2010ལོའི་དགུན་དུས་ནས་2011ལོའི་དཔྱིད་དུས་བར་གྱི་ནགས་ཚལ་མེ་ཟོན་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བཀའ་རྒྱ།
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནགས་ཚལ་བཅའ་ཁྲིམས 》དང་། 《ནགས་ཚལ་མེ་ཟོན་སྲོལ་ཡིག 》《བོད་རང་སྐྱོང་ལྗོངས་ནགས་ཚལ་མེ་ཟོན་ལག་བསྟར་བྱ་ཐབས 》བཅས་ཀྱི་འབྲེལ་ཡོད་གཏན་འབེབས་ལ་གཞིགས་ནས་ད་ལོའི་དགུན་དུས་དང་ཕྱི་ལོའི་དཔྱིད་དུས་ཀྱི་རང་ལྗོངས་ཀྱི་ནགས་ཚལ་མེ་ཟོན་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་ཆེད་དམིགས་སུ་གཤམ་གསལ་གྱི་ནགས་ཚལ་མེ་ཟོན་བཀའ་རྒྱ་འདི་བཏང་བ་ཡིན།
གཅིག ནགས་ཚལ་མེ་ཟོན་གྱི་དུས་སྐབས་དང་འགག་རྩའི་དུས་སྐབས།
2010ལོའི་ཟླ་11ཚེས་15ནས་2011ལོའི་ཟླ་5ཚེས་31ཉིན་བར་ནི་དགུན་དུས་དང་དཔྱིད་དུས་ཀྱི་ནགས་ཚལ་མེ་ཟོན་དུས་སྐབས་ཡིན། 2010ལོའི་ཟླ་12ཚེས་15ནས་2011ལོའི་ཟླ་4ཚེས་30ཉིན་བར་ནི་ནགས་ཚལ་མེ་ཟོན་གྱི་འགག་རྩའི་དུས་སྐབས་ཡིན། ས་ཁུལ (གྲོང་ཁྱེར )ཁག་གིས་དེའི་རྨང་གཞིའི་ཐོག་གནམ་གཤིས (ཐན་པའི་གནས་ཚུལ )ཀྱི་གནས་ཚུལ་ལ་གཞིགས་ཏེ་སྔོན་ཚུད་ནས་མེ་ཟོན་དུས་སྐབས་སུ་སླེབས་པ་བྱེད་པའམ་ཡང་ན་མེ་ཟོན་དུས་སྐབས་རིང་དུ་གཏོང་དགོས།
གཉིས། ནགས་ཚལ་མེ་ཟོན་གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་དགོས།
ས་གནས་རིམ་ཁག་མི་དམངས་སྲིད་གཞུང་གི་འགོ་ཁྲིད་པ་གཙོ་བོ་དང་ནགས་ལས་སྲིད་འཛིན་གཙོ་གཉེར་སྡེ་ཚན་གྱི་འགན་འཁུར་བ་གཙོ་བོས་ངེས་པར་དུ་ནགས་ཚལ་མེ་ཟོན་གྱི་འགན་འཁྲི་འཁུར་མཁན་དང་པོ་དང་འགན་འཁྲི་ཡོད་མཁན་གཙོ་བོའི་འགན་འཁྲི་ནན་ཏན་ངང་སྒྲུབ་དགོས་པ་དང་ནགས་ཚལ་མེ་ཟོན་གྱི་དམིགས་ཚད་འགན་འཁྲིའི་ཡི་གེར་རིམ་པ་བཞིན་མིང་རྟགས་འགོད་དགོས། ཀྲུའུ་ཞི་དང་། ཀྲོན་ཡོན (ཧྲི་ཀྲང ) རྫོང (གྲོང་ཁྱེར་དང་ཆུས )དཔོན། ཤང (ཀྲེན )ཀྲང་། གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་ཀྱི་འགན་འཁྲི་ནགས་ཚལ་མེ་ཟོན་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱེད་དགོས། རིམ་ཁག་འགོ་ཁྲིད་པས་རིམ་པ་དང་གླིང་ཕྱེ་ནས་འགན་གཙང་ལེན་པའི་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱེད་དགོས། རིམ་ཁག་ནགས་ཚལ་མེ་ཟོན་བཀོད་འདོམས་པུའི་ཁོངས་མིའི་ཚན་པས་འགན་འཁྲི་གསལ་པོ་བཟོ་བ་དང་། འགན་འཁྲི་ཚད་ལྡན་བཟོ་བ། ནགས་ཚལ་མེ་སྐྱོན་སྔོན་འགོག་ལས་དོན་དང་མེ་གསོད་གེགས་སེལ་གྱི་གྲ་སྒྲིག་རང་འགུལ་ངང་ཡག་པོ་བྱས་ཏེ་མེ་སྐྱོན་ཐོན་མ་ཐག་འཕྲལ་མར་དེ་གར་བསྐྱོད་དེ་མེ་གསོད་ཐུབ་པའི་འགན་ལེན་བྱེད་དགོས། ནགས་ཚལ་མེ་ཟོན་གྱི་རྒྱུན་གཏན་དོ་དམ་ལས་དོན་ལ་ཤུགས་སྣོན་ཏན་ཏིག་རྒྱག་དགོས་པ་དང་གཏན་འབེབས་ལས་འགལ་ཏེ་ནགས་ཚལ་མེ་ཟོན་ཐོན་རིགས་ལ་ཆག་སྒོ་བཟོ་མཁན་གྱི་འགན་འཁྲི་བདའ་འདེད་གཏོང་བ་མ་ཟད། ད་དུང་གནས་ཚུལ་ལ་གཞིགས་ནས་འབྲེལ་ཡོད་འགོ་ཁྲིད་པའི་སྲིད་འཛིན་གྱི་འགན་འཁྲི་དང་དེ་བཞིན་བཅའ་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་གཏོང་དགོས།
གསུམ། ཐང་སྟོང་གི་མེ་ཁུངས་དོ་དམ་ནན་དུ་གཏོང་དགོས།
ས་ཁུལ ( གྲོང་ཁྱེར )ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས 《ནགས་ཚལ་མེ་ཟོན་སྲོལ་ཡིག 》གི་གཏན་འབེབས་ལ་གཞིགས་ནས་ཐང་སྟོང་གི་མེ་ཁུངས་དོ་དམ་ནན་པོ་བྱེད་དགོས། ནགས་ཚལ་མེ་ཟོན་བྱེད་རིང་ཐང་སྟོང་གི་མེ་ཁུངས་དོ་དམ་ལས་དོན་ལ་དེ་བས་ཤུགས་སྣོན་བརྒྱབ་སྟེ་གཙོ་གནད་ས་གནས་དང་རིར་སྐྱོད་སའི་ལམ་མདོར་གཙོ་གནད་དུ་དོགས་ཟོན་དང་ཆེད་མངགས་ལྟ་སྲུང་བྱེད་མཁན་བཀོད་སྒྲིག་བྱེད་དགོས་པ་དང་། མེ་སྤྱོད་ཞིབ་མཆན་ལམ་ལུགས་ངེས་པར་དུ་ལག་བསྟར་ནན་པོ་བྱེད་དགོས་པ་དང་རིམ་པ་བཞིན་དོགས་ཟོན་གྱི་བྱེད་ཐབས་ནན་དུ་བཏང་ནས་ཆོག་མཆན་མ་ཐོབ་པར་རང་དགར་ནགས་ཁུལ་དུ་མེ་སྤྱད་ཚེ་འབྲེལ་ཡོད་གཏན་འབེབས་ལ་གཞིགས་ནས་ཞིབ་གཅོད་ནན་པོ་བྱེད་དགོས། ནགས་ཚལ་མེ་སྐྱོན་ཐོན་ཚེ་ཚན་པ་དང་མི་སྒེར་གང་ཞིག་ཡིན་ཡང་ཚང་མས་ས་གནས་དེ་གའི་མེ་ཟོན་བཀོད་འདོམས་པུའུ་འམ་ཡང་ན་ནགས་ལས་སྲིད་འཛིན་གཙོ་གཉེར་སྡེ་ཚན་ལ་སྙན་སེང་ཞུས་ཏེ “སྔ་ཙམ་མེ་གསོད་པ་དང་། ཆུང་དུས་ནས་གསོད་པ། རྦད་དེ་གསོད་པ ”བཅས་བྱས་ཏེ་ནགས་ཚལ་མེ་སྐྱོན་ཐོན་རྒྱུ་ནུས་ལྡན་ངང་བཀག་འགོག་བྱེད་པའི་འགན་འཁྲི་དང་འོས་འགན་ཡོད།
ནགས་ཚལ་མེ་ཟོན་གྱི་འགག་རྩའི་དུས་སུ་ནགས་ཁུལ་གྱི་ཐོན་སྐྱེད་བྱེད་སྒོ་མཐའ་དག་གཏན་འགོག་བྱེད་དགོས། ས་གནས་དེ་གའི་མང་ཚོགས་ཀྱིས་རིར་ཕྱུགས་འཚོ་བར་སྐྱོད་པར་ངེས་པར་དུ་ས་གནས་དེ་གའི་ཤང (གྲོང་རྡལ )མི་དམངས་སྲིད་གཞུང་དང་གྲོང་ཚོ་ཨུ་ཡོན་ལྷན་ཁང་དུ་ཐོ་འགོད་དགོས་པ་དང་། ནགས་ཁུལ་དུ་མདེའུ་དངོས་སྤྱད་དེ་སྦྱོང་བརྡར་དང་། འབར་གཏོར། རྩད་ཞིབ་བཅས་ཀྱི་བྱེད་སྒོ་སྤེལ་རྒྱུ་གཏན་འགོག་བྱེད་དགོས་པ། ནགས་ཁུལ་དུ་ཤོག་སྦག་རྒྱག་རྒྱུ་གཏན་འགོག་བྱེད་པ། ནགས་ཁུལ་དུ་མེ་ཕུང་དགོང་ཚོགས་དང་ཚ་ཕོག་རྒྱག་པ་སོགས་ཀྱི་བྱེད་སྒོ་གཏན་འགོག་བྱེད་པ་བཅས་བྱེད་དགོས། ཡུལ་སྐོར་སྤྲོ་འཆམ་མཛེས་ལྗོངས་ས་ཚིགས་དང་ཡུལ་སྐོར་སྤྲོ་འཆམ་ལམ་ཐིག་ཐོག་གི་མེ་ཟོན་དྲིལ་བསྒྲགས་དང་ལྟ་སྐུལ་དོ་དམ་བྱ་རྒྱུ་དེ་བྱེད་སྒོ་སྤེལ་མཁན་ཚན་པས་འགན་འཁུར་དགོས།
བཞི། མེ་གསོད་གེགས་སེལ་གྱི་གྲ་སྒྲིག་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས།
ས་ཁུལ (གྲོང་ཁྱེར )ཁག་གིས་ངེས་པར་དུ་ནགས་ཚལ་མེ་ཟོན་ཐག་གཅོད་བྱེད་པའི་སྔོན་ཇུས་བཟོ་བ་དང་འཐུས་སྒོ་ཚང་དུ་བཏང་ནས་ནགས་ཚལ་མེ་ཟོན་ཐོན་ཚེ་སྔོན་ཇུས་ལ་གཞིགས་ནས་མགྱོགས་མྱུར་ལས་དོན་སྒྲུབ་སྟེ་སེལ་རྒྱུའི་འགན་ལེན་བྱེད་དགོས། ས་ཁུལ་རིམ་ཁག་མི་དམངས་སྲིད་གཞུང་གིས་ནགས་ཚལ་མེ་ཟོན་སྔོན་འགོག་བྱེད་པ་དང་གསོད་པའི་འགྲོ་གྲོན་དེ་རིམ་མཚུངས་ནོར་སྲིད་སྔོན་རྩིས་ནང་འཇོག་པ་དང་། མེ་གསོད་པའི་འགྲོ་གྲོན་དོན་འཁྱོལ་བྱེད་པ། དངོས་ཟོག་གྲབས་གསོག་ཡག་པོ་བྱེད་པ། མེ་གསོད་པའི་ཡོ་བྱད་སོགས་ལ་ཕྱོགས་ཡོངས་ནས་བཟོ་བཅོས་རྒྱག་པ་བཅས་བྱས་ཏེ་མེ་ཟོན་དང་མེ་གསོད་པའི་དགོས་མཁོ་འགན་ལེན་ཏན་ཏིག་བྱེད་དགོས་པ། དྲག་ཆས་ཉེན་རྟོག་བོད་ལྗོངས་ནགས་ཚལ་དཔུང་སྡེས་གྲ་སྒྲིག་ཨང་བསར་བྱེད་དགོས་པ་དང་མི་སྣ་དང་། རླངས་འཁོར། མེ་གསོད་ཡོ་བྱད་སོགས་དོན་འཁྱོལ་ཡོང་ཚད་དང་ལེགས་ཚད་ངེས་པར་དུ་90%ཡན་ཟིན་པ་བྱེད་པ་དང་འབྲེལ་རིམ་ཁག་ནགས་ཚལ་མེ་ཟོན་བཀོད་འདོམས་པུའུ་དང་མཉམ་དུ་རང་ལྗོངས་ཀྱི་ནགས་ཚལ་མེ་ཟོན་ལས་དོན་ཏན་ཏིག་སྒྲུབ་དགོས་པ། ས་ཁུལ (གྲོང་ཁྱེར )དང་རྫོང (གྲོང་ཁྱེར་དང་ཆུས )ཀྱི་རིགས་ཁག་གི་ཆེད་ལས་དང་ཆེད་ལས་ཕྱེད་ཙམ་གྱི་མེ་གསོད་དཔུང་ཁག་དང་དེ་བཞིན་ཤང (གྲོང་རྡལ )རིམ་པའི་ནགས་ཚལ་མེ་ཟོན་འཕྲལ་སྒྲུབ་རུ་ཁག་གིས་མེ་ཟོན་མེ་གསོད་ཀྱི་གྲ་སྒྲིག་ཁག་ཡག་པོ་བྱེད་པ་བཅས་བྱེད་དགོས། རིམ་ཁག་ནགས་ཚལ་མེ་ཟོན་བཀོད་འདོམས་པུས “མི་རྩ་བར་འཛིན་པ་དང་བདེ་འཇགས་ཨང་དང་པོའི ”བསམ་བློ་བརྟན་པོ་འཛུགས་པ་དང་མེ་ཟོན་མེ་གསོད་བདེ་འཇགས་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་མི་སྣ་ཤི་རྨས་ཀྱི་ལས་འཛོལ་མི་ཐོན་པ་བྱེད་དགོས།
ལྔ། ནགས་ཚལ་མེ་ཟོན་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་དགོས།
ས་ཁུལ (གྲོང་ཁྱེར )ཁག་དང་འབྲེལ་ཡོད་ཚན་པ་ཁག་གིས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བས་མཛུབ་ཁྲིད་བྱེད་པ་དང་། རྣམ་པ་སྣ་ཚོགས་ཀྱི་དམངས་ཡོངས་ཀྱི་ནགས་ཚལ་མེ་ཟོན་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་ཧུར་ཐག་ངང་སྒྲིག་འཛུགས་བྱེད་པ་དང་སྤེལ་བ། གསར་འགྱུར་སྨྱན་སྦྱོར་གང་ལེགས་སྤྱད་དེ་ནགས་ཚལ་མེ་ཟོན་གྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་དེ་བཞིན་མེ་སྐྱོན་འགོག་པ་དང་གསོད་པའི་ཤེས་བྱ་དྲིལ་བསྒྲགས་བྱེད་པ་དང་སྤྱི་ཕན་རང་བཞིན་གྱི་བརྡ་ཁྱབ་དང་ཆ་འཕྲིན་སྤེལ་བ་དང་ལྷག་པར་དུ “12119”ནགས་ཚལ་མེ་ཟོན་ཉེན་བརྡའི་ཁ་པར་དྲིལ་བསྒྲགས་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། དམངས་ཡོངས་ཀྱི་ནགས་ཚལ་མེ་ཟོན་གྱི་ཁྲིམས་སྲོལ་གྱི་འདུ་ཤེས་དང་དོགས་ཟོན་གྱི་འདུ་ཤེས་ཆེ་རུ་ཏན་ཏིག་གཏོང་བ། དྲིལ་བསྒྲགས་བྱ་རྒྱུ་དེ་རྒྱུན་གཏན་གྱི་དོ་དམ་ནང་འཇོག་པ། མཉམ་འཇོག་མཉམ་བཅོས་དང་ཇུས་ཤུགས་མཉམ་འདོན་གྱི་རྣམ་པ་བཟང་པོ་གཏོད་རྒྱུར་ཤུགས་རྒྱག་པ་བཅས་བྱས་ཏེ “སློབ་གྲྭ་དང་། སྡེ་ཁུལ། ཨར་ལས་ཚན་པ། གྲོང་གསེབ་བཅས་སུ “ནགས་ཚལ་མེ་ཟོན་དྲིལ་བསྒྲགས ”བྱས་ནས་ཁྱིམ་ཚང་ཚང་མ་དང་མི་ཚང་མས་ཤེས་པ་བྱེད་དགོས།
དྲུག ནགས་ཚལ་མེ་ཟོན་སྙན་སེང་ཞུ་བའི་ལམ་ལུགས་ལག་བསྟར་ནན་པོ་བྱེད་དགོས།
ས་གནས་རིམ་ཁག་མི་དམངས་སྲིད་གཞུང་དང་ནགས་ཚལ་མེ་ཟོན་བཀོད་འདོམས་པུས་ནགས་ཚལ་མེ་ཟོན་ལས་རེས་ལམ་ལུགས་དང་ཆ་འཕྲིན་སྙན་སེང་ཞུ་བའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་དགོས། ནགས་ཚལ་མེ་ཟོན་གྱི་དུས་སུ་རིམ་ཁག་ནགས་ཚལ་མེ་ཟོན་སྡེ་ཚན་གྱིས་ངེས་པར་དུ་ཆུ་ཚོད་24རིང་ལས་རེས་བྱེད་པ་དང་འགོ་ཁྲིད་པས་སྣེ་འཁྲིད་རྒྱུ་མཐའ་འཁྱོངས་བྱེད་པ་དང་སྲིད་བཀའ་ཤར་བགྲོད་ཐུབ་པ་དང་མེ་སྐྱོན་གྱི་ཆ་འཕྲིན་ཤར་བགྲོད་ཐུབ་རྒྱུ་མཐའ་འཁྱོངས་བྱེད་དགོས། ནགས་ཚལ་མེ་སྐྱོན་ཁོངས་གཏོགས་སྙན་སེང་ལམ་ལུགས་ལག་བསྟར་ནན་པོ་བྱས་ནས་མེ་སྐྱོན་གྱི་གནས་ཚུལ་དུས་ཐོག་ཏུ་ཐག་གཅོད་འོས་འཚམ་ཐུབ་པའི་འགན་ལེན་བྱེད་དགོས། ནགས་སྲུང་བ་དང་རྒྱང་ལྟ་མཁན་གྱིས་སྐོར་ཞིབ་ཀྱི་ཁྱབ་ཁོངས་རྒྱ་ཆེར་གཏོང་བ་དང་སྐོར་ཞིབ་བྱེད་ཤུགས་ཆེ་རུ་བཏང་ནས་མེ་སྐྱོན་གྱི་གནས་ཚུལ་ཐོན་ཚེ་འཕྲལ་མར་ལས་དོན་སྒྲུབ་དགོས།
བདུན། ཁྲིམས་ལྟར་མེ་སྐྱོན་འགོག་ཤུགས་ཆེ་རུ་གཏོང་དགོས།
ས་ཁུལ (གྲོང་ཁྱེར )ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ཁྲིམས་ལྟར་མེ་སྐྱོན་འགོག་རྒྱུ་དང་ཁྲིམས་ལྟར་མེ་དོ་དམ་བྱས་ནས་ནགས་ཚལ་གྱི་ཆག་སྒོ་བཟོ་མཁན་ལ་རྡུང་རྡེག་གཏོང་ཤུགས་ཆེ་རུ་གཏོང་དགོས། མེ་སྐྱོན་གྱི་མི་མངོན་པའི་རྐྱེན་ངན་ཤེས་ཀྱང་འགལ་སྤྱོད་སྤེལ་བའམ་ཡང་ན་རང་འགན་སྣང་མེད་དུ་འཇོག་པ་དང་། འགན་འཛོལ། འགན་ཤོར་བཅས་བྱས་ནས་ནགས་ཚལ་གྱི་མེ་སྐྱོན་ཐོན་པ་དང་། མེ་སྐྱོན་ཐོན་ཀྱང་གསང་ནས་སྙན་སེང་མི་ཞུ་བ་དང་མེ་གསོད་པའི་གོ་སྐབས་ནར་འགྱངས་བྱེད་པ། མེ་ཟོན་གྱི་འགན་འཁྲི་དོན་འཁྱོལ་མི་བྱེད་པ་དང་མེ་གསོད་སྒྲིག་འཛུགས་བྱ་རྒྱུ་ནུས་ལྡན་མ་བྱུང་བ་བཅས་ཀྱིས་རྐྱེན་པས་ནགས་ཚལ་གྱི་མེ་སྐྱོན་ཚབས་ཆེན་ཐོན་པའམ་ཡང་ན་ཤུགས་རྐྱེན་ངན་པ་ཚབས་ཆེན་བཟོས་རིགས་ལ་ས་གནས་དེ་གའི་སྲིད་གཞུང་དང་དེ་བཞིན་ནགས་ལས་སྲིད་འཛིན་གཙོ་གཉེར་དོ་དམ་སྡེ་ཚན་གྱི་འགོ་ཁྲིད་པའི་འགན་འཁྲི་བདའ་འདེད་མཐའ་གཅིག་ཏུ་གཏོང་དགོས་པ་དང་དུས་མཚུངས་ནགས་ཚལ་ལ་མེ་ཤོར་བའི་དོན་རྐྱེན་ཐོན་ཚེ་ནགས་ཚལ་སྤྱི་བདེ་སྡེ་ཚན་གྱིས་ས་གནས་དེ་གའི་སྤྱི་བདེ་སྡེ་ཚན་དང་མཉམ་དུ་ཆེད་དོན་གྱོད་གཞི་ཚོགས་ཆུང་བཙུགས་ཏེ་ཁྲིམས་ལྟར་ལྕི་ལ་མྱུར་བའི་སྒོ་ནས་ཞིབ་གཅོད་བྱེད་དགོས་པ་དང་འབྲེལ་དུས་ཐོག་ཏུ་སྤྱི་ཚོགས་ལ་ཡོངས་བསྒྲགས་ཀྱང་བྱས་ཏེ་གཅིག་ཐག་གཅོད་པ་དང་། གླིང་གཅིག་ལ་ཉེན་བརྡ་གཏོང་བ། ཕྱོགས་གཅིག་ལ་སློབ་གསོ་གཏོང་བ་བཅས་བྱེད་དགོས།
རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་པད་མ་འཕྲིན་ལས་ཀྱིས།
2010ལོའི་ཟླ་11ཚེས་15ཉིན།
འགན་འཁུར་རྩོམ་སྒྲིག་པ། admin
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣