《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བུད་མེད་ཀྱི་ཁེ་དབང་འགན་སྲུང་བཅའ་ཁྲིམས་ལག་བསྟར་བྱེད་ཕྱོགས་སྐོར་གྱི〉བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས》
བོད་རང་སྐྱོང་ལྗོངས་སྐབས་དགུ་པའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས།
(2009)ཨང་10པ།
《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བུད་མེད་ཀྱི་ཁེ་དབང་འགན་སྲུང་བཅའ་ཁྲིམས 〉ལག་བསྟར་བྱེད་ཕྱོགས་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས 》འདི་2009ལོའི་ཟླ་11ཚེས་27ཉིན་བོད་རང་སྐྱོང་ལྗོངས་སྐབས་དགུ་པའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གསུམ་པའི་ཐོག་དག་བཅོས་བྱས་ནས་གྲོས་འཆམ་བྱུང་དོན་བཞིན་ད་ལྟ་དག་བཅོས་བྱས་རྗེས་ཀྱི 《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བུད་མེད་ཀྱི་ཁེ་དབང་འགན་སྲུང་བཅའ་ཁྲིམས 〉ལག་བསྟར་བྱེད་ཕྱོགས་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས 》འདི་ཁྱབ་བསྒྲགས་བྱེད་རྒྱུ་ཡིན་པས་2010ལོའི་ཟླ་1ཚེས་1ཉིན་ནས་ལག་བསྟར་སྤེལ་རྒྱུ།
དམིགས་བསལ་དུ་སྤྱི་བསྒྲགས་སྤེལ་རྒྱུ།
བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས།
2009ལོའི་ཟླ་12ཚེས་ 3ཉིན།
ལེའུ་དང་པོ། སྤྱིའི་རྩ་འཛིན།
དོན་ཚན་དང་པོ། བུད་མེད་ཀྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱེད་རྒྱུ་དང་། ཕོ་མོ་འདྲ་མཉམ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ནང་བུད་མེད་ཚོའི་ནུས་པ་འདོན་སྤེལ་གང་ལེགས་ཐུབ་པ་བཅས་ཡོང་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བུད་མེད་ཀྱི་ཁེ་དབང་འགན་སྲུང་བཅའ་ཁྲིམས 》སོགས་འབྲེལ་ཡོད་ཁྲིམས་ལུགས་ཁྲིམས་སྲོལ་གྱི་གཏན་འབེབས་གཞིར་བཟུང་ཐོག རང་སྐྱོང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་བྱ་ཐབས་འདི་བཟོས་པ་ཡིན།
དོན་ཚན་གཉིས་པ། རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ས་ཁོངས་ནང་གི་རྒྱལ་ཁབ་ལས་ཁུངས་དང་། སྤྱི་ཚོགས་ཚོགས་པ། ཁེ་ལས། བྱ་གཞག་ཚན་པ། གཞི་རིམ་མང་ཚོགས་རང་བཞིན་གྱི་རང་སྐྱོང་རྩ་འཛུགས་དང་སྤྱི་དམངས་བཅས་ཀྱིས་བྱ་ཐབས་འདིར་བརྩི་སྲུང་ཞུ་དགོས།
དོན་ཚན་གསུམ་པ། ཕོ་མོ་འདྲ་མཉམ་དགོས་རྒྱུ་ནི་རྒྱལ་ཁབ་ཀྱི་གཞི་རྩའི་རྒྱལ་ཇུས་ཡིན། ཆབ་སྲིད་དང་། དཔལ་འབྱོར། རིག་གནས། སློབ་གསོ། སྤྱི་ཚོགས། ཁྱིམ་ཚང་གི་འཚོ་བ་སོགས་ཀྱི་ཐད་བུད་མེད་རྣམས་ལ་སྐྱེས་པ་དང་འདྲ་མཉམ་གྱི་དབང་ཆ་ལོངས་སྤྱོད་བྱེད་རྒྱུ་ཡོད།
དོན་ཚན་བཞི་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་བུད་མེད་ཀྱི་ཁེ་དབང་འགན་སྲུང་བྱེད་རྒྱུའི་ལས་དོན་ལ་མཐོང་ཆེན་དང་ཤུགས་སྣོན་བརྒྱབ་ནས་བུད་མེད་ཀྱི་ཁེ་དབང་འགན་སྲུང་བྱེད་རྒྱུ་དང་འབྲེལ་བ་ཡོད་པའི་ལམ་ལུགས་ཁག་ཚགས་ཚུད་དུ་བཏང་སྟེ་བུད་མེད་རྣམས་ལ་ཁྲིམས་ལུགས་གཞིར་བཟུང་སྤྱོད་རྒྱུ་ཡོད་པའི་དམིགས་བསལ་ཁེ་དབང་སྲུང་སྐྱོང་བྱེད་དགོས། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་བུད་མེད་ཀྱི་ལས་དོན་གོང་འཕེལ་གཏོང་ཕྱོགས་ཀྱི་རྒྱལ་ཁབ་ཀྱི་རྩ་གནད་ལ་གཞིགས་ཏེ་རང་ཁོངས་སྲིད་འཛིན་ས་ཁོངས་ནང་བུད་མེད་ཀྱི་ལས་དོན་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་འགོད་བཟོ་དགོས་པ་མ་ཟད། དེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་གཞིའི་ནང་འཇུག་དགོས།
དོན་ཚན་ལྔ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་རང་ཁོངས་སྲིད་འཛིན་ས་ཁོངས་ནང་གི་བུད་མེད་ཀྱི་ཁེ་དབང་འགན་སྲུང་བྱེད་འགན་འཁུར་ནས་བུད་མེད་རྣམས་ལ་ཁྲིམས་ལུགས་གཞིར་བཟུང་དབང་ཆ་སྤྱོད་རྒྱུར་དགོས་ངེས་ཀྱི་ཆ་རྐྱེན་སྐྲུན་དགོས། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་དང་། མི་དམངས་ཁྲིམས་ཁང་། མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱིས་སོ་སོའི་འཁྲི་འགན་ལྟར་བུད་མེད་ཀྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱེད་དགོས། ཤང་(གྲོང་རྡལ )མི་དམངས་སྲིད་གཞུང་དང་གྲོང་ཁྱེར་གྱི་ཁྲོམ་གཞུང་དོན་གཅོད་ཁང་སོ་སོ་ནས་བུད་མེད་ཀྱི་ཁེ་དབང་འགན་སྲུང་གི་ལས་ཀ་བྱེད་མཁན་ལས་བྱ་དམིགས་འཛུགས་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་མང་ཚོགས་རང་བཞིན་གྱི་རང་སྐྱོང་རྩ་འཛུགས་ལ་བུད་མེད་ཀྱི་ཁེ་དབང་འགན་སྲུང་གི་ལས་དོན་ཡག་པོ་སྒྲུབ་རྒྱུའི་མཛུབ་ཁྲིད་བྱེད་དགོས།
དོན་ཚན་དྲུག་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་བུད་མེད་དང་བྱིས་པའི་ལས་དོན་ཨུ་ཡོན་ལྷན་ཁང་གིས་རང་ཁོངས་སྲིད་འཛིན་ས་ཁོངས་ནང་གི་བུད་མེད་ཀྱི་ཁེ་དབང་འགན་སྲུང་བྱེད་འགན་འཁུར་དགོས་ཤིང་། དེའི་འགན་འཁྲི་གཙོ་བོ་ནི། (གཅིག ) ཕོ་མོ་འདྲ་མཉམ་གྱི་གཞི་རྩའི་རྒྱལ་ཇུས་དང་། བུད་མེད་ཀྱི་ཁེ་དབང་འགན་སྲུང་བྱེད་རྒྱུ་དང་འབྲེལ་བ་ཡོད་པའི་བཅའ་ཁྲིམས་དང་། ཁྲིམས་སྲོལ། སྒྲིག་སྲོལ། སྤྱི་པའི་སྲིད་ཇུས་བཅས་དྲིལ་བསྒྲགས་བྱེད་རྒྱུའི་སྒྲིག་འཛུགས་བྱེད་དགོས་པ་དང་། འབྲེལ་ཡོད་བཅའ་ཁྲིམས་དང་། ཁྲིམས་སྲོལ། སྒྲིག་སྲོལ། དེ་བཞིན་སྤྱི་པའི་སྲིད་ཇུས་བཅས་ལག་བསྟར་བྱེད་རྒྱུར་ལྟ་སྐུལ་ཞིབ་བཤེར་བྱེད་དགོས་པ། (གཉིས )བུད་མེད་ཀྱི་ཁེ་དབང་འགན་སྲུང་ལས་དོན་གྱི་གལ་ཆེའི་དོན་གནད་ལ་ཞིབ་འཇུག་དང་གཏན་འཁེལ་བྱེད་རྒྱུ་དང་། བུད་མེད་ཀྱི་ཁེ་དབང་འགན་སྲུང་བྱེད་རྒྱུ་དང་འབྲེལ་བ་ཡོད་པའི་ཁྲིམས་སྲོལ་དང་། སྒྲིག་སྲོལ། དེ་བཞིན་སྤྱི་པའི་སྲིད་ཇུས་སོགས་བཟོ་རྒྱུའི་ནང་ཞུགས་དགོས་པ། (གསུམ ) འབྲེལ་ཡོད་སྡེ་ཚན་ལ་བུད་མེད་ཀྱི་ཁེ་དབང་འགན་སྲུང་ལས་དོན་ཡག་པོ་སྒྲུབ་རྒྱུའི་མཐུན་སྦྱོར་དང་མཛུབ་ཁྲིད་བྱེད་དགོས་པ། (བཞི ) བུད་མེད་ཀྱི་ཁེ་དབང་ལ་བཙན་གནོད་གཏོང་བའི་བྱ་བའི་རིགས་འབྲེལ་ཡོད་སྡེ་ཚན་ནས་ཁྲིམས་ལུགས་གཞིར་བཟུང་ཞིབ་བཤེར་ཐག་གཅོད་བྱེད་རྒྱུར་ལྟ་སྐུལ་བྱེད་དགོས་པ། (ལྔ ) བུད་མེད་ཀྱི་ཁེ་དབང་འགན་སྲུང་ལས་དོན་ནང་གྲུབ་འབྲས་མངོན་གསལ་དོད་པའི་རྩ་འཛུགས་དང་མི་སྒེར་ལ་གཟེངས་བསྟོད་དང་བྱ་དགའ་སྤྲོད་དགོས་པ། (དྲུག ) བུད་མེད་དང་བྱིས་པའི་ལས་དོན་ཨུ་ཡོན་ལྷན་ཁང་གིས་སྒྲུབ་དགོས་པའི་འགན་འཁྲི་གཞན་དག་བཅས་སོ།
དོན་ཚན་བདུན་པ། རིམ་ཁག་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་བུད་མེད་ཚོའི་ཁེ་ཕན་གྱི་ཚབ་བྱེད་མཚོན་པ་དང་བུད་མེད་ཚོའི་ཁེ་ཕན་སྲུང་སྐྱོང་བྱེད་དགོས་པ་དང་འབྲེལ། རྒྱལ་ཁབ་ལས་ཁུངས་ལ་གཞོགས་འདེགས་བྱས་ཏེ་བུད་མེད་ཀྱི་ཁེ་དབང་འགན་སྲུང་བྱེད་རྒྱུའི་ཐད་ཀྱི་ཁྲིམས་ལུགས་དང་། ཁྲིམས་སྲོལ། སྲིད་ཇུས་བཅས་ལག་བསྟར་བྱེད་རྒྱུར་ལྟ་སྐུལ་ཞིབ་བཤེར་བྱེད་རྒྱུ་དང་། བུད་མེད་ཀྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱེད་རྒྱུའི་ཐད་ཀྱི་བསམ་འཆར་དང་གྲོས་འཆར་བཏོན་ནས་བུད་མེད་ཀྱི་ཁེ་དབང་འགན་སྲུང་བྱེད་རྒྱུའི་ལས་དོན་ཁག་ཡག་པོ་སྒྲུབ་དགོས། བཟོ་ཚོགས་དང་གུང་ཁྲན་རིང་ལུགས་གཞོན་ནུ་སྡེ་ཚོགས་སོགས་སྤྱི་ཚོགས་ཚོགས་པས་སོ་སོའི་འགན་འཁྲིའི་ཁྱབ་ཁོངས་ནང་བུད་མེད་ཀྱི་ཁེ་དབང་འགན་སྲུང་ལས་དོན་ཡག་པོ་སྒྲུབ་དགོས།
དོན་ཚན་བརྒྱད་པ། རང་སྐྱོང་ལྗོངས་ཀྱིས་བུད་མེད་རྣམས་ལ་རང་གིས་རང་ལ་བརྩི་མཐོང་དང་། རང་གིས་རང་ལ་ཡིད་ཆེས། རང་བརྟེན་རང་ཚུགས། རང་སྟོབས་རང་འཕེལ་བཅས་བྱེད་དགོས་པ་དང་། ཁྲིམས་ལུགས་ལ་བརྟེན་ནས་རང་གི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་རྒྱུའི་སྐུལ་ལྕག་བྱེད་དགོས། བུད་མེད་ཀྱིས་རྒྱལ་ཁབ་ཀྱི་ཁྲིམས་ལུགས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ཞུ་དགོས་པ་དང་། བཅའ་ཁྲིམས་ནང་གཏན་ལ་ཕབ་པའི་འོས་འགན་རྣམས་སྒྲུབ་དགོས། དེ་བཞིན་སྤྱི་ཚོགས་ཀྱི་ཀུན་སྤྱོད་ལ་བརྩི་འཇོག་དང་རང་འགུལ་ངང་མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པ་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་དགོས།
ལེའུ་གཉིས་པ། ཆབ་སྲིད་ཀྱི་དབང་ཆ།
དོན་ཚན་དགུ་པ། བུད་མེད་ལ་སྐྱེས་པ་དང་འདྲ་མཉམ་ཀྱི་ཆབ་སྲིད་ཁེ་དབང་ལོངས་སུ་སྤྱོད་དབང་ཡོད་པས་རྩ་འཛུགས་དང་མི་སྒེར་སུ་འདྲ་ཞིག་གིས་ཀྱང་བུད་མེད་ཀྱིས་ཆབ་སྲིད་ཁེ་དབང་སྤྱོད་རྒྱུར་འགོག་རྐྱེན་བཟོ་མི་ཆོག
དོན་ཚན་བཅུ་པ། ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་། སྲིད་གཞུང་གི་སྒྲིག་སྲོལ། སྤྱི་པའི་སྲིད་ཇུས་བཅས་བཟོ་བ་དང་། གལ་ཆེའི་དོན་གནད་རིགས་གཏན་འབེབས་བྱེད་སྐབས། བུད་མེད་ཀྱི་ཁེ་དབང་དང་འབྲེལ་བ་ཡོད་པའི་གལ་ཆེའི་གནད་དོན་རིགས་ལ་ངེས་པར་དུ་རིམ་པ་དེ་གའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་བསམ་འཆར་ཉན་དགོས། རྒྱལ་ཁབ་ལས་ཁུངས་དང་། སྤྱི་ཚོགས་ཚོགས་པ། ཁེ་ལས། བྱ་གཞག་ཚན་པ། རྩ་འཛུགས་གཞན་དག་བཅས་ཀྱིས་ནང་ཁུལ་གྱི་སྒྲིག་སྲོལ་ལམ་ལུགས་བཟོ་སྐབས། བུད་མེད་ཀྱི་ཁེ་དབང་དང་འབྲེལ་བ་ཡོད་པའི་དོན་གནད་རིགས་ཚན་པ་དེ་གའི་བུད་མེད་ལས་དོན་ཨུ་ཡོན་ལྷན་ཁང་ངམ་ཡང་ན་བཟོ་ཚོགས་ཀྱི་བུད་མེད་ལས་བཟོ་ཨུ་ཡོན་ལྷན་ཁང་གི་བསམ་འཆར་ཉན་དགོས།
དོན་ཚན་བཅུ་གཅིག་པ། རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་ནང་བུད་མེད་འཐུས་མིའི་བསྡུར་ཚད་དེ་20%ལས་མི་ཉུང་བ་དགོས་པ་མ་ཟད། བུད་མེད་འཐུས་མིའི་བསྡུར་ཚད་རིམ་པས་མཐོ་རུ་གཏོང་དགོས།
དོན་ཚན་བཅུ་གཉིས་པ། ལས་བཟོའི་འཐུས་མི་ཚོགས་ཆེན་ནང་བུད་མེད་ཀྱི་འཐུས་མིས་ཚན་པ་དེ་གའི་བུད་མེད་ལས་བཟོའི་སྤྱི་འབོར་གྱི་20%ཡན་ཟིན་པ་བྱེད་དགོས། གྲོང་ཚོ (གྲོང་མི )ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་ནང་བུད་མེད་གྲངས་འབོར་འོས་འཚམ་ཡོད་དགོས།
དོན་ཚན་བཅུ་གསུམ་པ། རིམ་ཁག་རྒྱལ་ཁབ་ལས་ཁུངས་དང་། སྤྱི་ཚོགས་ཚོགས་པ། ཁེ་ལས། བྱ་གཞག་ཚན་པ། རྩ་འཛུགས་གཞན་དག་བཅས་ཀྱི་འགོ་ཁྲིད་ཁོངས་མིའི་ནང་བུད་མེད་གྲངས་འབོར་འོས་འཚམ་ཡོད་དགོས།
དོན་ཚན་བཅུ་བཞི་པ། རིམ་ཁག་རྒྱལ་ཁབ་ལས་ཁུངས་དང་། སྤྱི་ཚོགས་ཚོགས་པ། ཁེ་ལས། བྱ་གཞག་ཚན་པ། རྩ་འཛུགས་གཞན་དག་བཅས་ཀྱིས་ངེས་པར་དུ་བུད་མེད་འགོ་ཁྲིད་ལས་བྱེད་པར་མཐོང་ཆེན་དང་། གསོ་སྐྱོང་། གདམ་གསེས་བཅས་བྱེད་དགོས། རིམ་ཁག་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་བཟོ་ཚོགས་བུད་མེད་ལས་བཟོ་ཨུ་ཡོན་ལྷན་ཁང་སོགས་བུད་མེད་རྩ་འཛུགས་ཀྱིས་རྒྱལ་ཁབ་ལས་ཁུངས་དང་། སྤྱི་ཚོགས་ཚོགས་པ། ཁེ་ལས། བྱ་གཞག་ཚན་པ། རྩ་འཛུགས་གཞན་དག་བཅས་ལ་བུད་མེད་ལས་བྱེད་པ་འོས་སྦྱོར་བྱེད་ཆོག་ལ། འབྲེལ་ཡོད་སྡེ་ཚན་དང་ཚན་པས་ཀྱང་དེའི་འོས་སྦྱོར་བསམ་འཆར་ལ་མཐོང་ཆེན་བྱེད་དགོས།
ལེའུ་གསུམ་པ། རིག་གནས་སློབ་གསོའི་ཁེ་དབང་།
དོན་ཚན་བཅོ་ལྔ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་སློབ་གསོ་སྲིད་འཛིན་སྡེ་ཚན་དང་། སློབ་གྲྭ འབྲེལ་ཡོད་སྡེ་ཚན་བཅས་ཀྱིས་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་བུད་མེད་ལ་སྐྱེས་པ་དང་འདྲ་མཉམ་གྱི་རིག་གནས་སློབ་གསོ་ཐོབ་དབང་འགན་ལེན་བྱེད་དགོས། སློབ་གྲྭར་སློབ་མ་བསྡུ་སྐབས། སློབ་མ་བུ་མོའི་བསྡུ་འཇུག་ཚད་གཞི་དངོས་ཤུགས་གང་ནས་མཐོ་རུ་གཏོང་རིགས་བྱེད་མི་ཆོག རྒྱལ་ཁབ་ཀྱི་དམིགས་བསལ་གཏན་འབེབས་གཞན་དག་ཡོད་རིགས་ཕུད། སློབ་གྲྭས་སློབ་མ་བུ་མོ་བསྡུ་འཇུག་བྱེད་པའི་བསྡུར་གྲངས་ལ་ཚད་བཀག་བཟོ་མི་ཆོག
དོན་ཚན་བཅུ་དྲུག་པ། སློབ་གྲྭས་བུད་མེད་གཞོན་ནུ་ལོ་ཆུང་གི་ཁྱད་ཆོས་ལ་གཞིགས་ཏེ་སེམས་ཁམས་རིག་པ་དང་། གཟུགས་ཁམས་རིག་པ། འཕྲོད་བསྟེན་བདེ་སྲུང་། རང་གིས་རང་སྲུང་སྐྱོབ་བཅས་བྱེད་པའི་སློབ་གསོ་སྤེལ་ནས་བུ་མོ་གཞོན་ནུ་ལོ་ཆུང་སྐྱོན་བྲལ་ངང་ཡར་རྒྱས་ཡོང་བའི་འགན་ལེན་བྱེད་དགོས།
དོན་ཚན་བཅུ་བདུན་པ། སྲིད་གཞུང་དང་། སྤྱི་ཚོགས། སློབ་གྲྭ་བཅས་ཀྱིས་ནུས་ལྡན་གྱི་བྱ་ཐབས་སྤྱད་དེ་དབུལ་པོ་དང་། དབང་པོ་སྐྱོན་ཅན། ཕྱོགས་འགྲུལ་མི་སྣ་བཅས་ཀྱི་ནང་སློབ་ཞུགས་དཀའ་ངལ་ཡོད་པའི་སློབ་ལོ་ལོན་པའི་བུ་མོ་བྱིས་པ་ལོ་ཆུང་ཚོར་འགན་བབས་སློབ་གསོ་ཆ་ཚང་ཐོབ་ཐུབ་པའི་འགན་ལེན་བྱེད་དགོས།
དོན་ཚན་བཅོ་བརྒྱད་པ། ཕ་མའམ་ཡང་ན་ལྟ་སྐྱོང་བྱེད་མཁན་གཞན་དག་གིས་སློབ་ལོ་ལོན་པའི་བུ་མོ་བྱིས་པ་ལོ་ཆུང་ཚོར་འགན་བབས་སློབ་གསོ་དང་ལེན་བྱེད་དུ་འཇུག་དགོས་པ་མ་ཟད། དེ་ལེགས་སྒྲུབ་ཐུབ་པའི་འགན་ལེན་བྱེད་དགོས་པ་ལས་རྒྱུ་མཚན་གང་རུང་བཙལ་ནས་བཙན་ཤེད་ཀྱིས་སློབ་ལོ་ལོན་པའི་བུ་མོ་ལོ་ཆུང་བྱིས་པ་སློབ་གྲྭ་ནས་འཐེན་མི་ཆོག
དོན་ཚན་བཅུ་དགུ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་བུད་མེད་ཡིག་རྨོངས་བ་དང་ཡིག་རྨོངས་ཕྱེད་ཙམ་གྱི་རིགས་ཡིག་རྨོངས་སེལ་རྒྱུ་དང་། ཡིག་རྨོངས་སེལ་རྗེས་མུ་མཐུད་སློབ་གསོ་སྤེལ་རྒྱུའི་ལས་དོན་ལ་འགོ་ཁྲིད་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས་པ་མ་ཟད། དེ་རིམ་པ་དེ་གའི་སྲིད་གཞུང་གིས་ཡིག་རྨོངས་སེལ་རྒྱུ་དང་ཡིག་རྨོངས་སེལ་རྗེས་མུ་མཐུད་སློབ་གསོ་སྤེལ་རྒྱུའི་འཆར་འགོད་ནང་འཇུག་དགོས། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་སློབ་གསོ་སྲིད་འཛིན་སྡེ་ཚན་གྱིས་ས་གནས་དེ་གའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་བུད་མེད་ཡིག་རྨོངས་བ་དང་ཡིག་རྨོངས་ཕྱེད་ཙམ་གྱི་རིགས་ཡིག་རྨོངས་སེལ་རྒྱུ་དང་། ཡིག་རྨོངས་སེལ་རྗེས་མུ་མཐུད་སློབ་གསོ་སྤེལ་རྒྱུའི་ཞིབ་ཕྲའི་ལས་ཀ་སྒྲིག་འཛུགས་བྱེད་འགན་འཁུར་དགོས།
དོན་ཚན་ཉི་ཤུ་པ། རིམ་ཁག་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་དགོས་མཁོ་གཞིར་བཟུང་། བུད་མེད་སྒྲིག་འཛུགས་བྱས་ནས་ཁོ་ཚོར་ལས་རིགས་སློབ་གསོ་དང་གོ་ཆོད་ལག་རྩལ་སྦྱོང་བརྡར་སྤྲས་ནས་བུད་མེད་ཀྱི་ངལ་རྩོལ་རྩལ་ནུས་ཆེ་རུ་གཏོང་བ་དང་བུད་མེད་ལས་ཞུགས་བྱེད་རྒྱུར་སྐུལ་འདེད་གཏོང་དགོས།
དོན་ཚན་ཉེར་གཅིག་པ། རྒྱལ་ཁབ་ལས་ཁུངས་དང་། སྤྱི་ཚོགས་ཚོགས་པ། ཁེ་ལས། བྱ་གཞག་ཚན་པ་བཅས་ཀྱིས་བུད་མེད་ཆེད་ལས་ཤེས་ལྡན་པ་གསོ་སྐྱོང་བྱེད་རྒྱུར་མཐོང་ཆེན་བྱས་ནས་བུད་མེད་ཀྱིས་ཚན་རིག་དང་། ལག་རྩལ། རྩོམ་རིག སྒྱུ་རྩལ། དེ་མིན་ཆེད་ལས་ཀྱི་བྱེད་སྒོ་གཞན་དག་བཅས་སྤེལ་རྒྱུའི་ཁེ་དབང་འགན་སྲུང་བྱེད་དགོས་པ་མ་ཟད། དགོས་ངེས་ཀྱི་ཆ་རྐྱེན་སྐྲུན་དགོས།
ལེའུ་བཞི་པ། ངལ་རྩོལ་དང་སྤྱི་ཚོགས་འགན་སྲུང་གི་ཁེ་དབང་།
དོན་ཚན་ཉེར་གཉིས་པ། རིམ་ཁག་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་བུད་མེད་ལ་སྐྱེས་པ་དང་འདྲ་མཉམ་གྱི་ངལ་རྩོལ་བྱེད་དབང་ལོངས་སུ་སྤྱོད་རྒྱུ་ཡོང་བའི་འགན་སྲུང་བྱས་ཏེ་བུད་མེད་ལ་སྐྱེས་པ་དང་ལས་ཀ་འདྲ་བར་ཐོབ་ཆ་འདྲ་བ་སྤྲོད་རྒྱུ་ལག་བསྟར་བྱེད་དགོས་པ་མ་ཟད། བུད་མེད་ལ་སྤྱི་ཚོགས་ཕན་བདེའི་ཐོབ་ཐང་ཐད་སྐྱེས་པ་དང་འདྲ་མཉམ་གྱི་དབང་ཆ་སྤྱོད་ཐུབ་པའི་འགན་ལེན་བྱེད་དགོས།
དོན་ཚན་ཉེར་གསུམ་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་བུད་མེད་ལ་སྐྱེས་པ་དང་འདྲ་མཉམ་གྱི་ལས་ཞུགས་བྱེད་རྒྱུའི་གོ་སྐབས་ཐོབ་པའི་འགན་སྲུང་བྱེད་དགོས་པ་མ་ཟད། བུད་མེད་ལས་ཞུགས་བྱེད་རྒྱུ་དེ་སྤྱི་ཡོངས་ཀྱི་ལས་ཞུགས་འཆར་འགོད་ནང་བཅུག་ནས་ལས་ཞུགས་དཀའ་ངལ་ཡོད་པའི་བུད་མེད་རྣམས་ལས་ཞུགས་བྱེད་རྒྱུར་དགོས་ངེས་ཀྱི་མཛུབ་ཁྲིད་དང་རོགས་སྐྱོར་བྱེད་དགོས།
དོན་ཚན་ཉེར་བཞི་པ། མི་སྣ་བཀོལ་སྤྱོད་བྱེད་མཁན་ཚན་པས་ལས་བཟོ་བསྡུ་སྐབས། བུད་མེད་ལ་མཐོང་ཆུང་བྱེད་མི་ཆོག་པ་དང་། བུད་མེད་ལ་མི་འཚམ་པའི་ལས་རིགས་སམ་ཡང་ན་ལས་གནས་སྐོར་ལ་བཅའ་ཁྲིམས་ནང་གཏན་འབེབས་བྱས་པ་ཕུད། དེ་མིན་ཕོ་མོ་དབྱེ་བ་ཡོད་ཚུལ་ལ་ཁ་གཡར་ནས་བུད་མེད་ལས་ཀར་མི་བསྡུ་བའི་རིགས་བྱེད་མི་ཆོག་པ་དང་། བུད་མེད་ལས་ཀར་བསྡུ་འཇུག་བྱེད་རྒྱུའི་ཚད་གཞི་དངོས་ཤུགས་གང་ནས་མཐོ་རུ་གཏོང་མི་ཆོག བུད་མེད་ལས་བཟོ་བསྡུ་འཇུག་བྱེད་སྐབས། ཆ་རྐྱེན་གཅིག་པའི་འོག་གྲངས་ཉུང་མི་རིགས་ཀྱི་བུད་མེད་སྔོན་ལ་བསྡུ་འཇུག་བྱེད་དགོས།
དོན་ཚན་ཉེར་ལྔ་པ། མི་སྣ་བཀོལ་སྤྱོད་བྱེད་མཁན་ཚན་པས་བུད་མེད་ལས་བཟོ་བསྡུ་འཇུག་བྱེད་སྐབས་ངེས་པར་དུ་ཁྲིམས་ལུགས་གཞིར་བཟུང་དེ་དང་ངལ་རྩོལ (གདན་ཞུ )གན་རྒྱའམ་ཡང་ན་ཞབས་ཞུའི་གྲོས་དན་འཇོག་དགོས། ངལ་རྩོལ (གདན་ཞུ )གན་རྒྱའམ་ཡང་ན་ཞབས་ཞུའི་གྲོས་དན་ནང་བུད་མེད་ལས་བཟོ་བ་གཉེན་སྒྲིག་བྱེད་རྒྱུ་དང་ཕྲུ་གུ་སྐྱེ་རྒྱུར་ཚོད་འཛིན་བྱེད་པའི་ནང་དོན་རིགས་གཏན་འབེབས་བྱེད་མི་ཆོག མི་སྣ་བཀོལ་སྤྱོད་བྱེད་མཁན་ཚན་པས་བུད་མེད་ལས་བཟོར་དམིགས་བསལ་སྲུང་སྐྱོབ་བྱེད་ཆེད། བུད་མེད་ལས་བཟོ་བ་དང་ཐུན་མོང་ཐོག་གྲོས་མོལ་བྱས་ནས་ཆེད་དམིགས་མཉམ་སྡེབ་གན་རྒྱ་བཞག་ན་འགྲིག
དོན་ཚན་ཉེར་དྲུག་པ། བུད་མེད་ལ་ཟླ་མཚན་བབས་པ་དང་། མངལ་འཁོར་བ། ཕྲུ་གུ་སྐྱེ་བ། འོ་མ་སྟེར་རྒྱུའི་ཕྲུ་གུ་དམར་འབྱར་ཡོད་པ་བཅས་ཀྱི་སྐབས་སུ་དམིགས་བསལ་སྲུང་སྐྱོབ་བྱེད་དགོས། མི་སྣ་བཀོལ་སྤྱོད་བྱེད་མཁན་ཚན་པས་བུད་མེད་གཉེན་སྒྲིག་བྱེད་པ་དང་། མངལ་འཁོར་བ། ཕྲུ་གུ་སྐྱེས་ནས་ངལ་གསོ་བ། ནུ་མ་སྟེར་རྒྱུའི་ཕྲུ་གུ་དམར་འབྱར་ཡོད་པ་སོགས་ལ་བསྙད་བཏགས་ནས་བུད་མེད་ལས་བཟོའི་གླ་ཕོགས་གཅོག་པའམ་ཡང་ན་ཕན་བདེའི་ཐོབ་ཐང་མེད་པ་བཟོ་བ། བུད་མེད་ལས་ཀ་ནས་འབུད་པ་སོགས་དང་། གཞན་ཡང་དེས་རྐྱེན་པས་བུད་མེད་ཀྱི་གོ་གནས་སྤོར་རྒྱུ་དང་། རིམ་པ་སྤོར་རྒྱུ། ཆེད་ལས་ལག་རྩལ་གྱི་གོ་གནས་ཞིབ་དཔྱད་བྱེད་རྒྱུ་བཅས་ལ་ཤུགས་རྐྱེན་བཟོ་བ། ཕྱོགས་རྐྱང་པས་ངལ་རྩོལ (གདན་ཞུ )གན་རྒྱའམ་ཡང་ན་ཞབས་ཞུའི་གྲོས་དན་མེད་པ་བཟོ་བ་བཅས་བྱེད་མི་ཆོགལས་རིགས་ཀྱི་ནད་ཕོག་པའམ་ཡང་ན་ལས་ཀའི་རྐྱེན་གྱིས་རྨས་སྐྱོན་ཕོག་པ་མ་ཟད། ངལ་རྩོལ་བྱེད་ནུས་ཡོངས་སུ་ཤོར་བའམ་ཡང་ན་ཕྲན་བུ་ཤོར་བར་གཏན་འཁེལ་བྱས་པའི་བུད་མེད་ལས་བཟོ་བའི་རིགས་ལ་མི་སྣ་བཀོལ་སྤྱོད་བྱེད་མཁན་ཚན་པ་ཕྱོགས་རྐྱང་པས་དེའི་ངལ་རྩོལ་གན་རྒྱ་མེད་པ་བཟོ་མི་ཆོག
དོན་ཚན་ཉེར་བདུན་པ། མི་སྣ་བཀོལ་སྤྱོད་བྱེད་མཁན་ཚན་པས་ངལ་རྩོལ་འགན་སྲུང་དང་། ངལ་རྩོལ་འགན་བཅོལ། ཕྲུ་གུ་སྐྱེས་བཙའི་འགན་བཅོལ། ངལ་རྩོལ་སྲུང་སྐྱོབ། བུད་མེད་ཀྱི་འཕྲོད་སྦྱོར་སོགས་ཐད་ཀྱི་རྒྱལ་ཁབ་ཀྱི་གཏན་འབེབས་བརྩི་སྲུང་དང་ལག་བསྟར་ནན་པོ་བྱས་ནས་ངལ་རྩོལ་ཁོར་ཡུག་དང་ངལ་རྩོལ་ཆ་རྐྱེན་ལེགས་བཅོས་ཟམ་མི་ཆད་པ་བྱེད་དགོས། མི་སྣ་བཀོལ་སྤྱོད་བྱེད་མཁན་ཚན་པས་རྒྱལ་ཁབ་ཀྱི་གཏན་འབེབས་ལས་བརྒལ་བའི་ཁྱབ་ཁོངས་ནང་བུད་མེད་ལ་མི་འཚམ་པའི་ལས་ཀ་བཀོད་སྒྲིག་བྱེད་མི་ཆོག
དོན་ཚན་ཉེར་བརྒྱད་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་བུ་བཙའ་འགན་ལེན་བྱེད་རྒྱུའི་ཐད་ཀྱི་གཏོང་ཆ་མང་དུ་བཏང་ནས་བུ་བཙའི་འགན་བཅོལ་ལམ་ལུགས་རིམ་བཞིན་འཛུགས་པ་དང་ཚགས་ཚུད་དུ་བཏང་ཐོག་བུད་མེད་སྨན་ཁང་དུ་བསྡད་ནས་ཕྲུ་གུ་སྐྱེ་བསུ་བྱེད་རྒྱུ་ཁྱབ་སྤེལ་གཏོང་དགོས། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་སྲུང་བྱེད་པའི་སྦྲུམ་མར་དགོས་ངེས་ཀྱི་བུ་བཙའི་རོགས་སྐྱོབ་བྱེད་དགོས།
དོན་ཚན་ཉེར་དགུ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་གྲོང་ཁྱེར་དང་གྲོང་གསེབ་ཁག་ལ་བུད་མེད་ཀྱི་རྒྱུན་ཐོན་མོ་ནད་ལ་ཡོངས་ཁྱབ་ཏུ་བརྟག་དཔྱད་བྱེད་ལམ་འཛུགས་དགོས། མི་སྣ་བཀོལ་སྤྱོད་བྱེད་མཁན་ཚན་པས་ཉུང་མཐར་ཡང་ལོ་གཉིས་རེའི་ཐོག་བུད་མེད་ལས་བཟོ་བར་མོ་ནད་དང་། ནུ་མའི་གཤེར་རྨེན་གྱི་ནད་ལ་བརྟག་དཔྱད་ཐེངས་རེ་བྱེད་དགོས། ཆ་རྐྱེན་འཛོམས་པའི་ཚན་པས་བརྟག་དཔྱད་བྱེད་རྒྱུའི་ཐེངས་གྲངས་དང་རྣམ་གྲངས་མང་དུ་གཏོང་དགོས། མི་སྣ་བཀོལ་སྤྱོད་བྱེད་མཁན་ཚན་པས་དུས་བཀག་ཐོག་བུད་མེད་ལས་བཟོ་བར་ལས་རིགས་ཀྱི་ནད་ཕོག་ཡོད་མེད་བརྟག་དཔྱད་བྱེད་དགོས།
ལེའུ་ལྔ་པ། རྒྱུ་ནོར་གྱི་ཁེ་དབང་སྐོར།
དོན་ཚན་སུམ་ཅུ་པ། བུད་མེད་ལ་ཁྱིམ་ཚང་ནང་གི་ཐུན་མོང་གི་རྒྱུ་ནོར་ཐད་སྐྱེས་པ་དང་འདྲ་མཉམ་གྱི་བདག་འཛིན་བྱེད་དབང་དང་། བེད་སྤྱོད་བྱེད་དབང་། ཕན་ཆ་ཐོབ་དབང་། ཐག་གཅོད་བྱེད་དབང་བཅས་ཡོད།
དོན་ཚན་སོ་གཅིག་པ། བུད་མེད་ལ་སྐྱེས་པ་དང་འདྲ་མཉམ་གྱི་རྒྱུ་ནོར་ཤུལ་འཛིན་བྱེད་དབང་ཡོད། གོ་རིམ་གཅིག་མཚུངས་ཀྱི་ཁྲིམས་གཏན་འཁེལ་བའི་ཤུལ་འཛིན་པའི་ནང་བུད་མེད་ལ་མཐོང་ཆུང་བྱེད་རིགས་མི་ཆོག བཟའ་ཟླ་གྲོངས་པའི་བུད་མེད་ལ་ཤུལ་འཛིན་རྒྱུ་ནོར་ཐག་གཅོད་བྱེད་དབང་ཡོད་ལ་དེར་མི་སུ་འདྲ་ཞིག་ལ་ཡང་ཐེ་གཏོགས་བྱེད་དབང་མེད།
དོན་ཚན་སོ་གཉིས་པ། བཟའ་ཚོ་གཉིས་ཀྱིས་ཁང་པའི་བདག་དབང་ལག་ཁྱེར་དང་། ས་ཞིང་བེད་སྤྱོད་བྱེད་དབང་ལག་ཁྱེར། ས་ཞིང་འགན་གཙང་གཉེར་སྐྱོང་བྱེད་དབང་ལག་ཁྱེར། ནགས་དབང་ལག་ཁྱེར་བཅས་དང་། དེ་མིན་ཐུན་མོང་གི་ལག་ཁྱེར་སོགས་ལེན་སྐབས་བཟའ་ཚོ་གཉིས་ཀའི་མིང་འགོད་ཆོག་ལ་ཐོ་འགོད་ལས་ཁུངས་ནས་ཀྱང་དེ་ལྟར་གཉེར་སྒྲུབ་བྱེད་དགོས།
དོན་ཚན་སོ་གསུམ་པ། བུད་མེད་ལ་སྐྱེས་པ་དང་འདྲ་མཉམ་གྱི་ས་ཞིང་འགན་གཙང་བླངས་ནས་གཉེར་སྐྱོང་བྱེད་དབང་ཡོད། ས་ཞིང་འགན་གཙང་ལེན་རིང་ཞིང་འབྲོག་ཁུལ་གྱི་བུད་མེད་གཉེན་སྒྲིག་བྱས་ནས་སྡོད་གནས་གསར་པར་སླེབས་རྗེས་དེ་ནས་ས་ཞིང་འགན་གཙང་ལེན་ཐུབ་མེད་རིགས་དེ་སྔའི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ནས་དེའི་འགན་གཙང་བླངས་པའི་ས་ཞིང་བསྡུ་མི་ཆོག ཞིང་འབྲོག་ཁུལ་གྱི་བུད་མེད་བཟའ་ཚོ་ཐ་དད་བྱེད་པའམ་ཡང་ན་བཟའ་ཟླ་གྲོངས་ཀྱང་དེ་སྔའི་སྡོད་གནས་སུ་འཚོ་བ་སྐྱེལ་མུས་སམ་ཡང་ན་དེ་སྔའི་སྡོད་ས་ནས་སྤོས་རྗེས་སྡོད་གནས་གསར་པར་ས་ཞིང་འགན་གཙང་ལེན་མ་ཐུབ་པའི་རིགས་དེ་སྔའི་སྡོད་གནས་ཀྱི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ཀྱིས་དེའི་འགན་གཙང་བླངས་པའི་ས་ཞིང་བསྡུ་མི་ཆོག ཞིང་འབྲོག་ཁུལ་གྱི་བུད་མེད་ཁྱིམ་ཚང་ནས་དོན་པ་དང་། གཉེན་སྒྲིག་བྱས་པ། བཟའ་ཚོ་ཐ་དད་བྱས་པ་སོགས་ཀྱི་གནས་ཚུལ་ཐོན་སྐབས་ཁྱིམ་ཚང་གིས་འགན་གཙང་བླངས་པའི་ས་ཞིང་བགོས་ནས་འགན་གཙང་ལེན་ཆོག་པ། འགན་གཙང་སྤྲོད་མཁན་དང་གན་རྒྱ་གསར་པ་འཇོག་དགོས་པ་མ་ཟད། ཁྲིམས་ལུགས་གཞིར་བཟུང་ས་ཞིང་འགན་ལེན་གཉེར་སྐྱོང་བྱེད་དབང་སྒྱུར་རྒྱུའི་ཐོ་འགོད་བྱེད་རྒྱུའི་རེ་བ་ཞུ་དགོས། ཞིང་འབྲོག་ཁུལ་གྱི་བུད་མེད་ཀྱིས་ས་ཞིང་འགན་གཙང་བླངས་པའི་གཉེར་སྐྱོང་བྱེད་དབང་དེ་ཁྲིམས་ལུགས་གཞིར་བཟུང་སྤོ་སྒྱུར་བྱེད་སྐབས་རྩ་འཛུགས་དང་མི་སྒེར་སུ་འདྲ་ཞིག་གིས་ཀྱང་དེའི་ཁྲིམས་མཐུན་ཁེ་དབང་ལ་བཙན་གནོད་བྱེད་མི་ཆོག
དོན་ཚན་སོ་བཞི་པ། རྩ་འཛུགས་དང་མི་སྒེར་སུ་འདྲ་ཞིག་གིས་ཀྱང་བུད་མེད་གཉེན་སྒྲིག་བྱས་མེད་པ་དང་། བཟའ་ཚོ་ཐ་དད་བྱས་པ། བཟའ་ཟླ་གྲོངས་པ་བཅས་རྒྱུ་མཚན་དུ་བྱས་ནས་ཞིང་འབྲོག་ཁུལ་གྱི་བུད་མེད་ཀྱི་ཐེམ་ཐོ་སྤོ་སྒྱུར་བྱེད་རྒྱུར་བཀག་འགོག་བྱེད་པའམ་ཡང་ན་བཙན་ཤེད་བྱས་ཏེ་བུད་མེད་ཀྱི་མཉམ་སྡེབ་རྩ་འཛུགས་ནང་གི་ཁེ་ཕན་ལ་བཙན་གནོད་བྱེད་མི་ཆོག
དོན་ཚན་སོ་ལྔ་པ། བུད་མེད་ལ་སྐྱེས་པ་དང་འདྲ་མཉམ་གྱི་སྡོད་ཁང་རྒྱག་སའི་ས་ཆ་བེད་སྤྱོད་བྱེད་དབང་ཡོད། བུད་མེད་གཉེན་སྒྲིག་བྱེད་པ་དང་སྐྱེས་པ་བུད་མེད་ཀྱི་ཁྱིམ་དུ་མག་པར་ཡོང་བའམ་ཡང་ན་བཟའ་ཚོ་ཐ་དད་བྱས་པ་བཅས་ཀྱི་རིགས་སྔར་བཞིན་དེ་སྔའི་སྡོད་གནས་སུ་སྡོད་མུས་ཀྱང་ཁང་པ་མེད་པའི་རྐྱེན་གྱིས་སྡོད་ཁང་རྒྱག་རྒྱུའི་རེ་འདུན་ཞུ་རིགས་ཁྲིམས་གསལ་གཏན་འབེབས་ཀྱི་ཆ་རྐྱེན་དང་མཐུན་རིགས་ལ་རྒྱལ་ཁབ་ཀྱི་གཏན་འབེབས་གཞིར་བཟུང་སྡོད་ཁང་རྒྱག་སའི་ས་ཆ་སྤྲོད་དགོས།
ལེའུ་དྲུག་པ། མི་ལུས་ཀྱི་དབང་ཆའི་སྐོར།
དོན་ཚན་སོ་དྲུག་པ། བུད་མེད་ཀྱི་མི་ལུས་རང་དབང་ལ་བཙན་གནོད་བྱེད་མི་ཆོག་ཅིང་། ཁྲིམས་འགལ་ངང་བཀག་ཉར་བྱེད་པ་དང་དེ་མིན་ཁྲིམས་འགལ་གྱི་བྱ་ཐབས་སྤྱད་དེ་བུད་མེད་ཀྱི་མི་ལུས་རང་དབང་འཕྲོག་པའམ་ཡང་ན་ཚོད་འཛིན་བྱེད་མི་ཆོག བུད་མེད་ལ་ཁྲིམས་འགལ་སྒོ་ནས་ལུས་བཤེར་བྱེད་མི་ཆོག བུད་མེད་ཀྱི་ལུས་པོར་ཁྲིམས་མཐུན་གྱི་བརྟག་དཔྱད་དང་ཞིབ་བཤེར་བྱེད་དགོས་ཚེ་བུད་མེད་ཁྲིམས་སྒྱུར་བས་བརྟག་དཔྱད་དང་ཞིབ་བཤེར་བྱེད་དགོས།
དོན་ཚན་སོ་བདུན་པ། བུད་མེད་ཀྱི་ལུས་སྲོག་བདེ་ཐང་དབང་ཆར་བཙན་གནོད་བྱེད་མི་ཆོག བུ་མོ་དམར་འབྱར་ཆུར་བསྐྱུར་བ་དང་། དབྱུགས་པ། གནོད་འཚེ་གཏོང་བ་བཅས་བྱེད་རིགས་མི་ཆོག་པ་དང་ཕྲུ་གུ་བུ་མོ་སྐྱེ་མཁན་བུད་མེད་དང་ཕྲུ་གུ་མི་སྐྱེ་བའི་བུད་མེད་ལ་མཐོང་ཆུང་དང་སྡུག་ཐང་གཅོད་མི་ཆོག བཀས་བཀོད་རྒྱུན་འཛིན་རྨོངས་དད་དང་གཏུམ་སྤྱོད་སོགས་ཀྱི་བྱ་ཐབས་སྤྱད་དེ་བུད་མེད་ལ་གནོད་འཚེ་གཏོང་མི་ཆོག ན་ཚ་ཡོད་པ་དང་། དབང་པོར་སྐྱོན་ཡོད་པ། ལོ་ན་རྒས་པ་བཅས་ཀྱི་བུད་མེད་ལ་སྡུག་ཐང་གཅོད་པ་དང་བདག་མེད་བསྐྱུར་འཇོག་བྱེད་རིགས་མི་ཆོག
དོན་ཚན་སོ་བརྒྱད་པ། བུད་མེད་བསླུ་ཚོང་དང་བཙན་ཁྲིད་བྱེད་རིགས་མི་ཆོག་པ་དང་། བསླུ་ཚོང་དང་བཙན་ཁྲིད་བྱས་པའི་བུད་མེད་ཉོ་མི་ཆོག བསླུ་ཚོང་དང་བཙན་ཁྲིད་བྱས་པའི་བུད་མེད་སྐྱོབ་ཐབས་བྱེད་པར་འགོག་རྐྱེན་བཟོ་མི་ཆོག རིམ་ཁག་མི་དམངས་སྲིད་གཞུང་དང་། སྤྱི་བདེ། ནོར་སྲིད། མི་རྒྱུན་ཐོན་ཁུངས། སྤྱི་ཚོགས་འགན་སྲུང་། འཕྲོད་བསྟེན་སོགས་འབྲེལ་ཡོད་སྡེ་ཚན་གྱིས་རང་སོ་སོའི་འཁྲི་འགན་གཞིར་བཟུང་བྱ་ཐབས་སྤྱད་དེ་བསླུ་ཚོང་དང་བཙན་ཁྲིད་བྱས་པའི་བུད་མེད་དུས་ཐོག་ཏུ་སྐྱོབ་ཐབས་བྱེད་དགོས་པ་དང་འབྲེལ་དེའི་མཇུག་སྐྱོང་གི་ལས་ཀ་ཡག་པོ་བྱེད་དགོས་པ་དང་། བུད་མེད་མཉམ་ཚོགས་ཀྱིས་དེར་རོགས་པ་དང་གཞོགས་འདེགས་བྱས་ནས་འབྲེལ་ཡོད་ལས་དོན་ཡག་པོ་སྒྲུབ་དགོས།
དོན་ཚན་སོ་དགུ་པ། ཆགས་སྲེད་ཀྱི་ནང་དོན་ཡོད་པའི་སྐད་ཆ་དང་། ཡིག་རིགས། པར་རིས། གློག་རྡུལ་ཆ་འཕྲིན། དེ་བཞིན་ལུས་བརྡ་སོགས་ཀྱི་རྣམ་པའི་ཐོག་ནས་བུད་མེད་ལ་འདོད་སྲེད་བཪྙས་བསྐོ་བྱེད་རིགས་མི་ཆོག བུད་མེད་ནས་རང་ལ་སྲེད་བཪྙས་བསྐོ་བྱུང་རིགས་མི་བཀོལ་སྤྱོད་བྱེད་མཁན་ཚན་པ་དང་འབྲེལ་ཡོད་སྡེ་ཚན་ལ་ཐེར་འདོན་ཞུ་གཏུག་བྱེད་དབང་ཡོད་ལ་འབྲེལ་ཡོད་ཚན་པ་དང་སྡེ་ཚན་གྱིས་ཀྱང་ངེས་པར་དུ་དུས་ཐོག་ཏུ་བདག་སྤྲོད་བྱེད་དགོས།
དོན་ཚན་བཞི་བཅུ་པ། སྨད་འཚོང་འཆལ་རྒྱུག་བྱེད་རིགས་བཀག་སྡོམ་བྱེད་དགོས། བུད་མེད་སྒྲིག་འཛུགས་དང་། བཙན་ཤེད། བསླུ་ཁྲིད། སྟེན་ཉར་། གླ་བ་བཅས་བྱས་ཏེ་ཆགས་སྲེད་ཀྱི་འཁྲབ་སྟོན་བྱེད་འཇུག་པའམ་ཡང་ན་ཆགས་སྲེད་ཞབས་ཞུ་བྱེད་འཇུག་རིགས་མི་ཆོག ཚན་པ་དང་མི་སྒེར་སུ་འདྲ་ཞིག་ནས་ཀྱང་གོང་གསལ་བྱས་བའི་རིགས་ལ་ཡུལ་དུས་ཆ་རྐྱེན་སྐྲུན་རིགས་མི་ཆོག ན་ཚོད་མ་ལོན་པའི་བུ་མོ་དང་དབང་པོ་སྐྱོན་ཅན་བུད་མེད་སྒྲིག་འཛུགས་དང་། བཙན་ཤེད། མགོ་སྐོར་བ་བཅས་བྱས་ཏེ་ཁྲོམ་གཞུང་དུ་སློང་འཇུག་པ་སོགས་དེའི་ལུས་སེམས་ལ་གནོད་པའི་བྱ་བའི་རིགས་བཀག་སྡོམ་བྱེད་རྒྱུ།
དོན་ཚན་ཞེ་གཅིག་པ། བུད་མེད་ཀྱི་མིང་གྲགས་དང་། མཚན་སྙན། གསང་བ། འདྲ་པར་སོགས་མི་གཤིས་ཀྱི་དབང་ཆར་ཁྲིམས་ལུགས་ཐོག་ནས་སྲུང་སྐྱོབ་བྱེད་པ་ཡིན། བུད་མེད་ལ་མཐོང་ཆུང་དང་མ་ཉེས་ཁ་གཡོགས་བྱས་པ་བརྒྱུད་དེའི་མིང་ཐོབ་ལ་བཙན་གནོད་བྱེད་མི་ཆོག་པ་དང་། སྤྱི་འགྲེའི་མཚམས་སྦྱོར་རམ་ཡང་ན་དེ་མིན་གྱི་བྱ་ཐབས་སྤྱད་དེ་བུད་མེད་ཀྱི་མི་གཤིས་ལ་དམའ་འཇོག་བྱེད་མི་ཆོག བརྡ་ཁྱབ་དང་། ཚོང་རྟགས། འགྲེམས་སྒྲོམ། ཚོང་ཟོག་གི་མིང་། འཐུམ་སྒྲིལ། ཀོན་འདོན་བཅས་དང་དེ་མིན་གྱི་མཚམས་སྦྱོར་ཁྲོད་བུད་མེད་ལ་མཐོང་ཆུང་དང་དམའ་འབེབས་བྱེད་པའི་ནང་དོན་རིགས་ཡོད་མི་ཆོག རང་ངོ་མས་མོས་མཐུན་མ་བྱས་པར་ཁེ་གཉེར་གྱི་དོན་དུ་རང་འཚམ་གྱིས་བུད་མེད་ཀྱི་འདྲ་པར་བེད་སྤྱོད་བྱེད་མི་ཆོག
ལེའུ་བདུན་པ། གཉེན་སྒྲིག་དང་ཁྱིམ་ཚང་གི་ཁེ་དབང་སྐོར།
དོན་ཚན་ཞེ་གཉིས་པ། བུད་མེད་ཀྱི་གཉེན་སྒྲིག་རང་ཐག་གཅོད་དབང་ལ་བཙན་གནོད་བྱེད་མི་ཆོག ཁྱོ་ག་གཅིག་ལ་ཆུང་མ་གཅིག་གི་གཉེན་སྒྲིག་ལམ་ལུགས་ལག་བསྟར་བྱས་ཏེ་ཁྱོ་ག་གཅིག་ལ་ཆུང་མ་མང་པོ་དང་ཆུང་མ་གཅིག་ལ་ཁྱོ་ག་མང་པོའི་བཀས་བཀོད་རྒྱུད་འཛིན་གྱི་གཉེན་སྒྲིག་བྱེད་རིགས་མི་ཆོག བྱ་ཐབས་འདྲ་མིན་གྱི་ཐོག་ནས་བུད་མེད་ཀྱི་གཉེན་སྒྲིག་རང་ཐག་གཅོད་དབང་ལ་ཐེ་གཏོགས་བྱེད་མི་ཆོག
དོན་ཚན་ཞེ་གསུམ་པ། བཟའ་ཚོ་ཐ་དད་བྱེད་སྐབས། བཟའ་ཟླ་དང་དེའི་སྤུན་མཆེད་ཀྱིས་བུད་མེད་ཀྱི་མི་ལུས་རང་དབང་དང་སྡོད་གནས་ཀྱི་དབང་ཆར་བཙན་གནོད་བྱེད་མི་ཆོག ཁྲིམས་ལུགས་གཞིར་བཟུང་བཟའ་ཚོའི་འབྲེལ་བ་མེད་པ་བཟོས་རྗེས་མི་སུ་འདྲ་ཞིག་གིས་ཀྱང་བུད་མེད་དེའི་འཚོ་བར་ཐེ་གཏོགས་བྱེད་མི་ཆོག་པ་དང་བུ་ཕྲུག་ཐུག་འཕྲད་བྱེད་དབང་ལ་བཀག་འགོག་བྱེད་མི་ཆོག
དོན་ཚན་ཞེ་བཞི་པ། བཟའ་ཚོ་ཐ་དད་བྱེད་སྐབས། ཐུན་མོང་གི་རྒྱུ་ནོར་རྣམས་ཕྱོགས་གཉིས་ཀས་གྲོས་མོལ་བྱས་ནས་ཐག་གཅོད་བྱེད་དགོས། གྲོས་ཁ་མ་མཐུན་པའི་སྐབས་མི་དམངས་ཁྲིམས་ཁང་ནས་ཞིབ་ཕྲའི་གནས་ཚུལ་ལ་གཞིགས་ཏེ་བུ་ཕྲུག་དང་བུད་མེད་ཀྱི་ཁེ་དབང་ལ་ལྟ་རྟོགས་བྱེད་དགོས་པའི་རྩ་དོན་གཞིར་བཟུང་ཁྲིམས་ཐག་གཅོད་དགོས།
དོན་ཚན་ཞེ་ལྔ་པ། ཉེས་རྡུང་གཏོང་བ་དང་། བསྡམ་བཀྱིག་བྱེད་པ། གནོད་འཚེ་གཏོང་བ། བཙན་ཤེད་ཀྱིས་མི་ལུས་རང་དབང་མེད་པ་བཟོ་བའམ་ཡང་ན་དེ་མིན་གྱི་བྱ་ཐབས་བཅས་སྤྱད་དེ་བུད་མེད་ལ་ཁྱིམ་ཚང་ནང་སྡུག་སྦྱོང་གཏོང་བའི་གཏུམ་སྤྱོད་ཀྱི་བྱ་བའི་རིགས་བྱེད་མི་ཆོག
དོན་ཚན་ཞེ་དྲུག་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་ཁྱིམ་ཚང་ནང་སྡུག་སྦྱོང་གཏུམ་སྤྱོད་སྔོན་འགོག་དང་བཀག་སྡོམ་བྱེད་རྒྱུའི་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོ་སྤེལ་ནས་སྤྱི་དམངས་ཀྱི་ཀུན་སྤྱོད་ལེགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་ཁྱིམ་ཚང་ཞི་མཐུན་ཡོང་རྒྱུར་སྐུལ་ལྕག་གཏོང་དགོས། ཁྱིམ་ཚང་གི་གཏུམ་སྤྱོད་སྔོན་འགོག་དང་བཀག་སྡོམ་བྱེད་རྒྱུའི་ལས་དོན་དེ་ས་གནས་ཁག་དང་ཚན་པ་ཁག་གི་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་བྱེད་རྒྱུའི་ལས་ཁོངས་སུ་འཇུག་དགོས།
དོན་ཚན་ཞེ་བདུན་པ། ཁྱིམ་ཚང་ནང་གཏུམ་སྤྱོད་ཀྱི་གནས་ཚུལ་ཐོན་སྐབས་གྲོང་མི (ཡུལ་མི )ཨུ་ཡོན་ལྷན་ཁང་དང་གནོད་འཚེ་ཕོག་མཁན་བུད་མེད་ཀྱི་ལས་ཁུངས་ནས་ཁ་ཏ་བསླབ་བྱ་བྱེད་པ་དང་། འདུམ་འགྲིག་བྱེད་པའམ་ཡང་ན་སྤྱི་བདེ་ལས་ཁུངས་ལ་སྙན་སེང་ཞུ་དགོས། སྤྱི་བདེ་ལས་ཁུངས་ནས་ཁྱིམ་ཚང་གི་གཏུམ་སྤྱོད་གྱོད་གཞིའི་རིགས་ངེས་པར་དུ་ཁྲིམས་ལུགས་གཞིར་བཟུང་བདག་སྤྲོད་བྱེད་དགོས་པ་དང་ཁྱིམ་ཚང་གི་གཏུམ་སྤྱོད་གནས་ཚུལ་འབྱོར་རྗེས་དུས་ཐོག་ཏུ་ཉེན་རྟོག་པ་བཏང་ནས་བཀག་སྡོམ་བྱེད་དགོས་པ་མ་ཟད། བརྟག་དཔྱད་ཐག་གཅོད་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས།
དོན་ཚན་ཞེ་བརྒྱད་པ། ཁྲིམས་ལུགས་ཀྱི་རོགས་སྐྱོར་བྱེད་མཁན་ལས་ཁུངས་ཀྱིས་ཁྲིམས་ལུགས་གཞིར་བཟུང་བུད་མེད་ལ་ཁྲིམས་ལུགས་ཀྱི་རོགས་སྐྱོར་བྱེད་དགོས་པ་དང་མི་དམངས་འདུམ་འགྲིག་ལས་ཁུངས་ཀྱིས་ཁྱིམ་ཚང་གི་རྩོད་ཪྙོག་འདུམ་འགྲིག་བྱས་ཏེ་ཁྱིམ་ཚང་གི་གཏུམ་སྤྱོད་མི་ཡོང་སྔོན་འགོག་བྱེད་དགོས།
དོན་ཚན་ཞེ་དགུ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་དམངས་སྲིད་སྡེ་ཚན་གྱིས་རོགས་སྐྱོབ་དོ་དམ་ཚན་པར་བརྟེན་ནས་ཁྱིམ་ཚང་གི་གཏུམ་སྤྱོད་ལས་སྐྱོབ་རྒྱུའི་ལས་ཀ་བྱས་ནས་བུད་མེད་ལ་འགེབས་སྲུང་དང་དེ་མིན་དགོས་ངེས་ཀྱི་འཕྲལ་སེལ་རོགས་སྐྱོབ་བྱེད་དགོས། སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱིས་གནོད་འཚེ་ཕོག་པའི་བུད་མེད་ལ་དུས་ཐོག་ཏུ་སྨན་བཅོས་བྱེད་དགོས་པ་དང་སྨན་བཅོས་བྱས་པའི་ཟིན་ཐོ་ཉར་ཚགས་བྱེད་དགོས་པ་མ་ཟད། སྤྱི་བདེ་ལས་ཁུངས་ཀྱི་བརྟག་དཔྱད་བྱེད་རྒྱུར་གཞོགས་འདེགས་བྱེད་དགོས། རིམ་ཁག་བུད་མེད་མཉམ་འབྲེལ་རྩ་འཛུགས་ཀྱིས་གནོད་འཚེ་ཕོག་པའི་བུད་མེད་ལ་ཁྲིམས་ལུགས་ཀྱི་ཇུས་འདོན་དང་སློབ་སྟོན་བྱེད་རྒྱུ་སོགས་ཀྱི་རྒྱབ་སྐྱོར་དང་རོགས་རམ་བྱེད་དགོས།
ལེའུ་བརྒྱད་པ། ཁྲིམས་ལུགས་ཀྱི་འགན་འཁྲིའི་སྐོར།
དོན་ཚན་ལྔ་བཅུ་པ། བྱ་ཐབས་འདིའི་གཏན་འབེབས་ལས་འགལ་ནས་བུད་མེད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་བཙན་གནོད་བྱེད་མཁན་ལ་ངེས་པར་དུ་སྲིད་འཛིན་གྱི་ཆད་པ་གཅོད་དགོས་ཤིང་། དེ་ཡང་འབྲེལ་ཡོད་སྡེ་ཚན་ནས་ཁྲིམས་ལུགས་ཁྲིམས་སྲོལ་གྱི་གཏན་འབེབས་ལྟར་ཆད་པ་གཅོད་དགོས། རྒྱུ་ནོར་དང་། བསམ་བློ། དེ་མིན་བཅས་ཀྱི་ཐད་ལ་གྱོང་གུན་བཟོས་རིགས་ཁྲིམས་ལུགས་གཞིར་བཟུང་དེ་མཚུངས་ཀྱི་དམངས་དོན་གྱི་འགན་འཁྲི་འཁུར་དུ་འཇུག་དགོས་པ་དང་། ཉེས་གསོག་གི་ཚད་ལ་སླེབས་རིགས་ཁྲིམས་ལུགས་གཞིར་བཟུང་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་དགོས།
དོན་ཚན་ང་གཅིག་པ། བུད་མེད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་བཙན་གནོད་བྱུང་ན་འབྲེལ་ཡོད་སྡེ་ཚན་ལ་ཁྲིམས་ལུགས་གཞིར་བཟུང་ཐག་གཅོད་བྱེད་དགོས་པའི་རེ་བ་འདོན་དབང་ཡོད་ལ་འདུམ་གཅོད་ཚན་པར་ཁྲིམས་ལུགས་གཞིར་བཟུང་འདུམ་གཅོད་ཡོད་རེ་ཞུ་ཆོག་ལ་མི་དམངས་ཁྲིམས་ཁང་ལ་ཡང་ཞུ་གཏུག་རྒྱག་ཆོག དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་བུད་མེད་ལ་ཁྲིམས་ལུགས་ཀྱི་རོགས་སྐྱོར་རམ་ཡང་ན་ཁྲིམས་འཛིན་རོགས་སྐྱོར་བྱེད་དགོས་རིགས་ལ་ས་གནས་དེ་གའི་ཁྲིམས་ལུགས་རོགས་སྐྱོར་ཚན་པའམ་ཡང་ན་མི་དམངས་ཁྲིམས་ཁང་ནས་དེ་ཚོར་རོགས་རམ་བྱེད་དགོས་པ་དང་ཁྲིམས་ལུགས་གཞིར་བཟུང་ཁྲིམས་ལུགས་ཀྱི་རོགས་སྐྱོར་རམ་ཡང་ན་ཁྲིམས་འཛིན་རོགས་སྐྱོར་བྱེད་དགོས།
དོན་ཚན་ང་གཉིས་པ། བུད་མེད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་བཙན་གནོད་བཏང་རིགས་བུད་མེད་མཉམ་ཚོགས་ནས་ཡོ་བསྲང་བྱེད་དགོས་པའི་གྲོས་འཆར་འདོན་དགོས་པ་དང་། འབྲེལ་ཡོད་སྡེ་ཚན་ནམ་ཡང་ན་ཚན་པར་གཞོགས་འདེགས་བྱས་ནས་བཙལ་བཤེར་གྱིས་ཐག་གཅོད་བྱེད་དགོས། བུད་མེད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཏང་ནས་མཇུག་འབྲས་ངན་པ་བཟོས་པའི་དོན་རྐྱེན་རིགས་ལ་བུད་མེད་དང་བྱིས་པའི་ལས་དོན་ཨུ་ཡོན་ལྷན་ཁང་ནས་འབྲེལ་ཡོད་སྡེ་ཚན་ལ་ལྟ་སྐུལ་བྱེད་དགོས་པའི་ཡི་གེ་གཏོང་ཆོག འབྲེལ་ཡོད་སྡེ་ཚན་ནས་ལྟ་སྐུལ་བྱ་ཡིག་འབྱོར་བ་ནས་བཟུང་ལས་ཀའི་ཉིན་གྲངས་བཅོ་ལྔའི་ནང་ཚུན་དུ་ཁྲིམས་ལུགས་གཞིར་བཟུང་ཐག་གཅོད་བྱེད་དགོས་པ་མ་ཟད་འདི་བྱས་ཀྱི་ལན་འདེབས་བྱེད་དགོས། ལན་འདེབས་དང་ཐག་གཅོད་བྱེད་རྒྱུའི་དུས་ཚོད་ཡོལ་ཡང་ལན་འདེབས་དང་ཐག་གཅོད་མི་བྱེད་པའི་རིགས་ལ་བུད་མེད་དང་བྱིས་པའི་ལས་དོན་ཨུ་ཡོན་ལྷན་ཁང་གིས་རིམ་པ་གཅིག་མཚུངས་ཀྱི་མི་དམངས་སྲིད་གཞུང་ལ་དེ་སྐོར་ཡོ་བསྲང་བྱེད་རྒྱུའི་བཀའ་གཏོང་དགོས་པའི་གྲོས་འཆར་འདོན་ཆོག་པ་མ་ཟད། འབྲེལ་ཡོད་སྡེ་ཚན་ལ་ཐད་ཀའི་གཙོ་འགན་འཁུར་མཁན་དང་དེ་མིན་ཐད་ཀའི་འགན་འཁུར་མི་སྣར་སྲིད་འཛིན་གྱི་ཆད་པ་གཅོད་དགོས་པའི་གྲོས་འཆར་འདོན་ཆོག
དོན་ཚན་ང་གསུམ་པ། གཤམ་གསལ་གནས་ཚུལ་གང་རུང་ཞིག་ཡོད་རིགས་ལ་དེའི་ཚན་པ་དང་དེའི་གཙོ་འགན་འཁུར་མཁན་སྡེ་ཚན་ནམ་ཡང་ན་གོང་རིམ་ལས་ཁུངས་དང་། ཤང་(གྲོང་རྡལ )མི་དམངས་སྲིད་གཞུང་། ཁྲོམ་གཞུང་དོན་གཅོད་ཁང་བཅས་ཀྱིས་དེར་ཡོ་བསྲང་བྱེད་དགོས་པའི་བཀའ་གཏོང་དགོས་པ་དང་། སྲིད་འཛིན་ཆད་པ་གཅོད་པའི་ཚད་ལ་སླེབས་རིགས་ལ་སྲིད་འཛིན་ཆད་གཅོད་བྱེད་དབང་ཡོད་པའི་ཚན་པ་དང་དེའི་གཙོ་འགན་འཁུར་མཁན་སྡེ་ཚན་ནམ་ཡང་ན་གོང་རིམ་ལས་ཁུངས་དང་ཤང་(གྲོང་རྡལ )མི་དམངས་སྲིད་གཞུང་བཅས་ཀྱིས་ཞིབ་ཕྲའི་གནས་ཚུལ་ལ་གཞིགས་ཏེ་བྱ་བ་རྩོམ་མཁན་དང་ཐད་ཀའི་འགན་འཁྲི་ཡོད་མཁན་ལ་སྲིད་འཛིན་ཆད་པ་གཅོད་དགོས། གཅིག སྤྱི་འགྲེའི་མཚམས་སྦྱོར་རམ་ཡང་ན་དེ་མིན་གྱི་བྱ་ཐབས་སྤྱད་དེ་བུད་མེད་ཀྱི་མི་གཤིས་ལ་དམའ་འབེབས་དང་བཙན་གནོད་བྱས་རིགས་དང་། གཉིས། ཕོ་མོའི་དབྱེ་བ་རྒྱུ་མཚན་དུ་བཟུང་ནས་བུད་མེད་སློབ་མ་བསྡུ་བའི་ཆ་རྐྱེན་དངོས་ཤུགས་གང་ནས་མཐོ་རུ་གཏོང་བའམ་ཡང་ན་བུད་མེད་སློབ་མ་བསྡུ་རྒྱུར་གྲངས་ཚད་བཟོ་བ། གསུམ། སློབ་ཐོན་བུད་མེད་ལས་ཀར་བསྡུ་རྒྱུའི་ཆ་རྐྱེན་ལོན་ན་ཡང་ལས་ཀར་བསྡུ་མཁན་ཚན་པས་རྒྱུ་མཚན་ངོས་འདྲོངས་མེད་པར་རྩིས་ལེན་མི་བྱེད་པ། བཞི། སློབ་ལོ་ལོན་པའི་བུ་མོ་ལོ་ཆུང་བྱིས་པ་སློབ་གྲྭར་མི་གཏོང་བའམ་ཡང་ན་སློབ་ལོ་ལོན་པའི་བུ་མོ་ལོ་ཆུང་བྱིས་པ་སློབ་གྲྭ་ནས་འཐེན་འཇུག་མཁན། ལྔ། འབྲེལ་ཡོད་སློབ་གྲྭས་ཕྱོགས་མིའི་སློབ་ལོ་ལོན་པའི་བུ་མོ་ལོ་ཆུང་བྱིས་པ་སློབ་གྲྭར་མི་འཇུག་པའི་རིགས། དྲུག ཕན་བདེའི་ཐོབ་ཆ་སྤྲོད་རྒྱུ་དང་། གནས་སྤར་རིམ་སྤར་བྱེད་རྒྱུ་ཆེད་ལས་ལག་རྩལ་གྱི་གོ་མིང་སྤྲོད་རྒྱུ་སོགས་ཀྱི་ཐད་ཕོ་མོ་འདྲ་མཉམ་གྱི་རྩ་དོན་ལས་འགལ་ནས་བུད་མེད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་བཙན་གནོད་བྱེད་རིགས། བདུན། མི་བཀོལ་སྤྱོད་བྱེད་མཁན་ཚན་པས་བུད་མེད་གཉེན་སྒྲིག་བྱེད་པ་དང་། མངལ་འཁོར་བ། ཕྲུ་གུ་བཙའ་བ། འོ་མ་སྟེར་རྒྱུའི་ཕྲུ་གུ་དམར་འབྱར་ཡོད་པ་བཅས་ཀྱི་སྐབས་སུ་བུད་མེད་ལས་བཟོ་བ་ལས་ཐོག་ཕྱིར་འབུད་བྱེད་པའམ་ཡང་ན་ཕྱོགས་རྐྱང་པས་ངལ་རྩོལ (གདན་ཞུ )གན་རྒྱ་དང་ཞབས་ཞུའི་གྲོས་དོན་མེད་པ་བཟོས་རིགས།
དོན་ཚན་ང་བཞི་པ། བུད་མེད་ལ་ཁྱིམ་ཚང་ནང་སྡུག་སྦྱོང་གཏོང་བའི་གཏུམ་སྤྱོད་སྤེལ་ནས་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས་ལས་འགལ་བའི་བྱེད་སྤྱོད་རིགས་སྤྱི་བདེ་ལས་ཁུངས་ནས་ཁྲིམས་ལུགས་གཞིར་བཟུང་སྲིད་འཛིན་ཆད་པ་གཅོད་དགོས་པ་དང་། ཉེས་གསོག་གི་ཚད་ལ་སླེབས་པར་ཁྲིམས་ལུགས་གཞིར་བཟུང་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་དགོས། གནོད་འཚེ་ཕོག་པའི་བུད་མེད་ཀྱིས་རང་ལ་སྡུག་སྦྱོང་གཏོང་མཁན་ལ་སྤྱི་བདེ་ལས་ཁུངས་ནས་ཁྲིམས་ལུགས་གཞིར་བཟུང་སྲིད་འཛིན་ཆད་པ་གཅོད་རྒྱུའི་རེ་བ་ཞུ་ཆོག་ལ་མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་བརྒྱབ་ནའང་འགྲིག
ལེའུ་དགུ་པ། ཞར་བྱུང་།
དོན་ཚན་ང་ལྔ་པ། བྱ་ཐབས་འདི་2009ལོའི་ཟླ་12ཚེས་1ཉིན་ནས་ལག་བསྟར་བྱེད་རྒྱུ།
འགན་འཁུར་རྩོམ་སྒྲིག་པ། admin
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣