“ལོ་ལྔ་ཚན་བཅུ་གཉིས་པའི”རིང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོཊ་འཕེལ་རྒྱས་འཆར་འགོད་བཟོ་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་གྲོས་འགོ
“ལོ་ལྔ་ཚན་བཅུ་གཉིས་པའི ”རིང (2011ནས་2015ལོ་བར )ནི་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བ་དང་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་འགག་སྒྲོལ་དུས་སྐབས་ཤིག་རེད། ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ། ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་ནན་ཏན་བྱས་ཏེ “ལོ་ལྔ་ཚན་བཅུ་གཉིས་པའི ”དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་ཚན་རིག་དང་མཐུན་པའི་ངང་བཟོ་རྒྱུ་དེ་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་དཔལ་འབྱོར་དང་སྤྱི་ཚོགས་དེ་བས་ལེགས་པ་དང་། དེ་བས་མྱུར་བ། དེ་བས་ཆེ་བ་བཅས་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པར་རྒྱལ་ཁ་གསར་པ་ལེན་པར་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད།
གཅིག དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དུས་བབ་ཁྱོན་ཡོངས་ནས་ཁོང་དུ་ཆུད་དེ “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་བཟོ་བའི་མཛུབ་ཁྲིད་བསམ་བློ་དང་། དམིགས་ཚད་ལས་འགན། རྩ་བའི་བླང་བྱ་བཅས་གསལ་བཟོ་བྱེད་དགོས།
(1)“ལོ་ལྔ་ཚན་བཅུ་གཅིག་པའི ”རིང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་ཆེན་པོ་ཐོབ་པ། “ལོ་ལྔ་ཚན་བཅུ་གཅིག་པའི ”རིང་ནི་རང་ལྗོངས་འཕེལ་རྒྱས་ཀྱི་འཕེལ་རིམ་ཁྲོད་ཧ་ཅང་སྤྱིར་བཏང་མིན་པའི་ལོ་ལྔ་ཡིན་ཞིང་། ཪྙོག་འཛིང་ཆེ་ལ་འགྱུར་ལྡོག་མང་བའི་དུས་བབ་དང་དཀའ་ཚེགས་ཆེ་ལ་ལྗིད་རྫོབ་ཆེ་བའི་སྒྱུར་བཅོས་དང་། འཕེལ་རྒྱས། བརྟན་ལྷིང་བཅས་ཀྱི་ལས་འགན་མདུན་དུ་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་ལྷག་པར་དུ་ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་། ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ཀྱི་པུའུ་དང་ཨུ་ལྷན། ཀྲུང་དབྱང་གི་རྐང་འཛིན་ཁེ་ལས་གལ་ཆེན་བཅས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་འོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་བ་དང་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་མཛུབ་ཁྲིད་བསམ་བློ་དང་བྱེད་ཕྱོགས་སྲིད་ཇུས་རབ་དང་རིམ་པ་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་གྱི་རྡབ་རྡེག་ཧ་ཅང་ཆེན་པོ་ཁྱད་བསད་བྱེད་པ། ལྷ་སའི “3·14” རྡུང་གཅོག་འཕྲོག་སྲེག་གི་གཏུམ་སྤྱོད་ཉེས་གསོག་དོན་རྐྱེན་ཚབས་ཆེན་ཁྲིམས་ལུགས་དང་མཐུན་པའི་ངང་འཕྲལ་ཐག་ཆོད་པོས་ཐག་གཅོད་བྱེད་པ། ས་ཡོམ་དང་། ཐན་པ། ཤྭ་འོད། འདམ་རྡོའི་ཆུ་རུད་སོགས་རང་བྱུང་གནོད་འཚེ་ཚབས་ཆེན་ལས་རྣམ་པར་རྒྱལ་བ། བློ་བརྟན་འགྱུར་མེད་ངང་འཕེལ་རྒྱས་དམ་འཛིན་བྱེད་པ། ནུས་ཤུགས་གང་ཡོད་ཀྱིས་དམངས་འཚོར་ཕན་འདོགས་པ། དར་ཆ་གསལ་སྟོན་ངང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པ། དཔལ་འབྱོར་དང་སྤྱི་ཚོགས་ཐད་འཕེལ་ཕྱོགས་བཟང་པོ་རྒྱུན་འཁྱོངས་བཅས་བྱུང་ཡོད། མཚོ་བོད་ལྕགས་ལམ་མཚོན་བྱེད་དུ་བྱས་པའི་འགྲིམ་འགྲུལ་དང་ནུས་རྒྱུ་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། ཁྱད་ལྡན་ལེགས་ལྡན་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་སོང་བ། བདེ་སྡོད་ལས་བརྩོན་ཚད་བརྒལ་སར་བྱས་པའི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་ལ་འཕེལ་རིམ་འགངས་ཆེན་བྱུང་བ། སྤྱི་ཚོགས་བྱ་གཞག་ཁྱོན་ཡོངས་ནས་ཡར་རྒྱས་བྱུང་བ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་རྒྱལ་ཁ་འགངས་ཆེན་ཐོབ་པ། མི་རིགས་མཐུན་སྒྲིལ་ཟམ་མི་ཆད་པར་སྲ་བརྟན་དུ་སོང་བ། བོད་དུ་ཏང་གི་སྲིད་སྐྱོང་རྨང་གཞི་དེ་བས་བརྟན་དུ་སོང་བ། “ལོ་ལྔ་ཚན་བཅུ་གཅིག་པའི ”འཆར་འགོད་ནང་གཏན་འཁེལ་བྱས་པའི་དམིགས་ཚད་དང་ལས་འགན་གཙོ་བོ་ཁྱོན་ཡོངས་ནས་ལེགས་གྲུབ་བྱུང་བ། སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྐྱོང་། རིག་གནས་འཛུགས་སྐྱོང་། སྤྱི་ཚོགས་འཛུགས་སྐྲུན་བཅས་དང་དེ་བཞིན་སྣོད་བཅུད་ཤེས་དཔལ་སྲོལ་གཏོད་དང་ཏང་གི་འཛུགས་སྐྱོང་ཐད་འཕེལ་རྒྱས་འགངས་ཆེན་བྱུང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་གསར་པ་བཅས་བྱུང་ནས་བོད་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ལེའུ་གསར་པ་བརྩམས་ཡོད། ལོ་ལྔའི་རིང་ཐོབ་པའི་གྲུབ་འབྲས་དེ་ཐོབ་སླ་བ་ཞིག་མིན་པ་དང་གསོག་འཇོག་བྱས་པའི་ཉམས་མྱོང་དེ་དག་རྩ་ཧ་ཅང་ཆེན་པོ་ཡིན་ལ་གསར་གཏོད་བྱས་པའི་བསམ་པའི་རྒྱུ་ནོར་གྱི་ཤུགས་རྐྱེན་ཐེབས་ཤུགས་ཆེན་པོ་ལྡན་ཡོད། སྔར་སོང་རྒྱུན་འཛིན་དང་མ་འོངས་གསར་གཏོད་དང་གསར་འབྱེད་གསར་གཏོད་བྱེད་པ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཡིད་ཆེས་ཀྱིས་ཁེངས་བཞིན་དུ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་བསྐྱོད་བཞིན་ཡོད།
(2)“ལོ་ལྔ་ཚན་བཅུ་གཉིས་པའི ”རིང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་འཕྲད་པའི་དུས་བབ། “ལོ་ལྔ་ཚན་བཅུ་གཅིག་པའི ”རིང་འཕེལ་རྒྱས་བཏང་བ་བརྒྱུད་རང་ལྗོངས་འདི་ཉིད་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ལངས་ནས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་དམིགས་ཚད་ཐོག་གོམ་སྟབས་སྤོ་བཞིན་ཡོད། འོན་ཀྱང་དམིགས་བསལ་གྱི་ལོ་རྒྱུས་དང་། རང་བྱུང་། སྤྱི་ཚོགས་སོགས་ཀྱི་རྒྱུ་རྐྱེན་གྱིས་རྐྱེན་པས་རང་ལྗོངས་འདི་ཉིད་སྤྱི་ཡོངས་ནས་བཤད་ན་སྔར་བཞིན་འཕེལ་རྒྱས་འགོར་བའི་ས་ཁུལ་ཞིག་ཡིན་པ་དང་མི་དམངས་ཀྱི་ཉིན་བཞིན་མང་དུ་འགྲོ་བའི་དངོས་པོ་དང་རིག་གནས་ཀྱི་དགོས་མཁོ་དང་རྗེས་ལུས་ཀྱི་སྤྱི་ཚོགས་ཐོན་སྐྱེད་དབར་གྱི་འགལ་བ་དེ་རང་ལྗོངས་ཀྱི་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་དེ་ཡིན་པས་སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་མགྱོགས་མྱུར་འཕེལ་རྒྱས་བཏང་ནས་མི་དམངས་ཀྱི་དངོས་པོ་དང་རིག་གནས་ཀྱི་དགོས་མཁོ་སྐོང་རྒྱུའི་ལས་འགན་ཧ་ཅང་ལྕི་པོ་ཡོད། དེའི་ཁྱད་ཆོས་གཙོ་བོ་ནི། དཔལ་འབྱོར་བསྡོམས་འབོར་བརྟན་པོའི་ངང་འཕར་མོད། འོན་ཀྱང་འགོ་འཛུགས་རྒྱུ་ཕྱི་བ་དང་། རྨང་གཞི་ཞན་པ། གསོག་འཇོག་ཉུང་བ། སྟོབས་ཤུགས་ཞན་པ་བཅས་ཀྱི་གནས་ཚུལ་སྔར་བཞིན་འགྱུར་ལྡོག་བྱུང་མེད་པ་དང་། མི་དམངས་ཀྱི་འཚོ་བ་མངོན་གསལ་དོད་པོས་ལེགས་སུ་སོང་མོད། འོན་ཀྱང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་ཁ་ཤས་དང་ལྷག་པར་དུ་ཞིང་འབྲོག་པ་ཁ་ཤས་ཀྱི་འཚོ་བ་ད་དུང་དཀའ་ངལ་ཆེ་ཙམ་ཡོད་པ་དང་། སྤྱི་ཚོགས་བྱ་གཞག་གི་སྤྱི་ཡོངས་ཆུ་ཚད་བལྟོས་བཅས་ཀྱིས་རྗེས་ལུས་ཡིན་པ། ཞིང་འབྲོག་ཁུལ་གྱི་སྤྱི་པའི་ཞབས་ཞུའི་རྨང་གཞི་ཞན་པ་དང་སྤྱི་ཚོགས་འགན་ལེན་ནུས་པ་ཆུང་བ་སོགས་ཀྱི་གནད་དོན་མངོན་གསལ་དོད་ཙམ་ཡོད་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དབར་མཐུན་སྦྱོར་མེད་པ་དང་གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་དོ་སྙོམས་མེད་པའི་གནས་ཚུལ་སྔར་བཞིན་གནས་པ། སྐྱོན་བྲལ་དང་ཤེས་དཔལ་ལྡན་པའི་འཚོ་བ་སྐྱེལ་སྟངས་རིམ་བཞིན་ཆགས་མོད། འོན་ཀྱང་ཁྲོམ་རའི་དཔལ་འབྱོར་གྱི་འདུ་ཤེས་དང་ཚོང་ཟོག་གི་འདུ་ཤེས་ད་དུང་ཧ་ཅང་ཞན་པོ་ཡོད་པ། ཁོར་ཡུག་སྲུང་སྐྱོང་གི་ཕན་འབྲས་མངོན་གསལ་དོད་པོ་ཡོད་མོད། འོན་ཀྱང་སྣོད་བཅུད་དང་འཕེལ་རྒྱས་དབར་གྱི་འགལ་བ་ཉིན་བཞིན་མངོན་པ་དང་སྣོད་བཅུད་བདེ་འཇགས་ཀྱི་དུས་བབ་སྔར་བཞིན་ཛ་དྲག་པ། སྤྱི་ཚོགས་ཀྱི་ཁྱོན་ཡོངས་བརྟན་ལྷིང་རྒྱུན་འཁྱོངས་ཐུབ་མོད། འོན་ཀྱང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྔར་བཞིན་རྣོ་ངར་དང་ཪྙོག་འཛིང་ཆེན་པོ་ཡོད་པ་བཅས་རེད། རང་ལྗོངས་སུ་ད་དུང་མི་རིགས་ཁག་གི་མི་དམངས་དང་ཏཱ་ལའི་རུ་ཚོགས་ཀྱིས་ཚབ་བྱས་པའི་ཁ་ཕྲལ་ཕྱོགས་གཏོགས་དབར་དམིགས་བསལ་གྱི་འགལ་བ་ཡོད་པས་ང་ཚོ་དང་ཏཱ་ལའི་རུ་ཚོགས་དབར་གྱི་འཐབ་རྩོད་ནི་ཡུན་རིང་དང་། རྣོ་ངར་ཆེ་བ། ཪྙོག་འཛིང་ཆེ་བ་བཅས་ཡིན་པ་མ་ཟད། སྐབས་རེ་ཐ་ན་ཧ་ཅང་ཛ་དྲག་པོ་ཡོད་པས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པ་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུའི་ལས་འགན་ཧ་ཅང་དཀའ་ཚེགས་ཆེན་པོ་ཡོད། ང་ཚོས་ངེས་པར་དུ་གོ་སྐབས་ཀྱི་འདུ་ཤེས་དང་སེམས་ཁྲལ་གྱི་འདུ་ཤེས་ཆེ་རུ་བཏང་ནས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དུས་བབ་ལ་ཚན་རིག་དང་མཐུན་པའི་ངང་བརྡར་ཤ་གཅོད་པ་དང་འཕྱུགས་མེད་ངང་ཁོང་དུ་ཆུད་དེ་བོད་ཀྱི་ལས་ཀར་ཀྲུང་དབྱང་གིས་འགོ་ཁྲིད་དང་རྒྱབ་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བའི་གོ་སྐབས་རྩ་ཆེན་དེ་གང་ལེགས་སྤྱོད་པ་དང་འཕེལ་རྒྱས་ནི་བོད་ཀྱི་གནད་དོན་མཐའ་དག་ཐག་གཅོད་བྱེད་པའི་རྨང་གཞི་ཞིག་ཡིན་པའི་བསམ་བློ་བརྟན་པོ་བཙུགས་ཏེ་མངོན་གསལ་དོད་པའི་འགལ་བ་དང་གནད་དོན་ཐག་གཅོད་མགྱོགས་མྱུར་བྱས་ཐོག་རང་ལྗོངས་འདི་ཉིད་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་ཐོག་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་ཟམ་མི་ཆད་པར་གཏོང་དགོས།
(3) “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ཀྱི་མཛུབ་སྟོན་བསམ་བློ་དང་གཞི་རྩའི་བླང་བྱ། “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་བཟོ་བར་ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་བ་དང་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན་མཛུབ་ཁྲིད་དུ་བྱས་ཏེ་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ། ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་ལས་དོན་ཚོགས་འདུ་བཅས་ཀྱི་དགོངས་དོན་སྒོ་ཀུན་ནས་ལག་བསྟར་དོན་འཁྱོལ་གྱིས་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། སྤྱི་ཚོགས་རིང་ལུགས་ལམ་ལུགས་མཐའ་འཁྱོངས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས། ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བཅས་བྱས་ནས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་། མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས། ཡུན་རིང་བདེ་འཁོད་བཅས་དེ་བརྗོད་བྱ་གཙོ་བོ་དང་། “ཐོན་ལས་དང་པོ་ཆུ་ཚད་དུ་སླེབས་པ་བྱེད་པ་དང་། ཐོན་ལས་གཉིས་པའི་གཙོ་གནད་དམ་འཛིན་བྱེད་པ། ཐོན་ལས་གསུམ་པ་འཕེལ་རྒྱས་ཤུགས་ཆེན་གཏོང་བ ”བཅས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་འཐབ་ཇུས་དང་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་ལ་འགྱུར་ལྡོག་མགྱོགས་སུ་གཏོང་རྒྱུ་དེ་གཙོ་རྐང་། སྒྱུར་བཅོས་སྒོ་དབྱེ་དེ་སྒུལ་ཤུགས། མི་རིགས་མཐུན་སྒྲིལ་དེ་འགན་ལེན། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུ་དེ་གཞི་འཛིན་ས་དང་དོན་ལ་འབབ་ས། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་དེ་ནང་དོན་གཙོ་བོ་བཅས་བྱས་ཐོག “ལོ་ལྔ་ཚན་བཅུ་གཅིག་པའི ”འཕེལ་རྒྱས་ཀྱི་འབྲས་བུ་སྲ་བརྟན་དང་ཆེ་རུ་གཏོང་བ་དང་དཔལ་འབྱོར་སྔར་བས་ལེགས་པ་དང་། སྔར་བས་མགྱོགས་པ། སྔར་བས་ཆེ་བ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུ་དང་སྤྱི་ཚོགས་མཐུན་སྦྱོར་ལྡན་པ་དང་བརྟན་ལྷིང་ཡོང་རྒྱུར་སྐུལ་མ་བཏང་ནས་2020ལོར་སླེབས་སྐབས་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་བརྗིད་ཆེའི་དམིགས་ཚད་མངོན་འགྱུར་ཡོང་ཕྱིར་རག་ལས་རང་བཞིན་གྱི་དོན་སྙིང་ལྡན་པའི་རྨང་གཞི་ཞིག་འདིང་དགོས།
ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་། མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས། ཡུན་རིང་བདེ་འཁོད་བཅས་བརྗོད་བྱ་གཙོ་བོར་བྱ་རྒྱུ་དེ་རང་ལྗོངས་སུ་གནས་པའི་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་དང་དམིགས་བསལ་གྱི་འགལ་བ་ནས་གཏན་འཁེལ་བྱས་ཡོད། འཕེལ་རྒྱས་གཏོང་རྒྱུ་དེ་ལྡོག་མེད་ཀྱི་གནས་ལུགས་ཤིག་དང་བོད་ཀྱི་གནད་དོན་མཐའ་དག་ཐག་གཅོད་བྱ་རྒྱུའི་འགག་རྩ་ཞིག་རེད། བརྟན་ལྷིང་ཡོང་བ་བྱ་རྒྱུ་དེ་ལྡོག་མེད་ཀྱི་ལས་འགན་ཞིག་དང་བོད་ཀྱི་མཆོང་སྐྱོང་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་ཞིག་རེད། བརྟན་ལྷིང་མེད་ཚེ་འཕེལ་རྒྱས་གཏོང་ཐབས་བྲལ་བ་དང་འཕེལ་རྒྱས་གཏོང་མི་ཐུབ་ཚེ་ཡུན་རིང་གི་བརྟན་ལྷིང་ཡང་ཡོང་མི་སྲིད། ང་ཚོས་ངེས་པར་དུ་དོན་ཆེན་གཉིས་ཡིན་པའི་འཕེལ་རྒྱས་དང་བརྟན་ལྷིང་ལ་དམ་འཛིན་གྱིས་ལྷོད་གཡེང་མི་གཏོང་བ་དང་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་རྒྱུ་དེ་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ཧྲིལ་པོའི་ནང་ཁྱབ་པ་བྱེད་པ་དང་སྔར་བས་རང་རྟོགས་ཀྱི་སྒོ་ནས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་རྒྱུ་དེ་ཆབ་སྲིད་ཀྱི་འགན་འཁྲི་དང་ལོ་རྒྱུས་ཀྱི་འགན་འཁྲི་ཞིག་ཏུ་བརྩིས་ནས་ལྗོངས་དེ་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་། ཏང་ཡོན། ལས་བྱེད་པ། མི་རིགས་ཁག་གི་མི་དམངས་བཅས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཐོག་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་དམིགས་ཚད་མངོན་འགྱུར་ཡོང་ཕྱིར་ཐུན་མོང་ཐོག་འབད་བརྩོན་བྱེད་དགོས།
“ཐོན་ལས་དང་པོ་ཆུ་ཚད་དུ་སླེབས་པ་བྱེད་པ་དང་། ཐོན་ལས་གཉིས་པའི་གཙོ་གནད་དམ་འཛིན་བྱེད་པ། ཐོན་ལས་གསུམ་པ་འཕེལ་རྒྱས་ཤུགས་ཆེན་གཏོང་བ ”བཅས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་འཐབ་ཇུས་དང་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་ལ་འགྱུར་ལྡོག་མགྱོགས་སུ་གཏོང་བའི་གཙོ་རྐང་དེ་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་ཀྱིས་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཀྱི་རྣམ་པ་གསར་པ་གཏོད་པའི་གཞི་རྩའི་ཐབས་ལམ་དང་བྱེད་ཐབས་ཤིག་རེད། ཀྲུང་གོའི་ཁྱད་ཆོས་ནི་ང་ཚོ་མདུན་སྐྱོད་བྱེད་པར་སྣེ་ཁྲིད་བྱེད་པའི་དར་ཆ་ཞིག་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ནི་བོད་ཀྱི་དོན་དངོས་ཞིབ་ཕྲའི་ངང་མཚོན་པ་ཞིག་རེད། རང་ལྗོངས་ཀྱི་ཐོན་ལས་གནས་ཚུལ་ནས་བལྟས་ཚེ་ཕྱོགས་གཅིག་ནས་ཞིང་འབྲོག་མང་ཚོགས་ཀྱིས་ལྗོངས་དེ་ཡོངས་ཀྱི་སྤྱིའི་མི་འབོར་གྱི་80%ཙམ་བཟུང་བ་དང་ཞིང་འབྲོག་ལས་འཕེལ་རྒྱས་འགྲོ་བའི་ཆུ་ཚད་དེ་དམའ་ཙམ་ཡོད་པས་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་རྒྱུ་དང་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་བ་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ལས་འགན་གཙོ་བོ་ཞིག་རེད། ཕྱོགས་གཞན་ཞིག་ནས་རང་ལྗོངས་སུ་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་ཁྱད་ཆོས་དང་ལེགས་ཆ་མངོན་གསལ་དོད་པོ་ཡོད་པས་ཐོན་ལས་གཉིས་པ་འཕེལ་རྒྱས་གཏོང་བའི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་པ་དང་ཡུལ་སྐོར་ལས་རིགས་སྣེ་འདྲེན་དུ་བྱེད་པའི་ཐོན་ལས་གསུམ་པ་འཕེལ་རྒྱས་གཏོང་བའི་མདུན་ལམ་ཡངས་ཤིང་རྒྱ་ཆེན་པོ་ཡོད། ང་ཚོས་ངེས་པར་དུ་དོན་དངོས་དང་བསྟུན་རྒྱུ་མཐའ་འཁྱོངས་ཀྱིས་གཙོ་གནད་མངོན་གསལ་དུ་འཛིན་པ་དང་། གཙོ་གནད་ལས་བརྒལ་བ་བྱེད་པ། ཁྱད་ཆོས་མངོན་པ་བྱེད་པ། ཁྱད་ཆོས་ལ་བརྟེན་ནས་ཕན་འབྲས་ཐོན་པ་བྱེད་པ་བཅས་ཀྱི་ཐོག་ནས་རང་ཉིད་ཀྱི་ལེགས་ཆ་དང་མི་མངོན་པའི་སྟོབས་ཤུགས་འདོན་སྤེལ་གང་ལེགས་བྱས་ཏེ་ཐོན་ལས་གྲུབ་ཆ་ལེགས་སྒྲིག་རིམ་འཕར་ཡོང་བར་སྐུལ་འདེད་གཏོང་བ་དང་ཐོན་ལས་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་གཏོང་དགོས། གཞི་རྩའི་བླང་བྱ་ནི།
——འཕེལ་རྒྱས་མགྱོགས་སུ་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་རང་གི་འཕེལ་རྒྱས་གཏོང་ནུས་ཆེ་རུ་གཏོང་རྒྱུའི་ཐད་འབད་བརྩོན་ཆེན་པོས་ཚད་བརྒལ་ཡོང་བ་བྱེད་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་ལ་འགྱུར་ལྡོག་ཏན་ཏིག་གཏོང་བ་དང་། འཕེལ་རྒྱས་ཀྱི་དཔེ་དབྱིབས་གསར་གཏོད་བྱེད་པ། འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་བཅས་ཀྱི་ཐོག་ནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་གཏོང་བ་དང་། འཐབ་ཇུས་འདེགས་སྐྱོར་གྱི་ཐོན་ལས་སྐྱེད་སྲིང་མགྱོགས་སུ་གཏོང་བ། ཚན་རིག་དང་སློབ་གསོར་བརྟེན་ནས་བོད་དར་རྒྱས་ཡོང་བ་བྱེད་པ་དང་ཤེས་ལྡན་མི་སྣར་བརྟེན་ནས་རང་ལྗོངས་སྟོབས་ཆེར་གཏོང་བའི་འདེགས་སྐྱོར་མ་ལག་སྒྲུབ་མགྱོགས་སུ་གཏོང་བ་བཅས་བྱས་ནས་ཐོན་ཁུངས་ཀྱི་ལེགས་ཆ་དེ་དཔལ་འབྱོར་གྱི་ལེགས་ཆར་འགྱུར་ལྡོག་འགྲོ་ཐུབ་པ་བྱེད་པ་དང་རང་ཉིད་ཀྱི་འཕེལ་རྒྱས་གཏོང་ནུས་ཆེ་རུ་གཏོང་དགོས།
——འཕེལ་རྒྱས་ཀྱི་འབྲས་བུ་མཉམ་སྤྱོད་བྱ་རྒྱུ་མཐའ་འཁྱོངས་ཀྱིས་དམངས་འཚོ་འགན་ལེན་བྱེད་པ་དང་ལེགས་སུ་གཏོང་རྒྱུའི་ཐད་འབད་བརྩོན་ཆེན་པོས་ཚད་བརྒལ་ཡོང་བ་བྱེད་དགོས། དམངས་འཚོ་ལེགས་སུ་གཏོང་རྒྱུ་དེ་གཞི་འཛིན་ས་དང་དོན་ལ་འབབ་སར་བྱས་ནས “དམངས་ཕྱུག་བོད་དར ”གྱི་འཐབ་ཇུས་ལག་ལེན་བསྟར་ནས་དམངས་འཚོའི་ཞབས་ཞུ་དང་། སྤྱི་པའི་བྱ་གཞག་ཞབས་ཞུ། སྤྱི་པའི་བདེ་འཇགས་ཞབས་ཞུ་བཅས་ཐད་ཀྱི་སྲིད་གཞུང་གི་ནུས་པ་དང་ཆུ་ཚད་མཐོ་རུ་དང་མི་རིགས་ཁག་གི་མི་དམངས་ཀྱི་འཚོ་བའི་ཆུ་ཚད་དང་སྤུས་ཚད་མཐོ་རུ་མངོན་གསལ་དོད་པོས་གཏོང་ཐུབ་པ་བྱས་ཏེ་ཞིང་འབྲོག་ཁུལ་གྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཞན་ཙམ་དང་ཞིང་འབྲོག་མང་ཚོགས་ཡོང་འབབ་འཕར་བ་བྱེད་པར་དཀའ་ངལ་ཡོད་པ་སོགས་ཀྱི་མངོན་གསལ་དོད་པོའི་གནད་དོན་གཙོ་གནད་ཐོག་ཐག་གཅོད་ཀྱིས་དམངས་ཕྱུག་འགྱུར་དང་ལྗོངས་སྟོབས་ལྡན་ཡོང་བ་བྱ་རྒྱུ་དེ་གཅིག་གྱུར་ནུས་ལྡན་ཡོང་བ་བྱེད་དགོས།
——རྒྱུན་བསྲིང་ངང་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྱོང་བྱ་རྒྱུའི་ཐད་འབད་བརྩོན་ཆེན་པོས་ཚད་བརྒལ་ཡོང་བ་བྱེད་དགོས། བོད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བརྟན་པོ་ཞིག་འཛུགས་སྐྲུན་དང་སྣོད་བཅུད་བཟང་བའི་བོད་ལྗོངས་འཛུགས་སྐྲུན་བྱ་རྒྱུ་དམིགས་ཚད་དུ་བྱས་ཏེ་སྲུང་སྐྱོང་དང་གསར་སྤེལ་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ་དང་འགོ་འཛུགས་ས་མཐོ་བ་དང་། ཚད་གཞི་མཐོ་བ། ལག་རྩལ་མཐོ་བ་བཅས་མཐའ་འཁྱོངས་བྱས་ནས་ཐོན་ཁུངས་ལུགས་མཐུན་ངང་གསར་སྤེལ་དང་ཕན་ནུས་ཆེ་བའི་སྒོ་ནས་བེད་སྤྱོད་བྱེད་དགོས། སྣོད་བཅུད་སྐྱིན་གསབ་ལམ་སྲོལ་འཐུས་ཚང་ངང་སྐྲུན་པ་དང་སྣོད་བཅུད་གཙོ་གནད་སྲུང་སྐྱོང་དང་འཛུགས་སྐྲུན་ལས་གྲྭ་དམ་འཛིན་ཡག་པོ་བྱས་ནས་ནུས་རྒྱུ་བསྲི་ཚགས་དང་བཙོག་འབུད་ཉུང་གཏོང་དང་སྦགས་བཙོག་འགོག་བཅོས་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་དཔལ་འབྱོར་འཕེལ་རྒྱས་དང་སྣོད་བཅུད་སྲུང་སྐྱོང་མཐུན་སྦྱོར་འཕེལ་རྒྱས་འགྲོ་བ་བྱེད་དགོས།
——མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་ཡུན་རིང་བདེ་འཁོད་ཀྱི་ནུས་པ་འཛུགས་སྐྱོང་ཐད་ཚད་བརྒལ་ཡོང་རྒྱུར་ཤུགས་སྣོན་རྒྱག་དགོས་ཤིང་། མཐུན་སྦྱོར་ལྡན་པའི་སྤྱི་ཚོགས་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་དང་བརྟན་ལྷིང་སྲུང་སྐྱོང་གི་འགན་སྲུང་ནུས་པ་ཆེ་རུ་གཏོང་རྒྱུ་དེ་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་འགག་རྩའི་ལྷུ་ཚིགས་སུ་བརྩིས་ནས་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་དང་དམངས་གཙོ་དང་ཁྲིམས་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། མི་རིགས་དང་ཆོས་ལུགས་ལས་དོན་ནན་ཏན་ངང་སྒྲུབ་པ། དྲིལ་བསྒྲགས་དང་གླེང་ཕྱོགས་ཁྲིད་སྟོན་ལ་སྒོ་ཀུན་ནས་ཤུགས་སྣོན་རྒྱག་པ། གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ། སྲིད་ཁྲིམས་དཔུང་ཁག་དང་མཐའ་མཚམས་ལུང་ཁུག་ས་ཁུལ་འཛུགས་སྐྲུན་བྱ་རྒྱུ་དམ་འཛིན་ནན་པོ་བྱེད་པ། སྤྱི་ཚོགས་ཀྱི་དོ་དམ་མུ་མཐུད་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ་སྤྱི་ཚོགས་ཀྱི་དུས་བབ་རྒྱུན་མཐུད་བརྟན་ལྷིང་ཡིན་པ་ནས་ཡུན་རིང་བདེ་འཁོད་ཀྱི་དུས་མཚམས་གསར་པར་བསྐྱོད་རྒྱུར་འགན་ལེན་ཏན་ཏིག་བྱེད་དགོས།
——གཅིག་གྱུར་འཆར་འགོད་བྱས་ཏེ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་བར་མཐོངས་འཕེལ་རྒྱས་ཀྱི་བཀོད་སྒྲིག་ལེགས་སུ་གཏོང་བའི་ཐད་ཚད་བརྒལ་ཡོང་བར་ཤུགས་སྣོན་རྒྱག་དགོས་ཤིང་། གཙོ་གཟུགས་ཕན་ནུས་ཁུལ་ཆགས་པར་སྐུལ་འདེད་ཧུར་ཐག་གཏོང་བ་དང་། ས་ཁོངས་མི་འདྲ་བ་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་བ། དམིགས་བསལ་རིགས་གྲས་ས་ཁོངས་ཀྱི་དབུལ་སྐྱོར་གསར་སྤེལ་གོམ་སྟབས་མགྱོཊ་སུ་གཏོང་བ། མི་འབོར་འོས་འཚམས་ཀྱིས་གཅིག་སྡུད་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་གྲོང་ཁྱེར་དང་གྲོང་རྡལ་གྱི་མ་ལག་བསྐྲུན་དགོས། སྤུན་ཟླའི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་དང་ཀྲུང་དབྱང་ཁེ་ལས་དབར་གྱི་དཔལ་འབྱོར་མཉམ་ལས་ལ་ཤུཊ་སྣོན་བརྒྱབ་ནས་ཚོང་འགུཊ་མ་འདྲེན་གྱི་གཟིགས་སྐྱོང་སྲིད་ཇུས་འཐུས་ཚང་དུ་བཏང་སྟེ་ཕྱི་ཕྱོགས་སྒོ་དབྱེའི་རྒྱ་ཆེ་ཚད་དང་གཏིང་ཟབ་ཚད་གོམ་གང་མདུན་སྤོས་ཀྱིས་ཆེ་རུ་གཏོང་དགོས།
——གསར་གཏོད་འཕེལ་རྒྱས་མཐའ་འཁྱོངས་བྱས་ནས་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བའི་ཐད་ཚད་བརྒལ་ཡོང་བར་ཤུགས་སྣོན་རྒྱག་དགོས་ཤིང་། འཕེལ་རྒྱས་ཀྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་ལ་ངོས་འཛིན་གང་ལེགས་བྱས་ནས་རང་ཉིད་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་གཏོང་བར་ཕན་པ་མེད་པ་དང་། ཁྲོམ་རའི་མ་ལག་འཐུས་ཚང་དུ་གཏོང་བར་ཕན་པ་མེད་པ། མཐུན་སྦྱོར་ལྡན་པའི་སྤྱི་ཚོགས་བསྐྲུན་པར་ཕན་པ་མེད་པ་བཅས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་གྱི་འགལ་རྐྱེན་སེལ་རྒྱུར་ཤུགས་སྣོན་བརྒྱབ་ནས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་སྒྲིག་སྲོལ་གྱི་ཁོར་ཡུག་ཡག་པོ་ཞིག་མཁོ་འདོན་བྱེད་དགོས།
(4)“ལོ་ལྔ་ཚན་བཅུ་གཉིས་པའི ”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་གཙོ་བོ།
“ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ལ་འཐབ་ཇུས་རང་བཞིན་དང་། མཛུབ་ཁྲིད་རང་བཞིན། སྔ་བལྟས་ཕྱི་བསམ་གྱི་རང་བཞིན་བཅས་ལྡན་དགོས་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་དང་ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་འབྲེལ་བ་དམ་ཟབ་བྱེད་པ་དང་2020ལོར་སླེབས་སྐབས་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་བརྗིད་ཆེའི་དམིགས་ཚད་མངོན་འགྱུར་ཡོང་རྒྱུ་དང་འབྲེལ་བ་དམ་ཟབ་བྱེད་དགོས། ཕྱོགས་བསྡུས་ཐོག་འབྱུང་འགྱུར་རང་ལྗོངས་ཀྱི་འཕེལ་རྒྱས་ཁ་ཕྱོགས་དང་ཆ་རྐྱེན་ལ་བསམ་གཞིགས་བྱས་ཚེ་སླད་ཕྱིན་ལོ་ལྔའི་ནང་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་གཙོ་བོ་ནི།
——དཔལ་འབྱོར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། ས་ཁུལ་གྱི་ཐོན་སྐྱེད་ཀྱི་རིན་ཐང་བསྡོམས་འབོར་ལོ་རེར་ཆ་སྙོམས་12%ཡན་འཕར་བ་དང་། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་ཚད་ཆེས་ཆེར་འཕར་བ། གྲོང་མིའི་འཛད་སྤྱོད་ལོ་རེ་བཞིན་མཐོ་རུ་འགྲོ་བ། ས་གནས་ནོར་སྲིད་ཀྱི་སྤྱིར་བཏང་སྔོན་རྩིས་ཡོང་འབབ་མུ་འཐུད་འཕར་བ། ཐོན་ལས་གཉིས་པའི་རིན་ཐང་འཕར་མ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ནང་བཟུང་བའི་བསྡུར་ཚད་རྒྱུན་ཆད་མེད་པར་འཕར་བ། བཟོ་ལས་ཀྱི་རིན་ཐང་འཕར་མས་ཐོན་ལས་གཉིས་པའི་རིན་ཐང་འཕར་མའི་ནང་བཟུང་བའི་བསྡུར་ཚད་ཆེས་ཆེར་འཕར་བ། ཁྱད་ལྡན་ལེགས་ཆའི་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་འགྲོ་བ། དཔལ་འབྱོར་གྱི་གྲུབ་ཆ་སྔར་བས་ལེགས་སུ་འགྲོ་བ། དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་ལ་འགྱུར་ལྡོག་གཏོང་རྒྱུར་ངོ་བོའི་རང་བཞིན་གྱི་ཡར་རྒྱས་ཡོང་བ། འཕེལ་རྒྱས་ཀྱི་སྤུས་ཚད་ལེགས་སུ་དང་ཕན་ནུས་མངོན་གསལ་དོད་པོས་མཐོ་རུ་འགྲོ་བ། རང་ངོས་ཀྱི་འཕེལ་རྒྱས་ནུས་པ་མངོན་གསལ་དོད་པོས་ཆེ་རུ་འགྲོ་བ་བཅས་བྱེད་དགོས།
——མི་དམངས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཞིང་། གྲོང་མིའི་ཡོང་འབབ་མང་དུ་དང་དཔལ་འབྱོར་འཕེལ་རྒྱས་འགྲོ་བ་དང་། ཡོང་འབབ་དམའ་བའི་མིའི་ཡོང་འབབ་མངོན་གསལ་དོད་པོས་མཐོ་རུ་འགྲོ་བ། ཡོང་འབབ་འབྲིང་བའི་ཚོགས་སྤྱི་རྒྱུན་མཐུད་དེ་རྒྱ་ཆེར་འགྲོ་བ། མི་འབོར་དབུལ་པོ་མངོན་གསལ་དོད་པོས་ཉུང་དུ་འགྲོ་བ། ཞིང་འབྲོག་པའི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་ལོ་རེར་ཆ་སྙོམས་13%ཡན་འཕར་བ་བྱེད་པ་བཅས་བྱས་ནས་2015ལོར་སླེབས་སྐབས་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ཀྱི་80%ལོན་པའི་བརྩོན་ལེན་བྱེད་དགོས། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་མགྱོགས་པའི་འཕེལ་ཕྱོགས་བཟང་པོ་མུ་མཐུད་རྒྱུན་འཁྱོངས་བྱེད་དགོས།
——གཞི་རྩའི་སྤྱི་པའི་ཞབས་ཞུའི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཞིང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིར་ཁྱབ་པའི་གཞི་རྩའི་སྤྱི་པའི་ཞབས་ཞུའི་ནུས་པའི་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ་དང་། མི་རིགས་ཁག་གི་མང་ཚོགས་ལ་སློབ་གསོ་ཐེབས་ཚད་དང་བདེ་ཐང་གི་ཆུ་ཚད་རིམ་བཞིན་མཐོ་རུ་ཕྱིན་པ། བསམ་བློ་ཀུན་སྤྱོད་ཀྱི་བྱང་ཚད་དང་ཚན་རིག་དང་རིག་གནས་ཀྱི་བྱང་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ། གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་ཐུབ་ཚད་སྔར་བས་མང་དུ་ཕྱིན་པ་དང་ཆེད་ཚན་སློབ་གྲྭ་ཆེ་མོ་དང་འབྲིང་རིམ་ཆེད་ལས་སློབ་གྲྭའི་སློབ་ཐོན་སློབ་མ་སློབ་གྲྭ་ཐོན་ནས་ལས་ཞུགས་ཐུབ་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་པ། སྤྱི་ཚོགས་འགན་ལེན་ཁྱབ་ཚད་དང་ཆུ་ཚད་མུ་མཐུད་དེ་མཐོ་རུ་ཕྱིན་ཡོད། ——རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་གྲུབ་འབྲས་ཆེན་པོ་ཐོབ་ཅིང་། འགྲིམ་འགྲུལ་དང་ནུས་རྒྱུར་འཇུར་མིག་གི་ཚོད་འཛིན་ཕོག་པ་སྔར་བས་བསལ་བ་དང་ཡན་ལག་ལྕགས་ལམ་འཛུགས་སྐྲུན་མགྱོགས་པོ་བྱས་པ་དང། ཕྱོགས་བསྡུས་འགྲིམ་འགྲུལ་མ་ལག་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་པ། སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་གཏོང་རྒྱ་ཆེ་རུ་ཕྱིན་པ་དང་མི་འབོར་ཡོངས་ལ་གློག་སྤྱོད་རྒྱུ་བྱུང་བ། གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་འཕེལ་རིམ་རྒྱུན་ཆད་མེད་པར་སྐུལ་འདེད་ཐེབས་ནས་གྲོང་གསེབ་ཀྱི་ཆ་འཕྲིན་ཅན་གྱི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད།
——སྣོད་བཅུད་ཁོར་ཡུག་སྔར་བས་ལེགས་སུ་ཕྱིན་ཞིང་། གཙང་པོ་དང་མཚེའུ་གཙོ་བོའི་ཆུ་སྤུས་དང་གྲོང་ཁྱེར་དང་གྲོང་རྡལ་གཙོ་བོའི་མཁའ་རླུང་གི་སྤུས་ཚད་ལེགས་པོ་ཡོང་རྒྱུ་རྒྱུན་འཁྱོངས་བྱས་པས་ལྗོངས་ཡོངས་ཀྱི་དྭངས་གཙང་འཐུང་ཆུའི་གནད་དོན་གཞི་རྩའི་ཆ་ནས་ཐག་གཅོད་ཐུབ་པ་དང་། སྦགས་བཙོག་གཙོ་བོ་ཕྱིར་འབུད་བྱེད་ཚད་རྒྱལ་ཁབ་ཀྱི་བླང་བྱའི་ཁྱབ་ཁོངས་ནང་ཚོད་འཛིན་ཐུབ་པ། ཞིང་འབྲོག་ཁུལ་གྱི་སྲོལ་རྒྱུན་ནུས་རྒྱུ་ཚབ་བྱེད་ཚད་མཐོ་རུ་ཇེ་ཆེར་སོང་བ། ནགས་ཚལ་ཁྱབ་ཚད་རྒྱུན་ཆད་མེད་པར་མཐོ་རུ་སོང་བ། ས་ཁུལ་གཙོ་བོའི་ས་ཆ་དང་རྩྭ་ཐང་ཞན་འགྱུར་དང་བྱེ་འགྱུར་གྱི་གནས་ཚུལ་མངོན་གསལ་དོད་པོས་ཚོད་འཛིན་ཐུབ་ཏེ་སྣོད་བཅུད་བདེ་འཇགས་སྲུང་ཡོལ་འཛུགས་སྐྲུན་བྱས་པར་གྲུབ་འབྲས་རགས་ཙམ་ཐོབ་ཡོད།
——སྒྱུར་བཅོས་སྒོ་དབྱེ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་ཞིང་། དཔལ་འབྱོར་དང་སྤྱི་ཚོགས་བྱ་གཞག་སོགས་ཁྱབ་ཁོངས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་བྱ་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་བ་དང་། སྲིད་གཞུང་གི་འགན་ནུས་ལ་འགྱུར་ལྡོག་མགྱོགས་པོ་བཏང་བ། དོ་དམ་གྱི་ནུས་པ་དང་སྲིད་འཛིན་གྱི་ལས་ཕྱོད་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ། ཕྱི་ཕྱོགས་སུ་སྒོ་མོ་འབྱེད་ཚད་རྒྱུན་ཆད་མེད་པར་ཆེ་རུ་སོང་བ། ས་ཁོངས་དཔལ་འབྱོར་མཐུན་སྦྱོར་བྱུང་ཚད་རྒྱུན་ཆད་མེད་པར་མཐོ་རུ་སོང་བ། ཨེ་ཤེ་ཡ་ལྷོ་མའི་སྐམ་ས་ཆེན་པོའི་ཚོང་དོན་བགྲོད་ལམ་ཆེན་པོ་འཛུགས་སྐྲུན་བྱས་པར་ངོ་བོའི་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད།
——སྤྱི་ཚོགས་མུ་མཐུད་བརྟན་ལྷིང་བྱུང་ཞིང་། མི་རིགས་ཁག་གི་མཐུན་སྒྲིལ་ཆེ་མོ་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་བྱུང་བ་དང་། བརྟན་ལྷིང་སྲུང་སྐྱོང་གི་ནུས་པ་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་ཐེབས་པ། གཞི་རིམ་གྱི་རྨང་གཞིའི་ལས་དོན་སྔར་བས་སྲ་བརྟན་དུ་བཏང་བ། སྤྱི་ཚོགས་དོ་དམ་གྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་རྒྱུན་གཏན་སྒྲིག་ལམ་ཁྱོན་ཡོངས་ནས་བཙུགས་ཡོད།
གཉིས། དཔལ་འབྱོར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་བྱེད་པའི་དངོས་པོའི་རྨང་གཞི་བརྟན་དུ་གཏོང་དགོས།
བོད་ཀྱིས་འབྱོར་འབྲིང་སྤྱི་ཚོཊ་སྒོ་ཀུན་ནས་འཛུཊ་སྐྲུན་བྱེད་པའི་འབད་འཐབ་དམིཊ་ཚད་མངོན་འགྱུར་བྱེད་དགོས་བསམས་ན་ངེས་པར་དུ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་སྐོར་གྱི་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་དེ་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་མངོན་གསལ་དོད་ཤོས་དང་དགོས་གཏུཊ་ཆེ་ཤོས་ཀྱི་གནད་དོན་གཅིག་སྡུད་ཐོག་ཐག་གཅོད་བྱ་རྒྱུའི་ཐད་གོམ་སྟབས་གསར་པ་སྤོ་དགོས།
(5)རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱ་རྒྱུར་ཤུགས་སྣོན་ཆེན་པོ་རྒྱག་དགོས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱ་རྒྱུ་དེ་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་འགྲིམ་འགྲུལ་དང་། ནུས་རྒྱུ། ཆུ་བེད། འཕྲིན་གཏོང་སོགས་གཙོ་གནད་དུ་བྱས་ཏེ་འཇུར་མིག་གི་ཚོད་འཛིན་དེ་གང་མགྱོགས་སེལ་དགོས་པ་སྟེ། གཅིག་ནས་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་འཛུགས་སྐྲུན་མགྱོགས་པོ་བྱེད་དགོས་ཤིང་། ཤིན་བོད་དང་། ཁྲོན་བོད། མཚོ་བོད། ཡུན་བོད་སོགས་མ་ལམ་བཅོས་སྒྲིག་དང་བསྐྱར་སྐྲུན་མགྱོགས་པོ་བྱེད་པ་དང་། ཡུན་བོད་གཞུང་ལམ་གྱི་བགྲོད་ལམ་གསར་པ་འཛུགས་སྐྲུན་བྱེད་འགོ་འཛུགས་པ། རྫོང་ལ་ཤར་གཏོང་ཐུབ་པའི་སྣུམ་ནག་གཞུང་ལམ་སྒྱུར་བཀོད་ལས་གྲྭ་ལག་བསྟར་བྱེད་མགྱོགས་སུ་གཏོང་བ། གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་2015ལོར་སླེབས་སྐབས་རྒྱལ་ལམ་དང་དཔལ་འབྱོར་མ་ལམ་སྣུམ་ནག་ཅན་དུ་འགྱུར་བ་བྱེད་པ་དང་། རྫོང་ཚང་མར་སྣུམ་ནག་གཞུང་ལམ་ཤར་གཏོང་ཐུབ་པ་བྱེད་པ། ཐག་རིང་ས་ཁུལ་གྱི་བབས་ཚུགས་ཚང་མར་གཞུང་ལམ་ཤར་གཏོང་ཐུབ་པ་བཅས་བྱེད་དགོས་པ་དང་། ཁྲོན་བོད་དང་ཡུན་བོད་ལྕགས་ལམ་གྱི་བོད་ལྗོངས་དུམ་བུའི་ལྕགས་ལམ་འཆར་འགོད་ཞིབ་འཇུག་སོགས་ཀྱི་རྣམ་གྲངས་ཀྱི་དུས་འགོའི་ལས་དོན་སྤེལ་བ་དང་། ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་འཛུགས་སྐྲུན་བྱེད་འགོ་འཛུགས་པ། ལྷ་ས་ནས་གཞིས་རྩེ་བར་གྱི་ལྕགས་ལམ་བསྐྲུན་དགོས། ལྗོངས་ནང་ཁུལ་གྱི་ཡན་ལག་མཁའ་ལམ་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་དྲ་བའི་རྣམ་པའི་མཁའ་ལམ་གྱི་བཀོད་པ་ཞིག་ཆགས་པ་བྱེད་དགོས་པ་དང་། གཉིས་ནས་ནུས་རྒྱུའི་འཇུར་མིག་གི་ཚོད་འཛིན་སེལ་གང་ཐུབ་ཅི་ཐུབ་བྱེད་དགོས་ཤིང་། ཆུ་ཤུགས་གློག་ཁང་གཙོ་བོར་དང་སྣུམ་རླངས་དང་ནུས་རྒྱུ་གསར་པ་གཉིས་ཕན་ཚུན་གསབ་རེས་བྱས་ནས་ཕྱོགས་བསྡུས་ནུས་རྒྱུའི་མ་ལག་ཅིག་འཛུགས་དགོས་པ་དང་། རྫམ་དང་དངོས་ཨ་འཕྲང་སོགས་ཆུ་ཤུགས་གློག་ཁང་ཁྱོན་ཡོངས་ནས་བསྐྲུན་ཟིན་པ་དང་། ཡེར་བ་ཐང་དང་སོལ་བ་ལུང་སོགས་ཆུ་ཤུགས་གློག་ཁང་འཛུགས་སྐྲུན་བྱེད་འགོ་ཚུགས་པ། ལྷ་ས་དང་། གཞིས་རྩེ། ལྷོ་ཁ། མངའ་རིས་སོགས་ས་ཁུལ་གྱི་གློག་དྲ་འབྲེལ་བའི་འོད་ཤུགས་གློག་ཁང་ཆེ་གྲས་དང་གསོག་ནུས་སྒྲིག་བཀོད་འཛུགས་སྐྲུན་ཟིན་པ། ལྷ་སའི་ཚ་གློག་གློག་འདོན་ས་ཚིགས་དང་ཡངས་ཡིད་ས་འོག་ཚ་ནུས་གློག་ཁང་འཛུགས་སྐྲུན་བྱེད་པ། གློག་དྲའི་དྲ་སྒྲོམ་ལས་གྲྭ་དང་གློག་དྲ་འཛུགས་སྐྲུན་དང་བསྐྱར་སྐྲུན་ལས་གྲྭ་ལག་བསྟར་གང་མགྱོགས་བྱས་ཏེ་མཚོ་བོད་དྲང་རྒྱུག་མཉམ་འབྲེལ་དྲ་བའི་ལས་གྲྭ་བསྐྲུན་པ། ཡར་ཀླུང་གཙང་པོ་དང་བོད་ཤར་ལྷོའི “གཙང་གསུམ ”རྒྱུག་ཁུལ་གྱི་ཆུ་ཤུགས་གློག་ཁང་གི་ཐོན་ཁུངས་ཀྱི་སྐས་རིམ་གསར་སྤེལ་འཆར་འགོད་དང་རྣམ་གྲངས་ཀྱི་དུས་འགོའི་ལས་དོན་སྤེལ་ནས་རྒྱལ་ཁབ་ཀྱི “ནུབ་གློག་ཤར་འདྲེན ”རྗེས་མཐུད་ནུས་རྒྱུའི་རྟེན་གཞི་བསྐྲུན་པ། གསུམ་ནས་ཆུ་བེད་ཀྱི་རྐང་འཛིན་ལས་གྲྭ་འཛུགས་སྐྲུན་གཅིག་སྡུད་ཐོག་ལག་བསྟར་བྱེད་དགོས་ཤིང་། ཕུ་མདོ་ཆུ་བེད་ལྟེ་བའི་ལས་གྲྭ་དང་། གཙང་བྱང་གི་ཞིང་ཆུ་གཏོང་ཁུལ། ཞིང་ཆུ་གཏོང་ཁུལ་གཙོ་བོའི་ཆུ་གྲོན་ཆུང་གི་སྒྱུར་བཀོད་ལས་གྲྭ་འཛུགས་སྐྲུན་མགྱོགས་པོ་བྱེད་པ་དང་། ལ་ལྷོ་ཆུ་བེད་ལྟེ་བ་དང་དེའི་ལྷུ་ལག་ཆ་ཚང་གི་ཞིང་ཆུ་འདྲེན་ཁུལ་དང་། འཕན་པོའི་ཞིང་ཆུ་འདྲེན་ཁུལ། ཡར་ཀླུང་ཆུ་མཛོད་སོགས་ཆུ་མཛོད་ཆེ་འབྲིང་གི་ལས་གྲྭ་དང་དེ་བཞིན་ཞིང་ནང་དང་རྩྭ་ཐང་གི་ཆུ་བེད་ཀྱི་ལྷུ་ལག་ཚང་བའི་ལས་གྲྭ་འཛུགས་སྐྲུན་བྱེད་འགོ་ཚུགས་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་ཆུ་འགོག་དང་། གཙོ་གནད་གཙང་པོའི་དུམ་བུ་བཅོས་སྒྲིག་ལས་གྲྭ་དང་གཙང་པོ་འབྲིང་ཆུང་བཅོས་སྒྲིག ཉེན་ཆེའི་ཆུ་མཛོད་ཉེན་སེལ་དང་སྲ་བརྟན་དུ་གཏོང་བ། ཆུ་རུད་ཀྱི་གནོད་འཚེ་འགོག་བཅོས་ལས་གྲྭ་བཅས་མུ་མཐུད་ལག་བསྟར་བྱས་ཏེ་ཆུ་མཛོད་ནས་ཆུ་མཁོ་འདོན་བྱེད་ནུས་དང་ཞིང་ཆུ་འདྲེན་རྒྱ་ཆེ་རུ་ཤུགས་ཆེན་གཏོང་བ་དང་གྲོང་ཁྱེར་གྱི་ཆུ་འགོག་བྱ་རྒྱུ་དེ་ཇུས་གཞིའི་འགོག་སྲུང་ཚད་གཞིར་སླེབས་པ་བྱེད་དགོས་པ། ཉང་ཆུ་གཙང་པོ་གསར་སྤེལ་བེད་སྤྱོད་དང་སྲུང་སྐྱོང་བྱ་རྒྱུ་དང་བོད་ཤར་ལྷོའི “གཙང་གསུམ ”སོགས་གཙང་པོ་ཆེན་པོ་དང་ཆུ་བོ་ཆེན་པོའི་ཕྱོགས་བསྡུས་གསར་སྤེལ་འཆར་གཞི་དང་འབྲེལ་ཡོད་ལས་གྲྭ་འཛུགས་སྐྲུན་གྱི་དུས་འགོའི་ལས་དོན་ཡག་པོ་སྒྲུབ་དགོས་པ། བཞི་ནས་ཆ་འཕྲིན་ཅན་གྱི་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་དགོས་ཤིང་། རྨང་གཞིའི་གློག་འཕྲིན་དྲ་བ་དང་། དྲ་ཆེའི་འཕྲིན་གཏོང་། དྲ་བའི་ཆ་འཕྲིན་བཅས་ཀྱི་བདེ་འཇགས་མ་ལག་འཛུགས་སྐྲུན་མགྱོགས་པོ་བྱེད་པ་དང་འཕྲལ་སྡོམ་འཕྲིན་གཏོང་མ་ལག་བཙུགས་ཏེ་ཏང་སྲིད་ཀྱི་ཆེད་སྤྱོད་འཕྲིན་གཏོང་གི་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། རང་སྐྱོང་ལྗོངས་དང་། ས་ཁུལ། རྫོང་། ཤང་བཅས་རིམ་པ་བཞིར་ཁྱབ་པའི་གློག་རྡུལ་སྲིད་དོན་གྱི་རྐང་འཛིན་བརྒྱུད་གཏོང་དྲ་བ་ཞིག་གཞི་རྩའི་ཆ་ནས་བསྐྲུན་པ། ཆ་འཕྲིན་རྐང་འཛིན་དྲ་བའི་ལས་གྲྭར་སྐུལ་འདེད་བཏང་སྟེ་བོད་ནས་བསྐྱོད་པ་དང་བོད་དུ་ཡོང་སའི་མ་ལམ་གྱི་འོད་འཁྲིད་ཚི་སྐུད་འཛུགས་སྐྲུན་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། མཐའ་མཚམས་སུ་ཁྱབ་པ་དང་འཕྲལ་སྡོམ་འཕྲིན་གཏོང་ལས་གྲྭར་སྐུལ་འདེད་གཏོང་བ། ཏང་སྲིད་ཀྱི་ཆེད་སྤྱོད་དྲ་བའི་རྨང་གཞིའི་སྒྲིག་བཀོད་དང་། གློག་རྡུལ་སྲིད་དོན། སྒུལ་བདེའི་དྲ་བ་རྒྱ་ཁྱབ། དྲ་ཆེན་གྱི་འཕྲིན་གཏོང་སོགས་ཆ་འཕྲིན་ཅན་གྱི་ལས་གྲྭ་འཛུགས་སྐྲུན་བྱས་ཏེ “དྲ་བ་གསུམ ”མཉམ་འདྲེས་ཐུབ་རྒྱུར་སྐུལ་འདེད་བཏང་ནས་ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་ཡོང་བ་བྱེད་དགོས་པ། རྨང་གཞིའི་སྒྲིག་བཀོད་སྲུང་སྐྱོང་དང་དོ་དམ་སོགས་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་འཛུགས་སྐྲུན་བྱ་རྒྱུར་མཐོང་ཆེན་བྱེད་པ་དང་དོ་དམ་བྱ་རྒྱུར་སྣང་ཆུང་བྱེད་པའི་གནས་ཚུལ་ལ་སྔར་བས་འགྱུར་ལྡོག་གཏོང་དགོས།
(6)ཁྱད་ལྡན་དང་ལེགས་ལྡན་ཐོན་ལས་ཁུལ་ཆེན་ཧུར་ཐག་བསྐྲུན་དགོས། ཁྱད་ལྡན་དང་ལེགས་ལྡན་ཐོན་ལས་སྐྱེད་སྲིང་བྱ་རྒྱུ་དེ་འཐབ་ཇུས་གནས་བབ་ཐོག་མུ་མཐུད་བཞག་ནས་ལེགས་ལྡན་གཏེར་ཁའི་ལས་རིགས་དང་། བོད་ལུགས་གསོ་རིག་དང་བོད་སྨན་ལས་རིགས། མི་རིགས་ལག་ཤེས་བཟོ་ལས། ཁྱད་ལྡན་ཡུལ་སྐོར་སྤྲོ་འཆམ་ལས་རིགས། ཆུ་ནུས་ཐོན་ལས་སོགས་འགག་རྩའི་ཐོན་ལས་ཁ་ཤས་བསྐྲུན་རྒྱུར་དམ་འཛིན་བྱས་ནས་མཐོ་ཚད་མཐོ་པོའི་ཐོག་ནས་སྐུལ་འདེད་གཏོང་ཤུགས་ཆེ་རུ་གཏོང་དགོས། གཅིག་ནས་ཡུལ་སྐོར་སྤྲོ་འཆམ་ལས་རིགས་རྒྱ་སྟོབས་ཆེ་རུ་གཏོང་བ་དང་རྩེར་སོན་ཞིག་གཉེར་དགོས། ཡུལ་སྐོར་སྤྲོ་འཆམ་མཛེས་ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་དང་འཕྲལ་སྡོམ་རོགས་སྐྱོབ་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ལྷ་སའི་ལོ་རྒྱུས་རིག་གནས་ཀྱི་ཡུལ་སྐོར་སྤྲོ་འཆམ་ལྟེ་གནས་དང་། ཉིང་ཁྲིའི་སྣོད་བཅུད་ནགས་ཚལ་གྱི་ཡུལ་སྐོར་སྤྲོ་འཆམ་ལྟེ་གནས། ཐང་བོད་གནའ་ལམ་མདའ་ཐིག ཇ་རྟ་ཚོང་ལམ་མདའ་ཐིག ཤར་ལྷོ་ནུབ་བྱང་གི་གྲོང་སྐོར་ལམ་ཐིག ས་ཁུལ་དང་གྲོང་ཁྱེར་ཁག་7གནས་ཡུལ་གྱི་གྲོང་ཁྱེར་དང་གྲོང་རྡལ་དང་སྤུས་ལེགས་ཡུལ་སྐོར་སྤྲོ་འཆམ་མཛེས་ལྗོངས་ཁུལ་ལྟེ་བར་བྱེད་པའི་ཁྱད་ཆོས་མངོན་གསལ་དོད་པོ་ལྡན་པའི་ཡུལ་སྐོར་སྤྲོ་འཆམ་ཁུལ་ཡིན་པའི “ལྟེ་བ་གཉིས་དང་། མདའ་ཐིག་གཉིས། གྲོང་སྐོར་ལམ་བཞི། ཁུལ་བདུན ”བཅས་ཀྱི་ཡུལ་སྐོར་འཕེལ་རྒྱས་འཆར་འགོད་ལག་བསྟར་ཤུགས་ཆེན་བྱས་ནས་གྲོང་གསེབ་ཀྱི་ཡུལ་སྐོར་སྤྲོ་འཆམ་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་2015ལོར་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་ལྡབ་གཅིག་མང་དུ་འགྲོ་རྒྱུ་དང་འཛམ་གླིང་གི་ཡུལ་སྐོར་བྱ་ཡུལ་གཙོ་གནད་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་དགོས་པ་དང་། གཉིས་ནས་ལེགས་ལྡན་གཏེར་ཁའི་ཐོན་ཁུངས་ལུགས་མཐུན་དང་གོ་རིམ་ལྡན་པའི་སྒོ་ནས་གསར་སྤེལ་བྱེད་དགོས། ས་གཤིས་རྩད་ཞིབ་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་གཏེར་ཁའི་ཐོན་ཁུངས་འདུས་ཚད་མཐིལ་རྟོགས་བྱས་ཏེ་འཐབ་ཇུས་ཐོན་ཁུངས་གསོག་འཇོག་རྟེན་གཞི་གཙོ་བོ་ཆགས་རྒྱུར་སྐུལ་འདེད་གཏོང་དགོས། བོད་དབུས་དང་བོད་ཤར་ས་ཁུལ་གྱི་མདོག་ལྡན་ལྕགས་རིགས་དང་དེ་བཞིན་ཀེ་ལྕགས་གཏེར་ཐོན་ལས་ཀྱི་རྟེན་གཞི་དང་བོད་ནུབ་ཀྱི་ཚྭ་མཚེའུ་ཐོན་ཁུངས་གསར་སྤེལ་རྟེན་གཞི་བཙུགས་དགོས། གསུམ་ནས་ཁྱད་ལྡན་ཞིང་འབྲོག་ལས་དང་ལྷད་མེད་བཟའ་བཅའ་ལས་རིགས་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས། ས་མཐོའི་སྐྱེ་དངོས་ཀྱི་མུ་འབྲེལ་ཐོན་ཟོག་གསར་སྤེལ་ཤུགས་ཆེན་བྱས་ཏེ་ནས་ཀྱི་སྦི་རག་དང་5100གཏེར་ཆུ་སོགས་ལེགས་ལྡན་རྣམ་གྲངས་སྣ་ཚོགས་ལ་དམ་འཛིན་ཡག་པོ་བྱས་ནས་ཁྱད་ལྡན་ཞིང་འབྲོག་ཐོན་ཟོག་གི་ལས་སྣོན་རྟེན་གཞི་བསྐྲུན་དགོས། བཞི་ནས་བོད་ལུགས་གསོ་རིག་དང་བོད་སྨན་ལས་རིགས་དང་མི་རིགས་ལག་ཤེས་བཟོ་ལས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་དགོས། བོད་ལུགས་གསོ་རིག་དང་བོད་སྨན་ཐོན་ལས་གླིང་ཁུལ་སྐྲུན་ནས་སྲོལ་རྒྱུན་གྱི་ལེགས་ཆ་སྔོག་འདོན་བྱེད་པ་དང་སྔོན་ཐོན་ལག་རྩལ་དང་བཟོ་རྩལ་ནང་འདྲེན་བྱས་ཏེ་བོད་ལུགས་གསོ་རིག་དང་བོད་སྨན་གྱི་དམིགས་ཚད་མ་ལག་དང་ཞིབ་བཤེར་རྩིས་ལེན་གྱི་ལྟ་ཞིབ་ཚད་ལེན་མ་ལག་འཐུས་ཚང་དུ་བཏང་ནས་ལེགས་བསྡུས་ཅན་དང་གཞི་ཁྱོན་ཅན་གྱི་འཕེལ་རྒྱས་ཡོང་བ་བྱས་ནས་2015ལོར་འཐུས་སྒོ་ཚང་ཙམ་གྱི་བོད་ལུགས་གསོ་རིག་དང་བོད་སྨན་ཐོན་ལས་ཀྱི་མ་ལག་ཅིག་བསྐྲུན་དགོས།
(7)འཛད་སྤྱོད་བྱེད་རྒྱ་ཆེ་རུ་གཏོང་བའི་ཕུགས་ཕན་ལམ་སྲོལ་འཛུགས་ཐོག་འཐུས་ཚང་དུ་གཏོང་དགོས། གྲོང་གསེབ་ཀྱི་འཛད་སྤྱོད་ཁྱབ་ཁོངས་རྒྱ་ཆེར་བཏང་ནས་ཁྱིམ་སྤྱོད་གློག་ཆས་དང་། ཁྱིམ་ཆས། རླངས་འཁོར་། སྦག་སྦག་འཁོར་ལོ་སོགས་གྲོང་གསེབ་ཏུ་སྐྱེལ་བའི་སྲིད་ཇུས་མུ་མཐུད་ལག་བསྟར་བྱས་ཏེ་གྲོང་གསེབ་ཀྱི་ཚོང་དོན་འཁོར་རྒྱུག་མ་ལག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་། མུ་འབྲེལ་ཁེ་ལས་ཆེ་གྲས་ཀྱིས་གཉེར་སྐྱོང་དྲ་ཚིགས་དེ་གྲོང་གསེབ་ཏུ་སྣུར་བསྲིང་བྱེད་རྒྱུར་རྒྱབ་སྐྱོར་བྱེད་པ། ཞིང་པའི་ཚོང་ཁང་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་དགོས། གྲོང་ཁྱེར་གྱི་འཛད་སྤྱོད་བྱེད་ཚད་མགྱོགས་སུ་བཏང་སྟེ་མུ་འབྲེལ་གཉེར་སྐྱོང་དང་། ཟོག་འདྲེན་སྡེབ་སྐྱེལ། གློག་རྡུལ་ཚོང་དོན་བཅས་མཚོན་བྱེད་དུ་བྱེད་པའི་དེང་རབས་ཀྱི་འཁོར་རྒྱུག་བྱེད་སྟངས་འཕེལ་རྒྱས་ཧུར་ཐག་བཏང་ནས་ཚོང་ལས་དྲ་ཚིགས་ཀྱི་མ་ལག་འཛུགས་ཐོག་འཐུས་ཚང་དུ་གཏོང་དགོས། ཚོང་དོན་ཟོག་འདྲེན་ལས་རིགས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། ཚོང་དོན་ཟོག་འདྲེན་ཁེ་ལས་ཀྱིས་གཉེར་སྐྱོང་གཞི་ཁྱོན་རྒྱ་ཆེར་གཏོང་བ། རིམ་སྤོར་སྒྱུར་བཀོད་བྱ་རྒྱུར་སྐུལ་འདེད་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཟོག་འདྲེན་མ་ལག་ཅིག་བསྐྲུན་པ་བཅས་བྱས་ནས་ཚོང་དོན་བཟའ་བཅའ་དང་། རིག་གནས་ལུས་སྦྱོང། སྡེ་ཁུལ་ཚོང་ལས། སྡེ་ལས། ཁྱིམ་ཚང་འཛིན་སྐྱོང་སོགས་ཞབས་ཞུའི་རང་བཞིན་གྱི་འཛད་སྤྱོད་གོང་འཕེལ་ཤུགས་ཆེན་བཏང་ནས་ཡུལ་སྐོར་སྤྲོ་འཆམ་དང་། སྡོད་ཁང་། རླངས་འཁོར་སོགས་ཀྱི་འཛད་སྤྱོད་བྱེད་མང་དུ་གཏོང་བ་དང་ལེགས་སུ་གཏོང་དགོས། འགྲེམས་ཚོགས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། དངུལ་རྩའི་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་ས་གནས་རང་བཞིན་གྱི་ཚོང་ལས་དངུལ་ཁང་བཙུགས་ནས་དངུལ་རྩའི་ཐོན་རྫས་གསར་གཏོད་བྱས་ཏེ་སྤུས་ལེགས་དང་གོང་ཁེའི་དངུལ་རྩའི་ཞབས་ཞུ་བྱེད་དགོས། ཁྲོམ་རའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་འཛད་སྤྱོད་ཀྱི་ཁོར་ཡུག་ཡག་པོ་ཞིག་གཏོད་དགོས།
(8) སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་དགོས། དཔལ་འབྱོར་སྒྲིག་གཞི་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུར་སྐུལ་སློང་དང་། རོགས་སྐྱོར། ཁྲིད་སྟོན་བཅས་བྱེད་པའི་སྲིད་ཇུས་བྱ་ཐབས་དོན་འཁྱོལ་བྱེད་དགོས་པ་དང་། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་བློ་རྒྱ་ཆེན་པོས་འཕེལ་རྒྱས་གཏོང་དགོས། གཞུང་ཁོངས་ཁེ་ལས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་དགོས། དེང་རབས་ཀྱི་ཁྲོམ་རའི་མ་ལག་འཛུགས་སྐྱོང་བྱེད་མགྱོགས་སུ་བཏང་སྟེ་ཚོང་ཟོག་ཁྲོམ་ར་འཐུས་ཚང་དུ་བཏང་ནས་རྒྱུ་རྐྱེན་གཙོ་བོའི་ཁྲོམ་ར་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། སྲིད་འཛིན་དོ་དམ་སྒྲིག་གཞི་སྒྱུར་བཅོས་ལ་སྐུལ་འདེད་ཧུར་ཐག་བཏང་ནས་སྲིད་གཞུང་གི་འགན་ནུས་བརྗེ་སྒྱུར་བྱེད་མགྱོགས་སུ་གཏོང་དགོས། སྒོ་མོ་འབྱེད་རྒྱ་སྔར་བས་ཆེ་རུ་བཏང་ནས་རྒྱལ་ཁབ་ཕྱི་ནང་གི་གྲགས་ཅན་ཁེ་ལས་ཆེ་གྲས་དང་ཚོགས་པ་ཆེ་གྲས་ནང་འདྲེན་ཧུར་ཐག་བྱེད་པ་དང་དེའི་མ་དངུལ་དང་། ལག་རྩལ། ཤེས་ལྡན་པ་སོགས་ཐད་ཀྱི་ལེགས་ཆར་བརྟེན་ནས་མཉམ་ལས་ཤུགས་ཆེན་བྱེད་དགོས། ལྷ་སའི་རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་དགོས། མཐའ་མཚམས་ཚོང་དོན་གོང་འཕེལ་ཤུགས་ཆེན་གཏོང་བ་དང་། འགག་སྒོའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། ས་ཁོངས་ལས་བརྒལ་བའི་དཔལ་འབྱོར་མཉམ་ལས་ལ་སྐུལ་འདེད་གཏོང་བ། ཨེ་ཤེ་ཡ་ལྷོ་མའི་ཚོང་དོན་སྐམ་ལམ་གྱི་བགྲོད་ལམ་ཆེ་མོ་བསྐྲུན་རྒྱུར་ཤུགས་སྣོན་རྒྱག་དགོས་པ་བཅས་རེད།
གསུམ། ཞིང་འབྲོག་པའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་བཏང་སྟེ་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་གཏོང་དགོས།
རང་ལྗོངས་ཀྱི་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་པའི་བརྗིད་ཆེའི་དམིགས་ཚད་མངོན་འགྱུར་བྱེད་པར་གཙོ་གནད་དང་དཀའ་གནད་ཚང་མ་གྲོང་གསེབ་ཏུ་ཡིན་པ་དང་མདུན་ལམ་དང་རེ་བ་ཡང་གྲོང་གསེབ་ཏུ་ཡོད། ཞིང་འབྲོག་ལས་དང་། གྲོང་གསེབ། ཞིང་འབྲོག་པ་བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་དེ་རིམ་ཁག་ཏང་ཨུད་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེ་ཡིན་པ་ངེས་པར་དུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ནས་ཞིང་ལས་ལ་ཤུགས་སྣོན་དང་། ཞིང་པར་ཕན་སྦྱར་བྱེད་ཤུགས་ཆེ་རུ་གཏོང་བ། ཞིང་འབྲོག་ལས་འཕེལ་རྒྱས་གཏོང་བའི་རྨང་གཞི་བརྟན་དུ་གཏོང་བ། ཞིང་འབྲོག་ལས་དེང་རབས་ཅན་གྱི་ཆུ་ཚད་དང་ཞིང་འབྲོག་པའི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་བ། ཞིང་འབྲོག་པའི་བདེ་སྐྱིད་ཀྱི་འཚོ་བ་དང་ཡིད་དུ་འོང་བའི་ཁྱིམ་གཞིས་ཤིག་འཛུགས་སྐྲུན་བྱེད་དགོས།
(9)ཐོན་ལས་དང་པོ་ཆུ་ཚད་དུ་སླེབས་པ་བྱེད་པར་སྐུལ་འདེད་ཤུགས་ཆེན་གཏོང་དགོས། འབྲུ་དང་པད་ཁ་མུའུ་རེར་ཐོན་ཚད་མཐོ་རུ་གཏོང་བའི་བྱ་སྤྱོད་འཆར་གཞི་མུ་མཐུད་ལག་བསྟར་བྱས་ཏེ་འདེབས་འཛུགས་ཀྱི་རྒྱ་ཁྱོན་བརྟན་དུ་གཏོང་བ་དང་། ས་བོན་གྱི་གྲུབ་ཆ་ལེགས་སུ་གཏོང་བ། ཚན་རིག་དང་མཐུན་པའི་སྒོ་ནས་ཞིང་འདེབས་པ་བཅས་ཀྱི་ཐོག་ནས་འབྲུ་རིགས་ཕྱོགས་བསྡུས་ཐོན་སྐྱེད་བྱེད་ནུས་ལ་སྲུང་སྐྱོབ་ཧུར་ཐག་བྱེད་དགོས། ཞིང་འབྲོག་ལས་ཕྱོགས་བསྡུས་གསར་སྤེལ་བྱེད་ཤུགས་ཆེ་རུ་བཏང་ཐོག “གཙང་པོ་གཅིག་དང་ཆུ་བོ་གཉིས ”རྒྱུག་ཁུལ་དུ་དེང་རབས་ཀྱི་ཞིང་ལས་དཔེ་སྟོན་ཁུལ་ཞིག་ཆགས་ཐུབ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་ནས་དང་། གྲོ པད་ཁ། ཞོག་ཁོག་སོགས་ཚོང་ཟོག་ཆེ་ཁག་གཅིག་སྡུད་ཐོག་འཕེལ་རྒྱས་གཏོང་བ། སྔོ་ཚལ་དང་། ཤིང་ཏོག མེ་ཏོག་སོགས་ཀྱི་ཐོན་ཟོག་ལེགས་བསྡུས་ཅན་དང་། ཚད་ལྡན་ཅན། སྒྲིག་བཀོད་ཅན་བཅས་ཀྱི་ཐོན་སྐྱེད་བྱ་རྒྱུར་སྐུལ་འདེད་བཏང་སྟེ་ས་བབ་དང་མཐུན་པའི་ཁྱད་ལྡན་ཐོན་ལས་དང་གྲོང་ཚོ་གཅིག་ལ་སྤུས་རྟགས་གཅིག་ཡོད་པ་བྱེད་དགོས། ཞིང་འབྲོག་ལས་ཀྱི་ཚན་རྩལ་ཞིབ་སྤེལ་དང་། བརྗེ་སྒྱུར། བེད་སྤྱོད། ཁྱབ་གདལ་གཏོང་ཤུགས་ཆེ་རུ་བཏང་བ་དང་སྤྱི་ཕན་རང་བཞིན་གྱི་ཞིང་འབྲོག་ལས་ཀྱི་ལག་རྩལ་ཁྱབ་གདལ་གཏོང་བའི་མ་ལག་འཐུས་ཚང་དུ་གཏོང་བ། དེང་རབས་ཀྱི་འདེབས་འཛུགས་ལས་རིགས་གོང་འཕེལ་གཏོང་བ། ཞིང་འབྲོག་ལས་འཕྲུལ་ཆས་ཅན་གྱི་ཆུ་ཚད་མཐོ་རུ་བཅས་གཏོང་དགོས། མ་དངུལ་འདུ་སྒྲིལ་བྱེད་ཤུགས་ཆེ་རུ་བཏང་ནས་གཅིག་སྡུད་ཐོག་མ་དངུལ་གཏོང་བ་དང་གཞི་ཁྱོན་ལྡན་པའི་ཚོང་གཉེར་བྱེད་སྟངས་སྤྱད་དེ་ཆ་རྐྱེན་འཛོམས་པའི་ས་ཁུལ་དུ “ཐོན་ལས་དང་པོ་ཆུ་ཚད་དུ་སླེབས་པ་བྱེད་པའི ”དཔེ་སྟོན་རྫོང་དང་། དཔེ་སྟོན་ཤང་དང་གྲོང་རྡལ་ཁག་གཅིག་སྐྱེད་སྲིང་བྱས་པ་དང་ཚན་རིག་དང་མཐུན་པའི་འདེབས་འཛུགས་གསོ་ཚགས་ཀྱི་དཔེ་སྟོན་ཁྱིམ་དུད་ཁག་གཅིག་སྐྱེད་སྲིང་ཡང་བྱེད་དགོས། ཞིང་འབྲོག་ཐོན་ཟོག་ལས་སྣོན་ལས་རིགས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་ཐོན་ལས་འབྲེལ་ཐག་རིང་དུ་བཏང་སྟེ་ཟུར་བསྣན་རིན་ཐང་མཐོ་རུ་གཏོང་དགོས། དྭངས་གཙང་དང་ཁོར་ཡུག་སྲུང་སྐྱོང་གི་ཐོན་སྐྱེད་བྱེད་སྟངས་ཁྱབ་གདལ་བཏང་ནས་ཞིང་འབྲོག་ལས་གཉེར་བ་ལས་ཐོན་པའི་སྦགས་བཙོག་བཅོས་སྐྱོང་བྱེད་དགོས།
(10)ཞིང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས། བདེ་སྡོད་ལས་བརྩོན་ཚད་བརྒལ་བྱེད་ས་བྱས་པའི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུག་སྐྲུན་བྱེད་པའི་ནང་དོན་གཏིང་ཟབ་ཏུ་བཏང་ཐོག་ཆུ་དང་། གློག ལམ། རྫབ་རླངས་དང་འཕྲིན་གཏོང་བཅས་གཙོ་གནད་དུ་བྱེད་པའི་ཆ་ལག་ཚང་བའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་ནས་2013ལོར་ཞིང་འབྲོག་ཁུལ་གྱི་དྭངས་གཙང་འཐུང་ཆུའི་གནད་དོན་ཐག་གཅོད་ཐུབ་པ་བྱེད་པ་དང་། 2015ལོར་ཆ་རྐྱེན་ཚང་བའི་སྲིད་འཛིན་གྲོང་ཚོ་དང་འབྲོག་ར། ནགས་ར་བཅས་ཁྱོན་ཡོངས་ལ་གཞུང་ལམ་ཤར་གཏོང་ཐུབ་པ་བྱེད་པ་དང་། ཤང་དང་གྲོང་རྡལ་60%ལ་སྣུམ་ནག་ལམ (ཨར་འདམ་ལམ )ཤར་གཏོང་ཐུབ་པ་བྱེད་པ། ཞིང་འབྲོག་ཁུལ་གྱི་མི་འབོར་ཡོངས་ལ་གློག་སྤྱོད་ཐུབ་པ་བྱེད་པ། ཤང་ཀུན་ལ་འོད་སྐུད་ཤར་གཏོང་ཐུབ་པ་དང་སྲིད་འཛིན་གྲོང་ཚོ་དང་ཆ་རྐྱེན་འཛོམས་པའི་རང་བྱུང་གྲོང་ཚོར་ཁ་པར་ཤར་གཏོང་ཐུབ་པ་བྱེད་པ། སྲིད་འཛིན་གྲོང་ཚོར་སྦྲག་ཡིག་བསྐུར་ཐུབ་ཚད་90%ཟིན་པ་བྱེད་པ། གྲོང་ཚོའི་རྣམ་པ་གཞི་རྩའི་ཆ་ནས་བཅོས་སྒྲིག་ཐུབ་པ་བྱ་རྒྱུ་ཡིན་པ་རེད། ཆུ་བེད་གཙོ་གནད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་མ་དངུལ་གཏོང་ཤུགས་ཆེ་རུ་དང་འཛུགས་སྐྲུན་དང་བདག་སྐྱོང་གི་ལམ་སྲོལ་ལེགས་སུ་བཏང་ནས་ཞིང་ཁ་དང་། རྩྭ་རའི་ཆུ་བེད་ལས་གྲྭ་འཛུགས་སྐྲུན་དང་དོ་དམ་ཧྲིལ་པོར་སྐུལ་འདེད་གཏོང་དགོས། འཆར་འགོད་ལེགས་འདིང་དང་། གཅིག་འདོམས་བཀོད་སྒྲིག ཡུག་གཅིག་སྐུལ་འདེད་བཅས་བཏང་སྟེ་ཐོན་འབབ་དམའ་འབྲིང་གི་ཞིང་ཁ་བསྒྱུར་བཀོད་བྱེད་མགྱོགས་སུ་གཏོང་བ་དང་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་བྱས་ཐོག་ཞིང་པར་ས་རྒྱུ་སྒྱུར་བཀོད་བྱ་དགོས་པའི་སྐུལ་ལྕག་གཏོང་བ་དང་ས་དཔྱད་ལུད་སྦྱོར་ཁྱབ་གདལ་བཏང་སྟེ་རྨོ་ཞིང་གི་སྤུས་ཚད་མཐོ་རུ་གཏོང་དགོས། གནམ་གཤིས་ལྟ་ཞིབ་སྔོན་བརྡ་དང་གནོད་འཚེ་སྔོན་བརྡའི་ཞབས་ཞུའི་ཆ་འཕྲིན་གྲོང་ཚོ་ཀུན་ཁྱབ་ཀྱི་འདུ་འགོད་དོན་འཁྱོལ་བྱས་ཏེ་ཞིང་འབྲོག་ལས་དང་གྲོང་གསེབ་ཀྱི་གནོད་འགོག་གེགས་སེལ་བྱེད་ནུས་ཆེ་རུ་གཏོང་དགོས།
(11)ཞིང་འབྲོག་པའི་འབབ་འཕར་གྱི་ལམ་བུ་རྒྱ་ཆེ་རུ་གཏོང་དགོས། དམིགས་གཏད་ཡོད་པའི་སྒོ་ནས་ཉེར་སྤྱོད་ལག་རྩལ་གསོ་སྦྱོང་བྱས་ཏེ་ཞིང་འབྲོག་པའི་ལས་རིགས་ཀྱི་རྩལ་ནུས་དང་ཡོང་འབབ་གཙང་ལེན་བྱེད་ནུས་མཐོ་རུ་བཏང་ནས་ཐབས་ལམ་མང་དག་སྤྱད་དེ་ཞིང་འབྲོག་པའི་ཡོང་འབབ་མང་དུ་གཏོང་དགོས། ཞིང་འབྲོག་ལས་ལ་ཁ་གསབ་སྤྲོད་པའི་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ཁ་གསབ་ཀྱི་ཁྱབ་ཁོངས་རྒྱ་ཆེ་རུ་གཏོང་བ། ཁ་གསབ་བྱ་ཐབས་ལེགས་སུ་གཏོང་བ་བཅས་ཀྱི་ཐོག་ནས་ཞིང་འབྲོག་པའི་ཐོན་སྐྱེད་དང་ཚོང་གཉེར་རང་བཞིན་གྱི་ཡོང་འབབ་མང་དུ་གཏོང་དགོས། ཞིང་འབྲོག་ཁུལ་གྱི་ཞིང་ལས་མ་ཡིན་པའི་ཐོན་ལས་འཕེལ་རྒྱས་མགྱོགས་སུ་བཏང་ནས་རྫོང་ཁོངས་ཀྱི་དཔལ་འབྱོར་སྟོབས་ཆེར་བཏང་སྟེ་ཞིང་འབྲོག་པའི་གནས་སྤོས་ལས་ཞུགས་ལ་སྐུལ་འདེད་བཏང་ཐོག་གླ་ཕོགས་རང་བཞིན་གྱི་ཡོང་འབབ་མང་དུ་གཏོང་དགོས།
(12)ཞིང་འབྲོག་ཁུལ་གྱི་འཕེལ་རྒྱས་སྒྲིག་གཞི་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། ཞིང་འབྲོག་ཁུལ་གྱི་གཞི་རྩའི་གཉེར་སྐྱོང་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་ནས་ད་ཡོད་ཞིང་འབྲོག་ཁུལ་གྱི་ས་ཆ་དང་རྩྭ་ར་འགན་གཙང་ལེན་པའི་འབྲེལ་བ་བརྟན་པོ་དང་ཡུན་རིང་འགྱུར་ལྡོག་མི་འགྲོ་རྒྱུ་མཐའ་འཁྱོངས་བྱེད་དགོས། ཞིང་འབྲོག་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་མ་ལག་འཐུས་ཚང་མགྱོགས་སུ་བཏང་ནས་ཞིང་འབྲོག་ལས་གཉེར་སྐྱོང་སྒྲིག་འཛུགས་བྱེད་ཚད་ཆེ་རུ་གཏོང་བ་དང་ཞིང་པར་འགན་གཙང་གཞན་སྤྲོད་དང་། བོགས་གཏོང་། བརྗེ་རེས། ནང་བཤུག་གཏོང་བ། མ་རྐང་མཉམ་ལས་སོགས་ཀྱི་བྱ་ཐབས་སྤྱད་དེ་ས་ཞིང་འགན་གཙང་སྤྲོད་པའི་གཉེར་སྐྱོང་དབང་ཆ་རྒྱུན་འཁོར་བྱེད་ཆོག་པ་དང་ཆ་རྐྱེན་ཡོད་པའི་ས་ཆས་ཆེད་ལས་དུད་ཚང་དང་། ཁྱིམ་ཚང་གི་ཞིང་ར། ཞིང་འབྲོག་ལས་ཆེད་ལས་མཉམ་ལས་ཁང་སོགས་གཞི་ཁྱོན་ལྡན་པའི་གཉེར་སྐྱོང་གཙོ་བོ་གོང་འཕེལ་གཏོང་ཆོག ཞིང་སྦོལ་འཛུགས་སྐྲུན་བྱ་རྒྱུར་སྐུལ་ལྕག་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་འཆར་འགོད་དང་འཕེལ་རྒྱས་གཏོང་བའི་སྒྲིག་གཞི་དང་ལམ་སྲོལ་གྲུབ་མགྱོགས་སུ་བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་གྱི་འཆར་འགོད་དང་། ཐོན་ལས་བཀོད་སྒྲིག རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། སྤྱི་པའི་ཞབས་ཞུ་གཞི་གཅིག་ཅན་སོགས་ཐད་ཚད་བརྒལ་ཡོང་གང་ཐུབ་བྱེད་དགོས། དངུལ་རྩའི་སྒྲིག་གཞིས “ཞིང་གསུམ ”ལ་ཞབས་འདེགས་ཞུ་བའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་དངུལ་ཁང་གིས་ཞིང་པར་ཞབས་འདེགས་ཞུ་བའི་འགན་འཁྲི་དང་ནུས་པ་ཆེ་རུ་གཏོང་དགོས། གྲངས་འབོར་ཉུང་བའི་དངུལ་བུན་གོང་འཕེལ་ཤུགས་ཆེན་གཏོང་བ་དང་ཞིང་དུད་ཀྱི་གྲངས་འབོར་ཉུང་བའི་ཡིད་རྟོན་དངུལ་བུན་དང་། དབུལ་སྐྱོར་དངུལ་བུན། ཞིང་དུད་མཉམ་སྲུང་གི་དངུལ་བུན་བཅས་མུ་མཐུད་གཏོང་རྒྱ་ཆེ་རུ་གཏོང་དགོས། ཞིང་འབྲོག་ཁུལ་གྱི་འགན་བཅོལ་བྱ་གཞག་ལ་འཕེལ་རྒྱས་མགྱོགས་པོ་གཏོང་དགོས། ཞིང་འབྲོག་ཁུལ་གྱི་ཕྱོགས་བསྡུས་སྒྱུར་བཅོས་ཟབ་ཏུ་དང་མཉམ་སྡེབ་ནགས་དབང་ལམ་ལུགས་སྒྱུར་བཅོས་བྱ་རྒྱུར་སྐུལ་མ་བཏང་ནས་རྩྭ་ར་འགན་གཙང་གི་གཉེར་སྐྱོང་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་སྟེ་ཞིང་འབྲོག་ཁུལ་གྱི་ཆུ་བེད་ཆུ་གློག་དོ་དམ་སྒྲིག་གཞི་སྒྱུར་བཅོས་བྱེད་ཟབ་ཏུ་གཏོང་དགོས།
བཞི། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཡོང་བར་སྐུལ་མ་བཏང་ནས་གྲོང་ཁྱེར་དང་གྲོང་རྡལ་ཅན་ལ་སྐུལ་མ་འོས་འཚམས་གཏོང་བ།
ས་ཁོངས་མཐུན་སྦྱོར་གོང་འཕེལ་ཡོང་བར་གཅིག་གྱུར་འཆར་འགོད་བྱ་རྒྱུ་ནི་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་བྱེད་པའི་གལ་ཆེའི་ནང་དོན་ཞིག་ཡིན་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་མ་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་ཀྱང་རེད། ལེགས་ཆ་འདོན་སྤེལ་དང་། ཉམས་ཞན་ལྷུ་ཚིགས་ལ་ཤུགས་སྣོན། སྤེལ་རེས་མཉམ་ལས་ཆེར་གཏོང་། ས་ཁོངས་ཀྱི་ཧེ་བག་ཆུང་དུ་གཏོང་བ་བཅས་ཀྱི་བླང་བྱ་གཞིར་བཟུང་ས་ཁོངས་དཔལ་འབྱོར་གྱི་ལེགས་ཆ་ཕན་གསབ་དང་། ནུས་པ་གཙོ་བོའི་གནས་གཏན་འཁེལ་ཁ་གསལ། རྒྱལ་ཁབ་ས་ཆའི་བར་སྟོང་ནུས་ཆེའི་ངང་སྤྱོད་པ། མི་དང་རང་བྱུང་ཁམས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བ་བཅས་ཀྱི་ས་ཁོངས་འཕེལ་རྒྱས་ཀྱི་རྣམ་པ་ཞིག་ཆགས་པ་བྱེད་དགོས། ཚན་རིག་དང་མཐུན་པའི་ངང་གྲོང་རྡལ་ཅན་འཕེལ་རྒྱས་ཀྱི་འཆར་འགོད་བཟོས་ཏེ་གྲོང་ཁྱེར་དང་གྲོང་རྡལ་ཅན་ལ་སྐུལ་མ་འོས་འཚམས་བཏང་ནས་གྲོང་ཁྱེར་དང་གྲོང་རྡལ་ཅན་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་སྐུལ་མ་གཏོང་དགོས།
(13)ས་ཁོངས་འཕེལ་རྒྱས་ཀྱི་སྤྱིའི་འཐབ་ཇུས་ལག་བསྟར་བྱེད་དགོས། བོད་དབུས་ཁུལ་གྱི་སྟོད་རྒྱུད་ཧྲའན་ཤིས་དང་། ཀན་སུའུ། མཚོ་སྔོན་བཅས་དང་འབྲེལ་བ་དང་སྨད་རྒྱུད་ཨེ་ཤེ་ཡ་ལྷོ་མར་འབྲེལ་བའི་ལེགས་ཆ་གང་ལེགས་སྤྱད་དེ་ནང་ཁུལ་དང་ཕྱི་ཕྱོགས་ཀྱི་དཔལ་འབྱོར་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ལྷ་ས་གྲོང་ཁྱེར་གཙོ་གནད་དུ་བྱས་པའི་མཚོ་བོད་ལྕགས་ལམ་ལམ་རྒྱུད་དང “གཙང་པོ་གཅིག་དང་ཆུ་བོ་གསུམ ”ལམ་རྒྱུད་ཀྱི་འཕེལ་རྒྱས་ལམ་ཐིག་སྐྱེད་སྲིང་བྱས་ཏེ་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཕར་བའི་སྣེ་ཁྲིད་ཁུལ་དང་། དེང་རབས་ཐོན་ལས་འཕེལ་རྒྱས་ཀྱི་གཅིག་སྡུད་ཁུལ། ནུས་པ་ལེགས་སུ་དང་མཐོར་གཏོང་གི་སྲོག་ཤིང་ཁུལ། དཔལ་འབྱོར་འཕེལ་རྒྱས་གཏོང་ཐབས་བསྒྱུར་བའི་དཔེ་སྟོན་ཁུལ་བཅས་གང་མགྱོགས་གཏོད་དགོས། བོད་ཤར་ཁུལ “ནུབ་བརྟེན་ཤར་ཕྱོགས་དང་ལྷོ་བྱང་འབྲེལ་མཐུད ”ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་ཆུ་ནུས་དང་གཏེར་ཁའི་ཐོན་ཁུངས་གསར་སྤེལ་གཙོ་ཁྲིད་དུ་བྱེད་པ་དང་ཁྱད་ལྡན་ཞིང་ལས་ཐོན་ཟོག་དང་དེའི་ལས་སྣོན་ལས་རིགས་དང་ཡུལ་སྐོར་ལས་རིགས་འདེགས་སྐྱོར་དུ་བྱེད་པའི་ས་ཁོངས་དཔལ་འབྱོར་སྐྱེད་སྲིང་བྱས་ཏེ་ཁྲེང་ཏུའུ་དང་ཁྲུང་ཆིང་གི་དཔལ་འབྱོར་ཁུལ་ནང་མཉམ་འདྲེས་ཧུར་ཐག་ཐུབ་པ་བྱེད་པ་དང་། དབུས་རྒྱུད་ཁུལ་དང་ཉེ་འཁོར་ཁུལ་འབྲེལ་གཏུག་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་པ། བོད་དང་། སི་ཁྲོན། ཡུན་ནན། མཚོ་སྔོན་བཅས་འབྲེལ་མཐུད་ཀྱི་འགྲིམ་འགྲུལ་ལྟེ་གནས་དང་། ཚོང་དོན་ལྟེ་གནས། མདོག་ལྡན་ལྕགས་རིགས་ཐོན་སྐྱེད་རྟེན་གཞི། “ནུབ་གློག་ཤར་འདྲེན ”གྱི་རྗེས་གྲབས་རྟེན་གཞི། “གཙང་གསུམ ”རྒྱུག་ཁུལ་གྱི་ཡུལ་སྐོར་སྤྲོ་འཆམ་ཁུལ་བཅས་གང་མགྱོགས་བསྐྲུན་དགོས། བོད་ནུབ་ཁུལ་གྱི་མཐའ་མཚམས་ཉོ་ཚོང་གི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་མཐའ་མཚམས་འགག་སྒོའི་སྒོ་དབྱེ་དང་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་དགོས། མཐའ་མཚམས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་དང་སྣོད་བཅུད་སྲུང་ཡོལ་སྔར་བས་བསྐྲུན་དགོས།
(14)ནུས་པ་གཙོ་བོའི་ཁུལ་འཆར་འགོད་ལག་བསྟར་བྱེད་དགོས། ཐོན་ཁུངས་ཁོར་ཡུག་གི་ཐེག་ནུས་དང་། ད་ཡོད་ཀྱི་གསར་སྤེལ་བྱེད་ནུས། འཕེལ་རྒྱས་ཀྱི་མི་མངོན་པའི་ནུས་པ་བཅས་ལ་གཞིགས་ཏེ་ས་ཁོངས་ཀྱི་ནུས་པ་གཙོ་བོའི་གནས་བབ་གཏན་འཁེལ་ཁ་གསལ་བཟོས་ནས་རང་ལྗོངས་ཀྱི་གནས་ཚུལ་དང་འཚམས་པའི་ནུས་པ་གཙོ་བོའི་ཁུལ་དབྱེའི་གསར་སྤེལ་རྣམ་པ་ཞིག་ཆགས་པ་བྱེད་དགོས། ལྟེ་བའི་གྲོང་ཁྱེར་དང་གྲོང་རྡལ་དང་འགྲིམ་འགྲུལ་ཨ་མར་ཁྱབ་འགྱེད་ནུས་པ་གང་ལེགས་བཏོན་ནས་དཔལ་འབྱོར་ཐོན་ཁུངས་དང་ཐོན་སྐྱེད་རྒྱུ་ཆ་དེ་གསར་སྤེལ་ཁུལ་དང་གསར་སྤེལ་ཁུལ་གཙོ་བོར་གཅིག་སྡུད་བྱ་རྒྱུར་གཙོ་གནད་བཟང་སྒྲིག་བྱས་ཏེ་དོ་མཉམ་མེད་པའི་བཀོད་པར་བརྟེན་ནས་དཔལ་འབྱོར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་མ་གཏོང་དགོས། གསར་སྤེལ་དང་གསར་སྤེལ་ཁུལ་གྱི་ནུས་པ་གཙོ་བོ་ནི་མི་འབོར་རུབ་བསྡུས་དང་དཔལ་འབྱོར་གཅིག་སྡུད་ལ་བཟང་སྒྲིག་བྱས་ནས་བཟོ་ལས་ཐོན་རྫས་དང་ཞབས་ཞུའི་ཐོན་ཟོག་མཁོ་འདོན་བྱ་རྒྱུ་དེ་ཡིན་པ་དང་། གསར་སྤེལ་བྱ་རྒྱུར་ཚོད་འཛིན་དང་གསར་སྤེལ་བྱེད་མི་ཆོག་པའི་ཁུལ་གྱི་ནུས་པ་གཙོ་བོ་དེ་ཞིང་ལས་ཐོན་ལས་དང་སྣོད་བཅུད་ཐོན་ཟོག་མཁོ་འདོན་བྱས་ནས་ཞིང་ལས་ཐོན་ཟོག་འདོན་སྤྲོད་ཀྱི་བདེ་འཇགས་དང་སྣོད་བཅུད་མ་ལག་བརྟན་པོ་ཞིག་ཡོང་རྒྱུ་འགན་ལེན་བྱ་རྒྱུ་དེ་རེད།
(15)བོད་ཀྱི་ཁྱད་ཆོས་ལྡན་པའི་གྲོང་ཁྱེར་དང་གྲོང་རྡལ་གྱི་མ་ལག་འཛུགས་དགོས། ལྷ་ས་གྲོང་ཁྱེར་ལྟེ་བར་བྱེད་པ་དང་གཞིས་རྩེ་གྲོང་ཁྱེར་དང་། རྩེད་ཐང་གྲོང་རྡལ། བརྒྱད་གཅིག་གྲོང་རྡལ། ནག་ཆུ་གྲོང་རྡལ། ཆབ་མདོ་གྲོང་རྡལ། སེང་གེ་ཁ་འབབ་གྲོང་རྡལ་བཅས་བརྟེན་སར་བྱེད་པ། རྫོང་གྲོང་དང་། མཐའ་མཚམས་གྲོང་ཁྱེར་དང་གྲོང་རྡལ། ཁྱད་ལྡན་རིག་གནས་ཡུལ་སྐོར་གྲོང་ཁྱེར་དང་གྲོང་རྡལ། ཁྱད་ལྡན་ཐོན་ལས་གྲོང་ཁྱེར་དང་གྲོང་རྡལ་བཅས་དྲ་རྒྱར་བྱས་པའི་བོད་ཀྱི་ཁྱད་ཆོས་ལྡན་པའི་གྲོང་ཁྱེར་དང་གྲོང་རྡལ་མ་ལག་ཅིག་འཛུགས་མགྱོགས་སུ་གཏོང་དགོས། གྲོང་ཁྱེར་དང་གྲོང་རྡལ་གྱི་སྤྱིའི་འཆར་འགོད་དང་གྲོང་ཁྱེར་གཞུང་ལམ་དང་། སྐྱེད་ཚལ་སྔོ་འགྱུར། ཁོར་ཡུག་འཕྲོད་བསྟེན་གྱི་སྒྲིག་བཀོད། གེགས་འགོག་གེགས་སེལ་སོགས་ཀྱི་ཆེད་དོན་འཆར་འགོད་བཟོས་ནས་ལག་བསྟར་བྱེད་དགོས། ད་ལྟ་ལག་བསྟར་བྱེད་བཞིན་པའི་ཐེམ་ཐོའི་སྲིད་ཇུས་ལ་སྒྱུར་བཅོས་བྱས་ནས་མི་འབོར་དང་ཐོན་སྐྱེད་རྒྱུ་ཆ་གཙང་འགྲམ་དང་ལམ་རྒྱུད (ལྕགས་ལམ་དང་གཞུང་ལམ )དང་གྲོང་ཁྱེར་དང་གྲོང་རྡལ་བཅས་ཀྱི་ཕྱོགས་སུ་འཁོར་རྒྱུག་བྱེད་མགྱོགས་སུ་གཏོང་དགོས།
(16)རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས། རྫོང་ཁོངས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་རྫོང་ཁོངས་ཁྱད་ལྡན་རྣམ་གྲངས་གདམ་གསེས་ཞིབ་ཚགས་བྱས་ནས་ཁྱད་ཆོས་དང་། ལེགས་ཆ། ཁྲོམ་ར། ཕན་འབྲས་བཅས་ལྡན་པའི་རྫོང་ཁོངས་ཀ་རྟེན་ཐོན་ལས་ཤིག་ཆགས་པ་བྱེད་དགོས། ཁེ་ལས་ཆུང་འབྲིང་གཙོ་གནད་ཁག་གཅིག་ལ་འདེགས་སྐྱོར་བྱ་རྒྱུ་མ་ཟད། བཟོ་ལས་ཁུལ་ལ་གཙོ་བོར་གཅིག་སྡུད་བྱས་ཏེ་མཐུན་རྐྱེན་འཛོམས་པའི་ས་ཁུལ་དང་རྫོང་ལ་བཟོ་ལས་གླིང་འཛུགས་རྒྱུར་སྐུལ་མ་གཏོང་བ་དང་སྟག་རྩེ་སོགས་བཟོ་ལས་གླིང་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་དགོས། དངུལ་རྩའི་སྒྲིག་གཞི་དང་བོད་སྐྱོར་གྱི་མ་དངུལ་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཐད་སྐུལ་ཁྲིད་ཧུར་ཐག་བྱས་ནས་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ལྕག་སྐུལ་སྲིད་ཇུས་བཟོ་བ་དང་འཐུས་ཚང་དུ་བཏང་ནས་ཤེས་ལྡན་མི་སྣ་སྣ་ཚོགས་གཞི་རིམ་དུ་ལས་ཀ་བྱེད་པའམ་ཡང་ན་བྱ་གཞག་གཏོད་རྒྱུར་བློ་འགུགས་བྱེད་དགོས། རྫོང་ཁོངས་ཁྲོམ་ར་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་དང་དབུལ་སྒྲོལ་གསར་སྤེལ་བྱ་ཤུགས་ཆེ་རུ་བཏང་ནས་དབུལ་སྐྱོར་བྱེད་ཚད་རིམ་པས་མཐོ་རུ་བཏང་སྟེ་དབུལ་པོའི་མི་འབོར་མངོན་གསལ་གྱིས་ཉུང་དུ་གཏོང་དགོས། མ་འཇོག་བྱ་ཤུགས་ཆེ་རུ་བཏང་ནས་མཐའ་མཚམས་རྫོང་དང་ཤང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་སྤྱི་པའི་ཞབས་ཞུ་བྱ་ནུས་མགྱོགས་སུ་བཏང་ནས “མཐའ་དར་དམངས་ཕྱུག ”འདུ་འགོད་མུ་མཐུད་ཁྱབ་གདལ་བཏང་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་མགྱོགས་སུ་གཏོང་དགོས།
ལྔ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་ས་མཐོའི་སྣོད་བཅུད་བདེ་འཇགས་ཀྱི་སྲུང་ཡོལ་ཆགས་པ་བྱེད་དགོས།
སྔོན་ལ་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་བོད་ཀྱི་ས་མཐོའི་སྣོད་བཅུད་བདེ་འཇགས་ཀྱི་སྲུང་ཡོལ་ཆགས་པ་བྱ་རྒྱུ་ནི་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་མ་ལག་བསྐྲུན་པའི་དགོས་མཁོ་དང་། རྒྱུན་བསྲིང་འཕེལ་རྒྱས་གཏོང་བའི་དགོས་མཁོའང་ཡིན་སྟབས་སྣོད་བཅུད་བདེ་འཇགས་བསྐྲུན་རྒྱུ་དེ་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་ཐོན་སྐྱེད་འཕེལ་རྒྱས་དང་། འཚོ་བ་འབྱོར་ཕྱུག སྣོད་བཅུད་བཟང་བ་བཅས་ཀྱི་ཤེས་དཔལ་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱེད་དགོས།
(17)བོད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་འཛུགས་སྐྲུན་འཆར་འགོད་ལག་ལེན་བྱེད་མགྱོགས་སུ་གཏོང་དགོས། རང་བྱུང་ནགས་ཚལ་སྲུང་སྐྱོང་དང་། རང་བྱུང་རྩྭ་ཐང་སྲུང་སྐྱོང། རང་བྱུང་སྲུང་སྐྱོང་ཁུལ་དང་སྣོད་བཅུད་ནུས་ཁུལ་འཛུགས་སྐྲུན། འགོག་སྲུང་ནགས་ཀྱི་མ་ལག་འཛུགས་སྐྲུན། འདམ་ར་སྲུང་སྐྱོང། བྱེ་འགོག་བྱེ་བཅོས། ས་ཆུ་བསྲུང་རྒྱུ་སོགས་སྣོད་བཅུད་ཁོར་ཡུག་གཙོ་བོ་སྲུང་སྐྱོང་དང་འཛུགས་སྐྲུན་འདུ་འགོད་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ་རང་བྱུང་སྣོད་བཅུད་མ་ལག་སྲུང་སྐྱོང་དང་ཉམས་ཞན་དུ་སོང་བའི་སྣོད་བཅུད་མ་ལག་བསྐྱར་གསོ་དང་བསྐྱར་སྐྲུན་ལ་ཤུགས་སྣོན་རྒྱག་དགོས། གཙང་ཆེན་དང་ཆུ་ཆེན་གྱི་ཆུ་འགོ་དང་། འདམ་ར། རང་བྱུང་ནགས་ཚལ། སྐྱེ་དངོས་སྣ་མང་བཅས་ལ་སྲུང་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། རྩྭ་ཐང་གི་སྣོད་བཅུད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་སྣོད་བཅུད་འོས་འཚམ་ངང་སྤོ་སྒྱུར་བྱེད་དགོས།
(18)ཤིང་འཛུགས་ནགས་བཟོ་རྒྱ་ཁྱབ་ངང་བྱེད་དགོས། སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་མུ་མཐུད་སྒྲིག་འཛུགས་བྱས་ནས་ཤིང་འཛུགས་ནགས་བཟོ་བྱེད་དགོས། འོས་འགན་ཤིང་འཛུགས་དང་རིན་ཡོད་ཤིང་འཛུགས་བྱ་རྒྱུ་གཉིས་ཟུང་འབྲེལ་མཐའ་འཁྱོངས་བྱས་ནས་གུད་གསབ་ལས་སྤྲོད་མ་དངུལ་དང་། སྔོ་འགྱུར་ཆེད་དོན་མ་དངུལ། དེ་མིན་གྱི་ཁོར་ཡུག་སྲུང་སྐྱོང་མ་དངུལ་བཅས་ལ་གཅིག་གྱུར་ངང་བེད་སྤྱད་དེ་རིན་མེད་ངང་ཤིང་སོན་སྤྲོད་པ་དང་། དུས་བཀག་སྔོན་ཐོབ་ཆ་སྤྲོད་པ། སུས་ཤིང་འཛུགས་བྱས་ན་དེར་ཕན་པ་ཐོབ་པ། ཤིང་གསོན་ཚད་མང་ན་དེར་ཡོང་འབབ་ཆེ་བ་བཅས་ཀྱི་ཐབས་ཤེས་སྤྱད་དེ་ལྗོངས་ཕྱི་ནང་གི་ལས་མི་དང་ཁེ་ལས་ཀྱིས་རི་ཐང་རི་རྒོད་དུ་ཤིང་འཛུགས་ནགས་བཟོ་བྱ་རྒྱུ་འགན་གཙང་ལེན་བྱ་རྒྱུར་སྐུལ་མ་གཏོང་དགོས། སྔོ་ལྗང་ལྷ་ས་བསྐྲུན་མགྱོགས་སུ་གཏོང་ཆེད་གྲོང་ཁྱེར་དང་གྲོང་རྡལ་གྱི་ཉེ་འདབས་དང་། གཞུང་ལམ་དང་ལྕགས་ལམ་རྒྱུད། ལུང་ཤུར་བཅས་སུ་ཤིང་འཛུགས་ནཌ་བཟོ་དང་གྲོང་གསེབ་ཀྱི “འགྲམ་བཞིར ”ཤིང་འཛུགས་ནགས་བཟོ་རྒྱ་ཁྱབ་ཏུ་བྱས་ནས་གྲོང་མིའི་སྡོད་ཁང་སྒོ་ར་དང་། གྲོང་གསེབ་ཀྱི་གྲོང་རྡལ་ལམ་ཁ། སྤྱི་པའི་མི་ཚོགས་གནས་ས་བཅས་ལ་སྔོ་སྒྱུར་བྱེད་མགྱོགས་སུ་གཏོང་དགོས།
(19)སྣོད་བཅུད་ཕན་འབྲས་ཁ་གསབ་ཀྱི་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། སྣོད་བཅུད་ཕན་འབྲས་ཁ་གསབ་ཀྱི་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བར་རྒྱལ་ཁབ་རིམ་པའི་སྤྱི་ཕན་ནགས་ཚལ་གྱི་སྣོད་བཅུད་ཕན་འབྲས་ཁ་གསབ་ཀྱི་ཚད་གཞི་མཐོ་རུ་གཏོང་དགོས། རྩྭ་ཐང་གི་སྣོད་བཅུད་སྲུང་སྐྱོང་བྱ་དགའི་ལམ་སྲོལ་འཛུགས་དགོས། གཏེར་རིའི་ཁོར་ཡུག་བཅོས་སྒྲིག་དང་སྣོད་བཅུད་བསྐྱར་གསོའི་འགན་འཁྲིའི་ལམ་སྲོལ་འཛུགས་དགོས། འདམ་ར་དང་། ས་ཆུ་བསྲུང་རྒྱུ། ཆུའི་ཐོན་ཁུངས་འགན་ལེན་སོགས་ཀྱི་སྣོད་བཅུད་ཕན་འབྲས་ཁ་གསབ་ཚོད་ལྟ་དང་ཐོན་ཁུངས་གསར་སྤེལ་གྱི་སྣོད་བཅུད་ཁ་གསབ་ཚོད་ལྟ་བྱ་རྒྱུ་འཚོལ་ཞིབ་ཧུར་ཐག་བྱེད་དགོས། རང་བྱུང་སྲུང་སྐྱོང་ཁུལ་དང་། སྣོད་བཅུད་ཀྱི་ནུས་ཁུལ་གཙོ་བོ། གལ་ཆེའི་འཐབ་ཇུས་ཀྱི་གྲབས་གསོག་གཏེར་ཁའི་ཐོན་ཁུངས་གནས་ཡུལ་བཅས་ལ་ནོར་སྲིད་ཁ་གསབ་སྤྲོད་ཚད་མང་དུ་གཏོང་དགོས། ཁོར་ཡུག་ཆོག་འཐུས་ལམ་སྲོལ་ལག་ལེན་ནན་ཏན་བསྟར་ནས་ཁོར་ཡུག་ཉིད་རང་ཤུགས་ངང་བསྐྱར་གསོ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས།
(20)ནུས་རྒྱུ་གྲོན་ཆུང་དང་བཙོག་འབུད་ཉུང་གཏོང་བྱེད་པར་སྐུལ་འདེད་ཏན་ཏིག་གཏོང་དགོས། འགོ་འཛུགས་ས་མཐོ་བ་དང་། ཚད་གཞི་མཐོ་བ། ལག་རྩལ་མཐོ་བ་བཅས་ཡོང་རྒྱུ་མཐའ་འཁྱོངས་བྱས་ནས་རང་བྱུང་ཐོན་ཁུངས་ལུགས་མཐུན་ངང་གསར་སྤེལ་དང་ཕན་ཆེའི་ངང་སྤྱོད་པ། ནུས་རྒྱུ་གཙང་མ་སྤྱོད་རྒྱུ་ཁྱབ་སྤེལ་ཤུགས་ཆེན་བཏང་ནས་ཆུ་ནུས་དང་། ཉི་ནུས། རླུང་ནུས་དང་དེ་བཞིན་ས་འོག་ཚ་ནུས་བཅས་ནུས་ལྡན་ངང་སྤྱོད་ཐུབ་པ་བྱེད་དགོས། ནུས་རྒྱུ་དང་། ཆུ། ས་ཆ། རྒྱུ་ཆ་བཅས་གྲོན་ཆུང་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་དང་། གད་སྙིགས་དབྱེ་སེལ་སོགས་ཁོར་ཡུག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ་ཁུལ་གཙོ་བོའམ་ཡང་ན་ཁོར་ཡུག་ལ་ཕྱོགས་བསྡུས་བཅོས་སྒྲིག་བྱས་ནས་ཁེ་ལས་ཀྱི་སྦགས་བཙོག་བཅོས་སྒྲིག་དང་བཙོག་དངོས་འབུད་ཚད་ཉུང་དུ་གཏོང་བ། འཐུང་ཆུའི་ཆུ་འགོ་སྲུང་སྐྱོབ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་འཐུང་ཆུའི་བདེ་འཇགས་འགན་ལེན་བྱེད་དགོས། ལྕགས་རིགས་ལྕི་པོ་འགོག་པ་དང་ཞིང་ས་གཤིན་པོར་སྦགས་བཙོག་འགོག་བཅོས་བྱེད་ཤུགས་ཆེ་རུ་གཏོང་དགོས། སྨན་བཅོས་ཡོ་བྱད་སྙིགས་རོ་དང་ཉེན་ཁ་ཆེ་བའི་ཟོག་རོ་འོས་འཚམ་ངང་གཙང་སེལ་བྱེད་དགོས། ཁྱབ་འགྱེད་ཁོར་ཡུག་ལ་ལྟ་སྐུལ་དོ་དམ་བྱེད་ནུས་ཆེ་རུ་བཏང་ནས་འོད་འགྱེད་དངོས་རྫས་ཪྙིང་མ་ཉར་ཚགས་འོས་འཚམ་བྱེད་དགོས།
(21)སྣོད་བཅུད་ཁོར་ཡུག་ལ་ལྟ་ཞིབ་ཚད་ལེན་དང་ཁྲིམས་འཛིན་ལྟ་སྐུལ་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། ཁོར་ཡུག་ལ་ལྟ་ཞིབ་ཚད་ལེན་དང་ལྟ་ཞིབ་ཚད་ལྡན་ཡོང་བ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། གཙང་པོ་གཙོ་བོ་དང་། གཙོ་གནད་ས་ཁོངས་ཀྱི་ཆུ་སྤུས། མཁའ་རླུང་སྤུས་ཚད་བཅས་ལ་རང་འགུལ་ལྟ་ཞིབ་ཚད་ལེན་གྱི་མ་ལག་འཛུགས་རྒྱུར་ཤུགས་སྣོན་རྒྱག་པ་དང་། རྩྭ་ཐང་དང་། ནགས་ཚལ། ས་ཆུ་ཤོར་བ། ས་གཤིས་ཀྱི་གནོད་འཚེ། གནམ་གཤིས་ཀྱི་གནོད་འཚེ། ས་ཡོམ་སོགས་གནོད་འཚེར་ལྟ་ཞིབ་ཚད་ལེན་བྱེད་པའི་དྲ་བ་འཛུགས་རྒྱུར་ཤུགས་སྣོན་རྒྱག་པ། གཙོ་གནད་ས་ཁོངས་ཀྱི་ས་གཤིས་ཀྱི་གནོད་འཚེ་བཅོས་སྐྱོང་བྱ་ཤུགས་ཆེ་རུ་གཏོང་བ། ས་གཤིས་ཀྱི་གནོད་འཚེ་ཐོན་སླ་བའི་ས་ཆར་རྟོག་ཞིབ་ཀྱི་གདེང་འཇོག་མ་ལག་དང་། ལྟ་ཞིབ་ཚད་ལེན་གྱི་ཉེན་བརྡའི་མ་ལག འགོག་བཅོས་མ་ལག འཕྲལ་སྡོམ་མ་ལག་གང་མགྱོགས་འཛུགས་པ་བཅས་བྱས་ནས་རང་བྱུང་གནོད་འཚེའི་ཉེན་ཁར་དཔྱད་དཔོག་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་དངོས་པོ་འགན་ལེན་བྱེད་ཚད་མཐོ་རུ་གཏོང་དགོས། ཁོར་ཡུག་གི་འཕྲལ་སྡོམ་མ་ལག་དང་ཁོར་ཡུག་སྲུང་སྐྱོང་གི་ཆ་འཕྲིན་མ་ལག་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་ནས་ཁོར་ཡུག་གི་འཕྲལ་སྡོམ་བརྡ་ལན་གྱི་ནུས་པ་ཆེ་རུ་གཏོང་དགོས། སྣོད་བཅུད་ཁོར་ཡུག་གི་ཐེག་ནུས་དེ་དཔལ་འབྱོར་འཕེལ་རྒྱས་དང་ཐོན་ཁུངས་གསར་སྤེལ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་དང་གཞི་འཛིན་སར་བརྩིས་ནས་འཛུགས་སྐྲུན་གྱི་འཆར་འགོད་དང་འཛུགས་སྐྲུན་གྱི་རྣམ་གྲངས་གསར་སྤེལ་བྱས་ནས་ཁོར་ཡུག་ལ་བཟོས་པའི་ཤུགས་རྐྱེན་ལ་གདེང་འཇོག་ནན་པོ་བྱེད་པ་དང་འཛུགས་སྐྲུན་རྣམ་གྲངས་ཀྱི་སྣོད་བཅུད་ཁོར་ཡུག་གི་འགག་སྒོ་དང་། ཐོན་ལས་སྲིད་ཇུས་ཀྱི་འགག་སྒོ ནུས་རྒྱུ་ཟད་གྲོན་གྱི་འགག་སྒོ་བཅས་ནན་པོ་སྲུང་དགོས། ཆུ་དང་། གཏེར་ཁ། ཡུལ་སྐོར་སྤྲོ་འཆམ་སོགས་གཙོ་གནད་ཐོན་ཁུངས་གསར་སྤེལ་དང་གལ་ཆེའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་སྣོད་བཅུད་ཁོར་ཡུག་ཐད་ཁྲིམས་འཛིན་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་གསར་སྤེལ་འཛུགས་སྐྲུན་ཡག་པོ་མ་བྱུང་བའི་དབང་གིས་སྣོད་བཅུད་ལ་གཏོར་སྐྱོན་དང་ཁོར་ཡུག་བཙོག་སྐྱོན་ཆགས་རྒྱུར་དོགས་ཟོན་བྱེད་དགོས།
དྲུག ཚན་རིག་དང་སློབ་གསོར་བརྟེན་ནས་ལྗོངས་དར་རྒྱས་གཏོང་བ་དང་ཤེས་ལྡན་མི་སྣར་བརྟེན་ནས་ལྗོངས་སྟོབས་ཆེར་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ནས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་བློ་རིག་གི་རྒྱབ་སྐྱོར་བྱེད་དགོས།
དཔལ་འབྱོར་དེ་བས་ལེགས་པ་དང་། དེ་བས་མགྱོགས་པ། དེ་བས་ཆེ་བ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ན་ཚན་རྩལ་ཡར་ཐོན་ལ་དེ་བས་མང་ཙམ་བརྟེན་པ་དང་ཤེས་ལྡན་མི་སྣའི་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་བྱེད་དགོས་ཤིང་། དོན་དངོས་དང་ཟུང་འབྲེལ་བྱས་ནས་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་དུས་རིང་འབྲིང་གི་ཚན་རྩལ་དང་། སློབ་གསོ། ཤེས་ལྡན་མི་སྣ་བཅས་ཀྱི་འཆར་འགོད་རྩ་གནད་དང་དེ་བཞིན་ལག་བསྟར་བསམ་འཆར་གང་མགྱོགས་དོན་འཁྱོལ་བྱས་ནས་ཚན་རྩལ་གསར་གཏོད་བྱེད་ནུས་དང་སྤྱོད་གོ་ཆོད་པའི་ལག་རྩལ་ཁྱབ་གདལ་གཏོང་ནུས་ཆེ་རུ་གཏོང་བ་དང་། སློབ་གསོའི་བྱ་གཞག་སྔོན་ལ་འཕེལ་རྒྱས་གཏོང་བ། ཤེས་ལྡན་མི་སྣའི་ཐོན་ཁུངས་དོ་དམ་གསར་གཏོད་བྱེད་པ་བཅས་ཀྱི་ཐོག་ནས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཀྱི་ཚན་རྩལ་དང་ཤེས་ལྡན་མི་སྣའི་ཐོན་ཁུངས་ཀྱི་རྨང་གཞི་བརྟན་པོ་ཞིག་འདིང་དགོས།
(22)སློབ་གསོའི་བྱ་གཞག་སྔོན་ལ་འཕེལ་རྒྱས་གཏོང་དགོས། ཏང་གི་སློབ་གསོའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ་སློབ་གསོའི་ཐོན་ཁུངས་ལུགས་མཐུན་ངང་བཀོད་སྒྲིག་བྱས་ཁར་གཙོ་གནད་ཐོག་ཞིང་འབྲོག་ཁུལ་དང་། མཐའ་མཚམས་ས་ཁུལ། ས་ཁུལ་དབུལ་པོ་བཅས་ལ་ལྟ་སྐྱོང་བྱེད་དགོས། སློབ་གསོའི་གྲུབ་ཆ་ལེགས་སུ་བཏང་ནས་འདྲ་མཉམ་དང་སྤུས་ཚད་གོང་མཐོར་གཏོང་རྒྱུར་དེ་བས་མཐོང་ཆེན་བྱེད་དགོས། སློབ་གསོའི་སློབ་ཁྲིད་སྒྱུར་བཅོས་གཏིང་ཟབ་བྱས་ནས་སློབ་གསོའི་དོ་དམ་ལམ་སྲོལ་དང་སློབ་གཉེར་གྱི་ལམ་སྲོལ་གསར་གཏོད་བྱེད་པ་དང་། ཀུན་སྤྱོད་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱེད་པ། བྱང་ཚད་སློབ་གསོ་སྤེལ་ཤུགས་ཆེ་རུ་གཏོང་བ། སློབ་མ་རྣམས་བཟང་པོ་ལྔ་ལྡན་གྱི་སློབ་མ་ཞིག་ཏུ་ཁྱོན་ཡོངས་ནས་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས། “གཞི་རྩའི་ཆ་གཉིས ”ཀྱི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས་གྲོང་གསེབ་ཀྱི་སློབ་ན་མ་ལོན་གོང་གི་ལོ་གཉིས་རིང་གི་སྐད་གཉིས་སློབ་གསོར་སྐུལ་འདེད་གཏོང་བ་དང་། རྨང་གཞིའི་སློབ་གསོར་ཤུགས་སྣོན་རྒྱག་པ། མཐོ་རིམ་སློབ་འབྲིང་གི་སློབ་གསོར་དམ་འཛིན་བྱེད་པ། ནང་སའི་བོད་ཀྱི་འཛིན་གྲྭའི་རྨང་གཞིའི་ནུས་པ་ཆེ་རུ་གཏོང་བ། མཐོ་རིམ་སློབ་གསོའི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་བ། ལས་རིགས་སློབ་གསོ་འཕེལ་རྒྱས་ཤུགས་ཆེན་གཏོང་བ། དམིགས་བསལ་སློབ་གསོ་འཕེལ་རྒྱས་ཡག་པོ་གཏོང་བ་བཅས་བྱེད་དགོས། ཞིང་འབྲོག་པའི་བུ་ཕྲུག་ལ་འོས་འགན་སློབ་གསོའི “འགན་ལེན་གསུམ ”གྱི་སྲིད་ཇུས་མུ་མཐུད་ལག་བསྟར་བྱས་ནས་ཁྱོན་ཡོངས་ལ་ཁྱབ་རྒྱུ་དང་འབྲེལ་ཁ་གསབ་ཀྱི་ཚད་གཞི་རིམ་བཞིན་མཐོ་རུ་བཏང་ནས་སློབ་ན་མ་ལོན་གོང་གི་སློབ་གསོ་དང་མཐོ་རིམ་སློབ་འབྲིང་དུ་བསྐྱོད་མཁན་ཞིང་འབྲོག་པའི་བུ་ཕྲུག་ཚང་མ “འགན་ལེན་གསུམ ”གྱི་ཁྱབ་ཁོངས་ནང་འཇུག་པ་དང་སློབ་མའི་སློབ་རོགས་སྲིད་ཇུས་ཀྱི་མ་ལག་ལེགས་སུ་གཏོང་དགོས། དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་དགེ་རྒན་གསོ་སྦྱོང་བྱ་ཤུགས་ཆེ་རུ་གཏོང་དགོས། སློབ་གསོ་ཆ་འཕྲིན་ཅན་དུ་འགྱུར་མགྱོགས་སུ་བཏང་ནས་དེང་རབས་ཅན་གྱི་སློབ་གསོའི་ཆུ་ཚད་མཐོ་རུ་གཏོང་དགོས།
(23)ཚན་རྩལ་གྱི་རྨང་གཞིའི་ལས་སྟེགས་གཏོད་རྒྱུར་ཤུགས་སྣོན་རྒྱག་དགོས། སྲིད་གཞུང་གི་གཙོ་ཁྲིད་ནུས་པ་འདོན་སྤེལ་བྱས་ནས་སྤྱི་པའི་ཚན་རྩལ་ཐོན་ཁུངས་བསྡུ་སྒྲིལ་བྱེད་པ་དང་ལྗོངས་ཕྱི་ནང་གི་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ཁེ་ལས་དང་། ཚན་ཞིབ་ཚན་པ། མཐོ་རིམ་སློབ་གྲྭ་བཅས་གཙོར་བཟུང་གི་ལག་རྩལ་གསར་གཏོད་ཀྱི་མ་ལག་གཅིག་ཆགས་པ་བྱེད་དགོས། ཚན་རྩལ་གྱི་ལམ་སྲོལ་ལ་སྒྱུར་བཅོས་གཏིང་ཟབ་བཏང་ནས་ཚན་རྩལ་གསར་གཏོད་ཀྱི་ལམ་སྲོལ་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་དགོས། གལ་ཆེའི་ཚན་རྩལ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་ཐོན་ཁུངས་མཉམ་སྤྱོད་བྱེད་པའི་ལས་སྟེགས་ཤིག་དང་། ལག་རྩལ་གསར་གཏོད་ཀྱི་ལས་སྟེགས་ཤིག གྲུབ་འབྲས་བརྗེ་སྒྱུར་གྱི་ལས་སྟེགས་ཤིག སྤེལ་རེས་དང་མཉམ་ལས་ཀྱི་ལས་སྟེགས་ཤིག་བཅས་གཏོད་དེ་ཚན་ཞིབ་ཀྱི་ཆུ་ཚད་དང་། གསར་གཏོད་ཀྱི་ནུས་པ། ཞབས་ཞུའི་ཆུ་ཚད་བཅས་མཐོ་རུ་གཏོང་དགོས།
(24)རང་བརྟེན་གསར་གཏོད་དང་བཀོལ་སྤྱོད་ལག་རྩལ་ཁྱབ་གདལ་མགྱོགས་པོ་གཏོང་དགོས། ཚན་རྩལ་ཡར་ཐོན་དེ་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་དང་རིམ་སྤོར་བྱ་རྒྱུ་དང་དམངས་འཚོ་ལེགས་སུ་གཏོང་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་ཚན་རྩལ་གསར་གཏོད་ཀྱི་ནུས་པ་ཆེ་རུ་ཧུར་ཐག་གཏོང་དགོས་པ་དང་། ལག་རྩལ་གསར་པ་དང་སྒྲིག་ཆས་གསར་པ་ནང་འདྲེན་ཤུགས་ཆེན་བྱེད་པ་དང་། སྔོན་ཐོན་གྱི་སྤྱོད་གོ་ཆོད་པའི་ལག་རྩལ་དང་མཐོ་གསར་ལག་རྩལ་སྤྱད་དེ་སྲོལ་རྒྱུན་གྱི་ཐོན་ལས་སྒྱུར་བཀོད་དང་རིམ་སྤོར་བྱེད་ཤུགས་ཆེ་རུ་གཏོང་བ། ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་དང་། སྐྱེ་དངོས་ཐོན་ལས། བོད་ལུགས་གསོ་རིག་དང་བོད་སྨན་ལས་རིགས། ནུས་རྒྱུ་གསར་པ། མདོག་ལྡན་ལྕགས་རིགས་ལས་རིགས་སོགས་ཐད་ཀྱི་ཚན་རྩལ་ཞིབ་འཇུག་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས་པ། ཚན་རྩལ་ཁྱབ་གདལ་གཏོང་བའི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ཚན་རྩལ་ཁྱབ་གདལ་གྱི་རྟེན་གཞི་འཛུགས་སྐྲུན་བྱ་རྒྱུར་སྔར་བས་ཤུགས་སྣོན་བརྒྱབ་སྟེ་སྔོན་ཐོན་གྱི་སྤྱོད་གོ་ཆོད་པའི་ལག་རྩལ་དང་རྒྱུན་གཏན་གྱི་ཚན་རྩལ་ཤེས་བྱ་ཁྱབ་གདལ་ཤུགས་ཆེན་གཏོང་དགོས་པ། ཤེས་བྱའི་བདག་དབང་གི་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་དགོས་པ་བཅས་རེད།
(25)མི་ཤུགས་ཐོན་ཁུངས་གསར་སྤེལ་བྱེད་ཤུགས་ཆེ་རུ་གཏོང་དགོས། ཏང་གིས་ཤེས་ལྡན་མི་སྣར་དོ་དམ་བྱེད་པའི་རྩ་དོན་མཐའ་འཁྱོངས་བྱེད་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་། ཤེས་ལྡན་པ་སྔོན་ལ་འཕེལ་རྒྱས་གཏོང་བ། བེད་སྤྱོད་གཏོང་རྒྱུ་གཙོ་བོར་བྱེད་པ། ལམ་སྲོལ་གསར་གཏོད་བྱེད་པ། གསོ་སྦྱོང་དང་ནང་འདྲེན་གཉིས་གལ་ཆེ་མཉམ་དུ་འཇོག་པ། ཁྱོན་ཡོངས་ནས་གསར་སྤེལ་བྱེད་པ་བཅས་ཀྱི་མཛུབ་ཁྲིད་བྱེད་ཕྱོགས་མཐའ་འཁྱོངས་ཀྱིས་ལྗོངས་ཕྱི་ནང་གི་སློབ་གསོའི་ཐོན་ཁུངས་དང་ཁ་གཏད་བོད་སྐྱོར་གྱི་དགེ་མཚན་ལྡན་པའི་ཆ་རྐྱེན་ལ་བརྟེན་ནས་ཤེས་ལྡན་མི་སྣ་སྣ་ཚོགས་གསོ་སྦྱོང་དང་ནང་འདྲེན་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་པ་དང་། ད་ཡོད་ཀྱི་ཤེས་ལྡན་མི་སྣ་ཏན་ཏིག་ངང་བེད་སྤྱོད་ཡག་པོ་བྱེད་པ། དགོས་མཁོ་ཆེ་བའི་ཤེས་ལྡན་མི་སྣ་ནང་འདྲེན་ཧུར་ཐག་བྱེད་པ། རིམ་ཁག་དང་རིགས་ཁག་གི་སྤྱོད་གོ་ཆོད་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་ཤུགས་ཆེན་བྱེད་པ་བཅས་བྱས་ཏེ་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུ་དང་འཚམ་པའི་ཤེས་ལྡན་མི་སྣའི་དཔུང་ཁག་ཅིག་རིམ་བཞིན་འཛུགས་དགོས་པ་དང་། རང་སྐྱོང་ལྗོངས་དང་ས་ཁུལ་རིམ་པ་གཉིས་ཀྱི་ཤེས་ལྡན་མི་སྣའི་ཁྲོམ་ར་འཛུགས་སྐྲུན་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཤེས་ལྡན་མི་སྣའི་ཐོན་ཁུངས་བཀོད་སྒྲིག་ལེགས་པོ་བྱེད་པ། ཤེས་ལྡན་མི་སྣ་ལུགས་མཐུན་དང་གོ་རིམ་ལྡན་པའི་སྒོ་ནས་རྒྱུན་འཁོར་ཐུབ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་འཚམས་པའི་ཏང་སྲིད་ཀྱི་ཤེས་ལྡན་མི་སྣའི་དཔུང་ཁག་དང་། ཁེ་ལས་གཉེར་སྐྱོང་དོ་དམ་གྱི་ཤེས་ལྡན་མི་སྣའི་དཔུང་ཁག ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣའི་དཔུང་ཁག རྩལ་ནུས་ཆེན་པོ་ལྡན་པའི་ཤེས་ལྡན་མི་སྣའི་དཔུང་ཁག གྲོང་གསེབ་ཀྱི་སྤྱོད་གོ་ཆོད་པའི་ཤེས་ལྡན་མི་སྣའི་དཔུང་ཁག སྤྱི་ཚོགས་ལས་དོན་གྱི་ཤེས་ལྡན་མི་སྣའི་དཔུང་ཁག་བཅས་ཧུར་ཐག་གཏོད་དགོས་པ། ཤེས་ལྡན་མི་སྣར་བརྩི་འཇོག་བྱེད་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་དང་འདྲ་མཉམ་གཞུང་དྲང་འགྲན་རྩོད་ལེགས་འདེམས་ལམ་ལུགས་ཀྱི་ཁོར་ཡུག་གཏོད་དེ་ཕུལ་བྱུང་ཤེས་ལྡན་མི་སྣ་འབུར་དུ་ཐོན་རྒྱུར་སྐུལ་འདེད་གཏོང་དགོས་པ་བཅས་རེད།
བདུན། སྤྱི་ཚོགས་བྱ་གཞག་འཕེལ་རྒྱས་བཏང་སྟེ་དམངས་འཚོ་འགན་ལེན་དང་ལེགས་སུ་ཏན་ཏིག་གཏོང་དགོས།
དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུ་ནི་ལས་དོན་མཐའ་དག་གི་འགོ་འཛུགས་ས་དང་དོན་ལ་བབ་ས་ཞིག་རེད། དེར་བརྟེན་ངེས་པར་དུ་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གྲུབ་ཆ་ལེགས་སྒྲིག་བྱེད་པ། སྤུས་ཚད་མཐོ་རུ་གཏོང་བ། ལས་ཕྱོད་ཆེ་རུ་གཏོང་བ་བཅས་ཀྱི་ཐོག་ནས་སྤྱི་ཚོགས་བྱ་གཞག་འཕེལ་རྒྱས་གཏོང་བའི་ཆུ་ཚད་ཇེ་མཐོར་གཏོང་བ་དང་གཞི་རྩའི་སྤྱི་པའི་ཞབས་ཞུའི་ནུས་པ་དང་ཆ་སྙོམས་ཅན་གྱི་ཆུ་ཚད་མཐོ་རུ་བཏང་ནས་སྤྱི་ཚོགས་གཞུང་དྲང་དང་དྲང་བདེན་ཡོང་རྒྱུར་སྐུལ་འདེད་གཏོང་དགོས།
(26)སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་མགྱོགས་པོ་གཏོང་དགོས། སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་སྒྱུར་བཅོས་ཇུས་གཞི་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ་སྨན་ཡོན་མི་དགོས་པར་སྨན་བཅོས་བྱ་རྒྱུ་རྨང་གཞིར་བྱེད་པའི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་སྔར་བས་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། ས་ཁུལ (གྲོང་ཁྱེར )རིམ་པའི་སྨན་ཁང་དང་། རྫོང་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས། ལྟེ་བའི་ཤང་གྲོང་དང་ཞིང་ར་དང་ནགས་རའི་འཕྲོད་བསྟེན་ཁང་བཅས་འཛུགས་སྐྲུན་བྱ་རྒྱུར་གཙོ་གནད་དུ་ཤུགས་སྣོན་རྒྱག་པ་དང་། བོད་ལུགས་གསོ་རིག་དང་བོད་སྨན་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། གྲོང་ཚོ་རིམ་པའི་འཕྲོད་བསྟེན་ཞབས་ཞུའི་དྲ་བ་དང་གྲོང་ཁྱེར་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཛུགས་སྐྲུན་བྱ་རྒྱུར་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་པ། ནད་གཞི་མཐའ་དག་སྨན་བཅོས་ཐུབ་པའི་སྨན་པ་གཙོ་བོར་བྱེད་པའི་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་དཔུང་ཁག་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་2013ལོར་སླེབས་སྐབས་རྫོང་ཚང་མར་ཚད་ལྡན་ཅན་གྱི་སྨན་ཁང་ཡོད་པ་དང་། ལྟེ་བའི་ཤང་གྲོང་ཚང་མར་ཚད་ལྡན་ཅན་གྱི་འཕྲོད་བསྟེན་ཁང་ཡོད་པ། སྲིད་འཛིན་གྲོང་ཚོ་ཚང་མར་འཕྲོད་བསྟེན་ཁང་ཡོད་པ། སྲང་ལམ་དོན་གཅོད་ཁང་ཚང་མར་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་ཡོད་པ་མ་ཟད། སྨན་དོན་མི་སྣ་ཡང་ཡོད་པ་བྱེད་དགོས། བསམ་པའི་འཕྲོད་བསྟེན་དང་འཕྲོད་བསྟེན་ལྟ་སྐུལ་སྒྲིག་གཞི་འཛུགས་སྐྲུན་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ། སྤྱི་པའི་འཕྲོད་བསྟེན་དང་གཞི་རྩའི་སྨན་བཅོས་ཞབས་ཞུའི་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ནས་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་དང་། ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་འཕྲལ་སྡོམ་ཐག་གཅོད། རྒྱང་ཁྲིད་སྨན་བཅོས་བཅས་ཀྱི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས་པ། བྱི་ནད་དང་། འདུས་འདྲིལ་གཅོང་ནད། མཆིན་ཚད་ཁ་པ། ཏེན་ཚྭ་མི་འདང་བའི་ནད། གྲུམ་བུ་ཚིགས་ཆེན་གྱི་ནད། སྐྱ་འགྲིབ་སོགས་འགོ་ནད་དང་། ཡུལ་ནད། ས་མཐོའི་ནད་བཅས་འགོག་བཅོས་ལས་དོན་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་དགོས་པ། སྨན་རྫས་ཞིབ་བཤེར་དང་། ལྟ་ཞིབ་ཚད་ལེན། ལྟ་སྐུལ་དོ་དམ་བཅས་ཀྱི་རྨང་གཞིའི་སྒྲིག་བཀོད་དང་མཁོ་སྤྲོད་འགན་ལེན་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་རང་སྐྱོང་ལྗོངས་དང་། ས་ཁུལ། རྫོང་བཅས་རིམ་པ་གསུམ་གྱི་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས་པ། “ཞིང་འབྲོག་པའི་བདེ་ཐང་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད ”མུ་མཐུད་ལག་བསྟར་བྱེད་པ་དང་འབྲེལ་ཞབས་ཞུའི་ཁྱབ་ཁོངས་ཆེ་རུ་གཏོང་དགོས་པ། ཏེན་ཚྭ་ཁྱབ་གདལ་དུ་གཏོང་བའི་ལས་དོན་ལ་མུ་མཐུད་ཤུགས་སྣོན་རྒྱག་དགོས་པ། ཞིང་འབྲོག་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་ཁ་གསབ་ལམ་སྲོལ་བཙུགས་ནས་གྲོང་གསེབ་ཀྱི་སྨན་པར་སྤྱི་པའི་འཕྲོད་བསྟེན་གྱི་ཁ་གསབ་སྲིད་ཇུས་དོན་འཁྱོལ་བྱེད་དགོས་པ། མ་བུ་བདེ་སྲུང་གི་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ་ལེགས་བཙའ་ལེགས་གསོ་དར་སྤེལ་གཏོང་བ་དང་སྨན་ཁང་དུ་བསྡད་ནས་ཕྲུ་གུ་སྐྱེ་བའི་ཁ་གསབ་དང་ཕྲུ་གུ་དམར་འབྱར་ལ་སྨན་ཡོན་མི་དགོས་པར་རིམས་ནད་སྨན་ཁབ་རྒྱག་པའི་སྲིད་ཇུས་ཁྱབ་གདལ་ཧུར་ཐག་བཏང་ནས་མིའི་བྱང་ཚད་མཐོ་རུ་གཏོང་དགོས་པ་བཅས་རེད།
(27)གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིར་ཁྱབ་པའི་སྤྱི་ཚོགས་འགན་ལེན་མ་ལག་འཛུགས་དགོས། གྲོང་ཁྱེར་དང་གྲོང་རྡལ་གྱི་གཞི་རྩའི་རྒན་གསོའི་འགན་བཅོལ་དང་། གཞི་རྩའི་སྨན་བཅོས་འགན་བཅོལ། ལས་ཤོར་འགན་བཅོལ། ལས་རྨས་འགན་བཅོལ། བུ་བཙའ་འགན་བཅོལ་བཅས་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་ཁེ་ལས་ཀྱི་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་གྱི་རྒན་གསོའི་དངུལ་གྱི་ཆུ་ཚད་སྔར་བས་མཐོ་རུ་གཏོང་དགོས་པ་དང་། གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་ལམ་ལུགས་གསར་པ་གང་མགྱོགས་འཐུས་སྒོ་ཚང་དུ་གཏོང་བ་དང་ཞིང་པ་ལས་མིའི་རྒན་གསོའི་འགན་བཅོལ་དང་། ས་ཞིང་གཞུང་བསྡུ་བྱས་པའི་ཞིང་འབྲོག་པའི་རྒན་གསོའི་འགན་བཅོལ། སྐྱས་སྤོས་འབྲོག་པའི་རྒན་གསོའི་འགན་བཅོལ་བཅས་ཀྱི་ལམ་ལུགས་གང་མགྱོགས་བཙུགས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཏུ་ཁྱབ་པའི་སྤྱི་ཚོགས་འགན་ལེན་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་མ་མཐའི་འཚོ་བ་འགན་ལེན་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། ནོར་སྲིད་ཀྱིས་འགན་ལེན་བྱ་རྒྱུ་གཙོ་བོར་བྱེད་པའི “འགན་ལེན་ལྔའི ”བསྙེན་བཀུར་སྲིད་ཇུས་དོན་འཁྱོལ་བྱེད་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་དམིགས་བསལ་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་སྨན་བཅོས་རོགས་སྐྱོབ་ལམ་ལུགས་དང་ལས་བྱེད་ལས་བཟོ་དང་། གྲོང་མིའི་ནད་གཞི་ལྕི་རིགས། ནད་ཆེན་སྨན་བཅོས་བཅས་ཀྱི་ཁ་གསབ་ལམ་ལུགས་འཛུགས་པ་བཅས་བྱེད་དགོས་པ། སྤྱི་ཚོགས་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་རྒན་རྒོན་བསྙེན་བཀུར་ཞབས་ཞུ་བྱ་རྒྱུ་དང་། དབང་པོ་སྐྱོན་ཅན་ལ་རོགས་རམ་བྱ་རྒྱུ། དྭ་ཕྲུག་ལ་རོགས་སྐྱོར་བྱ་རྒྱུ། དབུལ་པོར་རོགས་སྐྱོར་བྱ་རྒྱུ། གནོད་འཚེ་སེལ་རྒྱུ་བཅས་གཙོ་གནད་དུ་བྱེད་པའི་སྤྱི་ཚོགས་ཕན་བདེ་དང་དགེ་སྒྲུབ་ཀྱི་སྤྱི་ཕན་བྱ་གཞག་འཕེལ་རྒྱས་གཏོང་དགོས་པ། འགན་ལེན་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་སྡོད་ཁང་འགན་ལེན་གྱི་མ་ལག་སྔར་བས་འཐུས་སྒོ་ཚང་དུ་གཏོང་དགོས་པ་བཅས་རེད།
(28)ལས་ཞུགས་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་མཐུན་སྦྱོར་གྱི་ངལ་རྩོལ་གྱི་འབྲེལ་བ་འཛུགས་དགོས། ལས་ཞུགས་སྲིད་ཇུས་སྔར་ལས་ལྷག་པའི་སྒོ་ནས་ལག་བསྟར་བྱས་ཏེ་ལས་ཞུགས་ལས་གནས་རྒྱ་ཁྱབ་ངང་གསར་སྤེལ་བྱེད་པ་དང་། རང་བརྟེན་གསར་གཏོད་བྱ་རྒྱུར་སྐུལ་མ་གཏོང་བ། ལས་ཞུགས་གང་ལེགས་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པ་དང་། གཅིག་གྱུར་དང་ཚད་ལྡན་གྱི་མི་ཤུགས་ཐོན་ཁུངས་ཁྲོམ་ར་འཐུས་སྒོ་ཚང་དུ་བཏང་ནས་སྟབས་བསྟུན་རང་བཞིན་མཐའ་འཁྱོངས་དང་ཚད་ལྡན་རང་བཞིན་མཐོ་རུ་བཏང་སྟེ་ངལ་རྩོལ་པར་སྤུས་ལེགས་ཕན་ཆེའི་ལས་ཞུགས་ཞབས་ཞུ་བྱེད་དགོས་པ། མཐོ་སློབ་སློབ་ཐོན་སློབ་མ་དང་། ཞིང་པ་ལས་མི། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་ལ་དཀའ་ངལ་ཡོད་པའི་མི་སྣ་བཅས་ཀྱི་ལས་ཞུགས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་དེ་གཙོ་གནད་དུ་བྱས་ཏེ་ལས་རིགས་གསོ་སྦྱོང་དང་ལས་འདེམས་འདུ་ཤེས་སློབ་གསོ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས་ངལ་རྩོལ་པའི་ལས་ཞུགས་ནུས་པ་ཆེ་རུ་གཏོང་དགོས་པ། ཞབས་ཞུ་དང་། གསོ་སྦྱོང་། དབང་སྲུང་བཅས་གཞི་གཅིག་ཅན་གྱི་གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་གནས་སྒྱུར་ལས་ཞུགས་ཀྱི་ལས་ཀའི་ལམ་སྲོལ་གང་མགྱོགས་བཙུགས་ནས་གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་འཆར་འགོད་ཀྱི་ལས་ཞུགས་ཚོད་ལྟ་བྱེད་རྒྱ་ཆེ་རུ་གཏོང་དགོས་པ། སྤྱི་ཕན་རང་བཞིན་གྱི་ལས་གནས་གསར་སྤེལ་ཤུགས་ཆེན་བྱས་ཏེ “ལས་ཞུགས་མེད་པའི ”ཁྱིམ་ཚང་དང་། དབང་པོ་སྐྱོན་ཅན། མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ། ཁེ་ལས་ཀྱི་ལས་བྲལ་ལས་བཟོ་བཅས་ལས་ཞུགས་ཐུབ་རྒྱུར་གཙོ་གནད་དུ་རོགས་སྐྱོར་བྱེད་དགོས་པ། ངལ་རྩོལ་ཁྲིམས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ངལ་རྩོལ་གྱི་རྩོད་གཞི་ཐག་གཅོད་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ངལ་རྩོལ་གྱི་ཆ་རྐྱེན་ལེགས་སུ་གཏོང་བ་བཅས་བྱས་ནས་ངལ་རྩོལ་པའི་ཁེ་དབང་འགན་ལེན་བྱེད་དགོས་པ། བཟོ་ཚོགས་དང་ལས་རིགས་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་གྱིས་ཁེ་ལས་དང་ལས་བཟོའི་ཁེ་དབང་མཉམ་སྤྱོད་ཀྱི་ལམ་སྲོལ་ཞིག་ཆགས་གང་ཐུབ་བྱེད་པ་དང་མཐུན་སྦྱོར་ལྡན་པའི་ངལ་རྩོལ་གྱི་འབྲེལ་བ་ཞིག་འཛུགས་དགོས་པ་བཅས་རེད།
(29) ཡོང་འབབ་བགོ་བཤའི་འབྲེལ་བ་ལུགས་མཐུན་ངང་ལེགས་སྒྲིག་བྱེད་དགོས། ཡོང་འབབ་བགོ་བཤའ་རྒྱག་སྟངས་ལེགས་སྒྲིག་དང་བཟང་སྒྲིག་བྱེད་པ་དང་ངལ་རྩོལ་གྱི་ཡོང་འབབ་བྱུང་ཚུལ་དང་འཕར་བའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་རྒྱལ་དམངས་དཔལ་འབྱོར་ཡོང་འབབ་ནང་གི་གྲོང་མིའི་ཡོང་འབབ་ཀྱིས་བཟུང་བའི་བསྡུར་གྲངས་མཐོ་རུ་དང་ཐོག་མའི་བགོ་བཤའི་ནང་གི་ངལ་རྩོལ་ཡོང་འབབ་ཀྱིས་བཟུང་བའི་བསྡུར་གྲངས་མཐོ་རུ་གཏོང་དགོས་པ་དང་། ལས་ཞུགས་རྒྱ་ཆེར་བཏང་ནས་ངལ་རྩོལ་གྱི་ཡོང་འབབ་མང་དུ་གཏོང་བའི་འཕེལ་རྒྱས་ཀྱི་ཁོར་ཡུག་དང་ལམ་ལུགས་ཀྱི་ཆ་རྐྱེན་འཛོམས་སུ་བཏང་སྟེ་གོ་སྐབས་དྲང་སྙོམས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། མ་མཐའི་གླ་ཕོགས་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་མ་མཐའི་གླ་ཕོགས་ཀྱི་ཚད་གཞི་རིམ་བཞིན་མཐོ་རུ་གཏོང་དགོས། ཀྲུང་དབྱང་གིས་གཏན་ལ་ཕབ་པའི་བོད་ཀྱི་དམིགས་བསལ་གླ་ཕོགས་དང་དམིགས་བསལ་ཁ་གསབ་སྲིད་ཇུས་ནན་ཏན་ངང་དོན་འཁྱོལ་ཡག་པོ་བྱས་ཏེ་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོའི་གླ་ཕོགས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས་པ་བཅས་རེད།
བརྒྱད། སྤྱི་ཚོགས་མཐུན་སྦྱོར་བརྟན་ལྷིང་ལ་སྲུང་སྐྱོང་བྱས་ཏེ་རྒྱལ་ཁབ་བདེ་འཇགས་དང་བོད་ཡུན་རིང་བདེ་འཁོད་ཡོང་བའི་འགན་ལེན་བྱེད་དགོས།
སྤྱི་ཚོགས་མཐུན་སྦྱོར་བརྟན་ལྷིང་མཐའ་འཁྱོངས་བྱ་རྒྱུ་ནི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཡར་ཐོན་ཡོང་བའི་སྔོན་འགྲོ་ཞིག་རེད་ལ་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་བསམ་འདུན་ཞིག་ཀྱང་རེད། ངེས་པར་དུ་བརྟན་ལྷིང་ནི་ཐམས་ཅད་ལས་ལྷག་པའི་བསམ་བློ་བརྟན་པོ་འཛུགས་པ་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རང་འགུལ་དབང་ཆ་སྟངས་འཛིན་ནན་པོ་བྱས་ནས་ཡུན་རིང་བདེ་འཁོད་ཡོང་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས།
(30) ཁ་ཕྲལ་ལ་ངོ་རྒོལ་བྱེད་པ་དང་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པའི་ལས་ཀའི་ལམ་སྲོལ་མུ་མཐུད་མཐའ་འཁྱོངས་དང་འཐུས་ཚང་དུ་གཏོང་དགོས། སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པའི་ལས་ཀའི་ལམ་སྲོལ་སྔར་བས་འཐུས་ཚང་དུ་གཏོང་དགོས། ཐོལ་བྱུང་དོན་རྐྱེན་ཐག་གཅོད་བྱེད་པའི་སྔོན་ཇུས་འཐུས་ཚང་དུ་གཏོང་བ་དང་ཞིབ་ཚགས་ཡོང་བ་བྱེད་དགོས། ཉེན་ཟོན་ཉེན་བརྡ་གཏོང་ནུས་ཁྱོན་ཡོངས་ནས་ཆེ་རུ་བཏང་སྟེ “བོད་རང་བཙན ”གྱི་ཁ་ཕྲལ་ཕྱོགས་གཏོགས་ཀྱིས་སིམ་འཛུལ་བྱེད་པ་དང་གཏོར་བཤིག་གཏོང་བའི་བྱེད་སྤྱོད་ལ་དོགས་ཟོན་ནན་པོ་བྱེད་པ་དང་རྡུང་རྡེག་ནན་པོ་གཏོང་དགོས། ཁྲིམས་འགལ་ངང་ས་ཁོངས་ནང་ཡོང་བའི་བྱེད་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་གཏོང་དགོས།
(31) ཏཱ་ལའི་རུ་ཚོགས་ལ་ཐེར་འདོན་དགག་རྒྱག་གཏིང་ཟབ་བྱེད་དགོས། ཏཱ་ལའི་རུ་ཚོགས་ཀྱི་ཆབ་སྲིད་ཐད་ཀྱི་ལོག་སྤྱོད་རང་བཞིན་དང་ཆོས་ལུགས་ཐད་ཀྱི་གཡོ་རྫུས་རང་བཞིན་དང་དེ་བཞིན་བྱ་ཐབས་ཐད་ཀྱི་མགོ་སྐོར་རང་བཞིན་བཅས་ལ་ཐེར་འདོན་དགག་རྒྱག་གཏིང་ཟབ་བྱས་ནས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་ཏཱ་ལའི་རུ་ཚོགས་ཀྱིས་མེས་རྒྱལ་ཁ་ཕྲལ་དུ་གཏོང་བ་དང “བོད་རང་བཙན ”གྱི་ལྐོག་ཇུས་འདིང་བའི་ལོག་སྤྱོད་ངོ་བོ་གསལ་པོ་ཤེས་སུ་འཇུག་པ་དང་རྒྱལ་སྤྱིའི་དགྲ་ཡའི་ཕྱོགས་གཏོགས་ཀྱིས་ཏཱ་ལའི་རུ་ཚོགས་སྤྱད་དེ་རང་རྒྱལ་ལ་བཀག་སྐྱིལ་དང་བཀག་སྡོམ་བྱེད་པའི་མ་རུངས་ཁོག་བཅུག་གསལ་པོ་ཤེས་པ་བྱས་ཏེ་ཏཱ་ལའི་རུ་ཚོགས་དང་འཐབ་རྩོད་བྱེད་པའི་སྲ་བརྟན་རང་བཞིན་དང་། རང་རྟོགས་རང་བཞིན། རང་འགུལ་རང་བཞིན་བཅས་སྔར་བས་ཆེ་རུ་གཏོང་དགོས།
(32) མི་རིགས་ཁག་གི་མཐུན་སྒྲིལ་ཆེ་མོ་སྲ་བརྟན་དང་གོང་འཕེལ་གཏོང་དགོས། ཏང་གི་མི་རིགས་སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱས་ནས་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་རྒྱུ་དེ་ཆབ་སྲིད་ལས་འགན་གལ་ཆེན་དུ་བརྩིས་ནས་ཐོག་མཐའ་བར་གསུམ་དུ་དམ་འཛིན་ཡག་པོ་བྱེད་དགོས་པ་དང་། མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བའི་ལས་དོན་གྱི་བརྗོད་བྱ་གཙོ་བོ་སྟངས་འཛིན་ནན་པོ་བྱེད་དགོས། མི་རིགས་ཁག་འཆམ་མཐུན་མཉམ་གནས་དང་། ཕྱར་བ་གྲུ་འདེགས། མཐུན་སྦྱོར་གོང་འཕེལ་བཅས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གསར་གཏོད་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་ནས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས “ཁ་འབྲལ་ཐབས་མེད་པ་གསུམ ”གྱི་བསམ་བློ་བརྟན་པོ་འཛུགས་སུ་བཅུག་ནས་དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིགའབྲེལ་བཅས་ཐོག་མཐའ་བར་གསུམ་དུ་བྱེད་ཐུབ་པ་བྱས་ཏེ་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། མཐུན་སྦྱོར་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་རྒྱུན་ཆད་མེད་པར་སྲ་བརྟན་དང་གོང་འཕེལ་གཏོང་དགོས། སྔོན་ཐོན་དཔེ་མཚོན་ལ་གཟེངས་བསྟོད་བྱས་ནས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་ཀྲུང་ཧྭ་མི་རིགས་ཀྱི་གཏོགས་སེམས་དང་ཀྲུང་ཧྭ་རིག་གནས་ཀྱི་མོས་སེམས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་ཀྲུང་ཧྭ་མི་རིགས་ཀྱི་གོང་བུ་འགྲིལ་ཤུགས་ཆེ་རུ་གཏོང་དགོས། མོན་པ་དང་ལྷོ་པ་རིགས་སོགས་མི་འབོར་ཉུང་ཙམ་གྱི་མི་རིགས་འཕེལ་རྒྱས་གཏོང་རྒྱུར་རོགས་སྐྱོར་བྱ་ཤུགས་ཆེ་རུ་གཏོང་དགོས། (33) སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་ནུས་ཆེ་རུ་གཏོང་དགོས།
(34) བོད་བརྒྱུད་ནང་བསྟན་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ཕན་ཚུན་འཚམ་པ་བྱ་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་དགོས། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་རྒྱུན་གཏན་སྒྲིག་ལམ་ལ་སྲུང་སྐྱོང་ནུས་ལྡན་བྱེད་དགོས། དགོན་པའི་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་ནས་བདེ་འཇགས་མཐུན་སྦྱོར་གྱི་དགོན་པ་གཏོད་པའི་བྱེད་སྒོ་ཧུར་ཐག་སྤེལ་ནས་དགོན་པའི་དོ་དམ་གྱི་ཕུགས་ཕན་ལམ་སྲོལ་འཛུགས་དགོས། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་ཆོས་སྦྱོང་མ་ལག་དང་ནང་བསྟན་རིག་པའི་ཡོན་ཚད་ཀྱི་ཐོབ་ཐང་ལམ་ལུགས་འཐུས་ཚང་དུ་བཏང་ནས་བོད་བརྒྱུད་ནང་བསྟན་ཆོས་ལུགས་ལས་རིགས་ཀྱི་འཐུས་མིར་སློབ་གསོ་དང་གསོ་སྦྱོང་བྱེད་པའི་འདུ་འགོད་ཤུགས་ཆེན་སྤེལ་ནས་ཆབ་སྲིད་ཐད་བློས་འགེལ་ཆོག་པ་དང་། ཆོས་ལུགས་ཐད་མཁྱེན་རྒྱ་ཟབ་པ། ཀུན་སྤྱོད་ཐད་དམངས་སེམས་འགུགས་ཐུབ་པ་བཅས་ཀྱི་ཆོས་ལུགས་ལས་རིགས་ཀྱི་འཐུས་མིའི་དཔུང་ཁག་ཅིག་ཧུར་ཐག་བསྐྲུན་དགོས།
(35) སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་བྱ་ཐབས་དོན་འཁྱོལ་བྱས་ནས་བདེ་འཇགས་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས། ཕྱོགས་མིའི་ཞབས་ཞུ་དང་དེར་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡེ་ཁུལ་དོ་དམ་ལ་ཤུགས་སྣོན་རྒྱག་དགོས། ཡིག་འབུལ་ངོ་བཅར་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་འགལ་བ་དང་རྩོད་གཞི་གྲལ་བཤེར་ཐག་གཅོད་ལས་དོན་གྱི་ལམ་ལུགས་འཐུས་ཚང་དུ་བཏང་ནས་སྤྱི་ཚོགས་ཀྱི་འགལ་བ་ཧུར་ཐག་སེལ་བ་དང་མི་དམངས་ནང་ཁུལ་གྱི་འགལ་བ་ཐག་གཅོད་འོས་འཚམས་བྱེད་དགོས། དྲག་རྡུང་གི་ཕུགས་ཕན་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་ནག་ཚོགས་སྟོབས་ཤུགས་མེད་པ་མཐའ་གཅིག་ཏུ་བཟོ་བ་དང་རུས་རྒྱུད་སྟོབས་ཤུགས་ཪྙིང་སྲོལ་སླར་གསོའི་སྟོབས་ཤུགས་གཏན་འགོག་བྱེད་དགོས། བདེ་འཇགས་ཐོན་སྐྱེད་དང་བདེ་འཇགས་དོ་དམ་ལ་ཤུགས་སྣོན་རྒྱག་དགོས།
(36) བོད་སྡོད་དཔུང་སྡེའི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་དགོས། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས་དྲག་ཆས་ཉེན་རྟོག་དཔུང་སྡེ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། རྒྱལ་སྲུང་སློབ་གསོར་ཤུགས་སྣོན་རྒྱག་པ་དང་དམངས་ཡོངས་ཀྱི་རྒྱལ་སྲུང་འདུ་ཤེས་ཆེ་རུ་གཏོང་དགོས། ཡུལ་དམག་དང་གྲ་སྒྲིག་དམག་ཞབས་འཛུགས་སྐྲུན་ལས་དོན་ཡག་པོ་བསྒྲུབ་དགོས། གཉིས་བཀུར་མཉམ་གཏོད་བྱེད་སྒོ་གཏིང་ཟབ་སྤེལ་ནས་དམག་སྲིད་དང་དམངས་དམག་དབར་གྱི་མཐུན་སྒྲིལ་རྒྱུན་ཆད་མེད་པར་སྲ་བརྟན་དང་གོང་འཕེལ་གཏོང་དགོས།
དགུ རིག་གནས་འཕེལ་རྒྱས་ཆེ་མོ་དང་དར་རྒྱས་ཆེ་མོ་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ་མི་རིགས་ཁག་གི་མི་དམངས་ཀྱི་བསམ་བློའི་ཀུན་སྤྱོད་བྱང་ཚད་མཐོ་རུ་གཏོང་དགོས།
སྔོན་ཐོན་རིག་གནས་ནི་རྒྱལ་ཁབ་དང་ས་ཁུལ་ཞིག་གི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཡར་ཐོན་ཡོང་བའི་བསམ་པའི་སྟོབས་ཤུགས་རེད། བོད་ནི་ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་སྲུང་སྐྱོབ་ཁུལ་གཙོ་བོ་ཞིག་རེད། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་མདུན་སྐྱོད་བྱེད་ཕྱོགས་ངེས་པར་དུ་རྒྱུན་འཁྱོངས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་སྤྱད་དེ་དྲིལ་བསྒྲགས་དང་རིག་གནས་ཀྱི་འཐབ་ས་བཟུང་རྒྱུ་མཐའ་འཁྱོངས། སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་གི་ཁྱད་ཆོས་དང་ཆོས་ཉིད་ལ་བརྩི་སྲུང་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་གི་རིན་ཐང་མ་ལག་འཛུགས་རྒྱུ་གཙོ་བོ་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་བསམ་བློ་དང་རིག་གནས་ཀྱི་དགོས་མཁོ་བསྐང་རྒྱུ་དེ་འགོ་འཛུགས་ས་དང་དོན་ལ་བབས་སར་བྱེད་པ། འདུ་ཤེས་འཛིན་སྟངས་མི་འཆོར་བར་སྲུང་སྐྱོང་བྱ་རྒྱུ་དེ་འགན་འཁྲི་གལ་ཆེན་ཐོག་འཇོག་པ། ཕུལ་བྱུང་གི་མི་རིགས་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་གོང་འཕེལ་བཏང་སྟེ་སྤྱི་ཚོགས་ཡོངས་ལ་ཁྱབ་པའི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་ཐོག་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཁྲོད་ཀྱི་རིག་ གནས་ཀྱི་སྒུལ་ཤུགས་ཆེ་རུ་ཏན་ཏིག་བཏང་ནས་མི་རིགས་ཁག་གི་མི་དམངས་ཀྱི་གཞི་རྩའི་རིག་གནས་དབང་ཆ་འགན་ལེན་ཏན་ཏིག་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་ཆེ་མོ་དང་དར་རྒྱས་ཆེ་མོ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།
(37) མི་རིགས་ཁག་གི་མང་ཚོགས་ཀྱི་བསམ་བློ་ཀུན་སྤྱོད་ཀྱི་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་གི་རིན་ཐང་མ་ལག་བསྐྲུན་ཏེ་རྒྱལ་གཅེས་རིང་ལུགས་སྲོག་ཤིང་དུ་བྱེད་པའི་ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་དང་། སྒྱུར་བཅོས་དང་གསར་གཏོད་སྲོག་ཤིང་དུ་བྱེད་པའི་དུས་རབས་ཀྱི་སྙིང་སྟོབས། དཀའ་སྤྱད་འབད་འཐབ་སྲོག་ཤིང་དུ་བྱེད་པའི “བོད་སྐྱོད་པ་རྒན་གྲས ”ཀྱི་སྙིང་སྟོབས་བཅས་དར་སྤེལ་ཤུགས་ཆེན་གཏོང་དགོས། གལ་ཆེའི་ཆེད་དོན་གྱི་དྲན་རྟེན་བྱེད་སྒོའི་དྲིལ་བསྒྲགས་སློབ་གསོའི་ཕུགས་ཕན་ལམ་སྲོལ་བཙུགས་ཏེ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་སྡེ་ཁུལ་དང་། གྲོང་གསེབ། སློབ་གྲྭ དགོན་སྡེ་བཅས་སུ་སྤེལ་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་ཐོག་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་དེ་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭའི་སློབ་མའི་བསམ་བློ་དང་ཆབ་སྲིད་སློབ་གསོའི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ཏེ་སྤྱི་དམངས་ཀྱི་ཀུན་སྤྱོད་སློབ་གསོ་དང་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་བྱེད་པའི་བརྒྱུད་རིམ་ཡོངས་ཀྱི་ནང་དུ་འཇོག་དགོས། མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་གཏོད་པའི་བྱེད་སྒོ་རྒྱུན་ཆད་མེད་པར་རྒྱ་ཆེ་རུ་བཏང་སྟེ་སྤྱི་དམངས་ཀྱི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་བྱ་ཤུགས་ཆེ་རུ་གཏོང་བ་དང་། སྤྱི་ཚོགས་ཀུན་སྤྱོད་དང་། ལས་རིགས་ཀུན་སྤྱོད། ཁྱིམ་ཚང་གི་སྤྱོད་བཟང་། མི་སྒེར་གྱི་གཤིས་བཟང་བཅས་འཛུགས་སྐྱོང་བྱ་རྒྱུར་སྐུལ་མ་གཏིང་ཟབ་གཏོང་དགོས། སྤྱི་ཚོགས་ཀྱི་རིག་གནས་ཁོར་ཡུག་དྭངས་གཙང་དུ་བཏང་ཐོག་ཡང་དག་དང་ཤེས་དཔལ་ལྡན་པའི་འཚོ་བ་སྐྱེལ་སྟངས་ཤིག་དར་སྤེལ་བཏང་ནས་གཞོན་ནུ་ལོ་ཆུང་གི་ལུས་ཁམས་བདེ་ཐང་ལ་སྲུང་སྐྱོབ་བྱེད་དགོས། སློབ་གསོ་དང་། བཅའ་ཁྲིམས། སྲིད་འཛིན། གླེང་ཕྱོགས་ཐབས་ལམ་བཅས་ཕྱོགས་བསྡུས་ཐོག་སྤྱད་དེ་མི་ཚོས་གཟི་ཁྲེལ་ཤེས་པ་དང་། དྲང་བདེན་ལ་སྣང་ཆེན། འོས་འགན་བསྒྲུབ་རྒྱུར་ཁྲིད་སྟོན་བྱས་ཏེ་དགེ་སྤེལ་སྐྱོན་སྤོང་དང་ངན་ཆད་ལེགས་སྤེལ་གྱི་སྤྱི་ཚོགས་དར་སྲོལ་ཞིག་ཆགས་པ་བྱེད་དགོས།
(38) ཤེས་དཔལ་ཡར་ཐོན་གྱིས་རིག་གནས་འཕེལ་རྒྱས་ཀྱི་གསོན་ཤུགས་སྣེ་ཁྲིད་བྱེད་དགོས། སྤྱི་ཚོགས་ཀྱི་ཕན་འབྲས་ཐོག་མཐའ་བར་གསུམ་དུ་གནས་བབ་ཨང་དང་པོར་བཞག་སྟེ་རིག་གནས་དམངས་ཕན་འདུ་འགོད་ལག་བསྟར་ཤུགས་ཆེན་བྱེད་དགོས། སྤྱི་ཕན་རང་བཞིན་གྱི་རིག་གནས་བྱ་གཞག་འཕེལ་རྒྱས་གཏོང་རྒྱུ་དེ་མི་དམངས་ཀྱི་གཞི་རྩའི་རིག་གནས་ཁེ་དབང་འགན་ལེན་བྱེད་པའི་ཐབས་ལམ་གཙོ་བོ་ཞིག་ཏུ་བརྩིས་ཏེ་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བའི་གཞི་རིམ་གྱི་རིག་གནས་འཛུགས་སྐྱོང་རྣམ་གྲངས་སྔོན་ལ་བཀོད་སྒྲིག་བྱེད་དགོས་པ་དང་གཞི་རིམ་གྱི་རིག་གནས་སྒྲིག་བཀོད་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་ནས་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་གཞི་རྩའི་ཆ་ནས་ཆགས་པ་བྱེད་དགོས། མང་ཚོགས་ཀྱི་རིག་གནས་དགོས་མཁོའི་འགྱུར་བ་གསར་པ་དང་དགོས་མཁོ་གསར་པ་དང་འཚམ་པ་བྱས་ནས་རྟ་དབྱངས་གཙོ་བོ་དར་སྤེལ་དང་། སྣ་མང་ཅན་དར་སྤེལ་བཏང་བ་བརྒྱུད་བསམ་པའི་རིག་གནས་ཐོན་རྫས་དང་སྤྱི་ཚོགས་ཀྱི་རིག་གནས་འཚོ་བ་དེ་བས་ཕུན་སུམ་ཚོགས་པ་ཞིག་ཡོང་བ་བྱེད་དགོས། རིག་གནས་སྒྲིག་གཞིའི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་རིག་གནས་ཀྱི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་བཏང་ཐོག་རིག་གནས་ཁྱབ་སྤེལ་གཏོང་སྟངས་གསར་གཏོད་བྱས་ཏེ་རིག་གནས་འཕེལ་རྒྱས་ཀྱི་གསོན་ཤུགས་འཕེལ་བ་བྱེད་དགོས། མཚན་ཉིད་རིག་པའི་སྤྱི་ཚོགས་ཚན་རིག་དར་རྒྱས་གོང་འཕེལ་བཏང་སྟེ་བོད་རིག་པར་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་དགོས། རིག་གནས་ཤུལ་བཞག་སྲུང་སྐྱོང་གི་བྱ་གཞག་ལ་རྒྱབ་སྐྱོར་བྱས་ནས་མི་རིགས་རིག་གནས་ཀྱི་ཐོན་ཁུངས་སྲུང་སྐྱོབ་བྱེད་དགོས། མང་ཚོགས་རང་བཞིན་གྱི་ལུས་རྩལ་བྱེད་སྒོ་གོང་དུ་སྤེལ་ནས་མི་དམངས་ཀྱི་གཟུགས་གཞི་ཐང་དུ་འགྲོ་བ་བྱེད་དགོས།
(39) རིག་གནས་ཐོན་ལས་དར་རྒྱས་གོང་འཕེལ་གཏོང་དགོས། རིག་གནས་ཐོན་ལས་འཕེལ་རྒྱས་ཀྱི་སྲིད་ཇུས་དང་བྱ་ཐབས་བཟོ་བ་དང་དོན་འཁྱོལ་བྱེད་དགོས། རང་བྱུང་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཐོན་ཁུངས་སྔོག་འདོན་བྱས་ནས་རིག་གནས་ཡུལ་སྐོར་སྤྲོ་འཆམ་དང་། རིག་གནས་གསར་གཏོད། གློག་བཪྙན་དང་བཪྙན་འཕྲིན་སྒྲིག་བཟོ། འཁྲབ་རྩལ་རོལ་རྩེད། པར་སྐྲུན་འགྲེམས་སྤེལ། མི་རིགས་ལག་ཤེས་བཟོ་རྩལ། ས་མཐོའི་མཐར་སོན་ལུས་རྩལ་སོགས་བོད་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་རིག་གནས་ཐོན་ཁུངས་ཀྱི་ལེགས་ཆ་དེ་རིག་གནས་ཐོན་ལས་ཀྱི་ལེགས་ཆར་མགྱོགས་མྱུར་འགྱུར་རྒྱུར་སྐུལ་མ་གཏོང་དགོས་པ་དང་རིག་གནས་ཐོན་ཁུངས་ཀྱི་ཁུལ་ཆེན་དེ་རིག་གནས་སྟོབས་ཆེའི་ཁུལ་གྱི་འཐབ་ཇུས་སུ་འགྱུར་རྒྱུར་སྐུལ་མ་གཏོང་དགོས། ཆ་རྐྱེན་འཛོམས་པའི་གཉེར་སྐྱོང་རྣམ་པའི་རིག་གནས་ཚན་པ་དེ་ཁེ་ལས་སུ་བསྒྱུར་ནས་སྒྲིག་གཞི་སྒྱུར་བཅོས་དང་རིག་གནས་ཐོན་ལས་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་འོས་འཚམ་གཏོང་དགོས། རིག་གནས་ཁྲོམ་རའི་ཕྱོགས་བསྡུས་ཁྲིམས་འཛིན་སྒྱུར་བཅོས་ལ་སྐུལ་མ་བཏང་ནས་གཅིག་གྱུར་དང་། བབ་བསྟུན། ནུས་ཆེ་བཅས་ཀྱི་རིག་གནས་ཁྲོམ་རའི་ལྟ་སྐུལ་དོ་དམ་གྱི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས། ཕྱི་ཕྱོགས་སུ་དྲིལ་བསྒྲགས་བྱེད་པ་དང་རིག་གནས་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས་བོད་ཀྱི་རིག་གནས་སྤུས་རྟགས་བཏོད་པ་དང་རིག་གནས “ཕྱིར་བསྐྱོད་པའི ”རྣམ་པ་བཏོད་དེ་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་སྔར་བས་དྲིལ་བསྒྲགས་བྱེད་དགོས།
བཅུ། ཏང་གི་འགོ་ཁྲིད་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་མངོན་འགྱུར་ཡོང་ཆེད་འབད་བརྩོན་བྱེད་དགོས། .
“ལོ་ལྔ་ཚན་བཅུ་གཉིས་པའི ”རིང་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་བདེ་བླག་ངང་ལག་བསྟར་བྱེད་པའི་འགག་རྩ་ནི་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུར་རག་ལུས་ཡོད། ཏང་གི་སྲིད་སྐྱོང་ནུས་པ་འཛུགས་སྐྱོང་དང་སྔོན་ཐོན་རང་བཞིན་འཛུགས་སྐྱོང་ལ་ངེས་པར་དུ་ཤུགས་སྣོན་བརྒྱབ་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཏང་གི་འགོ་ཁྲིད་པའི་ནུས་པ་ཆེ་རུ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས།
(40)ཏང་གི་འགོ་ཁྲིད་ཀྱི་སྲོག་ཤིང་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། རིམ་ཁག་ཏང་ཨུད་ཀྱིས་འཕེལ་ཕྱོགས་སྟངས་འཛིན་ཡང་དག་བྱེད་པ་དང་། ཚན་རིག་ལ་བརྟེན་ནས་འཕེལ་རྒྱས་གཏོང་བའི་འཆར་གཞི་འགོད་པ། ལས་ཀ་བྱེད་སྟངས་གསར་གཏོད་ཧུར་ཐག་བྱེད་པ། རང་རྟོགས་ངང་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་དཔལ་འབྱོར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་སྤྱི་ཚོགས་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། སློབ་སྦྱོང་རྣམ་པའི་ཏང་རྩ་འཛུགས་འཛུགས་སྐྱོང་ལ་སྐུལ་མ་གཏོང་བ་དང་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཚན་རིག་དང་མཐུན་པའི་གོང་འཕེལ་ལ་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པ། མང་ཚོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པ་བཅས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་འགོ་ཁྲིད་ཚན་ཁག་གི་ནུས་པ་མཐོ་རུ་གཏོང་དགོས། ལས་བྱེད་པའི་མི་དོན་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། ལས་བྱེད་པ་གདམ་གསེས་དང་བཀོལ་སྤྱོད་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ལས་བྱེད་པར་སློབ་གསོ་གཏོང་བ་དང་གསོ་སྦྱོང་བྱ་ཤུགས་ཆེ་རུ་གཏོང་བ། འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པར་གདེང་འཇོག་དང་དཔྱད་ཞིབ་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པ་དང་། སྤྱོད་ཚུལ་ལེགས་པ། སྒྲིག་ཁྲིམས་དམ་ལ་ནན་པ། སྲིད་བརྩོན་དམངས་དོན། རང་འགན་ནན་སྒྲུབ། སྤྱོད་གཙང་གཞུང་དྲང་བཅས་ཀྱི་ལས་བྱེད་པའི་དཔུང་ཁག་ཅིག་ཧུར་ཐག་འཛུགས་དགོས།
(41) སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། མི་དམངས་ཀྱིས་རང་ཐག་རང་གཅོད་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་ནུས་ལྡན་ཡོང་བ་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་འཕེལ་རྒྱས་ཟམ་མི་ཆད་པར་གཏོང་དགོས། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་ནས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཁྲིམས་འཛུགས་དང་ལྟ་སྐུལ་ལས་དོན་ལ་ཤུགས་སྣོན་རྒྱག་དགོས། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་བྱ་གཙོ་བོ་གཉིས་ལ་དམ་པོར་དམིགས་ནས་འགན་ནུས་ནན་ཏན་ངང་སྒྲུབ་པ་དང་ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གྲོས་བཅས་ཀྱི་མི་དམངས་སྲིད་གྲོས་ཀྱི་ནུས་པ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་དགོས། འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ནན་ཏན་ངང་ཡག་པོ་སྒྲུབ་ནས་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་ཟམ་མི་ཆད་པར་སྲ་བརྟན་དང་སྟོབས་ཆེར་གཏོང་དགོས། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་གཞི་རྩའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ་སྲིད་གཞུང་གིས་ཁྲིམས་ལྟར་སྲིད་སྐྱོང་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ་དང་ཁྲིམས་སྐྱོང་སྲིད་གཞུང་སྐྲུན་པའི་འཕེལ་རིམ་ལ་སྐུལ་འདེད་གཏོང་དགོས། གཞུང་དྲང་ངང་ཁྲིམས་འཛིན་རྒྱུར་སྐུལ་མ་ཧུར་ཐག་བཏང་ནས་ཁྲིམས་ལུགས་དྲིལ་བསྒྲགས་ཀྱི་སློབ་གསོ་རྒྱ་ཁྱབ་ངང་གཏིང་ཟབ་སྤེལ་ཏེ་ལས་བྱེད་མང་ཚོགས་ཀྱི་བཅའ་ཁྲིམས་ཀྱི་བྱང་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས།
(42) རོགས་སྐྱོར་དང་ལེན་བྱེད་པའི་ལས་དོན་སྔར་བས་ཡག་པོ་སྒྲུབ་དགོས། ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་ཀྲུང་དབྱང་གི་འབྲེལ་ཡོད་པུའུ་ཨུད་དང་ཀྲུང་དབྱང་གི་གལ་ཆེའི་རྐང་འཛིན་ཁེ་ལས་དང་འབྲེལ་གཏུག་བྱ་རྒྱུར་རང་འགུལ་ངང་ཤུགས་སྣོན་བརྒྱབ་ནས་དཔལ་འབྱོར་བོད་སྐྱོར་དང་། ལས་བྱེད་པའི་བོད་སྐྱོར། ཤེས་ལྡན་མི་སྣའི་བོད་སྐྱོར། ལག་རྩལ་བོད་སྐྱོར། དངུལ་རྩའི་ཞབས་ཞུའི་བོད་སྐྱོར་བཅས་ཀྱི་ལས་ཀའི་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་ཁ་གཏད་བོད་སྐྱོར་ཚན་པའི་ཤེས་ལྡན་མི་སྣ་དང་། མ་དངུལ། ལག་རྩལ། དོ་དམ། ཉམས་མྱོང་སོགས་ཀྱི་ལེགས་ཆ་འདོན་སྤེལ་བྱ་རྒྱུར་མཐོང་ཆེན་བྱས་ནས་རང་ལྗོངས་དང་དཔལ་འབྱོར་དང་། ལག་རྩལ། རིག་གནས་སྤེལ་རེས་དང་མཉམ་ལས་བཅས་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། རྣམ་གྲངས་དང་མ་དངུལ་དོ་དམ་དང་ལྟ་སྐུལ་ལས་ཀའི་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་བོད་སྐྱོར་ལས་ཀའི་གཙོ་གནད་དེ་ཞིང་འབྲོག་ཁུལ་གྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་རྒྱུ་དང་ཞིང་འབྲོག་པར་འབབ་འཕར་ཡོང་རྒྱུར་སྐུལ་མ་གཏོང་རྒྱུའི་ཐོག་འཇོག་རྒྱུ་མཐའ་འཁྱོངས་བྱེད་པ་དང་ནང་སའི་གྲོང་གསེབ་ཀྱི་ཕྱུག་འགྱུར་འཇོན་ཐང་ཅན་དང་། ཁེ་ལས་མཁས་ཅན། ཚན་རྩལ་མི་སྣ་སོགས་བོད་དུ་ཞིང་འབྲོག་ལས་ཚན་རྩལ་མཉམ་ལས་དང་ཐོན་ལས་མཉམ་ལས་བྱེད་པར་ཡོང་རྒྱུའི་ཡིད་དབང་འགུགས་པ་དང་སྒྲིག་འཛུགས་བྱ་རྒྱུ་དེ་བོད་སྐྱོར་དང་ལེན་བྱེད་པའི་ལས་ཀའི་གལ་ཆེའི་ལས་འགན་ལ་བརྩིས་དགོས། བོད་སྐྱོར་ལས་བྱེད་པའི་ཆབ་སྲིད་ཐད་ཡིད་ཆེས་གང་ལེགས་བྱེད་པ་དང་། ལས་ཀའི་ཐད་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ། འཚོ་བའི་ཐད་སེམས་རྩ་འཁོལ་པོས་སེམས་ཁུར་བྱེད་པ། དོ་དམ་ཐད་བླང་བྱ་ནན་པོ་བཏོན་པ་བཅས་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ཁོང་ཚོའི་ནུས་པ་འདོན་སྤེལ་གང་ལེགས་བྱ་ཆེད་ཆ་རྐྱེན་བཟང་པོ་ཞིག་སྐྲུན་དགོས།
(43) མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་དང་ཡུན་རིང་བདེ་འཁོད་ལ་སྐུལ་མ་གཏོང་བའི་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་དཔེ་བཟང་དང་མིག་དཔེའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་མཛུབ་ཁྲིད་དགོངས་པ་དང་བྱེད་ཕྱོགས་སྲིད་ཇུས་རབ་དང་རིམ་པ་སྒོ་ཀུན་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བློ་བརྟན་འགྱུར་མེད་ངང་བསྐྱོད་པ་དང་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་རྒྱུན་བསྲིང་ལྷོད་མེད་ངང་སྐུལ་འདེད་བཏང་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་འཁྲིད་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དེ་བས་ལེགས་པ་དང་། དེ་བས་མགྱོགས་པ། དེ་བས་ཆེ་བ་བཅས་ཡོང་རྒྱུར་སྐུལ་འདེད་ཟམ་མི་ཆད་པར་གཏོང་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་བློ་གཅིག་སེམས་གཅིག་ངང་མི་དམངས་ལ་ཞབས་འདེགས་ཞུ་བའི་གཞི་རྩའི་དམིགས་ཡུལ་མཐའ་འཁྱོངས་བྱེད་པ་དང་། ཏང་གི་མང་ཚོགས་ཀྱི་ལམ་ཕྱོགས་དང་མང་ཚོགས་ཀྱི་ཁྲོད་ནས་ཡོང་བ་དང་མང་ཚོགས་ཀྱི་ཁྲོད་དུ་བསྐྱོད་པའི་ལས་ཀ་བྱེད་སྟངས་མཐའ་འཁྱོང་བྱེད་པ། མང་ཚོགས་ཀྱི་ལྟ་བ་བརྟན་པོ་བཙུགས་ཏེ་བསམ་བློ་ཆབ་སྲིད་ཀྱི་ལས་ཀ་དང་མང་ཚོགས་ཀྱི་ལས་ཀར་སྔར་བས་ཤུགས་སྣོན་བརྒྱབ་ནས་ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་དང་ཤ་ཁྲག་འདྲེས་པ་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས་བྱེད་པ་དང་། ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་བཙུགས་ཏེ་ལག་ལེན་དང་། མི་དམངས། ལོ་རྒྱུས་བཅས་ཀྱི་ཞིབ་བཤེར་ཉམས་སད་ཐེག་ཐུབ་པའི་གྲུབ་འབྲས་དངོས་ཧུར་ཐག་གཏོད་དགོས། རུལ་རྒོལ་གཙང་སྤེལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཏང་སྲོལ་སྲིད་གཙང་གི་འགན་འཁྲིའི་ལམ་ལུགས་ལག་བསྟར་ནན་ཏན་དང་སྲིད་དོན་གཙང་སྐྱོང་གི་སློབ་གསོ་གཏིང་ཟབ་ཏུ་གཏོང་བ་དང་དབང་ཆ་སྤྱོད་པའི་ཐད་ཀྱི་ཚོད་འཛིན་དང་ལྟ་སྐུལ་ནན་པོ་ཡོང་བ་བྱེད་པ་དང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་གལ་ཆེའི་འཐབ་ཇུས་བཀོད་སྒྲིག་བྱ་ཚུལ་དང་སྒྲིག་ཁྲིམས་འགན་ལེན་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཁྲིམས་འགལ་སྒྲིག་འགལ་གྱི་གྱོད་གཞི་རྩད་གཅོད་བྱ་ཤུགས་ཆེ་རུ་གཏོང་དགོས། ཞི་དུལ་བག་ཡོད་དང་དཀའ་སྤྱད་འབད་འཐབ་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་ཤུགས་ཆེན་གཏོང་བ་དང “བོད་སྐྱོད་པ་རྒན་གྲས ”ཀྱི་སྙིང་སྟོབས་རྒྱུད་འཛིན་དང་དར་སྤེལ་བཏང་ནས་དམངས་ཆེད་དང་། དངོས་སྒྲུབ། སྤྱོད་གཙང་བཅས་མཐའ་འཁྱོངས་བྱས་ཏེ་ཏང་སྲོལ་བཟང་པོར་བརྟེན་ནས་ཏང་སེམས་དང་དམངས་སེམས་གཅིག་ཏུ་བསྡུས་ཏེ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་ཞིག་ཆགས་པ་བྱེད་དགོས།
ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མི་རིགས་ཁག་གི་མི་དམངས་ཚོས་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་བསམ་བློ་བཅིངས་འགྲོལ་དང་། གསར་འབྱེད་གསར་གཏོད། ལས་དོན་ཏན་ཏིག་སྒྲུབ་པ་བཅས་བྱས་ཏེ “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་གི་དམིགས་ཚད་ལས་འགན་ཁག་དང་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་བརྗིད་ཆེའི་དམིགས་ཚད་ཁག་མངོན་འགྱུར་ཡོང་ཆེད་ཐུན་མོང་ཐོག་འབད་འཐབ་བྱེད་དགོས།
འགན་འཁུར་རྩོམ་སྒྲིག་པ། admin
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣