ཚད་ལྡན་རང་བཞིན་གྱི་ཡིག་ཆ་སྙན་དཔོད་ཞིབ་དཔྱད་བྱེད་རྒྱུའི་བོད་རང་སྐྱོང་ལྗོངས་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྲོལ་ཡིག
བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས།
(2009)ཡིག་ཨང་6པ།
《བོད་རང་སྐྱོང་ལྗོངས་ཀྱི་རིམ་པ་ཁག་གི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་སྙན་དཔོད་ཞིབ་དཔྱད་བྱེད་རྒྱུའི་སྐོར་གྱི་སྲོལ་ཡིག 》འདི་2009ལོའི་ཟླ་7ཚེས་31ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གཅིག་པའི་ཐོག་གྲོས་འཆམ་བྱུང་དོན་བཞིན་ད་ལྟ་ཁྱབ་བསྒྲགས་བྱེད་རྒྱུ་ཡིན་པས་2009ལོའི་ཟླ་9ཚེས་1ཉིན་ནས་ལག་བསྟར་བྱེད་རྒྱུ། དམིགས་བསལ་དུ་སྤྱི་བསྒྲགས་བྱེད་རྒྱུ།
བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས།
2009ལོའི་ཟླ་8ཚེས་ 13ཉིན།
དོན་ཚན་དང་པོ། ཚད་ལྡན་རང་བཞིན་གྱི་ཡིག་ཆ་སྙན་དཔོད་ཞིབ་དཔྱད་ལས་དོན་ཚད་ལྡན་བཟོ་རྒྱུ་དང་དེར་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་ཀྱི་ཁྲིམས་ལུགས་གཅིག་གྱུར་སྲུང་སྐྱོང་དང་། སྤྱི་དམངས་དང་། ཁྲིམས་ཚན། རྩ་འཛུགས་གཞན་དག་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་ཆེད 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་བཟོའི་བཅའ་ཁྲིམས 》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་བཅའ་ཁྲིམས 》སོགས་བཅའ་ཁྲིམས་ཀྱི་གཏན་འབེབས་གཞིར་བཟུང་རང་སྐྱོང་ལྗོངས་ཀྱི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ་སྲོལ་ཡིག་འདི་བཟོས་པ་ཡིན།
དོན་ཚན་གཉིས་པ། རང་སྐྱོང་ལྗོངས་འདི་གའི་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚད་ལྡན་རང་བཞིན་གྱི་ཡིག་ཆ་སྙན་དཔོད་ཞིབ་དཔྱད་བྱེད་པར་སྲོལ་ཡིག་འདི་སྤྱོད་རྒྱུ།
དོན་ཚན་གསུམ་པ། སྲོལ་ཡིག་འདིའི་ནང་གསལ་གྱི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཞེས་པ་ནི་སྲིད་འཛིན་ས་ཁོངས་དེ་གའི་ནང་ཡོངས་བསྒྲགས་བྱེད་པའི་སྤྱི་དམངས་དང་། ཁྲིམས་ཚན། རྩ་འཛུགས་གཞན་དག་བཅས་ཀྱི་ཁེ་དབང་དང་འོས་འགན་དང་འབྲེལ་བ་ཡོད་པ་དང་། སྤྱི་ཡོངས་ནས་གཅུན་འདོམས་བྱེད་ནུས་ཡོད་པ། བེད་སྤྱོད་ཡང་ཡང་བྱེད་འཐུས་བཅས་ཀྱི་ཡིག་ཆར་ཟེར་བ་ཡིན།
དོན་ཚན་བཞི་པ། གཤམ་གསལ་གྱི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་རིགས་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྙན་དཔོད་ཞུ་རྒྱུ་སྟེ། (གཅིག )རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཏན་ལ་ཕབ་པའི་སྒྲིག་སྲོལ་དང་། (གཉིས )རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གྱི་མངགས་བཅོལ་དབང་ཆ་གཞིར་བཟུང་དོན་གནད་ཅིག་གི་ཐད་བཟོས་པའི་ཞིབ་ཕྲའི་གཏན་འབེབས། (གསུམ )རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ཁྱབ་བསྒྲགས་བྱས་པའི་གཏན་འབེབས་དང་། བཀའ་རྒྱ། དེ་བཞིན་ཚད་ལྡན་རང་བཞིན་གྱི་ཡིག་ཆ་གཞན་དགལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཏན་ལ་ཕབ་པའི་སྒྲིག་སྲོལ་རིགས་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྙན་དཔོད་ཞུ་བ་དང་འབྲེལ་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལའང་སྙན་དཔོད་ཞུ་དགོས་པ་བཅས་སོ།
དོན་ཚན་ལྔ་པ། གཤམ་གསལ་གྱི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་རྣམས་རང་ལས་རིམ་པ་གཅིག་གིས་མཐོ་བའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྙན་དཔོད་ཞུ་རྒྱུ་སྟེ། (གཅིག )ལྷ་ས་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཏན་ལ་ཕབ་པའི་གྲོས་ཆོད་དང་གཏན་འབེབས་དང། (གཉིས )ལྷ་ས་གྲོང་ཁྱེར་གྱི་ཁོངས་གཏོགས་རྫོང་རིམ་པའི་མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཏན་ལ་ཕབ་པའི་གྲོས་ཆོད་དང་གཏན་འབེབས། (གསུམ )ཤང་དང་། མི་རིགས་ཤང་། གྲོང་རྡལ་བཅས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་གྱིས་གཏན་ལ་ཕབ་པའི་གྲོས་ཆོད་དང་གཏན་འབེབས་བཅས་སོ།
དོན་ཚན་དྲུག་པ། ས་གནས་སྲིད་འཛིན་ཀུང་ཧྲུའུ་ཡིས་ཁྱབ་བསྒྲགས་བྱས་པའི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་དང་ས་གནས་ཁོངས་གཏོགས་ཀྱི་རྫོང་རིམ་པའི་མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཏན་ལ་ཕབ་པའི་གྲོས་ཆོད་དང་གཏན་འབེབས་རིགས་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ས་གནས་ལས་དོན་ཨུ་ཡོན་ལྷན་ཁང་ལ་སྙན་དཔོད་ཞུ་དགོས།
དོན་ཚན་བདུན་པ། ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཡོངས་བསྒྲགས་བྱས་པའི་ཉིན་ནས་བཟུང་ཉིན་སུམ་ཅུའི་ནང་སྙན་དཔོད་ཞུ་རྒྱུར་འབུལ་དགོས། ཚད་ལྡན་རང་བཞིན་གྱི་ཡིག་ཆ་སྙན་དཔོད་ཞུ་སྐབས་སྙན་དཔོད་ཞུ་ཡིག་དང་། ཚད་ལྡན་རང་བཞིན་གྱི་ཡིག་ཆའི་མ་ཡིག་གསལ་བཤད་སོགས་འབྲེལ་ཡོད་ཡིག་རིགས་ཞུ་འབུལ་བྱེད་དགོས་ཤིང་། ཕྱོགས་སྒྲིག་བྱས་ནས་མ་གཅིག་ལ་འདྲ་ལྔ་བཟོ་རྒྱུ་མ་ཟད། གློག་རྡུལ་མ་ཡིག་མཉམ་དུ་འབུལ་དགོས།
དོན་ཚན་བརྒྱད་པ། རྫོང་རིམ་པ་ཡན་གྱི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ས་གནས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་སྙན་དཔོད་ཞིབ་དཔྱད་དོན་བྱེད་ལས་ཁུངས (གཤམ་དུ་བསྡུས་མིང་ལ་སྙན་དཔོད་ཞིབ་དཔྱད་དོན་བྱེད་ལས་ཁུངས་ཞེས་ཟེར་རྒྱུ )ཀྱིས་ཚད་ལྡན་རང་བཞིན་གྱི་ཡིག་ཆ་རྩིས་ལེན་དང་། ཐོ་འགོད། བགོས་སྐྱེལ། ཡིག་ཚགས་སུ་ཉར་བ། ཞིབ་དཔྱད་སོགས་ཞིབ་ཕྲའི་ལས་ཀ་བྱེད་འགན་འཁུར་དགོས། སྙན་དཔོད་ཞིབ་དཔྱད་དོན་བྱེད་ལས་ཁུངས་སུ་སྙན་དཔོད་ཞུས་པའི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་འབྱོར་རྗེས་ཀྱི་ཉིན་བཅུའི་ནང་ཚུན་དུ་དེར་ཕྱི་ཚུལ་གྱི་ཞིབ་དཔྱད་བྱེད་དགོས། སྲོལ་ཡིག་འདིའི་གཏན་འབེབས་ཀྱི་ཆ་རྐྱེན་དང་མཐུན་ཡོད་ཚེ་སྙན་དཔོད་ཐོ་འགོད་བྱེད་རྒྱུ་དང་། སྲོལ་ཡིག་འདིའི་དོན་ཚན་བདུན་པའི་གཏན་འབེབས་དང་མ་མཐུན་ཚེ་སྙན་དཔོད་ཡིག་ཆ་བཟོ་མཁན་ཚན་པར་ཉིན་བཅོ་ལྔའི་ནང་ཚུན་དུ་གསབ་ཞུའམ་ཡང་ན་བསྐྱར་དུ་སྙན་འབུལ་ཞུ་དགོས་པའི་བརྡ་ཐོ་གཏོང་དགོས།
དོན་ཚན་དགུ་པ། སྙན་དཔོད་ཞུ་བའི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་དེ་སྙན་དཔོད་ཞིབ་དཔྱད་དོན་བྱེད་ལས་ཁུངས་ཀྱིས་ཐོ་འགོད་བྱས་རྗེས་ཐོག་མའི་ཞིབ་དཔྱད་བྱས་ནས་མི་འཚམ་པའི་གནད་དོན་མི་འདུག་བསམས་ཚེ་ཡིག་ཚགས་ཀྱི་ཁོངས་སུ་འཇུག་དགོས་པ་དང་། མི་འཚམ་པའི་གནད་དོན་འདུག་བསམས་ཚེ་ཡིག་ཐོག་གི་བསམ་འཆར་འདོན་དགོས། དགོས་ངེས་སྐབས་སུ་མི་དམངས་འཐུས་མི་ཚོགས་ཆེན་གྱི་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་ངམ་ཡང་ན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་ལས་ཁུངས་ལ་ཞིབ་དཔྱད་བྱེད་རྒྱུར་འབུལ་དགོས། ཚད་ལྡན་རང་བཞིན་གྱི་ཡིག་ཆའི་ནང་དོན་ཐད་ཆེད་དོན་ཨུ་ཡོན་ལྷན་ཁང་ངམ་ཡང་ན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དོན་བྱེད་ལས་ཁུངས་གཉིས་སམ་ཡང་ན་གཉིས་ཡན་གྱི་འགན་ཁོངས་དང་འབྲེལ་བ་ཡོད་ན་སྙན་དཔོད་ཞིབ་དཔྱད་དོན་བྱེད་ལས་ཁུངས་ཀྱིས་དུས་གཅིག་ཏུ་མི་དམངས་འཐུས་མི་ཚོགས་ཆེན་གྱི་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་ལས་ཁུངས་ལ་ཞིབ་དཔྱད་བྱེད་རྒྱུར་འབུལ་དགོས།
དོན་ཚན་བཅུ་པ། ཚད་ལྡན་རང་བཞིན་གྱི་ཡིག་ཆར་གཤམ་གསལ་གྱི་གནས་ཚུལ་ཡོད་མེད་གཙོ་བོར་ཞིབ་དཔྱད་བྱེད་རྒྱུ་སྟེ། (གཅིག )ཁྲིམས་བཅད་དབང་ཚད་ལས་བརྒལ་ནས་སྤྱི་དམངས་དང་། ཁྲིམས་ཚན། རྩ་འཛུགས་གཞན་དག་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་ཚོད་འཛིན་བྱེད་པའམ་ཡང་ན་འཕྲོག་པ་དང་། ཡང་ན་སྤྱི་དམངས་དང་། ཁྲིམས་ཚན། རྩ་འཛུགས་གཞན་དག་བཅས་ཀྱི་འོས་འགན་མང་དུ་གཏོང་བ་དང་། (གཉིས )བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་དང་འགལ་གཞི་ཡོད་པ། (གསུམ )གོང་རིམ་དང་ཡང་ན་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་གྲོས་ཆོད་དང་གཏན་འབེབས་དང་འགལ་གཞི་ཡོད་པ། (བཞི )མི་འཚམ་པའི་གནད་དོན་གཞན་དག་ཡོད་པ་བཅས་སོ།
དོན་ཚན་བཅུ་གཅིག་པ། རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྙན་དཔོད་ཞིབ་དཔྱད་བྱེད་འགན་འཁུར་བའི་ཚད་ལྡན་རང་བཞིན་གྱི་ཡིག་ཆར་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་དང་། མི་དམངས་ཁྲིམས་ཁང་། མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱིས་སྲོལ་ཡིག་འདིའི་དོན་ཚན་བཅུ་པའི་ནང་གསལ་གྱི་གནས་ཚུལ་གྲས་ཤིག་འདུག་སྙམས་ཚེ་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཞིབ་དཔྱད་བྱེད་རྒྱུའི་ཡིག་ཐོག་གི་རེ་བ་འདོན་ཆོག རང་ལས་རིམ་པ་གཅིག་གིས་མཐོ་བའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྙན་དཔོད་ཞིབ་དཔྱད་བྱེད་འགན་འཁུར་བའི་ཚད་ལྡན་རང་བཞིན་གྱི་ཡིག་ཆར་ལྷ་ས་གྲོང་ཁྱེར་དང་རྫོང་(གྲོང་ཁྱེར་དང་ཆུད )མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྲོལ་ཡིག་འདིའི་དོན་ཚན་བཅུ་པའི་ནང་གསལ་གྱི་གནས་ཚུལ་གྲས་ཤིག་འདུག་སྙམས་ཚེ་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཞིབ་དཔྱད་བྱེད་རྒྱུའི་ཡིག་ཐོག་གི་རེ་བ་འདོན་ཆོག སྙན་དཔོད་ཞིབ་དཔྱད་དོན་བྱེད་ལས་ཁུངས་སུ་ཞིབ་དཔྱད་རེ་ཞུ་འབྱོར་རྗེས་ཐོག་མའི་ཞིབ་དཔྱད་བྱས་ནས་མི་འཚམ་པའི་གནད་དོན་མི་འདུག་སྙམས་ཚེ་ཡིག་ཚགས་སུ་ཉར་དགོས། མི་འཚམ་པའི་གནད་དོན་འདུག་སྙམས་ཚེ་གཉེར་སྒྲུབ་བསམ་འཆར་འདོན་དགོས་པ་དང་། དགོས་ངེས་སྐབས་སུ་མི་དམངས་འཐུས་མི་ཚོགས་ཆེན་གྱི་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་ངམ་ཡང་ན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་ལས་ཁུངས་ལ་ཞིབ་དཔྱད་བྱེད་རྒྱུར་འབུལ་དགོས།
དོན་ཚན་བཅུ་གཉིས་པ། གོང་གསལ་དོན་ཚན་ནང་འཁོད་གཏན་འབེབས་ཕུད་པའི་རྒྱལ་ཁབ་ལས་ཁུངས་དང་། སྤྱི་ཚོགས་ཚོགས་པ། ཁེ་ལས་བྱ་གཞག་ཚན་པ། རྩ་འཛུགས་གཞན་དག་བཅས་དང་དེ་བཞིན་སྤྱི་དམངས་ཀྱིས་ཚད་ལྡན་རང་བཞིན་གྱི་ཡིག་ཆར་སྲོལ་ཡིག་འདིའི་དོན་ཚན་བཅུ་པའི་ནང་གསལ་གྱི་གནས་ཚུལ་གྲས་ཤིག་འདུག་སྙམས་ཚེ་ཞིབ་དཔྱད་བྱེད་དབང་ཡོད་པའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཞིབ་དཔྱད་བྱེད་རྒྱུའི་ཡིག་ཐོག་གི་གྲོས་འཆར་འདོན་ཆོག་པ་དང་། སྙན་དཔོད་ཞིབ་དཔྱད་དོན་བྱེད་ལས་ཁུངས་ཀྱིས་ཞིབ་དཔྱད་གྲོས་འཆར་ལ་ཞིབ་འཇུག་བྱས་ཏེ་ཞིབ་དཔྱད་བྱེད་དགོས་པ་འདུག་སྙམས་ཚེ་ཡིག་ཐོག་གི་བསམ་འཆར་འདོན་དགོས་པ་དང་། དགོས་ངེས་སྐབས་སུ་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཆེད་དོན་ཨུ་ཡོན་ལྷན་ཁང་ངམ་ཡང་ན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་དོན་བྱེད་ལས་ཁུངས་ལ་ཞིབ་དཔྱད་བྱེད་རྒྱུར་འབུལ་དགོས།
དོན་ཚན་བཅུ་གསུམ་པ། རྒྱལ་ཁབ་ལས་ཁུངས་དང་། སྤྱི་ཚོགས་ཚོགས་པ། ཁེ་ལས་བྱ་གཞག་ཚན་པ། རྩ་འཛུགས་གཞན་དག་བཅས་དང་དེ་བཞིན་སྤྱི་དམངས་ཀྱིས་ཞིབ་དཔྱད་བྱེད་རྒྱུ་ཡིག་ཐོག་ནས་ཞུ་བའམ་ཡང་ན་གྲོས་འཆར་འདོན་སྐབས་ཞིབ་དཔྱད་ཡོང་བའི་རེ་བའམ་ཡང་ན་གྲོས་འཆར་བཏོན་པའི་ཚད་ལྡན་རང་བཞིན་གྱི་ཡིག་ཆའི་མིང་དང་། ཞིབ་དཔྱད་བྱེད་རྒྱུའི་དོན་དག་དང་རྒྱུ་མཚན་གསལ་པོ་འབྲི་དགོས།
དོན་ཚན་བཅུ་བཞི་པ། རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྙན་དཔོད་ཞིབ་དཔྱད་བྱེད་ཁོངས་སུ་མ་གཏོགས་པའི་ཞིབ་དཔྱད་རེ་བའམ་ཡང་ན་ཞིབ་དཔྱད་གྲོས་འཆར་ཡིན་ཕྱིན་སྙན་དཔོད་ཞིབ་དཔྱད་དོན་བྱེད་ལས་ཁུངས་ཀྱིས་ཉིན་བཅུའི་ནང་ཚུན་དུ་ཞིབ་དཔྱད་རེ་ཞུའམ་ཡང་ན་ཞིབ་དཔྱད་གྲོས་འཆར་འདོན་མཁན་རྩ་འཛུགས་སམ་ཡང་ན་སྤྱི་དམངས་ལ་སྙན་དཔོད་ཞིབ་དཔྱད་བྱེད་དབང་ཡོད་པའི་ལས་ཁུངས་ལ་འདོན་དགོས་པའི་བརྡ་ལན་སྤྲོད་དགོས།
དོན་ཚན་བཅོ་ལྔ་པ། མི་དམངས་འཐུས་མི་ཚོགས་ཆེན་གྱི་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་ངམ་ཡང་ན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་དོན་བྱེད་ལས་ཁུངས་དང་། སྙན་དཔོད་ཞིབ་དཔྱད་དོན་བྱེད་ལས་ཁུངས་ཀྱིས་ཚད་ལྡན་རང་བཞིན་གྱི་ཡིག་ཆར་ཞིབ་དཔྱད་བྱེད་སྐབས་ཡིག་ཆ་བཟོ་མཁན་ལས་ཁུངས་དབར་གནས་ཚུལ་སྤེལ་རེས་དང་བསམ་འཆར་འདྲི་རྩད་བྱེད་དགོས། དགོས་ངེས་སྐབས་སུ་ཡིག་ཆ་བཟོ་མཁན་ལས་ཁུངས་ཀྱིས་གནས་ཚུལ་གསལ་བཤད་བྱེད་པའམ་ཡང་ན་ཁ་གསབ་དཔྱད་ཡིག་འདོན་སྤྲོད་བྱེད་དགོས། མི་དམངས་འཐུས་མི་ཚོགས་ཆེན་གྱི་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་ངམ་ཡང་ན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་དོན་བྱེད་ལས་ཁུངས་དང་། སྙན་དཔོད་ཞིབ་དཔྱད་དོན་བྱེད་ལས་ཁུངས་ཀྱིས་མཉམ་འབྲེལ་ཞིབ་དཔྱད་གྲོས་ཚོགས་དང་། རིགས་སྒྲུབ་ཁུངས་སྐྱེལ་གྲོས་ཚོགས། གཟུ་ཉན་གྲོས་ཚོགས་སོགས་སྐོང་ཚོགས་བྱེད་པ་བརྒྱུད་ནས་ཡིག་ཆ་བཟོ་མཁན་ལས་ཁུངས་དང་། ཐད་འབྲེལ་སྡེ་ཚན། རིགས་གཅིག་མཁས་དབང་བཅས་དང་དེ་བཞིན་སྤྱི་ཚོགས་ལས་རིགས་ཁག་གི་བསམ་འཆར་རྒྱ་ཁྱབ་ངང་ཉན་འཇོག་བྱེད་དགོས།
དོན་ཚན་བཅུ་དྲུག་པ། མི་དམངས་འཐུས་མི་ཚོགས་ཆེན་གྱི་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་ངམ་ཡང་ན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་དོན་བྱེད་ལས་ཁུངས་དང་། སྙན་དཔོད་ཞིབ་དཔྱད་དོན་བྱེད་ལས་ཁུངས་ཀྱིས་ཐོ་འགོད་བྱས་པའི་ཉིན་ནས་བཟུང་ཉིན་སུམ་ཅུའི་ནང་ཚུན་དུ་ཚད་ལྡན་རང་བཞིན་གྱི་ཡིག་ཆའི་ཐད་ལ་ཡིག་ཐོག་གི་བསམ་འཆར་འདོན་དགོས། རྫོང་རིམ་པ་ཡན་གྱི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྙན་དཔོད་ཞིབ་དཔྱད་དོན་བྱེད་ལས་ཁུངས་ལ་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཞིབ་དཔྱད་བྱེད་རྒྱུའི་རེ་བའམ་ཡང་ན་ཞིབ་དཔྱད་གྲོས་འཆར་འབྱོར་ཉིན་བཟུང་ནས་ཉིན་དྲུག་ཅུའི་ནང་ཚུན་དུ་ཞིབ་དཔྱད་ཚར་བ་བྱེད་དགོས། དམིགས་བསལ་གནས་ཚུལ་གྱིས་རྐྱེན་པས་ཞིབ་དཔྱད་དུས་འགྱངས་གཏོང་དགོས་རིགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཚོགས་འདུས་ཆོག་མཆན་ཐོབ་པ་བརྒྱུད་ཕྱིར་འགྱངས་ཉིན་སུམ་ཅུ་བྱེད་ཆོག
དོན་ཚན་བཅུ་བདུན་པ། མི་དམངས་འཐུས་མི་ཚོགས་ཆེན་གྱི་ཆེད་དོན་ཨུ་ཡོན་ལྷན་ཁང་དང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་དོན་བྱེད་ལས་ཁུངས། སྙན་དཔོད་ཞིབ་དཔྱད་དོན་བྱེད་ལས་ཁུངས་བཅས་ཚང་མས་ཚད་ལྡན་རང་བཞིན་གྱི་ཡིག་ཆ་དེར་སྲོལ་ཡིག་འདིའི་དོན་ཚན་བཅུ་པའི་ནང་གསལ་གྱི་གནས་ཚུལ་གྲས་ཤིག་འདུག་སྙམས་ཚེ་སྙན་དཔོད་ཞིབ་དཔྱད་དོན་བྱེད་ལས་ཁུངས་དང་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་ངམ་ཡང་ན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་དོན་བྱེད་ལས་ཁུངས་ཀྱིས་ཡིག་ཆ་བཟོ་མཁན་ལས་ཁུངས་དང་བསམ་འཆར་བརྗེ་རེས་བྱེད་དགོས། ཡིག་ཆ་བཟོ་མཁན་ལས་ཁུངས་དང་བསམ་འཆར་བརྗེ་རེས་བྱས་ནས་གཅིག་མཐུན་བྱུང་ཚེ་ཡིག་ཆ་བཟོ་མཁན་ལས་ཁུངས་ཀྱིས་ཉིན་སུམ་ཅུའི་ནང་ཚུན་དུ་ཚད་ལྡན་རང་བཞིན་གྱི་ཡིག་ཆ་དེར་རང་འགུལ་གྱིས་བཟོ་བཅོས་རྒྱག་པའམ་ཡང་ན་རྩིས་མེད་དུ་གཏོང་དགོས། བསམ་འཆར་གཅིག་མཐུན་མ་བྱུང་ཚེ་སྙན་དཔོད་ཞིབ་དཔྱད་དོན་བྱེད་ལས་ཁུངས་ཀྱིས་ཡིག་ཐོག་བསམ་འཆར་བཏོན་ནས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཚོགས་འདུར་སྙན་འབུལ་ཞུས་ནས་གྲོས་འཆམ་བྱུང་རྗེས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དོན་གཅོད་ལས་ཁུངས་ཀྱིས་ཡིག་ཐོག་ཞིབ་དཔྱད་བསམ་འཆར་དེ་ཡིག་ཆ་བཟོ་མཁན་ལས་ཁུངས་ལ་བརྒྱུད་སྤྲོད་བྱེད་དགོས།
དོན་ཚན་བཅོ་བརྒྱད་པ། ཡིག་ཆ་བཟོ་མཁན་ལས་ཁུངས་ལ་ཞིབ་དཔྱད་བྱེད་རྒྱུའི་ཡིག་ཐོག་བསམ་འཆར་འབྱོར་རྗེས་ཉིན་དྲུག་ཅུའི་ནང་ཚུན་དུ་ཚད་ལྡན་རང་བཞིན་གྱི་ཡིག་ཆ་དེར་རང་འགུལ་གྱིས་བཟོ་བཅོས་རྒྱག་པའམ་ཡང་ན་རྩིས་མེད་དུ་གཏོང་དགོས་པ་མ་ཟད། མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དོན་གཅོད་ལས་ཁུངས་ལ་ཇི་བྱས་བརྡ་ལན་སྐྱེལ་དགོས། ཡིག་ཆ་བཟོ་མཁན་ལས་ཁུངས་ཀྱིས་བཟོ་བཅོས་གཏན་ནས་མ་བརྒྱབ་པའམ་ཡང་ན་རྩིས་མེད་དུ་མ་བཏང་ཚེ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་གིས་ཚད་ལྡན་རང་བཞིན་གྱི་ཡིག་ཆ་དེ་རྩིས་མེད་དུ་གཏོང་དགོས་པའི་གྲོས་གཞི་འདོན་ཆོག་པ་དང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཚོགས་འདུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་གྲོས་ཞིབ་བྱེད་རྒྱུར་འབུལ་རྒྱུའི་གཏན་འཁེལ་བྱེད་དགོས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་དོན་བྱེད་ལས་ཁུངས་དང་སྙན་དཔོད་ཞིབ་དཔྱད་དོན་བྱེད་ལས་ཁུངས་ཀྱིས་ཚད་ལྡན་རང་བཞིན་གྱི་ཡིག་ཆ་དེ་རྩིས་མེད་གཏོང་དགོས་པའི་གྲོས་འཆར་བཏོན་ཏེ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཚོགས་འདུས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཚད་ལྡན་རང་བཞིན་གྱི་ཡིག་ཆ་རྩིས་མེད་གཏོང་རྒྱུའི་གྲོས་གཞི་འབུལ་དགོས་མིན་གྱི་གཏན་འཁེལ་བྱེད་རྒྱུ། མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་ཚད་ལྡན་རང་བཞིན་གྱི་ཡིག་ཆ་རྩིས་མེད་གཏོང་རྒྱུའི་གྲོས་གཞིར་གྲོས་ཞིབ་བྱེད་སྐབས། ཡིག་ཆ་བཟོ་མཁན་ལས་ཁུངས་ནས་ཚོགས་འདུར་མི་སྣ་མངགས་གཏོང་གིས་བསམ་འཆར་ཉན་པ་དང་འདྲི་བར་ལན་འདེབས་དགོས།
དོན་ཚན་བཅུ་དགུ་པ། རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྙན་དཔོད་ཞིབ་དཔྱད་དོན་བྱེད་ལས་ཁུངས་ཀྱིས་ཐོག་མའི་ཞིབ་དཔྱད་བྱས་པ་བརྒྱུད་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་སྒྲིག་སྲོལ་ཐད་སྲོལ་ཡིག་འདིའི་དོན་ཚན་བཅུ་པའི་ནང་གསལ་གྱི་གནས་ཚུལ་གྲས་ཤིག་འདུག་སྙམས་ནས་བཟོ་བཅོས་སམ་ཡང་ན་རྩིས་མེད་དུ་གཏོང་དགོས་རིགས་ཡིག་ཐོག་བསམ་འཆར་བཏོན་ཐོག་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཚོགས་འདུར་སྙན་དཔོད་ཞུས་ནས་གྲོས་འཆམ་བྱུང་རྗེས། རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དོན་གཅོད་ལས་ཁུངས་ཀྱིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ངམ་ཡང་ན་ལྷ་ས་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཐག་གཅོད་རྒྱུར་བརྒྱུད་སྤྲོད་བྱེད་རྒྱུ་མ་ཟད། ཐག་གཅོད་བྱས་འབྲས་སྙན་སེང་ཞུ་དགོས།
དོན་ཚན་ཉི་ཤུ་པ། རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ས་གནས་ལས་དོན་ཨུ་ཡོན་ལྷན་ཁང་གིས་ས་གནས་སྲིད་འཛིན་ཀུང་ཧྲུའུ་ཡིས་ཁྱབ་བསྒྲགས་བྱས་པའི་ཚད་ལྡན་རང་བཞིན་གྱི་ཡིག་ཆར་སྲོལ་ཡིག་འདིའི་དོན་ཚན་བཅུ་པའི་ནང་གསལ་གྱི་གནས་ཚུལ་གྲས་ཤིག་ཡོད་པའི་ངོས་འཛིན་བྱས་ཚེ་ས་གནས་སྲིད་འཛིན་ཀུང་ཧྲུའུ་དང་བསམ་འཆར་བརྗེ་རེས་བྱེད་དགོས། བསམ་འཆར་བརྗེ་རེས་བྱས་ནས་གཅིག་མཐུན་བྱུང་ཡོད་ན་ས་གནས་སྲིད་འཛིན་ཀུང་ཧྲུའུ་ཡིས་ཉིན་སུམ་ཅུའི་ནང་ཚུན་དུ་ཚད་ལྡན་རང་བཞིན་གྱི་ཡིག་ཆ་དེར་རང་འགུལ་ངང་བཟོ་བཅོས་རྒྱག་པའམ་ཡང་ན་རྩིས་མེད་དུ་གཏོང་དགོས་པ་དང་། བསམ་འཆར་གཅིག་མཐུན་མ་བྱུང་ཚེ་ཡིག་ཐོག་གི་གྲོས་འཆར་བཏོན་ནས་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཚོགས་འདུར་སྙན་དཔོད་ཞུས་ནས་གྲོས་འཆམ་བྱུང་རྗེས། རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དོན་གཅོད་ལས་ཁུངས་ཀྱིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལ་ཐག་གཅོད་བྱེད་རྒྱུར་བརྒྱུད་སྤྲོད་བྱེད་རྒྱུ་མ་ཟད། ཐག་གཅོད་བྱས་འབྲས་སྙན་སེང་ཞུ་དགོས།
དོན་ཚན་ཉེར་གཅིག་པ། རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ས་གནས་ལས་དོན་ཨུ་ཡོན་ལྷན་ཁང་གིས་ས་གནས་ཁོངས་གཏོགས་ཀྱི་རྫོང་རིམ་པའི་མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བཟོས་པའི་གྲོས་ཆོད་དང་གཏན་འབེབས་ལ་སྲོལ་ཡིག་འདིའི་དོན་ཚན་བཅུ་པའི་ནང་གསལ་གྱི་གནས་ཚུལ་གྲས་ཤིག་ཡོད་པའི་ངོས་འཛིན་བྱས་ཚེ་ཡིག་ཆ་བཟོ་མཁན་ལས་ཁུངས་དང་བསམ་འཆར་བརྗེ་རེས་བྱེད་དགོས། བསམ་འཆར་བརྗེ་རེས་བྱས་ནས་གཅིག་མཐུན་བྱུང་ཡོད་ཚེ་ཡིག་ཆ་བཟོ་མཁན་ལས་ཁུངས་ཀྱིས་ཉིན་སུམ་ཅུའི་ནང་ཚུན་དུ་ཚད་ལྡན་རང་བཞིན་གྱི་ཡིག་ཆར་རང་འགུལ་ངང་བཟོ་བཅོས་རྒྱག་པའམ་ཡང་ན་རྩིས་མེད་གཏོང་དགོས་པ་དང་། བསམ་འཆར་གཅིག་མཐུན་མ་བྱུང་ཚེ་ཡིག་ཐོག་གི་གྲོས་འཆར་བཏོན་ནས་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཚོགས་འདུར་སྙན་དཔོད་ཞུས་ནས་གྲོས་འཆམ་བྱུང་རྗེས་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དོན་གཅོད་ལས་ཁུངས་ཀྱིས་ཡིག་ཐོག་གི་ཞིབ་དཔྱད་བསམ་འཆར་དེ་ཡིག་ཆ་བཟོ་མཁན་ལས་ཁུངས་ལ་བརྒྱུད་སྤྲོད་བྱེད་དགོས།
དོན་ཚན་ཉེར་གཉིས་པ། ཡིག་ཆ་བཟོ་མཁན་ལས་ཁུངས་ལ་ཡིག་ཐོག་གི་ཞིབ་དཔྱད་བསམ་འཆར་འབྱོར་རྗེས། ཉིན་དྲུག་ཅུའི་ནང་ཚུན་དུ་ཚད་ལྡན་རང་བཞིན་གྱི་ཡིག་ཆར་རང་འགུལ་ངང་བཟོ་བཅོས་རྒྱག་པའམ་ཡང་ན་རྩིས་མེད་གཏོང་དགོས་པ་མ་ཟད། རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དོན་གཅོད་ལས་ཁུངས་ལ་ཐག་གཅོད་བྱས་འབྲས་བརྡ་ལན་སྤྲོད་དགོས། ཡིག་ཆ་བཟོ་མཁན་ལས་ཁུངས་ཀྱིས་བཟོ་བཅོས་རྩ་བ་ནས་མ་བརྒྱབ་པའམ་ཡང་ན་རྩིས་མེད་བཏང་མེད་ཚེ་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་སྙན་དཔོད་ཞིབ་དཔྱད་དོན་བྱེད་ལས་ཁུངས་ཀྱིས་ཚད་ལྡན་རང་བཞིན་གྱི་ཡིག་ཆ་དེ་རྩིས་མེད་དུ་གཏོང་དགོས་པའི་གྲོས་འཆར་འདོན་ཆོག་པ་དང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཚད་ལྡན་རང་བཞིན་གྱི་ཡིག་ཆ་དེ་རྩིས་མེད་གཏོང་རྒྱུའི་གྲོས་འཆར་འདོན་དགོས་མིན་གཏན་འཁེལ་བྱེད་རྒྱུ།
དོན་ཚན་ཉེར་གསུམ་པ། མི་དམངས་འཐུས་མི་ཚོགས་ཆེན་གྱི་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་ངམ་ཡང་ན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་དོན་བྱེད་ལས་ཁུངས་དང་སྙན་དཔོད་ཞིབ་དཔྱད་དོན་བྱེད་ལས་ཁུངས་དབར་ཚད་ལྡན་རང་བཞིན་གྱི་ཡིག་ཆ་གཅིག་ལ་ཞིབ་དཔྱད་བྱེད་རྒྱུའི་བསམ་འཆར་གཅིག་མཐུན་མ་བྱུང་བའི་སྐབས་སུ། སྙན་དཔོད་ཞིབ་དཔྱད་དོན་བྱེད་ལས་ཁུངས་ཀྱིས་རྒྱུན་ལས་ཨུ་ཡོན་ལྷན་གྱི་ཀྲུའུ་རེན་ཚོགས་འདུའི་ཐོག་གཏན་འཁེལ་བྱེད་རྒྱུར་འབུལ་དགོས།
དོན་ཚན་ཉེར་བཞི་པ། ཡིག་ཆ་བཟོ་མཁན་ལས་ཁུངས་ཀྱིས་བཟོ་བཅོས་བྱས་ཟིན་པའི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་དེ་བསྐྱར་དུ་ཡོངས་བསྒྲགས་བྱེད་དགོས་པ་མ་ཟད། སྲོལ་ཡིག་འདི་གཞིར་བཟུང་སྙན་དཔོད་ཞུ་དགོས། ཡིག་ཆ་བཟོ་མཁན་ལས་ཁུངས་ཀྱིས་ཚད་ལྡན་རང་བཞིན་གྱི་ཡིག་ཆ་རང་འགུལ་ངང་རྩིས་མེད་དུ་བཏང་རིགས་སྤྱི་ཚོགས་ཐོག་ཡོངས་བསྒྲགས་བྱེད་དགོས།
དོན་ཚན་ཉེར་ལྔ་པ། རྫོང་རིམ་པ་ཡན་གྱི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚད་ལྡན་རང་བཞིན་གྱི་ཡིག་ཆ་རྩིས་མེད་གཏོང་རྒྱུའི་གཏན་འབེབས་བཟོས་རིགས་སྤྱི་ཚོགས་ཐོག་ཡོངས་བསྒྲགས་བྱེད་དགོས།
དོན་ཚན་ཉེར་དྲུག་པ། ཚད་ལྡན་རང་བཞིན་གྱི་ཡིག་ཆར་ཞིབ་དཔྱད་བྱེད་པའི་ལས་ཀ་མཇུག་འགྲིལ་རྗེས་ཀྱི་ཉིན་བཅོ་ལྔའི་ནང་ཚུན་དུ་སྙན་དཔོད་ཞིབ་དཔྱད་དོན་བྱེད་ལས་ཁུངས་ཀྱིས་ཞིབ་དཔྱད་བྱས་འབྲས་དེ་ཞིབ་དཔྱད་རེ་ཞུའམ་ཡང་ན་ཞིབ་དཔྱད་གྲོས་འཆར་འདོན་མཁན་གྱི་རྒྱལ་ཁབ་ལས་ཁུངས་སམ་ཡང་ན་སྤྱི་ཚོགས་ཚོགས་པ་དང་། ཁེ་ལས་བྱ་གཞག་ཚན་པ། རྩ་འཛུགས་གཞན་དག དེ་བཞིན་སྤྱི་དམངས་བཅས་ལ་ཡིག་ཐོག་ནས་བརྡ་ལན་སྤྲོད་དགོས།
དོན་ཚན་ཉེར་བདུན་པ། ཚད་ལྡན་རང་བཞིན་གྱི་ཡིག་ཆ་བཟོ་མཁན་ལས་ཁུངས་ཀྱིས་གཏན་འབེབས་དུས་བཀག་ནང་ཚད་ལྡན་རང་བཞིན་གྱི་ཡིག་ཆ་སྙན་དཔོད་མ་ཞུས་པ་དང་། ཡང་ན་སྙན་དཔོད་ཞུས་པའི་དཔྱད་ཡིག་ཆ་ཚང་པོ་མེད་ཚེ་སྙན་དཔོད་ཞིབ་དཔྱད་དོན་བྱེད་ལས་ཁུངས་ཀྱིས་དེར་དུས་བཀག་ནང་སྙན་དཔོད་དམ་ཡང་ན་སྙན་དཔོད་ཁ་གསབ་བྱེད་དགོས་པའི་བརྡ་ཐོ་གཏོང་དགོས། དུས་ཚོད་ཡོལ་ཡང་སྙན་དཔོད་མི་ཞུ་མཁན་རིགས་ལ་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ངམ་ཡང་ན་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ས་གནས་ལས་དོན་ཨུ་ཡོན་ལྷན་ཁང་གིས་བརྡ་ཁྱབ་གཏོང་དགོས།
དོན་ཚན་ཉེར་བརྒྱད་པ། སྲོལ་ཡིག་འདི་2009ལོའི་ཟླ་9ཚེས་1ཉིན་ནས་ལག་བསྟར་བྱེད་རྒྱུ།
འགན་འཁུར་རྩོམ་སྒྲིག་པ། admin
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣