚལ་འདེབས་འཛུགས་དུད་ཚང་ཆེ་མོ་ཞིག་ཡིན་པས་ཁོང་ནི་གྲོང་ཚོའི་ནང་སྐད་གྲགས་ཆོད་པའི་དུད་ཚང་ཕྱུག་པོ་ཞིག་རེད། རང་ཉིད་ཀྱིས་ལོ་མང་རིང་འབད་བརྩོན་བྱས་པ་བརྒྱུད་ནོར་བུར་སྔོ་ཚལ་དྲོད་ཁང་ཆེན་པོ་10ཡོད་པར་ལོ་ལྟར་འདེབས་འཛུགས་བྱས་པའི་ཧོང་ཀྭ་དང་། ཞི་ཧུའུ་ལུའུ། ཀྲོ་མ་ཀྲུ། རྡོ་ལུ་མ་སོགས་རྫོང་དེ་གར་ཕྱིར་ཚོང་བྱེད་པ་མ་ཟད་ད་དུང་གཞིས་རྩེ་དང་། རྒྱལ་རྩེ། ལྷ་ས་སོགས་ས་ཆར་ཡང་ཐད་ཀར་ཕྱིར་ཚོང་བྱས་པས་དྲོད་ཁང་ཆེ་མོ་རེ་ནས་ལོ་རེར་ཡོང་འབབ་སྒོར་ཁྲི་1ལྷག་ཙམ་ཡོང་གི་ཡོད། ཕྱུག་པོ་ཆགས་པའི་ནོར་བུས་གྲོང་མི་དབུལ་པོ་བརྗེད་མེད་པར་ཁོང་གིས་ཞིང་པ་དབུལ་པོ་4གླས་ནས་ཁོང་གི་སྔོ་ཚལ་དྲོད་ཁང་ཆེ་མོའི་ནང་ལས་ཀ་བྱས་པར་མི་རེར་ཟླ་རེར་གླ་ཆ་སྒོར་1000སྤྲོད་གྱི་ཡོད།

        2010ལོའི་ཟླ་1པོར་ནོར་བུས་སླར་ཡང་སྔོ་ཚལ་དྲོད་ཁང་ཆེ་མོ་2གསར་སྐྲུན་བྱས་ནས་ཐོན་སྐྱེད་བྱེད་རྒྱ་ཆེ་རུ་གཏོང་འདོད་བྱུང་ཡོད་མོད། འོན་ཀྱང་ད་དུང་མ་དངུལ་སྒོར་ཁྲི་10གྲབས་གསོག་བྱེད་དགོས་ཀྱི་ཡོད་པར་བརྟེན་ཁོང་གིས་ས་གནས་དེ་གའི་ཞིང་ལས་དངུལ་ཁང་ལས་གཉེར་སུའོ་ནས་དངུལ་བུན་གཡར་རྒྱུའི་སྙན་འབུལ་ཞུས་ཡོད། ཁོང་དང་ཞིང་འབྲོག་པ་དབུལ་པོའི་དབར་གྱི་གླ་པའི་འབྲེལ་བ་ཤེས་རྟོགས་བྱུང་རྗེས་ས་གནས་དེ་གའི་ཞིང་ལས་དངུལ་ཁང་གི་ལས་དོན་པས་ནོར་བུར་ཁྱེད་ནི་རང་ལྗོངས་ཀྱི་དབུལ་སྐྱོར་སྐྱེད་གསབ་དངུལ་བུན་གཏོང་རྒྱུའི་སྲིད་ཇུས་ཀྱི་དུད་ཚང་ཕྱུག་པོས་དུད་ཚང་དབུལ་པོར་སྣེ་ཁྲིད་བྱེད་པའི་ཆ་རྐྱེན་དང་འཚམ་པས་དབུལ་སྐྱོར་སྐྱེད་གསབ་དངུལ་བུན་གྱི་གཟིགས་སྐྱོང་སྐྱེད་ཁ་ལོངས་སྤྱོད་བྱེད་ཆོག་ཅེས་བཤད། ནོར་བུས་ཞིང་ལས་དངུལ་ཁང་ལས་གཉེར་སུའོ་ལ་དུད་ཚང་དབུལ་པོ་དང་བཞག་པའི་ངལ་རྩོལ་གན་རྒྱ་སོགས་འབྲེལ་ཡོད་དཔྱད་གཞི་སྤྲད་རྗེས་ཞིང་ལས་དངུལ་ཁང་གིས་ཁོང་ལ་དུས་ཡུན་ལོ་1ཡིན་པའི་སྒོར་ཁྲི་10ཡི་དངུལ་བུན་གཡར་ཡོད། རང་ལྗོངས་ཀྱི་དབུལ་སྐྱོར་སྐྱེད་གསབ་དངུལ་བུན་གྱི་སྐྱེད་ཀ་གཞིར་བཟུང་དངུལ་བུན་གཡར་དུས་ཐིམ་རྗེས་ནོར་བུས་དངུལ་བུན་སྐྱེད་ཁ་སྒོར་1.080ལས་སྤྲོད་དགོས་ཀྱི་མེད་པ་དེ་རང་ལྗོངས་ཀྱི་སྤྱིར་བཏང་རིགས་ཀྱི་གཟིགས་སྐྱོང་དངུལ་བུན་སྐྱེད་ཁ་ལས་ད་དུང་སྒོར་2.250ཡིས་ཉུང་བ་ཡོད།

        དཔེ་གཞི་དགུ་པ། དབུལ་སྐྱོར་སྐྱེད་གསབ་དངུལ་བུན་གྱིས་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་རྩ་འཛུགས་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བར་སྐུལ་འདེད་བཏང་བ།

        ཆབ་མདོ་ས་ཁུལ་ཆབ་མདོ་རྫོང་ཐང་སྐྱ་གྲོང་ཚོའི་འཛུགས་སྐྲུན་ཚད་ཡོད་ཀུང་སི་ནི་ཞིང་འབྲོག་པའི་སྐྱེལ་འདྲེན་རུ་ཁག་དང་རྡོ་ལེབ་ལས་སྣོན་བཟོ་གྲྭ་ཞིག་ནས་འཕེལ་རྒྱས་བྱུང་བའི་ཐོ་འགོད་མ་དངུལ་སྒོར་ཁྲི་300ལྷག་ཙམ་ལོན་པའི་རྒྱལ་ཁབ་རིམ་པ་གསུམ་པའི་འཛུགས་སྐྲུན་ཐོབ་ཐང་ལྡན་པའི་ཁེ་ལས་ཤིག་ཡིན་ཞིང་། ཀུང་སི་དེ་ཁ་ཐོར་ནས་ཟླ་སྒྲིལ་དང་གོ་རིམ་མེད་པ་ནས་ཚད་ལྡན་བར་གྱི་འཕེལ་རྒྱས་དང་སྟོབས་ཆེར་གཏོང་རིང་དབུལ་སྐྱོར་སྐྱེད་གསབ་དངུལ་བུན་གྱིས་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད།

        2007ལོར་ཀུང་སིའི་ལས་སྒོ་འཕེལ་རྒྱས་གཏོང་བའི་དགོས་མཁོ་གཞིར་བཟུང་འདོན་འཇུག་འཕྲུལ་འཁོར་དང་། སྲུབ་དཀྲུག་འཕྲུལ་འཁོར། སྐྱེལ་འདྲེན་རླངས་འཁོར་སོགས་ཀྱི་འཕྲུལ་འཁོར་སྒྲིག་ཆས་ཁག་གཅིག་འཕྲལ་མར་ཉོ་སྒྲུབ་བྱས་ནས་ལས་གྲྭ་འཛུགས་སྐྲུན་བྱེད་དགོས་ཀྱི་ཡོད་མོད་འོན་ཀྱང་སྒྲིག་ཆས་ཉོ་སྒྲུབ་བྱེད་པར་མ་དངུལ་སྒོར་ཁྲི་50ཙམ་དགོས་པས་ཁེ་ལས་ཀྱིས་རེ་ཞིག་གྲབས་གསོག་བྱེད་ཁག་པོ་ཡོད། ཀུང་སི་དེས་ས་ཆ་དེའི་ཞིང་འབྲོག་པ་དབུལ་པོ་20ལྷག་ཙམ་དང་ངལ་རྩོལ་གྱི་འབྲེལ་བ་བཙུགས་པ་དང་མི་སྤྱོད་གན་རྒྱ་བཞག་པས་ཞིག་འབྲོག་པས་ལས་ཀ་བྱེད་པར་ཉིན་གཅིག་ལ་གླ་ཆ་སྒོར་80སྤྲོད་ཀྱི་ཡོད་པ་དེ་རྒྱ་ཆེའི་དུད་ཚང་དབུལ་པོ་དང་འབྲེལ་བ་ཟབ་པ་དང་ཕྱུག་འགྱུར་སྣེ་ཁྲིད་བྱེད་ཤུགས་ཆེ་བའི་དབུལ་སྐྱོར་ཁེ་ལས་ཆུང་གྲས་ཡིན་པས་རང་ལྗོངས་ཀྱི་དབུལ་སྐྱོར་སྐྱེད་གསབ་དངུལ་བུན་གཏོང་བའི་ཆ་རྐྱེན་དང་མཐུན་ཡོད།

        དེ་རྗེས་ཀུང་སི་དེའི་ནོར་དོན་ཅིང་ལིས་འབྲེལ་ཡོད་དཔྱད་ཡིག་འཁྱེར་ནས་ཆབ་མདོ་རྫོང་དབུལ་སྐྱོར་གཞུང་དོན་ཁང་དུ་སླེབས་པ་དང་ཀུང་སིའི་གཉེར་སྐྱོང་གནས་ཚུལ་དངོས་དང་དངུལ་བུན་ལེན་པའི་བསམ་འདུན་གསལ་བཤད་བྱས་པ་དང་དབུལ་སྐྱོར་གཞུང་དོན་ཁང་དང་དབུལ་སྐྱོར་འགན་འཁྲིའི་ཡི་གེ་བཞག་ཐོག་ས་ཆ་དེའི་དབུལ་སྐྱོར་གཞུང་དོན་ཁང་གིས་འོས་སྦྱོར་བྱས་པ་བརྒྱུད་ཀུང་སི་དེས་ཞིང་ལས་དངུལ་ཁང་ཆབ་མདོ་རྫོང་ཉིང་ལག་དངུལ་ཁང་ལ་སྒོར་ཁྲི་50ཡི་དབུལ་སྐྱོར་སྐྱེད་གསབ་དངུལ་བུན་གཡར་རྒྱུའི་སྙན་འབུལ་ཞུས། ས་ཆ་དེའི་ཞིང་ལས་དངུལ་ཁང་གི་སྒྲིག་གཞིས་ཀུང་སི་དེའི་དཔྱད་ཡིག་ལ་ཞིབ་བཤེར་བྱས་པ་དང་འབྲེལ་ས་གནས་ས་ཐོག་ཏུ་བརྟག་དཔྱད་བྱས་རྗེས་ཀུང་སི་དེར་དབུལ་སྒྲོལ་ཕྱུག་འགྱུར་གྱི་སྣེ་ཁྲིད་ནུས་པ་ལྡན་པ་དང་རྣམ་གྲངས་འཕེལ་རྒྱས་ཀྱི་མདུན་ལམ་ལེགས་པས་བུ་ལོན་འཇལ་བའི་ནུས་པ་ལྡན་ཡོད་པའི་ངོས་འཛིན་བྱས་ནས་ཀུང་སི་དེའི་དངུལ་བུན་གཡར་རྒྱུའི་རེ་ཞུར་ཆོག་མཆན་སྤྲད་པ་དང་དེར་སྒོར་ཁྲི་50ཡི་དབུལ་སྐྱོར་སྐྱེད་གསབ་དངུལ་བུན་གྱི་རྒྱབ་སྐྱོར་བྱས་ཡོད། རང་ལྗོངས་ཀྱི་དབུལ་སྐྱོར་སྐྱེད་གསབ་དངུལ་བུན་སྲིད་ཇུས་གཞིར་བཟུང་། ཀུང་སི་དེས་དངུལ་ཁང་ལ་ལོ་རེར་དངུལ་བུན་གྱི་སྐྱེད་ཀ་སྒོར་5400ལས་སྤྲོད་དགོས་ཀྱི་མེད་པ་དེས་ཀུང་སིའི་མ་དངུལ་གྱི་དགོས་མཁོ་སྐོང་ཐུབ་པ་མ་ཟད་ཁེ་ལས་ཀྱི་མ་དངུལ་སྤྱོད་པའི་མ་གནས་ཀྱང་ཧ་ཅང་གིས་དམའ་རུ་ཕྱིན་པས་ཁེ་ལས་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བའི་གོམ་སྟབས་ཀྱང་མགྱོགས་སུ་སོང་བ་རེད།

        དཔེ་གཞི་བཅུ་པ། དབུལ་སྐྱོར་སྐྱེད་གསབ་དངུལ་བུན་གྱིས་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་གོང་འཕེལ་ཡོང་བར་སྐུལ་མ་གཏོང་རོགས་བྱས་པ།

        བོད་རང་སྐྱོང་ལྗོངས་བོད་སྨན་བཟོ་གྲྭ་ནི་རང་སྐྱོང་ལྗོངས་སྲིད་གཞུང་གིས་གཏན་ལ་འཁེལ་བའི་ཞིང་འབྲོག་ལས་ཐོན་ལས་ཅན་གཉེར་སྐྱོང་གི་སྣེ་འདྲེན་ཁེ་ལས་13གྱི་གྲས་ཤིག་ཡིན་ལ་རྒྱལ་ཁབ་ཀྱི་གཙོ་གནད་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་གཉེར་སྐྱོང་སྣེ་འདྲེན་ཁེ་ལས་ཁག་བཞི་པའི་གྲས་ཤིག་ཀྱང་ཡིན་པས་ཁེ་ལས་དེས་ལོ་ལྟར་ཞིང་འབྲོག་པ་དང་ཉོ་སྒྲུབ་ཀྱི་གན་རྒྱ་བཞག་ནས་བོད་སྨན་གྱི་མ་བཅོས་རྒྱུ་ཆ་ཉོ་བ་མ་ཟད་ཞིང་འབྲོག་པའི་ལག་ནས་ཀཉྩ་ཐ་དང་དབྱར་རྩྭ་དགུན་འབུ་སོགས་སྨན་རྒྱུ་ཉོ་བ་དང་། 2010ལོ་ཁོ་ནར་ཁེ་ལས་དེས་ཞིང་འབྲོག་དུད་ཚང་གི་ལག་ནས་སྨན་རྒྱུའི་གྲངས་ཚད་སྤྱི་རྒྱ་ཁྲི་7.4ཉོས་པར་མ་དངུལ་སྒོར་ཁྲི་1,820ཟིན་ནས་ཞིང་འབྲོག་པའི་དངུལ་སྨར་ཡོང་འབབ་ཐད་ཀར་འཕར་ཏེ་ཞིང་འབྲོག་པའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱུང་ཡོད། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་ཁེ་ལས་དེར་ཁྱོན་དངུལ་བུན་སྒོར་ཁྲི་ 8,900ལྷག་ཙམ་བཏང་བ་དེས་བཟོ་གྲྭ་ཪྙིང་པ་བསྐྱར་སྐྲུན་བྱུང་བ་མ་ཟད་བོད་སྨན་གྱི་དེང་རབས་ཅན་གྱི་དཔེ་སྟོན་ཁེ་ལས་གསར་སྐྲུན་བྱུང་ནས་རང་ལྗོངས་ཀྱི་བོད་སྨན་གྱི་སྣ་ཁ་གསར་སྤེལ་ལ་སྐུལ་མ་ཐེབས་ཏེ་བོད་སྨན་ཐོན་ཟོག་གི་ཚན་རྩལ་འདུས་ཚད་དང་ཁེ་ལས་ཀྱི་གསར་གཏོད་ནུས་པ་ཆེ་རུ་སོང་ཡོད་པ་རེད། དེའི་ནང 《〈དབུལ་སྐྱོར་སྐྱེད་གསབ་དངུལ་བུན་གྱི་དོ་དམ་སྒྲིག་གཞིར་སྒོ་ཀུན་ནས་སྒྱུར་བཅོས་བྱེད་པའི་སྐོར་གྱི་བརྡ་ཐོ 〉བརྒྱུད་སྤེལ་བྱ་རྒྱུའི་སྐོར་གྱི་བརྡ་ཐོ 》(བོད་དབུལ་སྐྱོར་གཞུང [2008]ཡིག་ཨང་118པ )ནང་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་གཉེར་སྐྱོང་སྣེ་འདྲེན་ཁེ་ལས་ལ་དབུལ་སྐྱོར་བྱེད་པའི་འབྲེལ་ཡོད་སྲིད་ཇུས་ཀྱི་གཏན་འབེབས་གཞིར་བཟུང་དབུལ་སྐྱོར་སྐྱེད་གསབ་དངུལ་བུན་སྒོར་ཁྲི་2,000བཏང་ནས་གལ་ཏེ་རྒྱལ་ཁབ་ཀྱི་དབུལ་སྐྱོར་སྐྱེད་གསབ་དངུལ་བུན་གྱི་སྐྱེད་ཚད་དེ་3%ལ་གཞིགས་ན་ལོ་གཅིག་ནང་སྐྱེད་ཀ་སྒོར་ཁྲི་60སྤྲོད་དགོས་ཀྱི་ཡོད། བོད་ཀྱི་དབུལ་སྐྱོར་སྐྱེད་གསབ་དངུལ་བུན་གྱི་སྐྱེད་ཚད་1.08%ལ་གཞིགས་ན་ལོ་གཅིག་ནང་སྐྱེད་ཀ་སྒོར་ཁྲི་21.6ལས་སྤྲོད་དགོས་ཀྱི་མེད་པས་གཟིགས་སྐྱོང་ལྡན་པའི་དངུལ་བུན་སྐྱེད་ཚད་སྲིད་ཇུས་ཀྱིས་ཁེ་ལས་དེར་ལོ་ལྟར་སྐྱེད་ཀའི་གཏོང་སྒོ་སྒོར་ཁྲི་ 38.4 གྲོན་ཆུང་ཐུབ་ཡོད་པ་རེད།

        2“ལོ་ལྔ་ཚན་བཅུ་གཅིག་པའི ”དམིགས་བསལ་གཟིགས་སྐྱོང་གི་དངུལ་ལོར་སྲིད་ཇུས་ཀྱིས་རང་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཆེད་དགེ་མཚན་ལྡན་པའི་ནུས་པ་ཐོན་རྒྱུར་སྐུལ་མ་གཏོང་རོགས་བྱས་པ།

        “ལོ་ལྔ་ཚན་བཅུ་གཅིག་པ ”ཤར་ཚུན་བོད་ཀྱི་དམིགས་བསལ་གཟིགས་སྐྱོང་གི་དངུལ་རྩའི་སྲིད་ཇུས་ལག་བསྟར་བྱས་པ་དེས་རང་ལྗོངས་ཀྱི་ཐོན་ལས་གྲུབ་ཆ་ལེགས་སྒྲིག་དང་དཔལ་འབྱོར་དང་སྤྱི་ཚོགས་ལེགས་ལ་མྱུར་བའི་སྒོ་ནས་གོང་འཕེལ་ཡོང་བར་སྐུལ་མ་ནུས་ལྡན་ཐེབས་ཡོད། 2010 ལོའི་ཟླ་བ་བཅུ་གཅིག་པའི་ཟླ་མཇུག་བར་ལྗོངས་ཡོངས་ཀྱི་དངུལ་རྩའི་སྒྲིག་གཞིའི་བཅོལ་དངུལ་ལྷག་གྲངས་སྒོར་དུང་ཕྱུར་1,234.84ཟིན་པ་དེ “ལོ་ལྔ་ཚན་བཅུ་པའི ”དུས་མཇུག་ལས་སྒོར་དུང་ཕྱུར་ 779.73འཕར་ནས་ལྡབ་1.71 མང་དུ་སོང་བ་དང་། མི་དམངས་ཤོག་སྒོར་དང་ཕྱི་དངུལ་དངུལ་བུན་ལྷག་གྲངས་ཁག་སྒོར་དུང་ཕྱུར་ 295.62 ཟིན་པ་དེ “ལོ་ལྔ་ཚན་བཅུ་པའི ”དུས་མཇུག་ལས་སྒོར་དུང་ཕྱུར་ 116.77 འཕར་ནས་65.29%མང་དུ་སོང་ཡོད། བསྡོམས་རྩིས་ལ་གཞིགས་ན “ལོ་ལྔ་ཚན་བཅུ་གཅིག་པ ”ཤར་ཚུན་དམིགས་བསལ་གཟིགས་སྐྱོང་གི་དངུལ་རྩའི་སྲིད་ཇུས་ལག་བསྟར་བྱས་ནས་སྤྱི་ཚོགས་ལ་ཐད་ཀར་སྒོར་དུང་ཕྱུར་21.5ཁེ་བསྐྱུར་བྱས་པ་དེས་དངུལ་གཡར་མཁན་གྱི་སྐྱེད་ཀའི་མ་གནས་ཆུང་དུ་འགྲོ་ཐུབ་པ་བྱུང་ཡོད་ལ་སྤྱི་ཚོགས་ལས་རིགས་ཁག་གི་ནུས་ལྡན་གྱི་ཡིད་རྟོན་དངུལ་བུན་གྱི་དགོས་མཁོ་བསྐོང་ཐུབ་པ་དང་། རང་ལྗོངས་ཀྱི་དཔལ་འབྱོར་ལེཌ་ལ་མྱུར་བའི་སྒོ་ནས་གོང་འཕེལ་ཡོང་བར་སྐུལ་མ་ཐེབས་ཡོད།

        2010 ལོའི་ཟླ་11 པའི་ཟླ་མཇུག་བར་ལྗོངས་ཡོངས་ཀྱི་ཞིང་ལས་དང་འབྲེལ་བ་ཡོད་པའི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་54.75 ཟིན་པ་དེ་2005 ལོའི་ལོ་མཇུག་ལས་སྒོར་དུང་ཕྱུར་20.82འཕར་ནས་60.14%མང་དུ་སོང་ཡོད་པ་རེད། ལྗོངས་ཡོངས་ཀྱི་ཞིང་འབྲོག་དུད་ཚང་ལ་བཏང་བའི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་48.80 ཟིན་པ་དེ་2009 ལོར་ཞིང་འབྲོག་དུད་ཚང་ཁྲི་46.03 ཡོད་པའི་ཚོད་རྩིས་ལྟར་ན་ཆ་སྙོམས་དུད་ཚང་རེར་སྒོར་10,615 ཙམ་དངུལ་བུན་བཏང་ཡོད་པ་རེད། 2006 ལོ་ནས་2010 ལོའི་ཟླ་11བར་བོད་ལྗོངས་དངུལ་ཁང་ལས་རིཌ་ཀྱི་ཡན་ལག་དང་ཉིང་ལག་སྒྲིག་གཞི་ཁག་གིས་རྒྱལ་ཡོངས་ལས་བརྒྱ་ཆའི་གནས་2 དམའ་བའི་སྲིད་ཇུས་ལག་བསྟར་བྱེད་པ་དང་དབུལ་སྐྱོར་སྐྱེད་གསབ་དངུལ་བུན་1.08%ཀྱི་དངུལ་བུན་གཟིགས་སྐྱོང་སྐྱེད་ཚད་སྲིད་ཇུས་ལག་བསྟར་བྱས་ནས་ཞིང་འབྲོག་ཁུལ་དང་ཞིང་འབྲོག་པར་སྒོར་དུང་ཕྱུར་6.04ཙམ་ཁེ་བསྐྱུར་བྱས་པ་སྟེ་དུད་ཚང་རེར་ཆ་སྙོམས་སྒོར་1,311ཁེ་བསྐྱུར་བྱུང་ནས་ཞིང་འབྲོག་པའི་ཡོང་འབབ་འཕར་སྣོན་དང་ཞིང་འབྲོག་པའི་འཚོ་བའི་ཆུ་ཚད་མཐོ་རུ་འགྲོ་རྒྱུར་སྐུལ་མ་ཐེབས་ཡོད་པ་རེད།

        “ལོ་ལྔ་ཚན་བཅུ་གཅིག་པའི ”ཚུན་དུ་རིམ་རྩིས་ལྟར་ན་ཁྱད་ལྡན་དང་ལེགས་ཆའི་ཐོན་ལས་ལ་རྒྱབ་སྐྱོར་བྱེད་པའི་དངུལ་བུན་སྒོར་དུང་ཕྱུར་66 ལྷག་ཙམ་བཏང་བའི་ནང་ལེགས་ལྡན་གཏེར་ཁའི་ཐོན་ལས་ཐད་དངུལ་བུན་སྒོར་དུང་ཕྱུར་26 དང་། ཞིང་འབྲོག་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་ཐད་དངུལ་བུན་སྒོར་དུང་ཕྱུར་6ཡུལ་སྐོར་ལས་རིགས་ཐད་དངུལ་བུན་སྒོར་དུང་ཕྱུར་6.3 འཛུགས་སྐྲུན་རྒྱུ་ཆའི་ལས་རིགས་ཐད་དངུལ་བུན་སྒོར་དུང་ཕྱུར་9བོད་ལུགས་གསོ་རིགས་དང་བོད་སྨན་ལས་རིགས་ཐད་དངུལ་བུན་སྒོར་དུང་ཕྱུར་7.4ས་མཐོའི་ཁྱད་ལྡན་སྐྱེ་དངོས་ཐོན་ལས་ཐད་དངུལ་བུན་སྒོར་དུང་ཕྱུར་8.4བཅས་བཏང་ནས་རང་ལྗོངས་ཀྱི་ཁྱད་ལྡན་དཔལ་འབྱོར་འཕེལ་རྒྱས་དང་ཐོན་ལས་གྲུབ་ཆ་ལེགས་སྒྲིག་ཐད་དངུལ་རྩའི་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས་རང་ལྗོངས་ཀྱི་དཔལ་འབྱོར་རང་ངོས་འཕེལ་རྒྱས་གཏོང་ནུས་ཟམ་མི་ཆད་པར་ཆེ་རུ་སོང་ཡོད་པ་རེད།

        “ལོ་ལྔ་ཚན་བཅུ་གཅིག་པའི ”ལོ་འགོར 《དབུལ་སྐྱོར་སྐྱེད་གསབ་དངུལ་བུན་དོ་དམ་སྒྲིག་གཞིར་སྒོ་ཀུན་ནས་སྒྱུར་བཅོས་བྱེད་པའི་སྐོར་གྱི་བརྡ་ཐོར 》(རྒྱལ་སྤེལ་ཁང་གིས་སྤེལ [2008]ཡིག་ཨང་29པ ) གཞིགས་པ་དང་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་རང་ལྗོངས་ཀྱིས 《<དབུལ་སྐྱོར་སྐྱེད་གསབ་དངུལ་བུན་དོ་དམ་སྒྲིག་གཞིར་སྒོ་ཀུན་ནས་སྒྱུར་བཅོས་བྱེད་པའི་སྐོར་གྱི་བརྡ་ཐོ >བརྒྱུད་སྤེལ་བྱེད་པའི་སྐོར་གྱི་བརྡ་ཐོ 》(བོད་དབུལ་སྐྱོར་གཞུང [2008]ཡིག་ཨང་118པ )བཏོན་ནས་དབུལ་སྐྱོར་སྐྱེད་གསབ་དངུལ་བུན་གཏོང་ཡུལ་སྔར་བས་རྒྱ་ཆེར་གཏོང་བ་དང་དངུལ་བུན་གཏོང་རྒྱ་དེ་བས་རྒྱ་ཆེར་ཕྱིན་ནས་རང་ལྗོངས་ཀྱི་དབུལ་སྐྱོར་སྐྱེད་གསབ་དངུལ་བུན་རྒྱུན་མཐུད་ངང་མགྱོགས་མྱུར་འཕར་རྒྱུར་སྐུལ་མ་ཐེབས་ཡོད་པ་རེད། 2010ལོའི་ཟླ་10པའི་ཟླ་མཇུག་བར་ལྗོངས་ཡོངས་ཀྱི་དབུལ་སྐྱོར་སྐྱེད་གསབ་དངུལ་བུན་གྱི་ལྷག་གྲངས་བསྡོམས་འབོར་སྒོར་དུང་ཕྱུར་19.98 ཟིན་པ་དེ “ལོ་ལྔ་ཚན་བཅུ་པའི ”ལོ་མཇུག་ལས་སྒོར་དུང་ཕྱུར་10 .08འཕར་ནས་ལྡབ་1མང་དུ་སོང་སྟེ་ཞིང་འབྲོག་པའི་དབུལ་སྒྲོལ་ཕྱུག་འགྱུར་ལ་སྐུལ་མ་གཏོང་རྒྱུར་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད་པ་རེད།

        3“ལོ་ལྔ་ཚན་བཅུ་གཉིས་པའི ”དམིཌ་བསལ་གཟིགས་སྐྱོང་གི་དངུལ་ལོར་སྲིད་ཇུས་དེ་བས་ཚན་རིག་དང་མཐུན་པ་དང་དེ་བས་འཐུས་ཚང་གཏོང་རྒྱུ།

        ཀྲུང་གོ་མི་དམངས་དངུལ་ཁང་གི་ཐུགས་ཁུར་དང་དབང་ཆ་སྤྲད་པའི་འོག་ཀྲུང་གོ་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གིས་2002ལོ་དང་2007ལོ་སོ་སོར 《ཀྲུང་གོ་དངུལ་ཁང་གི་དངུལ་བུན་ཐད་ཧེ་བག་ཡོད་པའི་སྐྱེད་ཚད་སྣོན་འགེལ་དོ་དམ་གྱི་གནས་སྐབས་ལག་བསྟར་བྱ་ཐབས 》ལ་བཟོ་བཅོས་བརྒྱབ་ནས་འཐུས་སྒོ་ཚང་དུ་བཏང་སྟེ་དངུལ་བུན་གྱི་དུས་ཚད་དང་སྐྱེད་ཁ་རྩིས་ལེན་བྱེད་སྟངས་དང་། དངུལ་བུན་ཐད་སྐྱེད་ཆད་སྣོན་འགེལ་མི་བྱེད་རྒྱུའི་ཁྱབ་ཁོངས་དང་། དངུལ་བུན་ཐད་སྐྱེད་ཚད་སྣོན་འགེལ་བྱེད་པའི་ཁྱབ་ཁོངས་དང་། སྲིད་ཇུས་ཀྱི་ལྟ་སྐུལ་དོ་དམ་སོགས་ཐད་གཏན་འབེབས་ཁ་གསལ་བྱས་ཡོད། དེའི་སྲོག་ཤིང་གི་ནང་དོན་ནི་ཞིང་འབྲོག་ཁུལ་གྱི་དངུལ་བུན་གཡར་མཁན་གྱི་དུས་བཅད་ལས་བརྒལ་བའི་དངུལ་བུན་ཚང་མར་སྐྱེད་ཁ་སྣོན་འགེལ་མི་བྱེད་རྒྱུ་དང་ཞིང་འབྲོག་ཁུལ་ནས་མིན་པའི་དངུལ་བུན་གཡར་མཁན་གྱི་དུས་བཅད་ལས་བརྒལ་བའི་དངུལ་བུན་ལ་ཧེ་བག་ཡོད་པའི་སྒོ་ནས་སྐྱེད་ཆད་ཁ་སྣོན་འགེལ་བྱེད་པའི་སྲིད་ཇུས་ལག་ལེན་བསྟར་རྒྱུ་དེ་ཡིན། བྱ་ཐབས་དེ་ལག་བསྟར་བྱས་པ་དེས་ཁོངས་གཏོགས་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞིའི་དངུལ་བུན་གཏོང་བའི་བྱ་སྤྱོད་ཚད་ལྡན་བྱུང་བའི་ཁར་ཁོངས་གཏོགས་དང་ལྷག་དོན་དུ་ཞིང་འབྲོག་ཁུལ་གྱི་དངུལ་བུན་ལེན་མཁན་གྱི་སྐྱེད་ཁའི་ཁུར་པོ་ཡང་དུ་ཕྱིན་ནས་གཟིགས་སྐྱོང་ལྡན་པའི་དངུལ་བུན་གྱི་སྐྱེད་ཚད་སྲིད་ཇུས་ཀྱིས་བོད་ཀྱི་ཞིང་འབྲོག་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་ཐུབ་པ་བྱུང་ཡོད། ད་ཆ་སྤྱོད་བཞིན་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་རང་ལྗོངས་ཀྱི་སྤྱི་ཚོགས་ཡིད་རྟོན་ཁོར་ཡུག་གི་དོན་དངོས་ལ་གཞིགས་ཏེ 《བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པའི་འབྲེལ་ཡོད་དངུལ་རྩའི་སྲིད་ཇུས་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་ཀྲུང་གོ་མི་དམངས་དངུལ་ཁང་གི་བསམ་འཆར 》 (དངུལ་འགྲེམས [2010]ཡིག་ཨང་189པ )ཡིག་ཆའི་ནང་སྲིད་ཇུས་དེ་མེད་པ་བཟོས་ཡོད་པ་སྟེ 《བོད་རང་སྐྱོང་ལྗོངས་ཀྱི་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞིས་དངུལ་བུན་ཐད་ཧེ་བག་ཡོད་པའི་སྒོ་ནས་སྐྱེད་ཆད་ཁ་སྣོན་འགེལ་བྱེད་པའི་དོ་དམ་གྱི་གནས་སྐབས་ལག་བསྟར་བྱ་ཐབས 》དེ་2010ལོའི་ཟླ་12ཚེས་31བར་ལག་བསྟར་བྱས་ནས་མེད་པ་བཟོ་རྒྱུའི་གཏན་འབེབས་བྱས་ཡོད། སྲིད་ཇུས་དེ་མེད་པ་བཟོས་པ་དེ་ཚོང་ལས་དངུལ་ཁང་གིས་ད་ལྟ་སྤྱོད་བཞིན་པའི་ཁྲིམས་ལུགས་དང་ཁྲིམས་སྲོལ་གཞིར་བཟུང་ལས་སྒོ་གཉེར་སྐྱོང་བྱ་རྒྱུར་ཕན་པ་ཡོད་པ་དང་དངུལ་བུན་ལས་སྒོའི་རྣམ་པ་ཇི་མ་ཇི་བཞིན་མཚོན་གྱུར་ཕན་པ་ཡོད་པ། དངུལ་བུན་གཡར་མཁན་གྱི་ཡིད་རྟོན་འདུ་ཤེས་སྐྱེད་སྲིང་བྱེད་རྒྱུ་དང་ཞིང་འབྲོག་ཁུལ་གྱི་ཡིད་རྟོན་ཁོར་ཡུག་ལེགས་སུ་གཏོང་རྒྱུར་ཕན་པ་ཡོད། 2011ལོའི་ཟླ་1ཚེས་1ཉིན་ནས་བཟུང་བོད་ལྗོངས་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞིས་དངུལ་བུན་གཡར་མཁན་ལ་བཏང་བའི་དངུལ་བུན་རིགས་ཁག་ཐད་ཁ་ཆད་ལས་འགལ་བའི་བྱ་སྤྱོད་ཐོན་སྐབས་རྒྱལ་ཡོངས་སུ་གཅིག་གྱུར་ཡིན་པའི་སྐྱེད་ཆད་ཁ་སྣོན་འགེལ་གྱི་དོ་དམ་གཏན་འབེབས་གཞིར་བཟུང་ལག་བསྟར་བྱ་རྒྱུ་ཡིན་ཞིང་། དེར་བརྟེན་ཁོངས་གཏོགས་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞི་ཁག་གིས་གཏོང་སྤྲོད་བྱས་པའི་ཞིང་འབྲོག་ཁུལ་གྱི་དངུལ་བུན་རིགས་ཁག་ཞིང་འབྲོག་ལས་ཐོན་སྐྱེད་དང་ཞིང་འབྲོག་ཁུལ་གྱི་ཁེ་ལས་ཁག་གི་གཉེར་སྐྱོང་དུས་འཁོར་ལ་གཞིགས་ཏེ་དངུལ་བུན་གྱི་དུས་ཚད་ལུགས་མཐུན་ངང་གཏན་འཁེལ་བྱེད་པ་ལས་དངུལ་ཁང་ཁག་གི་རྐང་བཙུགས་ནས་དངུལ་བུན་གྱི་དུས་ཚད་ཐུང་དུ་བཏང་བའི་དབང་གིས་དངུལ་བུན་གྱི་དུས་ཚད་ལས་བརྒལ་ནས་སྐྱེད་ཆད་ཁ་སྣོན་འགེལ་བྱེད་པའི་རིགས་ཐོན་ནས་དངུལ་བུན་ལེན་མཁན་གྱི་མ་བསྡུའི་མ་གནས་ཆེ་རུ་འགྲོ་བའི་རིགས་ཐོན་རྒྱུ་སྔོན་འགོག་ནན་ཏན་བྱེད་དགོས།

        “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་རང་ལྗོངས་ཀྱིས་ལག་བསྟར་བྱ་རྒྱུའི་དམིགས་བསལ་གཟིགས་སྐྱོང་གི་དངུལ་རྩའི་སྲིད་ཇུས་ནང་ཕྱོགས་བསྡུས་ཁ་གསབ་ཁྱབ་ཁོངས་དང་། དབུལ་སྐྱོར་སྐྱེད་གསབ་དངུལ་བུན་གྱི་ནང་དོན། ཕྱི་དངུལ་དོ་དམ། དངུལ་རྩའི་མ་ལག་འཐུས་ཚང་སོགས་ཕྱོགས་ཐད་ནང་དོན་གསར་པ་བསྣན་ཡོད་པར་བརྟེན “ལོ་ལྔ་ཚན་བཅུ་གཅིག་པའི ”དམིགས་བསལ་གཟིགས་སྐྱོང་གི་དངུལ་རྩའི་སྲིད་ཇུས་དེ་བས་གཟིགས་སྐྱོང་ཆེ་བ་དང་། གཟིགས་སྐྱོང་བྱེད་ཤུགས་དེ་བས་ཆེ་བ། གཟིགས་སྐྱོང་གི་ཁྱབ་ཁོངས་དེ་བས་ཆེ་བ་བཅས་ཡོད་པས་མིག་སྔའི་བར་གཟིགས་སྐྱོང་ཆེ་ཤོས་ལྡན་པའི་སྲིད་ཇུས་ཤིག་ཡིན། “ལོ་ལྔ་ཚན་བཅུ་གཉིས་པའི ”དམིགས་བསལ་གཟིགས་སྐྱོང་གི་དངུལ་རྩའི་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱས་པ་དང་སྦྲགས་བོད་ལ་ཕན་པའི་ཐོན་ལས་གྲུབ་ཆ་ཆགས་རྒྱུར་སྐུལ་འདེད་གཏོང་བ་དང་། མི་དམངས་མང་ཚོགས་ཚོའི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་བ། ཞིང་འབྲོག་ལས་ཐོན་སྐྱེད་དང་ཞིང་འབྲོག་པའི་འབབ་འཕར་ལ་སྐུལ་འདེད་གཏོང་བ། དཔལ་འབྱོར་དེ་བས་ལེགས་པ་དང་། དེ་བས་མྱུར་བ། དེ་བས་ཆེ་བ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་ཐད་ནུས་པ་གལ་ཆེན་ཐོན་རྒྱུ་ཡིན་པ་ང་ཚོར་ཡིད་ཆེས་བརྟན་པོ་ཡོད།

                       2010ལོའི་ཟླ་12ཚེས་22ཉིན།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།