དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • བོད་རང་སྐྱོང་ལྗོངས་ཀྱི་རྒྱ་ལམ་འགྲིམ་འགྲུལ་བདེ་འཇགས་སྲོལ་ཡིག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས།

        (2009)ཨང་4པ།

        《བོད་རང་སྐྱོང་ལྗོངས་ཀྱི་རྒྱ་ལམ་འགྲིམ་འགྲུལ་བདེ་འཇགས་སྲོལ་ཡིག 》འདི་2009ལོའི་ཟླ་7ཚེས་31ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གཅིག་པའི་ཐོག་གྲོས་འཆམ་བྱུང་དོན་བཞིན་ད་ལྟ་ཁྱབ་བསྒྲགས་བྱེད་རྒྱུ་ཡིན་པས་2010ལོའི་ཟླ་1ཚེས་1ཉིན་ནས་ལག་བསྟར་བྱེད་རྒྱུ། དམིགས་བསལ་དུ་སྤྱི་བསྒྲགས་བྱེད་རྒྱུ།

        བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས།

        2009ལོའི་ཟླ་8ཚེས་ 13ཉིན།

        ལེའུ་དང་པོ། སྤྱིའི་རྩ་འཛིན།

        དོན་ཚན་དང་པོ། རྒྱ་ལམ་འགྲིམ་འགྲུལ་གྱི་སྒྲིག་ལམ་སྲུང་སྐྱོང་བྱེད་རྒྱུ་དང་། རྒྱ་ལམ་འགྲིམ་འགྲུལ་གྱི་ལས་འཛོལ་སྔོན་འགོག་དང་ཉུང་དུ་འགྲོ་བ་བྱས་ཏེ་མི་ལུས་བདེ་འཇགས་སྲུང་སྐྱོབ་དང་། སྤྱི་དམངས་དང་། ཁྲིམས་ཚན། དེ་བཞིན་རྩ་འཛུགས་གཞན་དག་བཅས་ཀྱི་རྒྱུ་ནོར་བདེ་འཇགས་སྲུང་སྐྱོབ་བྱེད་པའི་ཆེད་དུ 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས 》དང་། འབྲེལ་ཡོད་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་གཞིར་བཟུང་རང་སྐྱོང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་སྲོལ་ཡིག་འདི་བཟོས་པ་ཡིན།

        དོན་ཚན་གཉིས་པ། རང་སྐྱོང་ལྗོངས་སྲིད་འཛིན་ས་ཁོངས་ནང་གི་འཁོར་རིགས་གཏོང་མཁན་ཁ་ལོ་བ་དང་། རྐང་ཐང་དུ་འགྲོ་མཁན། མོ་ཊར་སྡོད་མཁན་དང་དེ་བཞིན་རྒྱ་ལམ་འགྲིམ་འགྲུལ་བྱེད་སྒོ་དང་འབྲེལ་བ་ཡོད་པའི་ཚན་པ་དང་མི་སྒེར་བཅས་ཀྱིས་སྲོལ་ཡིག་འདིར་བརྩི་སྲུང་ཞུ་དགོས།

        དོན་ཚན་གསུམ་པ། རྒྱ་ལམ་འགྲིམ་འགྲུལ་བདེ་འཇགས་དོ་དམ་ལས་དོན་ཐད་སྔོན་འགོག་གཙོར་བཟུང་དང་། མི་རྩ་བར་འཛིན་རྒྱུ། མང་ཚོགས་ལ་སྟབས་བདེ་སྤྲོད་རྒྱུ་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ་སྲིད་གཞུང་གིས་འགན་འཁུར་བ་དང་། སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཚན་དང་འབྲེལ་ཡོད་སྡེ་ཚན་གྱིས་རང་འགན་རང་སྒྲུབ་དང་སོ་སོའི་འཁྲི་འགན་འཁུར་བ། ཕྱོགས་བསྡུས་བཅོས་སྐྱོང་བྱེད་པ་བཅས་ཀྱི་དོ་དམ་བྱེད་སྲོལ་ལག་བསྟར་བྱེད་དགོས།

        དོན་ཚན་བཞི་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་རྒྱ་ལམ་འགྲིམ་འགྲུལ་བདེ་འཇགས་དོ་དམ་ལས་དོན་ལ་འགོ་ཁྲིད་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ལྗོངས་ཡོངས་ཀྱི་རྒྱ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་སྤྱིའི་འཆར་འགོད་བཟོ་དགོས་པ་དང་འབྲེལ། རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་འགོད་དང་ལོ་འཁོར་འཆར་གཞིའི་ནང་བཅུག་ནས་རྒྱ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་སྒྲིག་བཀོད་དང་ཚན་རིག་ཞིབ་འཇུག་སོགས་རྣམ་གྲངས་ཐད་ཀྱི་འགྲོ་གྲོན་འགན་སྲུང་བྱས་ཏེ་རྒྱ་ལམ་འགྲིམ་འགྲུལ་བདེ་འཇགས་ལས་དོན་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུ་འཚམ་མཐུན་ཡོང་བ་བྱེད་དགོས། གྲོང་ཁྱེར (ས་གནས )དང་རྫོང་མི་དམངས་སྲིད་གཞུང་གིས་སོ་སོའི་སྲིད་འཛིན་ས་ཁོངས་ནང་གི་རྒྱ་ལམ་འགྲིམ་འགྲུལ་བདེ་འཇགས་དོ་དམ་ལས་དོན་ལ་འགོ་ཁྲིད་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་སོ་སོའི་སྲིད་འཛིན་ས་ཁོངས་ནང་གི་རྒྱ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་འཆར་འགོད་བཟོ་དགོས་པ་དང་། རྒྱ་ལམ་འགྲིམ་འགྲུལ་བདེ་འཇགས་ཐད་ཀྱི་འབྲེལ་ཡོད་ལས་དོན་དོན་འཁྱོལ་བྱེད་རྒྱུ་སྒྲིག་འཛུགས་བྱེད་དགོས།

        དོན་ཚན་ལྔ་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་ལྗོངས་ཡོངས་ཀྱི་རྒྱ་ལམ་འགྲིམ་འགྲུལ་བདེ་འཇགས་དོ་དམ་ལས་དོན་ལ་འགན་འཁུར་དགོས། གྲོང་ཁྱེར (ས་གནས )དང་རྫོང་མི་དམངས་སྲིད་གཞུང་སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་སོ་སོའི་སྲིད་འཛིན་ས་ཁོངས་ནང་གི་རྒྱ་ལམ་འགྲིམ་འགྲུལ་བདེ་འཇགས་དོ་དམ་ལས་དོན་ལ་འགན་འཁུར་དགོས། བདེ་འཇགས་ལྟ་སྡོམ་དང་། འགྲིམ་འགྲུལ། འཛུགས་སྐྲུན། ཞིང་འབྲོག ཡུལ་སྐོར་སོགས་སྡེ་ཚན་གཞན་དག་གིས་རྒྱ་ལམ་འགྲིམ་འགྲུལ་བདེ་འཇགས་ལས་དོན་ཁྲོད་ཁྲིམས་ལུགས་ལྟར་དེ་མཚུངས་ཀྱི་འགན་འཁྲི་འཁུར་དགོས།

        དོན་ཚན་དྲུག་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་རྒྱ་ལམ་འགྲིམ་འགྲུལ་བདེ་འཇགས་ལས་དོན་ཁྲོད་ལེགས་སྐྱེས་མངོན་གསལ་དོད་པོ་འབུལ་མཁན་ཚན་པ་དང་མི་སྒེར་ལ་གཟེངས་བསྟོད་དང་བྱ་དགའ་སྤྲོད་དགོས།

        ལེའུ་གཉིས་པ། འགྲིམ་འགྲུལ་བདེ་འཇགས་ཐད་ཀྱི་འགན་འཁྲི།

        དོན་ཚན་བདུན་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་རྒྱ་ལམ་འགྲིམ་འགྲུལ་བདེ་འཇགས་ལས་དོན་མཐུན་སྦྱོར་བྱེད་སྲོལ་དང་། འགྲིམ་འགྲུལ་ལས་འཛོལ་ཐག་གཅོད་བྱེད་པའི་འཕྲལ་སྡོམ་བྱེད་སྲོལ། རྒྱ་ལམ་འགྲིམ་འགྲུལ་བདེ་འཇགས་གནས་ཚུལ་དཔྱད་དཔོག་བྱེད་སྲོལ་དང་དེ་བཞིན་རྒྱ་ལམ་འགྲིམ་འགྲུལ་བདེ་འཇགས་ཐད་ཀྱི་འགན་འཁྲིའི་ལམ་ལུགས་བཅས་འཛུགས་དགོས་པ་དང་ཚགས་ཚུད་དུ་གཏོང་དགོས། རིམ་ཁག་མི་དམངས་སྲིད་གཞུང་གིས་རྒྱ་ལམ་འགྲིམ་འགྲུལ་བདེ་འཇགས་ཐད་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་སྤྱི་དམངས་ཀྱི་རྒྱ་ལམ་འགྲིམ་འགྲུལ་བདེ་འཇགས་ཐད་ཀྱི་འདུ་ཤེས་གོང་མཐོར་གཏོང་དགོས།

        དོན་ཚན་བརྒྱད་པ། བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་འབྲེལ་ཡོད་སྡེ་ཚན་ལ་རྒྱ་ལམ་འགྲིམ་འགྲུལ་བདེ་འཇགས་ལས་དོན་ཐད་ཀྱི་འགན་འཁྲི་དོན་འཁྱོལ་བྱེད་རྒྱུར་མཛུབ་ཁྲིད་དང་། མཐུན་སྦྱོར། ལྟ་སྐུལ་བཅས་བྱེད་དགོས་པ་དང་། འབྲེལ་ཡོད་སྡེ་ཚན་ལ་རྒྱ་ལམ་འགྲིམ་འགྲུལ་བདེ་འཇགས་ཞིབ་བཤེར་བྱེད་རྒྱུའི་མཐུན་སྦྱོར་བྱེད་པ་དང་འབྲེལ་རིམ་པ་གཅིག་མཚུངས་ཀྱི་མི་དམངས་སྲིད་གཞུང་ལ་ཞིབ་བཤེར་བྱས་ཚུལ་སྙན་སེང་ཞུ་དགོས།

        དོན་ཚན་དགུ་པ། སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་འཁོར་རིགས་ཐོ་འགོད་དང་ཁ་ལོ་བར་ཡིག་རྒྱུགས་གཏོང་བ་དང་ལག་འཁྱེར་སྤྲོད་པའི་ལམ་ལུགས་ལག་བསྟར་ནན་པོ་བྱེད་དགོས་པ་དང་། རྒྱ་ལམ་འགྲིམ་འགྲུལ་གྱི་སྒྲིག་ལམ་སྲུང་སྐྱོང་བྱས་ཏེ་རྒྱ་ལམ་འགྲིམ་འགྲུལ་བདེ་འཇགས་ཐད་ཀྱི་ཁྲིམས་འགལ་བྱ་སྤྱོད་རྩད་བཤེར་ཐག་གཅོད་བྱེད་དགོས་པ་དང་། རྒྱ་ལམ་འགྲིམ་འགྲུལ་ལས་འཛོལ་ཐག་གཅོད་བྱེད་དགོས་པ། གྲོང་ཁྱེར་རྒྱ་ལམ་གྱི་མཚོན་རྟགས་དང་ཐིག་རྟགས། འགྲིམ་འགྲུལ་བརྡ་སྟོན་གློག་སྒྲོན། འགྲིམ་འགྲུལ་འཕྲུལ་རྩལ་ལྟ་བཤེར་སྒྲིག་ཆས་སོགས་སྲུང་སྐྱོང་དང་དོ་དམ་བྱེད་རྒྱུར་འགན་འཁུར་དགོས་པ་དང་རྒྱ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་དྲིལ་བསྒྲགས་སློབ་གསོའི་ལས་དོན་ཡག་པོ་སྒྲུབ་དགོས།

        དོན་ཚན་བཅུ་པ། འགྲིམ་འགྲུལ་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་གཞུང་ལམ་དོ་དམ་དང་བདག་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཚན་རིག་དང་མཐུན་པའི་སྒོ་ནས་གཞུང་ལམ་གྱི་མཚོན་རྟགས་དང་། ལམ་ཐིག འགྲིམ་འགྲུལ་བདེ་འཇགས་སྒྲིག་བཀོད་བཅས་བཟོ་སྒྲིག་དང་སྲུང་སྐྱོང་བྱས་ནས་དུས་ཐོག་ཏུ་རྒྱ་ལམ་འགྲིམ་འགྲུལ་བདེ་འཇགས་ཐད་ཀྱི་གནོད་འཚེ་འབྱུང་གཞི་མེད་པ་བཟོ་དགོས་པ་དང་གཞུང་ལམ་ཤར་གཏོང་ཐུབ་པའི་འགན་ལེན་བྱེད་དགོས།

        དོན་ཚན་བཅུ་གཅིག་པ། ཞིང་འབྲོག་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་འདྲུད་འཐེན་འཕྲུལ་འཁོར་གྱི་ཐོ་འགོད་དང་། ཞིབ་བཤེར། དེ་བཞིན་འདྲུད་འཐེན་འཕྲུལ་འཁོར་རིགས་ཀྱི་ཁ་ལོ་བར་ཡིག་རྒྱུགས་གཏོང་རྒྱུ་དང་། ལག་འཁྱེར་སྤྲོད་རྒྱུ། ཞིབ་དཔྱད་བྱེད་རྒྱུ་བཅས་འགན་འཁུར་དགོས། ཞིང་འབྲོག་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་འདྲུད་འཐེན་འཕྲུལ་འཁོར་རིགས་ཀྱི་ཐོ་འགོད་དང་། ཞིབ་བཤེར། དེ་བཞིན་འདྲུད་འཐེན་འཕྲུལ་འཁོར་རིགས་ཀྱི་ཁ་ལོ་བར་ཡིག་རྒྱུགས་གཏོང་བ་དང་། ལག་འཁྱེར་སྤྲོད་པ། ཞིབ་དཔྱད་སོགས་བྱེད་སྐབས་སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱི་མཛུབ་ཁྲིད་དང་ལྟ་སྐུལ་དང་ལེན་ཞུ་དགོས།

        དོན་ཚན་བཅུ་གཉིས་པ། འཛུགས་སྐྲུན་དང་། གྲོང་ཁྱེར་དང་གྲོང་གསེབ་འཆར་འགོད་ཀྱི་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་གྲོང་ཁྱེར་གྱི་རྒྱ་ལམ་དང་། ཟམ་པ། འཁོར་རིགས་འཇོག་ས། དེ་བཞིན་རྒྱ་ལམ་གྱི་ལེ་ལག་ཚང་སྒྲིག་གི་སྒྲིག་བཀོད་བཅས་འཆར་འགོད་དང་། ཇུས་འགོད། འཛུགས་སྐྲུན་བཅས་བྱེད་དགོས་པ་དང་། གྲོང་ཁྱེར་གྱི་རྒྱ་ལམ་འགྲིམ་འགྲུལ་བདེ་འཇགས་ཡོང་བའི་སྒྲིག་བཀོད་སྒྲིག་སྦྱོར་དང་། སྲུང་སྐྱོང་། དོ་དམ་བཅས་བྱེད་འགན་འཁུར་ནས་གྲོང་ཁྱེར་གྱི་རྒྱ་ལམ་ཤར་གཏོང་ཐུབ་པ་འགན་ལེན་བྱེད་དགོས།

        དོན་ཚན་བཅུ་གསུམ་པ། འཕྲོད་བསྟེན་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་འགྲིམ་འགྲུལ་ལས་འཛོལ་བྱུང་བར་འཕྲལ་མྱུར་སྨན་བཅོས་སྲོག་སྐྱོབ་བྱེད་སྲོལ་འཛུགས་དགོས་པ་དང་ཚགས་ཚུད་དུ་བཏང་ཐོག་སྨན་བཅོས་ལས་ཁུངས་སྒྲིག་འཛུགས་མཐུན་སྦྱོར་བྱས་ཏེ་འགྲིམ་འགྲུལ་ལས་འཛོལ་བྱུང་ནས་རྨས་སྐྱོན་ཤོར་མཁན་ལ་འཕྲལ་མར་སྨན་བཅོས་མྱུར་སྐྱོབ་བྱེད་དགོས།

        དོན་ཚན་བཅུ་བཞི་པ། སློབ་གསོའི་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་རྒྱ་ལམ་འགྲིམ་འགྲུལ་བདེ་འཇགས་ཐད་ཀྱི་སློབ་གསོ་དེ་སློབ་གྲྭ་འབྲིང་ཆུང་གི་ཁྲིམས་ལུགས་སློབ་གསོའི་ནང་དོན་དུ་འཇུག་དགོས་པ་དང་འབྲེལ་དེར་ལྟ་སྐུལ་ཞིབ་བཤེར་བྱེད་དགོས།

        དོན་ཚན་བཅོ་ལྔ་པ། བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཚན་གྱིས་འཁོར་རིགས་དང་། ལྷུ་ལག མཁོ་མེད་དུ་བཏང་བའི་འཁོར་རིགས་བསྡུ་ཉོ་སོགས་ཁྲོམ་རར་ལྟ་སྐུལ་དོ་དམ་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས།

        དོན་ཚན་བཅུ་དྲུག་པ། སྤུས་ཚད་ལག་རྩལ་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་འཕྲུལ་སྒུལ་འཁོར་རིགས་ཀྱི་བདེ་འཇགས་ལག་རྩལ་ཞིབ་དཔྱད་ལས་ཁུངས་ལ་འོས་བབ་དོ་དམ་དང་ཚད་འཇལ་ཁས་ལེན་གྱི་དོ་དམ་བྱེད་འགན་འཁུར་ཏེ་དུས་བཀག་བཞིན་འཕྲུལ་སྒུལ་འཁོར་རིགས་ཀྱི་བདེ་འཇགས་ལག་རྩལ་དཔྱད་བཤེར་སྒྲིག་ཆས་དང་འགྲིམ་འགྲུལ་བདེ་འཇགས་ལྟ་སྐུལ་ཚད་ལེན་སྒྲིག་ཆས་ལ་ལྟ་བཤེར་གཏན་འཁེལ་བྱེད་དགོས།

        དོན་ཚན་བཅུ་བདུན་པ། ཡུལ་སྐོར་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ཡུལ་སྐོར་འགྲུལ་སྐྱེལ་འཁོར་རིགས་ཀྱི་འགྲིམ་འགྲུལ་བདེ་འཇགས་དོ་དམ་ལམ་ལུགས་འཛུགས་དགོས་པ་དང་ཚགས་ཚུད་དུ་བཏང་སྟེ་ཡུལ་སྐོར་འགྲུལ་སྐྱེལ་ཁེ་ལས་ལ་བདེ་འཇགས་དོ་དམ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་ཡུལ་སྐོར་འགྲིམ་འགྲུལ་བདེ་འཇགས་ཐུབ་པའི་འགན་སྲུང་བྱེད་དགོས།

        དོན་ཚན་བཅོ་བརྒྱད་པ། གནམ་དཔྱད་སྡེ་ཚན་གྱིས་དུས་ཐོག་ཏུ་རྒྱ་ལམ་འགྲིམ་འགྲུལ་དང་འབྲེལ་བ་ཡོད་པའི་གནམ་གཤིས་ཆ་འཕྲིན་འགྲེམས་སྤེལ་བྱེད་དགོས།

        དོན་ཚན་བཅུ་དགུ་པ། གསར་འགྱུར་དཔེ་སྐྲུན་དང་། རླུང་འཕྲིན་བཪྙན་འཕྲིན། ཆ་འཕྲིན་ཐོན་ལས་སོགས་སྡེ་ཚན་ལ་རྒྱ་ལམ་འགྲིམ་འགྲུལ་བདེ་འཇགས་ཐད་ཀྱི་ཤེས་བྱ་དྲིལ་བསྒྲགས་བྱེད་རྒྱུའི་འོས་འགན་ཡོད་པས་དུས་ཐོག་ཏུ་སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཚན་ནས་བཏང་བའི་རྒྱ་ལམ་འགྲིམ་འགྲུལ་སྐོར་གྱི་ཆ་འཕྲིན་ཡོངས་བསྒྲགས་བྱེད་དགོས།

        དོན་ཚན་ཉི་ཤུ་པ། ལས་ཁུངས་དང་། དཔུང་སྡེ། ཁེ་ལས་བྱ་གཞག་ཚན་པ། སྤྱི་ཚོགས་ཚོགས་པ། དེ་བཞིན་རྩ་འཛུགས་གཞན་དག་བཅས་ཀྱིས་ནང་ཁུལ་གྱི་འགྲིམ་འགྲུལ་བདེ་འཇགས་དོ་དམ་ལག་བསྟར་བྱེད་དགོས་པ་མ་ཟད་གཤམ་གསལ་གྱི་གཏན་འབེབས་ལ་བརྩི་སྲུང་ཞུ་དགོས།

    (གཅིག )ནང་ཁུལ་གྱི་འགྲིམ་འགྲུལ་བདེ་འཇགས་དོ་དམ་ལམ་ལུགས་འཛུགས་པ་དང་ཚགས་ཚུད་དུ་གཏོང་དགོས་པ།

    (གཉིས )ནང་ཁུལ་གྱི་འགྲིམ་འགྲུལ་བདེ་འཇགས་ལས་དོན་ལ་འགན་འཁུར་མཁན་ཆེད་མི་བསྐོ་བཞག་བྱེད་དགོས་པ།

    (གསུམ )འགྲིམ་འགྲུལ་བདེ་འཇགས་ཐད་གཏོང་ཆ་འགན་ལེན་བྱས་ནས་བདེ་འཇགས་ཐོན་སྐྱེད་བྱེད་པའི་ཆ་རྐྱེན་ལེགས་སུ་གཏོང་དགོས་པ།

    (བཞི )ཚན་པ་དེ་གའི་མི་སྣར་རང་འགུལ་ངང་རྒྱ་ལམ་འགྲིམ་འགྲུལ་བདེ་འཇགས་ཐད་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་བཀུར་ཞུ་དགོས་པའི་སློབ་གསོ་གཏོང་དགོས་པ།

    (ལྔ )དུས་བཀག་ཐོག་འཕྲུལ་སྒུལ་འཁོར་རིགས་བདག་སྐྱོང་བྱས་ནས་འཁོར་རིགས་བདེ་འཇགས་ཀྱི་ཚད་གཞི་ཡག་པོ་ཡོང་བ་བྱེད་དགོས་པ།

    (དྲུག )འཕྲུལ་སྒུལ་འཁོར་རིགས་གཏོང་མཁན་ཁ་ལོ་བ་གླས་ཚེ་དེའི་མིང་བབ་ལག་འཁྱེར་དང་འཁོར་རིགས་གཏོང་ཆོག་པའི་ལག་འཁྱེར་ཐོ་འགོད་བྱེད་དགོས་པ།

    (བདུན )ཚན་པས་འཁོར་རིགས་གཏོང་མཁན་ཁ་ལོ་བ་དང་འགྲིམ་འགྲུལ་བདེ་འཇགས་ཀྱི་འགན་ཡིག་འཇོག་དགོས།

        ལེའུ་གསུམ་པ། འཁོར་རིགས་དང་ཁ་ལོ་བ།

        དོན་ཚན་ཉེར་གཅིག་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་ལྗོངས་ཡོངས་ཀྱི་འཁོར་རིགས་ཐོ་འགོད་དང་། ཁ་ལོ་བའི་ཡིག་རྒྱུགས་གཏོང་རྒྱུ། ལག་འཁྱེར་སྤྲོད་རྒྱུ་བཅས་ཀྱི་ལས་དོན་ལ་མཛུབ་ཁྲིད་དང་། ཞིབ་བཤེར། ལྟ་སྐུལ་བཅས་བྱེད་འགན་འཁུར་དགོས། གྲོང་ཁྱེར (ས་གནས )མི་དམངས་སྲིད་གཞུང་གི་སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་སོ་སོའི་སྲིད་འཛིན་ས་ཁོངས་ནང་གི་འཁོར་རིགས་ཐོ་འགོད་དང་། ཁ་ལོ་བར་ཡིག་རྒྱུགས་གཏོང་རྒྱུ་དང་། ལག་འཁྱེར་སྤྲོད་རྒྱུ་བཅས་ཀྱི་ལས་དོན་སྒྲུབ་འགན་འཁུར་དགོས། རྫོང་རིམ་མི་དམངས་སྲིད་གཞུང་གི་སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་སོ་སོའི་སྲིད་འཛིན་ས་ཁོངས་ནང་གི་སྦག་སྦག་དང་། འཁོར་གསུམ་མོ་ཊ། མྱུར་ཚད་འགོར་བའི་ཟོག་འདྲེན་མོ་ཊ་བཅས་ཀྱི་ཐོ་འགོད་དང་དེ་བཞིན་སྦག་སྦག་གཏོང་མཁན་ལ་ཡིག་རྒྱུགས་གཏོང་བ་དང་ལག་འཁྱེར་སྤྲད་ན་འགྲིག

        དོན་ཚན་ཉེར་གཉིས་པ། སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་རེ་འདུན་ལག་འབྱོར་བྱུང་བ་ནས་བཟུང་ལས་ཀའི་དུས་ཚོད་ཉིན་གསུམ་ནང་ཚུན་དུ་འཕྲུལ་སྒུལ་འཁོར་རིགས་ཐོ་འགོད་ཞིབ་བཤེར་ཚར་བ་བྱས་ནས་ཆ་རྐྱེན་མཐུན་པའི་རིགས་ལ་འཕྲུལ་སྒུལ་འཁོར་རིགས་ཐོ་འགོད་ལག་འཁྱེར་དང་། ཨང་རྟགས། འགྲོ་སྐྱོད་ཆོག་པའི་ལག་འཁྱེར་བཅས་སྤྲོད་དགོས་པ་དང་། ཆ་རྐྱེན་དང་མ་མཐུན་ཚེ་རེ་འདུན་ཞུ་མཁན་ལ་ཐོ་འགོད་མི་བྱེད་པའི་རྒྱུ་མཚན་གསལ་བཤད་བྱེད་དགོས།

        དོན་ཚན་ཉེར་གསུམ་པ། འཁོར་རིགས་ཉམས་བཟོ་གཉེར་སྐྱོང་བྱེད་མཁན་གྱིས་ཕྱི་ངོས་ལ་སྐྱོན་ཆག་ཤོར་བའི་འཕྲུལ་སྒུལ་འཁོར་རིགས་བཟོ་བཅོས་བྱེད་འགན་བླངས་ཚེ་བཟོ་རྒྱུ་སྐྱེལ་མཁན་གྱི་མིང་བབ་ངོ་སྤྲོད་དང་། ཁ་ལོ་བའི་ལག་འཁྱེར། འཕྲུལ་སྒུལ་འཁོར་རིགས་ཀྱི་ཨང་རྟགས། ཨིན་ཇིའི་ཨང་གྲངས། སྒྲོམ་རྟགས་ཨང་གྲངས། སྐྱོན་ཆ་ཤོར་ས་དང་སྐྱོན་ཆག་ཤོར་ཚད་བཅས་ཐོ་འགོད་བྱེད་དགོས། དོགས་གཞིའི་གནས་ཚུལ་ཡོད་ཚེ་འཕྲལ་དུ་སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཚན་ལ་སྙན་སེང་ཞུ་དགོས། ཐོ་འགོད་བྱས་པའི་དཔྱད་ཡིག་རྣམས་ཉུང་མཐར་ཡང་ལོ་གཅིག་ཉར་ཚགས་བྱེད་དགོས།

        དོན་ཚན་ཉེར་བཞི་པ། འཕྲུལ་སྒུལ་འཁོར་རིགས་ཐོག་འགྲིམ་འགྲུལ་བདེ་འཇགས་ལ་འགོག་རྐྱེན་བཟོ་བའི་གློག་སྒྲོན་དང་། སྐད་ཤུགས་ཆེ་བའི་སྒྲ་དུང་དང་སྒྲ་སྐྱེད་སོགས་ཀྱི་སྒྲིག་ཆས་ཐོལ་པ་བསྒར་སྤྱོད་བྱེད་མི་ཆོག་ལ། སྐད་སྒྲ་གཅོག་བྱེད་ཀྱི་སྒྲིག་ཆས་མེད་པ་བཟོ་མི་ཆོག་པ་དང་། མིའམ་དངོས་ཟོག་བླུགས་སའི་སྒྲིག་ཆས་རིགས་ཐོལ་པ་བསྒར་སྒྲིག་བྱེད་མི་ཆོག

        དོན་ཚན་ཉེར་ལྔ་པ། བྱིས་པ་དང་སློབ་གྲྭ་འབྲིང་ཆུང་གི་སློབ་མ་བསུ་སྐྱེལ་བྱེད་པའི་འཕྲུལ་སྒུལ་འཁོར་རིགས་ཡིན་ཚེ་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་སློབ་གསོ་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་དང་སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཚན་ལ་སྙན་ཐོ་དཔོད་དགོས་པ་དང་། མོ་ཊའི་ཐོག་རང་སྐྱོང་ལྗོངས་སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་གཅིག་གྱུར་ཐོག་ཇུས་འགོད་བྱས་པའི་སློབ་གྲྭའི་མོ་ཊའི་མཚོན་རྟགས་རི་མོ་འབྲི་དགོས་པ་དང་། ལྟ་སྐྱོང་བྱེད་མཁན་བསྐོ་སྒྲིག་བྱེད་དགོས་པ། མོ་ཊའི་བདེ་འཇགས་གནས་ཚད་ཡག་པོ་ཡོང་བ་བཅས་བྱས་ཏེ་འཁོར་རིགས་འགྲོ་སྐྱོད་བདེ་འཇགས་ཡོང་བ་བྱེད་དགོས། སློབ་གྲྭའི་མོ་ཊས་བྱིས་པ་དང་སློབ་གྲྭ་འབྲིང་ཆུང་གི་སློབ་མ་བསུ་སྐྱེལ་བྱེད་སྐབས་འགྲིམ་འགྲུལ་ཉེན་རྟོག་པས་སྔོན་ལ་གཏོང་དགོས་པ་མ་ཟད་མོ་ཊ་གཞན་དག་གིས་ཀྱང་དེར་གཟུར་དགོས། སློབ་གྲྭའི་མོ་ཊས་མི་གྲངས་ཚད་ལས་བརྒལ་ནས་བླུགས་མི་ཆོག

        དོན་ཚན་ཉེར་དྲུག་པ། སྦྱོང་སྤྱོད་བྱ་ཡུལ་གྱི་མོ་ཊའི་རིགས་རྒྱལ་ཁབ་ཀྱི་ཚད་གཞི་དང་དེ་མཚུངས་ཀྱི་ལག་རྩལ་བླང་བྱ་དང་མཐུན་པ་བྱས་ཐོག་སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་ཞིབ་དཔྱད་བྱས་ནས་སྤྲད་པའི་སྦྱོང་སྤྱོད་མོ་ཊའི་ཨང་རྟགས་བསྒར་དགོས་པ་དང་། ཁྲིད་སྦྱོང་དགེ་རྒན་གྱིས་མོ་ཊ་འགྲོ་སྐྱོད་ཚོད་འཛིན་ཐུབ་པའི་བདེ་འཇགས་སྒྲིག་ཆས་བསྒར་དགོས།

        དོན་ཚན་ཉེར་བདུན་པ། རང་སྐྱོང་ལྗོངས་ཀྱིས་གློག་འགུལ་རྐང་འཁོར་དང་། མི་ཤུགས་འཁོར་གསུམ་རྐང་འཁོར། དབང་པོ་སྐྱོན་ཅན་གྱི་འཕྲུལ་སྒུལ་སྟེཌ་འཁོར་རིཌ་བཅས་ལ་ཐོ་འགོད་དོ་དམ་བྱེད་དགོས། འཁོར་རིགས་བདག་པོས་ས་གནས་དེ་གའི་སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཚན་ལ་འཕྲུལ་སྒུལ་མིན་པའི་འཁོར་རིགས་ཀྱི་ཨང་རྟགས་ལག་འཁྱེར་ཞུ་དགོས། ཐོ་འགོད་བྱས་མེད་ཚེ་རྒྱ་ལམ་ཐོག་སྐྱོད་མི་ཆོག རེ་འདུན་ཞུ་མཁན་གྱིས་འཕྲུལ་སྒུལ་མིན་པའི་འཁོར་རིགས་ཐོ་འགོད་རེ་འདུན་ཞུ་དགོས་ཚེ་འཁོར་རིགས་དཔྱད་བཤེར་བྱེད་དགོས་པ་མ་ཟད་གཤམ་གསལ་གྱི་དཔྱད་ཡིག་འདོན་འབུལ་ཞུ་དགོས་པ་སྟེ།

    (གཅིག ) འཁོར་རིགས་ཀྱི་བདག་པོའི་མིང་བབ་དཔང་ཡིག་དང་།

    (གཉིས ) འཁོར་རིགས་ཀྱི་འབྱུང་ཁུངས་དཔང་ཡིག

    (གསུམ ) འཁོར་རིགས་བཟོ་གྲྭ་ནས་ཐོན་པའི་ཚད་ལོངས་དཔང་ཡིག་གམ་ཡང་ན་འཁོར་རིགས་ནང་འདྲེན་བྱས་པའི་འཛིན་ཤོག་བཅས་སོ། དབང་པོ་སྐྱོན་ཅན་གྱི་འཕྲུལ་སྒུལ་སྟེགས་འཁོར་རིགས་ཐོ་འགོད་རེ་འདུན་ཞུ་དགོས་ཚེ། དབང་པོ་སྐྱོན་ཅན་གྱི་ངོ་སྤྲོད་དང་རྫོང་རིམ་ཡན་གྱི་སྨན་བཅོས་ལས་ཁུངས་ནས་སྤྲད་པའི་ལུས་སྨད་སྐྱོན་ཅན་ཡིན་པའི་ངོ་སྤྲོད་སྟོན་དགོས།

        དོན་ཚན་ཉེར་བརྒྱད་པ། དེབ་སྐྱེལ་ཐོ་བཀོད་བྱས་ཟིན་པའི་འཕྲུལ་སྒུལ་མིན་པའི་འཁོར་རིགས་ཀྱི་བདག་དབང་འགྱུར་ལྡོག་བྱུང་ཚེ། དོ་བདག་གིས་སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཚན་ལ་སྤོ་སྒྱུར་ཐོ་འགོད་བྱེད་རྒྱུའི་རེ་འདུན་ཞུ་དགོས།

        དོན་ཚན་ཉེར་དགུ་པ། ཐོ་འགོད་བྱས་ཟིན་པའི་འཕྲུལ་སྒུལ་མིན་པའི་འཁོར་རིགས་རྒྱ་ལམ་ཐོག་འགྲོ་སྐྱོད་བྱེད་དགོས་ཚེ། གཏན་འབེབས་ལྟར་འཕྲུལ་སྒུལ་མིན་པའི་འཁོར་རིགས་ཀྱི་ཨང་རྟགས་བསྒར་དགོས་པ་དང་ཨང་གྲངས་གསལ་པོ་ཡོང་བ་བྱེད་དགོས་པ་ལས། གཡར་སྤྱོད་དང་། གཞན་སྤྱོད། འབྲི་སུབ་གཏོང་རིགས་བཅས་བྱེད་མི་ཆོག་ལ། རྫུན་བཟོ་བྱས་པའམ་ཡང་ན་གོ་མི་ཆོད་པའི་འཕྲུལ་སྒུལ་མིན་པའི་འཁོར་རིགས་ཀྱི་ཨང་རྟགས་བསྒར་མི་ཆོག འཕྲུལ་སྒུལ་མིན་པའི་འཁོར་རིགས་ཀྱི་ཨང་རྟགས་རྣམས་རང་སྐྱོང་ལྗོངས་སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཚན་ནས་གཅིག་གྱུར་ཐོག་བཟོ་རྒྱུ།

        དོན་ཚན་སུམ་ཅུ་པ། འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བའི་ལག་འཁྱེར་རེ་འདུན་ཞུ་མཁན་གྱིས་སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཚན་ནས་བཏང་བའི་རྒྱུགས་ལེན་ལོན་པ་དང་འབྲེལ་ཁ་ལོ་བའི་ལག་འཁྱེར་ཐོབ་རྗེས་གཞི་ནས་འཕྲུལ་སྒུལ་འཁོར་རིགས་བཏང་ནས་རྒྱ་ལམ་ཐོག་འགྲོ་ཆོགའཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བས་དུས་བཀག་ཐོག་སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་སྡེ་ཚན་ལ་གཟུགས་པོའི་ཆ་རྐྱེན་གནས་ཚུལ་ཇི་ཡིན་གྱི་དཔང་ཡིག་འབུལ་དགོས།

        དོན་ཚན་སོ་གཅིག་པ། སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཚན་དང་ཞིང་འབྲོག་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ཞིང་འབྲོག་ཁུལ་དུ་དམངས་ལ་སྟབས་བདེ་སྤྲོད་པའི་སྦྱོང་བརྡར་དང་། ཞིབ་བཤེར་ཚད་ལེན། ཞིབ་དཔྱད་བྱ་ཡུལ་བཅས་འཛུག་དགོས་པ་དང་། ཞིང་འབྲོག་ཁུལ་གྱི་ཁ་ལོ་བའི་ལག་འཁྱེར་རེ་འདུན་ཞུ་མཁན་ལ་དེའི་དོན་དངོས་གཞིར་བཟུང་དེ་མཚུངས་ཀྱི་རྒྱུགས་ལེན་གཏོང་ཐབས་སྤྱད་ནས་རྒྱུགས་ལེན་དགོས།

        དོན་ཚན་སོ་གཉིས་པ། རང་སྐྱོང་ལྗོངས་ཀྱིས་འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བའི་བདེ་འཇགས་ཆ་འཕྲིན་འབྲི་འགོད་ལམ་ལུགས་ལག་བསྟར་བྱེད་རྒྱུ། རང་སྐྱོང་ལྗོངས་ཀྱིས་ཞིབ་དཔྱད་བྱས་ནས་སྤྲད་པའི་འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོའི་ལག་འཁྱེར་ཡོད་པའི་ཁ་ལོ་བ་དང་། ཡང་ན་ཕྱི་ཕྱོགས་ཞིང་ཆེན་དང་གྲོང་ཁྱེར་གྱི་ཁྲིམས་མཐུན་འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོའི་ལག་འཁྱེར་ཐོབ་ནས་བོད་རང་སྐྱོང་ལྗོངས་སུ་དེབ་སྐྱེལ་ཐོ་བཀོད་བྱས་པའི་འཕྲུལ་སྒུལ་འཁོར་རིགས་གཏོང་མཁན་ཁ་ལོ་བ་བཅས་ཀྱིས་ཁ་ལོ་བའི་ཆ་འཕྲིན་གཱ་ལེན་དགོས། ཁ་ལོ་བའི་ཆ་འཕྲིན་གཱ་ཡི་ནང་ཁ་ལོ་བའི་རྒྱ་ལམ་འགྲིམ་འགྲུལ་གྱི་ཁྲིམས་འགལ་དང་། ལས་འཛོལ་ཐག་གཅོད། ཁྲིམས་འགལ་བྱ་སྤྱོད་བཅས་རིམ་བརྩེགས་བྱས་པའི་སྐར་གྲངས་དང་དེ་བཞིན་ཆ་འཕྲིན་གཞན་དག་ཐོ་འགོད་བྱེད་རྒྱུ།

        ལེའུ་བཞི་པ། རྒྱ་ལམ་ཐོག་གི་འགྲོ་སྐྱོད་ཆ་རྐྱེན།

        དོན་ཚན་སོ་གསུམ་པ། རྒྱ་ལམ་འཛུགས་སྐྲུན་དང་། བདག་སྐྱོང་། དོ་དམ་བཅས་བྱེད་མཁན་སྡེ་ཚན་གྱིས་རྒྱ་ལམ་གྱི་གནས་ཚུལ་ལ་གཞིགས་ཏེ་གུག་ཆ་དོག་པོ་དང་། གྱེན་ཐུར་གཟར་པོ། གཡང་རོང་། རི་རུད། གངས་འཁྱགས་སོགས་ཉེན་ཁ་ཆེ་བའི་དུམ་མཚམས་སུ་ཕན་ལྡན་གྱི་བདེ་འཇགས་འགོག་སྲུང་སྒྲིག་ཆས་དང་ཉེན་ཟོན་མཚོན་རྟགས་བཟོ་དགོས་པ་དང་། སློབ་གྲྭ་དང་། གྲོང་སྡེ། ལམ་མདོ་ཁ་སོགས་ཡོད་ས་དང་བར་ཐག་རྨིད་50ཡན་གྱི་ལམ་མཚམས་སུ་མངོན་གསལ་དོད་པའི་ཉེན་ཟོན་མཚོན་རྟགས་འཛུགས་དགོས། རྒྱ་ལམ་གསར་བཟོ་དང་། བཟོ་བཅོས། རྒྱས་སྐྲུན་བཅས་བྱེད་སྐབས་འགྲིམ་འགྲུལ་བདེ་འཇགས་ཀྱི་སྒྲིག་བཀོད་རྣམས་རྒྱལ་ཁབ་ཀྱི་ཚད་གཞི་ལྟར་རྒྱ་ལམ་དང་མཉམ་དུ་ཇུས་འགོད་དང་། མཉམ་དུ་བཟོ་སྐྲུན། མཉམ་དུ་བེད་སྤྱོད་བཅས་བྱེད་དགོས། འགྲིམ་འགྲུལ་བདེ་འཇགས་སྒྲིག་བཀོད་ཇུས་འགོད་བྱེད་སྐབས་སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱི་བསམ་འཆར་བསྡུ་ལེན་བྱེད་དགོས་པ་དང་འབྲེལ་རྒྱ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་སྒྲིག་བཀོད་ཞིབ་བཤེར་རྩིས་ལེན་བྱེད་པའི་ནང་སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཚན་ཞུགས་རྒྱུའི་གདན་ཞུ་བྱེད་དགོས།

        དོན་ཚན་སོ་བཞི་པ། གྲོང་རྡལ་དང་། གྲོང་སྡེ། གྲོང་ཁྱེར་གྱི་གྲོང་མི་སྡོད་ཁུལ། དེ་བཞིན་ལས་ཁུངས་དང་། ཁེ་ལས་བྱ་གཞག་ཚན་པ། སྤྱི་ཚོགས་ཚོགས་པ་བཅས་སོ་སོས་བཟོས་པའི་འགྲོ་ལམ་རྣམས་རྒྱ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་བླང་བྱ་དང་མཐུན་པ་བྱེད་དགོས།

        དོན་ཚན་སོ་ལྔ་པ། འཕྲུལ་སྒུལ་འཁོར་རིགས་འཇོག་ས་མི་འདེང་བའི་ཁྲོམ་གཞུང་དུ་སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་གྲོང་ཁྱེར་གྲོང་རྡལ་འཛུགས་སྐྲུན་སྡེ་ཚན་དང་མཉམ་དུ་འགྲིམ་འགྲུལ་གྱི་གནས་ཚུལ་ལ་གཞིགས་ཏེ་རྐང་ཐང་དུ་འགྲོ་ས་དང་འཁོར་རིགས་འགྲོ་སར་གནོད་པ་མེད་པའི་གནས་ཚུལ་འོག་གནས་སྐབས་འཁོར་རིགས་འཇོག་ས་བཟོས་ཐོག་མོ་ཊ་འཇོག་པའི་དུས་ཚོད་གཏན་འཁེལ་བཟོ་དགོས་པ་དང་ཉེན་ཟོན་མཚོན་རྟགས་འཛུགས་དགོས།

        དོན་ཚན་སོ་དྲུག་པ། རྒྱ་ལམ་ཉམས་བཟོ་དང་བདག་སྐྱོང་སོགས་ཀྱི་ལས་ཀ་བྱེད་མཁན་གྱིས་གཤམ་གསལ་གྱི་གཏན་འབེབས་ལ་བརྩི་སྲུང་ཞུ་དགོས་པ་སྟེ།

        (གཅིག ) ཆོག་མཆན་ཐོབ་པའི་ལམ་མཚམས་དང་དུས་ཚོད་ནང་ལས་ཀ་བྱེད་སྐབས། ཉིན་མོར་ལས་ཀ་བྱ་ཡུལ་ནས་མོ་ཊ་ཡོང་སའི་བར་རྨིད་50ལས་མི་ཉུང་བའི་ལམ་མཚམས་དང་། མཚན་མོར་རྨིད་100ལས་མི་ཉུང་བའི་སར་འོད་འཚེར་ཉེན་ཟོན་མཚོན་རྟགས་སམ་ཡང་ན་ཨར་ལས་མཚོན་རྟགས་བཙུགས་ནས་སྔོན་འགོག་སྲུང་སྐྱོབ་ཀྱི་བྱ་ཐབས་སྤྱོད་དགོས།

        (གཉིས ) ལས་ཀའི་དགོས་མཁོའི་དབང་གིས་རྒྱ་ལམ་བཀག་བཅད་དང་བཟུང་སྤྱོད་བྱེད་དགོས་ཚེ། ལས་སྒྲུབ་ཚན་པས་བཀག་བཅད་དང་བཟུང་སྤྱོད་མ་བྱས་པའི་ཉིན་ལྔའི་གོང་ནས་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱེད་དགོས།

        (གསུམ ) ལས་ཀ་བྱེད་མཁན་གྱིས་འོད་འཚེར་ཞྭ་གོས་གྱོན་དགོས། ལས་སྒྲུབ་ཚན་པས་ལས་ཀ་སྒྲུབ་རྗེས་འཕྲལ་མར་རྒྱ་ལམ་ཐོག་གི་བཀག་དངོས་རྣམས་གཙང་སེལ་བྱས་ཏེ་བདེ་འཇགས་ལ་གནོད་གཞིའི་རྐྱེན་རྩ་མེད་པ་བཟོ་དགོས་པ་དང་། རྒྱ་ལམ་གཙོ་འགན་འཁུར་མཁན་སྡེ་ཚན་དང་སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་ཞིབ་བཤེར་རྩིས་ལེན་བྱས་ནས་ཚད་ལོངས་བ་དང་འགྲོ་སྐྱོད་ཀྱི་བླང་བྱ་དང་འཚམ་རྗེས་གཞི་ནས་འགྲོ་སྐྱོད་སླར་གསོ་བྱེད་ཆོགའགྲིམ་འགྲུལ་བཀག་མེད་པའི་ཨར་ལས་བྱ་ཡུལ་གྱི་རྒྱ་ལམ་ཐོག་སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་བདེ་འཇགས་ལྟ་སྐུལ་དོ་དམ་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས། འགྲིམ་འགྲུལ་འགག་པའི་སྐབས་སུ་དུས་ཐོག་ཏུ་གཏོང་འགྲེམས་ཤར་བགྲོད་ཐུབ་པ་བྱས་ནས་རྒྱ་ལམ་འགྲིམ་འགྲུལ་གྱི་སྒྲིག་ལམ་སྲུང་སྐྱོང་བྱེད་དགོས།

        དོན་ཚན་སོ་བདུན་པ། འཛུགས་སྐྲུན་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་གྲོང་ཁྱེར་གྱི་རྒྱ་ལམ་འཛུགས་སྐྲུན་བྱེད་སྐབས་ལོང་བའི་འགྲོ་ས་དང་དེའི་སྒྲིག་བཀོད་བཟོ་དགོས། ལོང་བའི་འགྲོ་ས་བཟོ་སྐབས་བཀག་དངོས་ལས་གཡོལ་དགོས། རྩ་འཛུགས་དང་མི་སྒེར་གང་རུང་གིས་ལོང་བའི་འགྲོ་ས་དང་དེའི་སྒྲིག་བཀོད་བཙན་བཟུང་དང་གཏོར་བཤིག་གཏོང་མི་ཆོག

        ལེའུ་ལྔ་པ། རྒྱ་ལམ་ཐོག་འགྲོ་སྐྱོད་བྱེད་ཕྱོགས་གཏན་འབེབས།

        དོན་ཚན་སོ་བརྒྱད་པ། འཕྲུལ་སྒུལ་འཁོར་རིགས་དང་། འཕྲུལ་སྒུལ་མིན་པའི་འཁོར་རིགས། རྐང་ཐང་དུ་འགྲོ་མཁན་བཅས་ཀྱིས་སོ་སོའི་འགྲོ་ལམ་ཐོག་སྐྱོད་དགོས། འཕྲུལ་སྒུལ་འཁོར་རིགས་འགྲོ་ས་དང་འཕྲུལ་སྒུལ་མིན་པའི་འཁོར་རིགས་འགྲོ་ས། མི་བགྲོད་འཕྲེད་ལམ་བཅས་དབྱེ་བ་ཕྱེ་མེད་པའི་རྒྱ་ལམ་དུ། འཕྲུལ་སྒུལ་འཁོར་རིགས་རྒྱ་ལམ་དཀྱིལ་དུ་འགྲོ་སྐྱོད་བྱེད་དགོས་པ་དང་། འཕྲུལ་སྒུལ་མིན་པའི་འཁོར་རིགས་དང་རྐང་ཐང་དུ་འགྲོ་མཁན་རྒྱ་ལམ་གྱི་གཡས་ངོས་སུ་འགྲོ་སྐྱོད་བྱེད་དགོས། ལམ་ངོས་ཞེང་ཚད་རྨིད་7ཡན་ཡོད་ཚེ་རྐང་ཐང་དུ་འགྲོ་མཁན་གྱིས་རྒྱ་ལམ་གྱི་གཡས་ངོས་ལམ་མཐའ་ནས་བརྩིས་ཏེ་ཞེང་ཚད་རྨིད་1ནས་མི་བརྒལ་བའི་ལམ་ངོས་ནང་འགྲོ་སྐྱོད་བྱེད་དགོས་པ་དང་། རྐང་འཁོར་དང་གློག་སྒུལ་རྐང་འཁོར་གྱིས་ལམ་ངོས་ཀྱི་ཞེང་ཚད་རྨིད་1.5ནས་མི་བརྒལ་བའི་ས་ཁོངས་ནང་འགྲོ་སྐྱོད་བྱེད་དགོས་པ། དེ་མིན་འཕྲུལ་སྒུལ་མིན་པའི་འཁོར་རིགས་ཀྱིས་ལམ་ངོས་ཀྱི་ཞེང་ཚད་རྨིད་2ནས་མི་བརྒལ་བའི་ས་ཁོངས་ནང་འགྲོ་སྐྱོད་བྱེད་དགོས། ལམ་ངོས་ཀྱི་འགྲོ་སྐྱོད་བྱེད་སའི་ཞེང་ཚད་མི་འདེང་བའི་སྐབས། འཕྲུལ་སྒུལ་འཁོར་རིགས་ཀྱིས་འཕྲུལ་སྒུལ་མིན་པའི་འཁོར་རིགས་སམ་ཡང་ན་རྐང་ཐང་དུ་འགྲོ་མཁན་སྔོན་ལ་གཏོང་དགོས།

        དོན་ཚན་སོ་དགུ་པ། འཕྲུལ་སྒུལ་འཁོར་རིགས་གཏོང་སྐབས་གཤམ་གསལ་གཏན་འབེབས་ཁག་སྲུང་བརྩི་ཞུ་དགོས།

        (གཅིག )འཕྲུལ་སྒུལ་འཁོར་རིགས་ཁ་སྐོར་སྐབས་རྒྱུན་ལྡན་འགྲོ་སྐྱོད་བྱེད་མཁན་གྱི་འཁོར་རིགས་དང་རྐང་ཐང་དུ་འགྲོ་སྐྱོད་བྱེད་མཁན་ལ་འགོག་རྐྱེན་བཟོ་མི་ཆོག

        (གཉིས )དུང་སྒྲ་སྒྲོག་མི་ཆོག་པའི་ས་ཁོངས་སུ་དུང་སྒྲ་སྒྲོག་མི་ཆོག

        (གསུམ )འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བ་སྡོད་སའི་མདུན་དང་རྒྱབ་ཀྱི་སྒེའུ་ཁུང་ནང་བདེ་འཇགས་ལ་གནོད་གཞི་ཡོད་པའི་དངོས་རིགས་འགེལ་བ་དང་འཇོག་མི་ཆོག

        (བཞི )ཕྱོགས་སྟོན་འཁོར་ལམ་ཐོག་འཛུལ་རྗེས་གཏན་འབེབས་བྱས་པའི་ཁ་ཕྱོགས་ལྟར་འགྲོ་སྐྱོད་བྱེད་དགོས།

        (ལྔ )ཁ་གཡས་ལ་སྐོར་སྐབས་འཁོར་ལམ་གཅིག་པའི་ནང་འཁོར་རིགས་གཞན་དག་འགྲོ་སྐྱོད་བྱེད་ཆོག་པའི་གློག་བརྡ་གཏོང་རྒྱུ་སྒུག་ནས་བསྡད་ཡོད་ཚེ་ཨུ་ཚུགས་ཀྱིས་ཁ་སྐོར་མི་ཆོག

        དོན་ཚན་བཞི་བཅུ་པ། འཕྲུལ་སྒུལ་འཁོར་རིགས་ཀྱིས་གཞན་གྱི་ལམ་བཟུང་ནས་འགྲོ་སྐྱོད་བྱེད་པའམ་ཡང་ན་འཁོར་ལམ་སྒྱུར་དགོས་སྐབས་གཤམ་གསལ་གྱི་གཏན་འབེབས་ཁག་སྲུང་བརྩི་ཞུ་དགོས།

        (གཅིག )གཞན་གྱི་ལམ་བཟུང་ནས་སྐྱོད་དགོས་ཚེ་དེའི་ཐོག་འགྲོ་སྐྱོད་བྱེད་མཁན་འཕྲུལ་སྒུལ་འཁོར་རིགས་དང་རྐང་ཐང་དུ་འགྲོ་མཁན་རིགས་སྔོན་ལ་གཏོང་དགོས།

        (གཉིས )སྔ་རྗེས་གོ་རིམ་བཞིན་གཞན་གྱི་ལམ་བཟུང་ནས་འགྲོ་སྐྱོད་བྱེད་པའམ་ཡང་ན་འཁོར་ལམ་སྒྱུར་དགོས་པ་ལས་འཁོར་ལམ་ཡང་སེ་སྒྱུར་མི་ཆོག

        (གསུམ )བསྟུད་མར་འཕྲུལ་སྒུལ་འཁོར་ལམ་གཉིས་ཡན་སྒྱུར་མི་ཆོག

        (བཞི )འཁོར་ལམ་གཡས་གཡོན་ཐོག་གི་ཁ་ཕྱོགས་གཅིག་ཏུ་སྐྱོད་མཁན་འཁོར་རིགས་འཁོར་ལམ་གཅིག་པའི་ཕྱོགས་སུ་ཁ་སྒྱུར་བྱེད་སྐབས་གཡོན་ངོས་འཁོར་ལམ་ཐོག་གི་འཕྲུལ་སྒུལ་འཁོར་རིགས་ཀྱིས་གཡས་ངོས་ཀྱི་འཕྲུལ་སྒུལ་འཁོར་རིགས་སྔོན་དུ་གཏོང་དགོས། རྒྱ་ལམ་གུ་དོག་པོའི་ཐོག་འཕྲུལ་སྒུལ་འཁོར་རིགས་གདོང་ཐུག་རྒྱག་སྐབས་གཟུར་གཡོལ་བདེ་བའི་འཁོར་རིགས་ཀྱིས་གཟུར་གཡོལ་བྱེད་ཁག་པའི་འཁོར་རིགས་སྔོན་དུ་གཏོང་དགོས་པ་དང་། འཁོར་རིགས་གཅིག་ལས་ཐར་ཐབས་མེད་པའི་ལམ་མཚམས་སུ་རྗེས་ལ་སླེབས་མཁན་འཁོར་རིགས་ཀྱིས་སྔོན་ལ་སླེབས་པའི་འཁོར་རིགས་ལ་གཟུར་གཡོལ་བྱེད་དགོས། འཕྲུལ་སྒུལ་འཁོར་རིགས་དེ་འཕྲུལ་སྒུལ་མིན་པའི་འཁོར་ལམ་དང་། མི་འགྲོ་ས། འཁོར་རིགས་འཇོག་སའམ་(འཁོར་རིགས་འཇུག་ས )ཡང་ན་གནས་སྐབས་འཁོར་རིགས་འཇོག་ས་བཅས་ནས་འཛུལ་ཐོན་བྱེད་སྐབས་འཁོར་རིགས་གཞན་དག་དང་རྐང་ཐང་དུ་འགྲོ་མཁན་ལ་འགོག་རྐྱེན་བཟོ་མི་ཆོག

        དོན་ཚན་ཞེ་གཅིག་པ། འདྲུད་འཐེན་འཕྲུལ་འཁོར་རྒྱ་ལམ་ཐོག་འགྲོ་སྐྱོད་བྱེད་སྐབས་ཁ་ལོ་བས་གཤམ་གསལ་གཏན་འབེབས་ཁག་སྲུང་བརྩི་ཞུ་དགོས།

        (གཅིག )གྲོང་ཁྱེར་ནང་གི་འགྲོ་སྐྱོད་མི་ཆོག་པའི་རྒྱ་ལམ་ཐོག་འགྲོ་སྐྱོད་བྱེད་མི་ཆོག

        (གཉིས )རྒྱ་ལམ་གྱི་གཡས་ངོས་འཕྲུལ་སྒུལ་འཁོར་ལམ་ནང་འགྲོ་དགོས།

        (གསུམ )འགྲིམ་འགྲུལ་གྱི་བརྡ་སྟོན་གློག་སྒྲོན་དང་འགྲིམ་འགྲུལ་ཉེན་རྟོག་པའི་བཀོད་འདོམས་མེད་པའི་ལམ་མདོར་འགྲོ་སྐྱོད་བྱེད་སྐབས་འགོར་དུ་བཏང་ནས་ག་ལེར་གཏོང་བའམ་ཡང་ན་ཁ་བཀག་སྟེ་བལྟ་ཞིབ་ཀྱིས་ཉེན་ཁ་མེད་པ་ཤེས་རྗེས་འགྲོ་སྐྱོད་བྱེད་དགོས།

        (བཞི )མཚན་མོ་འགྲོ་སྐྱོད་བྱེད་སྐབས་འཁོར་རིགས་ཀྱི་རྒྱབ་ངོས་སུ་འོད་འཚེར་མཚོན་རྟགས་སྦྱར་བ་དང་གློག་སོགས་ཉེན་བརྡའི་མཚོན་རྟགས་བསྒར་དགོས། ལས་ཀའི་དགོས་མཁོས་རྐྱེན་པས་འདྲུད་འཐེན་འཕྲུལ་འཁོར་གྱིས་འགྲོ་མི་ཆོག་པའི་རྒྱ་ལམ་བརྒྱུད་དགོས་ཚེ་སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཚན་ལ་འགྲོ་སྐྱོད་ཆོག་པའི་ལག་ཁྱེར་ཞུས་རྗེས་གཞི་ནས་འགྲོ་སྐྱོད་བྱེད་ཆོག

        དོན་ཚན་ཞེ་གཉིས་པ། གཤམ་གསལ་ས་ཁོངས་ནང་འཕྲུལ་སྒུལ་འཁོར་རིགས་འཇོག་མི་ཆོག་པ་སྟེ།

        (གཅིག )ཀྱོག་ལམ་དང་། གྱེན་ཐུར་གཟར་པོ། ཟམ་པ། ཕུག་ལམ་བཅས་དང་།

        (གཉིས )རྐང་ཐང་འཕྲེད་ལམ་མམ་ཡང་ན་རྐང་ཐང་འཕྲེད་ལམ་གྱི་ར་སྐྱོར་(སྔོ་བཅད )ཡོད་པའི་ལམ་མཚམས།

        (གསུམ )དྲ་ཐིག་ས་ཁོངས་ནང་།

        (བཞི )ཨར་ལས་ཚུགས་ས (ཨར་ལས་ཀྱི་འཁོར་རིགས་ཕུད )

        (ལྔ )ལམ་ཐོག་ཏུ་བཀག་དངོས་ཡོད་པའི་ཁ་སྤྲོད་ས་ཁོངས།

        (དྲུག )འཁོར་རིགས་འཇོག་མི་ཆོག་པའི་མཚོན་རྟགས་ཡོད་པའི་ལམ་མཚམས་བཅས་ཡིན།

        དོན་ཚན་ཞེ་གསུམ་པ། འཕྲུལ་སྒུལ་འཁོར་རིགས་རྒྱ་ལམ་ཐོག་སྐབས་འཕྲལ་ཁ་བཀག་དགོས་ཚེ་འགྲོ་སྐྱོད་བྱེད་པའི་ཁ་ཕྱོགས་བཞིན་རྒྱ་ལམ་གྱི་གཡས་མཐར་བཅར་ནས་སྡོད་དགོས་པ་མ་ཟད་ཉེན་བརྡའི་འོད་ཆེམ་གློག་སྒྲོན་སྤོར་དགོས། མཚན་མོ་ལམ་གློག་མེད་པའམ་ཡང་ན་རླུང་པོ་དང་། གངས། ཆར་པ། སྨུག་པ་སོགས་འཕྲད་དེ་མིག་གིས་མཐོང་རྒྱ་ཆུང་བའི་གནས་ཚུལ་འོག་གོང་འཁོད་གཏན་འབེབས་ལ་སྲུང་བརྩི་ཞུ་དགོས་པ་ཕུད་། ད་དུང་ཉེན་བརྡའི་གློག་སྒྲོན་དང་། དབྱིབས་སྒྲོན། རྒྱབ་གསལ་གློག་སྒྲོན་བཅས་སྤོར་དགོས། གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་བབས་ཚུགས་ནས་འཛུལ་ཐོན་བྱེད་སྐབས་གཡས་ངོས་སུ་གོ་རིམ་བཞིན་རུ་གཅིག་སྒྲིག་གིས་བསྡད་དེ་འགྲུལ་པ་བླུགས་འབེབས་བྱེད་དགོས་པ་ལས་བབས་ཚུགས་མེད་པའི་ས་ཆར་འགྲུལ་པ་བླུགས་འབེབས་བྱེད་མི་ཆོག

        དོན་ཚན་ཞེ་བཞི་པ། གྲོང་ཁྱེར་གྱི་འགྲུལ་སྐྱེལ་འཁོར་རིགས་ཀྱིས་འགྲུལ་པ་འཇུག་སྐབས་སྔོན་ནས་ཁ་སྒྱུར་གློག་སྒྲོན་སྤོར་དགོས་པ་མ་ཟད་རྒྱ་ལམ་གྱི་གཡས་ངོས་སུ་བཅར་ནས་བསྡད་དེ་བདེ་འཇགས་ངང་འགྲུལ་པ་བླུགས་རྗེས་གཞི་ནས་འགྲོ་སྐྱོད་བྱེད་ཆོགགྲོང་ཁྱེར་གྱི་འགྲུལ་སྐྱེལ་འཁོར་རིགས་འགྲོ་སྐྱོད་བྱེད་པའི་ནང་གང་བྱུང་དུ་ཧོབ་སྟེ་ཁ་བཀག་པ་དང་ཁ་སྐོར་བའི་རིགས་བྱེད་མི་ཆོག

        དོན་ཚན་ཞེ་ལྔ་པ། འཕྲུལ་སྒུལ་འཁོར་རིགས་རྒྱ་ལམ་ཐོག་འགྲོ་སྐྱོད་བྱེད་སྐབས་ཚད་བཀག་མྱུར་ཚད་ཀྱི་མཚོན་རྟགས་དང་ཐིག་རྟགས་ཐོག་འཁོད་པའི་མྱུར་ཚད་མཐོ་ཤོས་ལས་བརྒལ་མི་ཆོག ཚད་བཀག་མྱུར་ཚད་ཀྱི་མཚོན་རྟགས་དང་ཐིག་རྟགས་མེད་པའི་རྒྱ་ལམ་ཐོག་འགྲོ་སྐྱོད་བྱེད་སྐབས་བདེ་འཇགས་ཐུབ་པའི་མྱུར་ཚད་བཞིན་འགྲོ་སྐྱོད་བྱེད་དགོས། འཕྲུལ་སྒུལ་འཁོར་རིགས་གངས་འཁྱགས་དང་། བྱེ་རླུང་། དྲག་ཆར་སོགས་གནམ་གཤིས་ངན་པའམ་ཡང་ན་ལམ་དོག་པོ་དང་། གྱེན་ཐུར་གཟར་པོ། གུག་དོག་པོ། གཡང་གཟར་སོགས་ཀྱི་ཉེན་ཆེའི་ལམ་ཐོག་ཏུ་སྐྱོད་སྐབས་ག་ལེར་སྐྱོད་དགོས།

        དོན་ཚན་ཞེ་དྲུག་པ། རྐང་འཁོར་དང་གློག་ཤུགས་རྐང་འཁོར་གྲོང་ཁྱེར་གྱི་རྒྱ་ལམ་ཐོག་འགྲོ་སྐྱོད་བྱེད་སྐབས་ཧྲིལ་ལོ་12མན་གྱི་བྱིས་པ་གཅིག་ལས་བསྐྱོན་མི་ཆོག སློབ་ལོ་མ་ལོན་པའི་བྱིས་པ་བསྐྱོན་སྐབས་ཉེན་ཟོན་རྐུབ་སྟེགས་བེད་སྤྱོད་བྱེད་དགོས། ཧྲིལ་ལོ་12མ་སོན་པའི་བྱིས་པས་རྒྱ་ལམ་ཐོག་རྐང་འཁོར་བཞོན་མི་ཆོག་པ་དང་། ཧྲིལ་ལོ་16ལ་སླེབས་མེད་པའི་ནར་མ་སོན་པའི་མིས་གློག་ཤུགས་རྐང་འཁོར་བཞོན་ནས་རྒྱ་ལམ་ཐོག་འགྲོ་སྐྱོད་བྱེད་མི་ཆོག ཧྲིལ་ལོ་12ཡན་གྱི་ནར་མ་སོན་པའི་མིས་རྐང་འཁོར་བཞོན་པ་དང་ཧྲིལ་ལོ་16ཡན་གྱི་ནར་མ་སོན་པའི་མིས་གློག་ཤུགས་རྐང་འཁོར་བཞོན་ནས་རྒྱ་ལམ་ཐོག་སྐྱོད་སྐབས་མི་གཞན་བསྐྱོན་མི་ཆོག

        དོན་ཚན་ཞེ་བདུན་པ། ཕྱུགས་ཐེར་གཏོང་སྐབས་འདུལ་སྦྱོང་བྱས་པའི་ཕྱུགས་ཟོག་སྤྱོད་དགོས་པ་དང་། ཕྱུགས་ཐེར་བཏང་སྟེ་རྒྱ་ལམ་འཕྲེད་བཅད་གཏོང་སྐབས་ཐེར་གེ་གཏོང་མཁན་གྱིས་མར་བབས་ནས་ཕྱུགས་ཟོག་ཁྲིད་དགོས་པ། ཕྱུགས་ཐེར་མཉམ་གཤིབ་བྱས་ཏེ་གཏོང་མི་ཆོག་པ། ཐེར་གེ་གཏོང་མཁན་གྱིས་ཕྱུགས་ཐེར་བཞག་ནས་འགྲོ་དགོས་ཚེ་ཕྱུགས་ཟོག་འདོགས་དགོས།

        དོན་ཚན་ཞེ་བརྒྱད་པ། འགྲུལ་པས་འཕྲུལ་སྒུལ་འཁོར་རིགས་ནང་སྡོད་སྐབས་གཤམ་གསལ་གཏན་འབེབས་ཁག་སྲུང་བརྩི་ཞུ་དགོས་པ་སྟེ།

        (གཅིག )འཁོར་རིགས་ཁ་ཡག་པོ་མ་བཀག་གོང་ཡར་འཛེགས་མར་བབས་བྱེད་མི་ཆོག

        (གཉིས )འཁོར་རིགས་ཀྱི་སྒེའུ་ཁུང་ནས་འཛུལ་ཐོན་བྱེད་མི་ཆོག

        (གསུམ )འཁོར་རིགས་འགྲོ་བཞིན་པའི་སྐབས་སུ་ཕྱི་ལ་དངོས་རིགས་དབྱུགས་མི་ཆོག

        (བཞི )འཕྲུལ་སྒུལ་འཁོར་རིགས་ཀྱི་མདུན་གྱི་རྐུབ་སྟེགས་ཐོག་སྡོད་སྐབས་ཉེན་ཟོན་འཕྲེད་ཐག་འཆིང་དགོས།

        (ལྔ )སྦག་སྦག་བཞོན་སྐབས་མདུན་ལ་ཁ་གཏད་དེ་བཞོན་དགོས་པ་མ་ཟད། ཉེན་ཟོན་རྨོག་ཞྭའང་གྱོན་དགོས། (དྲུག )འཕྲུལ་སྒུལ་འཁོར་ལམ་ཐོག་འཁོར་རིགས་བཀག་མི་ཆོག

        (བདུན )མེ་མཆེད་སླ་བ་དང་འབར་གས་སླ་བ་སོགས་ཀྱི་ཉེན་ཆེའི་དངོས་རྫས་ཁྱེར་མི་ཆོག

        (བརྒྱད )འཁོར་རིགས་ཀྱི་སྒེའུ་ཁུང་ནས་གཟུགས་པོ་ཕྱིར་བཏོན་མི་ཆོག

        ལེའུ་དྲུག་པ། འགྲིམ་འགྲུལ་གྱི་ལས་འཛོལ་ཐག་གཅོད་བྱེད་ཕྱོགས་སྐོར།

        དོན་ཚན་ཞེ་དགུ་པ། རྒྱ་ལམ་ཐོག་འགྲིམ་འགྲུལ་ལས་འཛོལ་ཐོན་ཚེ་འགྲིམ་འགྲུལ་ལས་འཛོལ་བཟོ་མཁན་འཁོར་རིགས་ཀྱི་ཁ་ལོ་བས་འཕྲལ་མར་འཁོར་རིགས་ཁ་བཀག་ནས་ལས་འཛོལ་ཐོན་ཡུལ་སྲུང་དགོས་པ་མ་ཟད། རྨས་སྐྱོན་ཕོག་མཁན་འཕྲལ་མར་མྱུར་སྐྱོབ་བྱེད་པ་དང་འབྲེལ་ལམ་སེང་སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཚན་ལ་སྙན་སེང་ཞུ་དགོས། སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་འགྲིམ་འགྲུལ་ལས་འཛོལ་གྱི་སྙན་སེང་ཉེན་བརྡ་འབྱོར་རྗེས་དུས་ཐོག་ཏུ་ལས་འཛོལ་ཐོན་ཡུལ་དུ་བསྐྱོད་པ་དང་། ལས་འཛོལ་གྱི་གནད་དོན་ཐག་གཅོད་བྱེད་པ། འགྲིམ་འགྲུལ་གང་མགྱོགས་སླར་གསོ་ཐུབ་པ་བཅས་བྱེད་དགོས། གཞན་ཡང་མོ་ཊ་དེའི་ནང་སྡོད་མཁན་འགྲུལ་པ་དང་། འགྲོ་འོང་བྱེད་མཁན་འཁོར་རིགས་གཞན་དག རྐང་ཐང་དུ་འགྲོ་མཁན་བཅས་ཀྱིས་དེར་གཞོགས་འདེགས་བྱེད་དགོས།

        དོན་ཚན་ལྔ་བཅུ་པ། སྨན་བཅོས་རོགས་སྐྱོབ་ཀྱི་རེ་བ་བཏོན་པའམ་ཡང་ན་སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱི་བརྡ་ཐོ་འབྱོར་རྗེས་སྨན་བཅོས་ལས་ཁུངས་ཀྱིས་འཕྲལ་མར་མྱུར་སྐྱོབ་འཁོར་རིགས་དང་སྨན་བཅོས་མི་སྣ་བཏང་སྟེ་སྨན་བཅོས་སྲོག་སྐྱོབ་ཀྱི་ལས་ཀ་སྤེལ་དགོས། སྨན་བཅོས་ལས་ཁུངས་གང་འདྲ་ཞིག་ཡིན་རུང་འགྲིམ་འགྲུལ་གྱི་ལས་འཛོལ་ནང་རྨས་སྐྱོན་ཕོག་མཁན་ལ་ཀ་ཀོར་གྱིས་སྨན་བཅོས་མི་བྱེད་པའམ་ཡང་ན་མྱུར་སྐྱོབ་ཀྱི་སྨན་རིན་འཕྲལ་མར་འདོན་མི་ཐུབ་པའི་རྐྱེན་གྱིས་སྨན་བཅོས་ནར་འགྱངས་གཏོང་བའི་རིགས་བྱེད་མི་ཆོག

        དོན་ཚན་ང་གཅིག་པ། དོ་བདག་ལ་ཁྲིམས་ལུགས་ལྟར་རང་སོ་སོས་གྲོས་མོལ་གྱིས་ཐག་གཅོད་བྱེད་ཆོག་པའམ་ཡང་ན་འགྲིམ་འགྲུལ་ཉེན་རྟོག་པས་ས་ཆ་དེ་རང་དུ་ཐག་གཅོད་བྱེད་ཆོག་པའི་འགྲིམ་འགྲུལ་གྱི་ལས་འཛོལ་ལ་རང་སྐྱོང་ལྗོངས་སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་ཞིབ་ཕྲའི་ཁྱབ་ཁོངས་ཚད་གཞི་བཟོ་དགོས་པ་མ་ཟད། སྤྱི་ཚོགས་ཐོག་ཡོངས་བསྒྲགས་ཀྱང་བྱེད་དགོས།

        དོན་ཚན་ང་གཉིས་པ། འགྲིམ་འགྲུལ་ཉེན་རྟོག་པས་གོ་ཆོད་སྟབས་བདེའི་བརྒྱུད་རིམ་ཐོག་ནས་རྒྱ་ལམ་གྱི་འགྲིམ་འགྲུལ་ལས་འཛོལ་ཐག་གཅོད་བྱེད་སྐབས་ལས་འཛོལ་ཐོན་སའི་དཔང་རྟགས་གསལ་པོ་བཟོས་རྗེས་དོ་བདག་དེ་ནས་ཁ་བྲལ་ཆོག་པའི་བཀའ་བཏང་སྟེ་འགྲིམ་འགྲུལ་སླར་གསོ་ཐུབ་པ་བྱེད་དགོས། ས་ཡུལ་དངོས་ནས་མི་འགྲོ་མཁན་ལ་བཙན་ཤེད་ཀྱིས་ས་ཡུལ་དེ་ནས་ཁ་བྲལ་དུ་འཇུག་དགོས། དོ་བདག་གིས་སོ་སོའི་འཁོར་རིགས་སྤོ་སྒྱུར་བྱེད་མ་ཐུབ་ཚེ་འགྲིམ་འགྲུལ་ཉེན་རྟོག་པས་འཁོར་རིགས་དེ་འགྲིམ་འགྲུལ་ལ་སྐྱོན་མི་རྒྱག་པའི་ས་ཆར་སྤོ་སྐྱེལ་བྱེད་དགོས།

        དོན་ཚན་ང་གསུམ་པ། འཕྲུལ་སྒུལ་འཁོར་རིགས་ཀྱིས་འཕྲུལ་སྒུལ་མིན་པའི་འཁོར་རིགས་ཀྱི་ཁ་ལོ་བ་དང་རྐང་ཐང་དུ་འགྲོ་མཁན་ལ་རྒྱ་ལམ་འགྲིམ་འགྲུལ་གྱི་ལས་འཛོལ་ཐོན་ནས་མི་ཤི་རྨས་དང་རྒྱུ་ནོར་གྱི་གྱོང་གུན་བཟོས་པར་འགན་བཅོལ་ཀུང་སིས་འཕྲུལ་སྒུལ་འཁོར་རིགས་ཀྱི་ཕྱོགས་གསུམ་པར་འགན་འཁུར་བའི་བཙན་ཤེད་ཀྱིས་འགན་བཅོལ་བྱས་པའི་འཁྲི་འགན་གྱི་གྲངས་ཚད་ཁོངས་ནས་སྐྱིན་ཚབ་འཇལ་དགོས་པ་དང་། མི་འདེང་བའི་ཆ་དེ་གཤམ་གསལ་གྱི་གཏན་འབེབས་གཞིར་བཟུང་སྐྱིན་ཚབ་སྤྲོད་རྒྱུའི་འགན་འཁུར་དགོས་པ་སྟེ།

        (གཅིག )འཕྲུལ་སྒུལ་མིན་པའི་འཁོར་རིགས་དང་རྐང་ཐང་དུ་འགྲོ་མཁན་གྱིས་ལས་འཛོལ་གྱི་འགན་ཚང་མ་འཁུར་དགོས་རིགས་ལ་འཕྲུལ་སྒུལ་འཁོར་རིགས་ཕྱོགས་ཀྱིས་10%ལས་མི་བརྒལ་བའི་འགན་འཁུར་རྒྱུ་དང་།

        (གཉིས )འཕྲུལ་སྒུལ་མིན་པའི་འཁོར་རིགས་དང་རྐང་ཐང་དུ་འགྲོ་མཁན་གྱིས་ལས་འཛོལ་གྱི་འགན་གཙོ་བོ་འཁུར་དགོས་རིགས་ལ་འཕྲུལ་སྒུལ་འཁོར་རིགས་ཕྱོགས་ཀྱིས་འགན་20%འཁུར་རྒྱུ།

        (གསུམ )འཕྲུལ་སྒུལ་མིན་པའི་འཁོར་རིགས་དང་རྐང་ཐང་དུ་འགྲོ་མཁན་གྱིས་ལས་འཛོལ་གྱི་འགན་འཁུར་དགོས་པ་དང་གཅིག་མཚུངས་ཡིན་ཚེ་འཕྲུལ་སྒུལ་འཁོར་རིགས་ཕྱོགས་ཀྱིས་འགན་60%འཁུར་རྒྱུ།

        (བཞི )འཕྲུལ་སྒུལ་མིན་པའི་འཁོར་རིགས་དང་རྐང་ཐང་དུ་འགྲོ་མཁན་གྱིས་ལས་འཛོལ་གྱི་འགན་གཙོ་བོ་འཁུར་མི་དགོས་པའི་རིགས་ལ་འཕྲུལ་སྒུལ་འཁོར་རིགས་ཕྱོགས་ཀྱིས་འགན་80%འཁུར་རྒྱུ་བཅས་ཡིན།

        དོན་ཚན་ང་བཞི་པ། རྒྱ་ལམ་འགྲིམ་འགྲུལ་ལས་འཛོལ་བཟོ་མཁན་དོ་བདག་ཕྱོགས་ཀྱིས་སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཚན་ནས་འགྲིམ་འགྲུལ་ལས་འཛོལ་གྱི་གཏན་འཁེལ་བྱས་པར་བསམ་འཆར་མི་མཐུན་པ་ཡོད་ཚེ་སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་སྡེ་ཚན་གྱིས་བསྐྱལ་བའི་འགྲིམ་འགྲུལ་ལས་འཛོལ་གྱི་གཏན་འཁེལ་ཡི་གེ་འབྱོར་ཉིན་ནས་བཟུང་ལས་ཀའི་དུས་ཚོད་ཉིན་7ནང་དེ་ལས་རིམ་པ་གཅིག་གིས་མཐོ་བའི་སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཚན་ལ་ཡིག་ཐོག་ནས་བསྐྱར་ཞིབ་ཡོང་རེ་ཞུ་ཆོག སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་རེ་བ་ཞུ་མཁན་གྱི་ཡིག་ཐོག་བསྐྱར་ཞིབ་ཞུ་ཡིག་འབྱོར་རྗེས་ཉིན་5ནང་ཚུན་དུ་བདག་སྤྲོད་བྱེད་མིན་གཏན་འཁེལ་བྱེད་དགོས་པ་མ་ཟད། རེ་བ་ཞུ་མཁན་ལ་བརྡ་ལན་ཡང་སྤྲོད་དགོས་པ་དང་། བདག་སྤྲོད་བྱས་ཟིན་པའི་བསྐྱར་ཞིབ་ཞུ་ཡིག་ལ་ཉིན་30ནང་ཚུན་དུ་བསྐྱར་ཞིབ་བྱས་པའི་ཆོད་བསྡོམས་འདོན་དགོས་པ་མ་ཟད། ཡིག་ཐོག་ནས་རེ་བ་ཞུ་མཁན་ལ་བརྡ་ལན་ཡང་སྤྲོད་དགོས།

        ལེའུ་བདུན་པ། ཁྲིམས་སྒྱུར་ལྟ་སྐུལ།

        དོན་ཚན་ང་ལྔ་པ། སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་ཁྲིམས་སྒྱུར་ལྟ་སྐུལ་ཞིབ་བཤེར་གྱི་སྒྲིག་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་ཐོག་དུས་བཀག་ནང་ཁྲིམས་སྒྱུར་གྱི་ཞིབ་བཤེར་བྱས་ཏེ་ཁྲིམས་སྒྱུར་ནོར་འཁྲུལ་གྱི་འགན་འཁྲི་བདའ་འདེད་གཏོང་ལམ་ལག་བསྟར་བྱེད་དགོས།

        དོན་ཚན་ང་དྲུག་པ། སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་འགྲིམ་འགྲུལ་ཉེན་རྟོག་པར་འགན་བབ་ལས་སྒོའི་སྦྱོང་བརྡར་དང་དཔྱད་ཞིབ་བྱེད་དགོས་པ་དང་། དཔྱད་ཞིབ་ཚད་ལོན་མ་བྱུང་ཚེ་ལས་གནས་ཐོག་སྐྱོད་མི་ཆོགསྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་འགྲིམ་འགྲུལ་ཉེན་རྟོག་པར་ཁྲིམས་ལུགས་ཀྱི་སློབ་གསོ་དང་ལས་རིགས་ཀུན་སྤྱོད་ཀྱི་སློབ་གསོ་གཏོང་དགོས།

        དོན་ཚན་ང་བདུན་པ། འགྲིམ་འགྲུལ་ཉེན་རྟོག་པས་ལས་འགན་སྒྲུབ་སྐབས་ལས་གོས་གྱོན་དགོས་པ་དང་། མི་དམངས་ཉེན་རྟོག་པའི་མཚོན་རྟགས་འདོགས་པ། བྱ་སྤྱོད་ཚུལ་མཐུན་དང་སྒྲིག་ཁྲིམས་དམ་པ། ཚད་ལྡན་ཡ་རབས་ཀྱི་ཁྲིམས་སྒྱུར་སྐད་ཆ་ཤོད་པ་བཅས་བྱེད་དགོས།

        དོན་ཚན་ང་བརྒྱད་པ། འགྲིམ་འགྲུལ་ཉེན་རྟོག་པས་འགྲིམ་འགྲུལ་གྱི་ཁྲིམས་འགལ་བྱེད་སྤྱོད་རྩད་བཤེར་ཐག་གཅོད་བྱེད་སྐབས་དྲིལ་བསྒྲགས་སློབ་གསོ་དང་ཉེས་ཆད་གཏོང་རྒྱུ་ཟུང་འབྲེལ་བྱེད་དགོས།

        དོན་ཚན་ང་དགུ་པ། འགྲིམ་འགྲུལ་ཉེན་རྟོག་པས་གཤམ་གསལ་གྱི་འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱ་སྤྱོད་ཚབས་ཆུང་བའི་རིགས་ལ་སློབ་གསོ་བརྒྱབ་རྗེས་གཏོང་དགོས་པ་ལས་ཉེས་ཆད་གཏོང་མི་ཆོག་པ་སྟེ།

        (གཅིག )འཕྲུལ་སྒུལ་འཁོར་རིགས་ཀྱིས་འཁོར་རིགས་འཇོག་ས་དང་སྐབས་འཕྲལ་འཇོག་སའི་གཏན་འབེབས་ལས་འགལ་ཡང་འགྲིམ་འགྲུལ་ཉེན་རྟོག་པས་ཐ་ཚིག་སྒྲོག་རྗེས་ལམ་སེང་ཉན་མཁན་དང་།

        (གཉིས )ས་ཆ་གཞན་གྱི་འཁོར་རིགས་ཀྱིས་ལམ་ཁའི་གནས་ཚུལ་རྒྱུས་མངའ་མེད་པས་འགྲོ་སྐྱོད་མི་ཆོག་པའི་ས་ཁོངས་ནང་འཛུལ་ཡོང་ཡང་ཁ་ཏར་ཉན་འཇོག་བྱེད་མཁན།

        (གསུམ )ནད་གཞི་ལྕི་ལ་སྲོག་ཉེན་ཆེ་བའི་ནད་པ་འཁོར་རིགས་ནང་བླུགས་ཏེ་བརྡ་སྟོན་གློག་སྒྲོན་དང་། བརྡ་སྟོན་མཚོན་རྟགས། ལམ་ཁའི་ཐིག་རྟགས་བཅས་ལས་འགལ་རིགས།

        (བཞི )འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བ་སྡོད་སའི་མདུན་དང་རྒྱབ་ཀྱི་སྒེའུ་ཁུང་ནང་ཁ་ལོ་བའི་མཐོང་རྒྱར་སྐྱོན་རྒྱག་པའི་དངོས་རིགས་བཀལ་བ་དང་བཞག་ཡོད་པར་འགྲིམ་འགྲུལ་ཉེན་རྟོག་པས་བཀོད་པ་བཏང་རྗེས་འཕྲལ་མར་ཕབ་ལེན་བྱེད་མཁན།

        (ལྔ )ཞིབ་དཔྱད་ཀྱི་མཚོན་རྟགས་དང་འགན་བཅོལ་མཚོན་རྟགས་སྦྱར་མེད་རུང་འགྲིམ་འགྲུལ་ཉེན་རྟོག་པས་སྦྱར་དགོས་པའི་བཀའ་བཏང་རྗེས་འཕྲལ་མར་སྦྱར་མཁན།

        (དྲུག )ཁ་ལོ་བའི་ལག་ཁྱེར་དང་འགྲོ་སྐྱོད་ཆོག་པའི་ལག་ཁྱེར་འཁྱེར་མེད་རུང་འགྲིམ་འགྲུལ་ཉེན་རྟོག་པས་ལག་ཁྱེར་འདོན་དགོས་པའི་བཀའ་བཏང་རྗེས་འཕྲལ་མར་གོ་ཆོད་ལག་འཁྱེར་འདོན་མཁན།

        (བདུན )འཁོར་རིགས་ཀྱི་སྒོ་དང་འཁོར་སྒྲོམ་ཡག་པོ་མ་ཐེབས་པར་འགྲིམ་འགྲུལ་ཉེན་རྟོག་པས་ཐ་ཚིག་སྒྲོག་རྗེས་ལམ་སེང་ཡོ་བསྲང་བྱེད་མཁན།

        (བརྒྱད )འཕྲུལ་སྒུལ་མིན་པའི་འཁོར་རིགས་ཀྱིས་ཁྲིམས་འགལ་ངང་དོ་པོ་བླུགས་པར་འགྲིམ་འགྲུལ་ཉེན་རྟོག་པས་བཀོད་པ་བཏང་རྗེས་འཕྲལ་མར་ཡོ་བསྲང་བྱེད་མཁན་བཅས་སོ།

        དོན་ཚན་དྲུག་ཅུ་པ། རྐང་ཐང་དུ་འགྲོ་མཁན་གྱིས་རྐང་ཐང་འཕྲེད་ལམ་ཐོག་མི་སྐྱོད་པར་རྒྱ་ལམ་གཅོད་པ་དང་། འགྲིམ་འགྲུལ་གྱི་བརྡ་སྟོན་གློག་སྒྲོན་ལ་མི་བརྩི་བར་རྐང་ཐང་འཕྲེད་ལམ་ནས་སྒྲོལ་བ། རྒྱ་ལམ་བར་བཅད་སྒྲིག་བཀོད་ཐོག་ནས་འཛེགས་འགྲོ་བ་སོགས་རྒྱ་ལམ་ཐོག་གི་འགྲོ་སྐྱོད་གཏན་འབེབས་ལས་འགལ་བའི་བྱེད་སྤྱོད་རིགས་ལ་འགྲིམ་འགྲུལ་ཉེན་རྟོག་པས་དུས་ཐོག་ཏུ་ཡོ་བསྲང་བྱེད་དགོས་པའི་བཀའ་གཏོང་དགོས་པ་མ་ཟད་སློབ་གསོ་རྒྱག་དགོས།

        དོན་ཚན་རེ་གཅིག་པ། འགྲིམ་འགྲུལ་ཉེན་རྟོག་པས་འགྲིམ་འགྲུལ་གྱི་ཁྲིམས་འགལ་བྱེད་སྤྱོད་ཡོ་བསྲང་བྱེད་དུ་འཇུག་སྐབས་རྒྱ་ལམ་གྱི་འགྲོ་སྐྱོད་ལ་སྐྱོན་མི་རྒྱག་པ་དང་འགྲིམ་འགྲུལ་བདེ་འཇགས་ཐུབ་པའི་ས་ཆར་ཐག་གཅོད་བྱེད་དགོས།

        དོན་ཚན་རེ་གཉིས་པ། འགྲིམ་འགྲུལ་ཉེན་རྟོག་པས་འགྲིམ་འགྲུལ་གྱི་ཁྲིམས་འགལ་བྱེད་སྤྱོད་རིགས་ལ་དངུལ་ཆད་འགེལ་སྐབས་འབྲེལ་ཡོད་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་གཞིར་བཟུང་དངུལ་ཆད་གཅོད་རྒྱུའི་གཏན་འབེབས་དང་དངུལ་ཆད་བསྡུ་ལེན་བྱེད་རྒྱུ་གཉིས་ལོགས་སུ་དབྱེ་དགོས། འགྲིམ་འགྲུལ་གྱི་ཁྲིམས་འགལ་བྱེད་སྤྱོད་ཡོད་མཁན་ལ་སྒོར་200མན་གྱི་དངུལ་ཆད་འགེལ་དགོས་པ་དང་དངུལ་ཆད་ཕོག་མཁན་ལ་དམིགས་འཛུགས་བྱས་པའི་དངུལ་ཁང་དུ་དངུལ་ཆད་སྐྱེལ་རྒྱུར་དཀའ་ངལ་དངོས་འབྲེལ་ཡོད་ཚེ་ཁྲིམས་ལུགས་ལྟར་རང་སར་དངུལ་ཆད་བསྡུ་ཆོག་པ་མ་ཟད། དངུལ་ཆད་བསྡུས་པའི་འཛིན་ཤོག་ཀྱང་འབྲི་དགོས། དངུལ་ཆད་བསྡུས་པའི་འཛིན་ཤོག་མི་བྲིས་ཚེ་དོ་བདག་ལ་དངུལ་ཆད་འཇལ་སྤྲོད་མི་བྱེད་པའི་དབང་ཆ་ཡོད།

        དོན་ཚན་རེ་གསུམ་པ། སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་དངུལ་ཆད་གཅོད་རྒྱུའི་གཏན་འབེབས་བྱས་རིགས་དངུལ་ཆད་ཕོག་མཁན་ལ་རང་སྐྱོང་ལྗོངས་ནོར་སྲིད་སྡེ་ཚན་གྱིས་གཅིག་གྱུར་ཐོག་བཟོས་པའི་དངུལ་ཆད་དང་གཞུང་བཞེས་ཀྱི་འཛིན་ཤོག་འབྲི་དགོས། སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་བསྡུས་པའི་དངུལ་ཆད་དང་། ཨང་རྟགས་ལག་ཁྱེར་སྤྲད་པའི་མ་གནས་དེབ་རིན། དེ་བཞིན་ཁྲིམས་བཞིན་གཞུང་བཞེས་བཏང་ནས་བྱུང་བའི་ཁྲིམས་འགལ་གྱི་ཐོབ་ཆ་ཚང་མ་རྒྱལ་མཛོད་དུ་གོང་འབུལ་ཞུ་དགོས།

        དོན་ཚན་རེ་བཞི་པ། སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་ཉིན་3ནང་ཚུན་དུ་གསར་འགྱུར་མཚམས་སྦྱོར་ཚན་པ་དང་། འཕྲིན་གཏོང་། དྲ་རྒྱ་སོགས་ཀྱི་ཐབས་ལམ་ལ་བརྟེན་ནས་འགྲིམ་འགྲུལ་ལྟ་སྡོམ་ལག་རྩལ་སྒྲིག་ཆས་ཀྱིས་ཟིན་བཀོད་བྱས་པའི་ཁྲིམས་འགལ་བྱེད་སྤྱོད་ཀྱི་ཆ་འཕྲིན་རྣམས་དོ་བདག་ལ་ཤེས་སུ་འཇུག་དགོས།

        དོན་ཚན་རེ་ལྔ་པ། སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་ལྟ་སྡོམ་འཕྲུལ་རྩལ་སྒྲིག་ཆས་ལ་བརྟེན་ནས་བྱུང་བའི་བཪྙན་པར་སོགས་འགྲིམ་འགྲུལ་གྱི་ཁྲིམས་འགལ་བྱེད་སྤྱོད་ཟིན་བཀོད་བྱས་པའི་དཔྱད་ཡིག་ལ་དོ་བདག་གི་ས་ནས་རིན་དངུལ་བསྡུ་མི་ཆོགསྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་འགག་བཤངས་འཁོར་རིགས་ལ་བརྟེན་ནས་ཁྲིམས་འགལ་འཁོར་རིགས་སྤོ་སྒྱུར་བྱེད་སྐབས་དོ་བདག་གི་ས་ནས་རིན་དངུལ་བསྡུ་མི་ཆོག་པ་མ་ཟད། དོ་བདག་ལ་དུས་ཐོག་ཏུ་མོ་ཊ་འཇོག་ས་བསྟན་དགོས་པ་དང་། འཁོར་རིགས་འདྲུད་སྐབས་བྱེད་ཐབས་ཡག་པོ་མ་བྱུང་བའི་རྐྱེན་གྱིས་འཕྲུལ་སྒུལ་འཁོར་རིགས་ལ་སྐྱོན་ཆག་བྱུང་ཚེ་སྐྱིན་ཚབ་སྤྲོད་འགན་འཁུར་དགོས།

        དོན་ཚན་རེ་དྲུག་པ། ཚན་པ་དང་མི་སྒེར་གང་རུང་ལ་སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཚན་དང་དེ་བཞིན་འགྲིམ་འགྲུལ་ཉེན་རྟོག་པའི་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ཐེར་འདོན་དང་ཡང་ན་ཞུ་གཏུག་རྒྱག་དབང་ཡོད། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་སྤྱི་བདེ་ལས་ཁུངས་དང་ལྟ་ཞིབ་ལས་ཁུངས་ཀྱིས་སྤྱི་ཚོགས་ཐོག་ཐེར་འདོན་ཁ་པར་དང་། འཕྲིན་ཡིག་གཏོང་ཡུལ། གློག་ཡིག་གཏོང་གནས་བཅས་ཡོངས་བསྒྲགས་བྱེད་དགོས་པ་དང་། ཐེར་འདོན་དང་ཞུ་གཏུག་རིགས་འབྱོར་རྗེས་འགན་འཁྲི་གཞིར་བཟུང་དུས་ཐོག་ཏུ་རྩད་བཤེར་ཐག་གཅོད་བྱེད་དགོས།

        ལེའུ་བརྒྱད་པ། བཅའ་ཁྲིམས་ཀྱི་འགན་འཁྲི།

        དོན་ཚན་རེ་བདུན་པ། སྲོལ་ཡིག་འདིའི་དོན་ཚན་ཉེར་བཞི་པའི་གཏན་འབེབས་ལས་འགལ་ཏེ་འགྲིམ་འགྲུལ་བདེ་འཇགས་ལ་འགོག་རྐྱེན་བཟོས་རིགས་སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཚན་ནས་བཙན་ཤེད་ཀྱིས་བཤིག་དབྲལ་བཏང་སྟེ་བསྡུ་ལེན་བྱེད་པ་དང་སྦྲགས། སྒོར་50ཡན་ནས་སྒོར་200མན་གྱི་དངུལ་ཆད་འགེལ་ཆོག

        དོན་ཚན་རེ་བརྒྱད་པ། སྲོལ་ཡིག་འདིའི་དོན་ཚན་ཉེར་ལྔ་པའི་གཏན་འབེབས་ལས་འགལ་ཏེ་སློབ་གྲྭའི་མོ་ཊས་མི་གྲངས་ཚད་ལས་བརྒལ་ཏེ་བླུགས་ན་སྒོར་200ཡན་ནས་སྒོར་400མན་གྱི་དངུལ་ཆད་འགེལ་ཆོག

        དོན་ཚན་རེ་དགུ་པ། གློག་ཤུགས་རྐང་འཁོར་དང་། མི་ཤུགས་འཁོར་གསུམ་རྐང་འཁོར། དབང་པོ་སྐྱོན་ཅན་གྱི་འཕྲུལ་སྒུལ་སྟེགས་འཁོར་བཅས་ལ་ཨང་རྟགས་བསྒར་མེད་པར་རྒྱ་ལམ་ཐོག་འགྲོ་སྐྱོད་བྱེད་པའམ་ཡང་ན་རྐང་འཁོར་དང་མི་ཤུགས་འཁོར་གསུམ་རྐང་འཁོར་ལ་སྒུལ་ཤུགས་སྒྲིག་ཆས་བསྒར་མཁན་ལ་ཐ་ཚིག་སྒྲོག་པའམ་ཡང་ན་སྒོར་5ཡན་ནས་སྒོར་30མན་གྱི་དངུལ་ཆད་འགེལ་རྒྱུ་དང་། དངུལ་ཆད་དང་ལེན་མ་བྱས་ཚེ་འཕྲུལ་སྒུལ་མིན་པའི་འཁོར་རིགས་བཀག་ཉར་བྱེད་ཆོག

        དོན་ཚན་བདུན་ཅུ་པ། ཆང་རག་བཏུངས་ནས་འཕྲུལ་སྒུལ་འཁོར་རིགས་གཏོང་མཁན་ལ་ཟླ་གཅིག་ཡན་ནས་ཟླ་གསུམ་མན་བར་འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོའི་ལག་ཁྱེར་གནས་སྐབས་བསྡུ་ཉར་བྱེད་དགོས་པ་མ་ཟད། སྒོར་200ཡན་ནས་སྒོར་300མན་གྱི་དངུལ་ཆད་འགེལ་དགོས། ཆང་རག་གིས་བཟི་ནས་འཕྲུལ་སྒུལ་འཁོར་རིགས་གཏོང་མཁན་ལ་སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་བཟི་མ་དྭངས་བར་དུ་གཅུན་སྡོམ་བྱེད་རྒྱུ་དང་། ཁྲིམས་ལུགས་ལྟར་ཉིན་བཅོ་ལྔ་མན་བཀག་ཉར་བྱེད་རྒྱུ་དང་ཟླ་གསུམ་ཡན་ནས་ཟླ་དྲུག་མན་བར་འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོའི་ལག་ཁྱེར་གནས་སྐབས་རིང་བསྡུ་ཉར་བྱེད་རྒྱུ་མ་ཟད། སྒོར་500ཡན་ནས་སྒོར་1200མན་གྱི་དངུལ་ཆད་འགེལ་རྒྱུ། ཆང་རག་བཏུངས་ནས་སྐྱེལ་འདྲེན་འཕྲུལ་སྒུལ་འཁོར་རིགས་གཏོང་མཁན་ལ་ཟླ་གསུམ་རིང་འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོའི་ལག་ཁྱེར་གནས་སྐབས་རིང་བསྡུ་ཉར་བྱེད་དགོས་པ་མ་ཟད། དངུལ་ཆད་སྒོར་500འགེལ་དགོས་པ་དང་། ཆང་རག་གིས་བཟི་ནས་སྐྱེལ་འདྲེན་འཕྲུལ་སྒུལ་འཁོར་རིགས་གཏོང་མཁན་ལ་སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་བཟི་མ་དྭངས་བར་དུ་གཅུན་སྡོམ་བྱེད་རྒྱུ་དང་། ཁྲིམས་ལུགས་ལྟར་ཉིན་བཅོ་ལྔ་མན་བཀག་ཉར་དང་ཟླ་དྲུག་རིང་འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོའི་ལག་ཁྱེར་གནས་སྐབས་བསྡུ་ཉར་བྱེད་རྒྱུ་མ་ཟད། དངུལ་ཆད་སྒོར་2000འགེལ་རྒྱུ། ལོ་གཅིག་གི་ནང་གོང་གསལ་ནང་གསེས་གཉིས་ཀྱི་གཏན་འབེབས་ནང་འཁོད་ར་བཟི་ནས་འཕྲུལ་སྒུལ་འཁོར་རིགས་བཏང་སྟེ་ཉེས་ཆད་ཐེངས་གཉིས་ཡན་ཕོག་པར་འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོའི་ལག་ཁྱེར་མེད་པ་བཟོ་རྒྱུ་དང་ལོ་ལྔའི་རིང་སྐྱེལ་འདྲེན་འཕྲུལ་སྒུལ་འཁོར་རིགས་གཏོང་མི་ཆོག

        དོན་ཚན་དོན་གཅིག་པ། གཞུང་ལམ་འགྲུལ་སྐྱེལ་འཁོར་རིགས་ཀྱིས་མི་གྲངས་ཚད་ལས་བརྒལ་ནས་བླུགས་ཚེ་སྒོར་200ཡན་ནས་སྒོར་300མན་གྱི་དངུལ་ཆད་འགེལ་རྒྱུ་དང་། མི་གྲངས་ཚད་ལས་བརྒལ་བ་བརྒྱ་ཆ་ཉི་ཤུ་ཟིན་པའམ་ཡང་ན་གཏན་འབེབས་ལས་འགལ་ཏེ་དངོས་ཟོག་བླུགས་ཚེ་སྒོར་500ཡན་ནས་སྒོར་1200མན་གྱི་དངུལ་ཆད་འགེལ་རྒྱུ། ཟོག་སྐྱེལ་འཕྲུལ་སྒུལ་འཁོར་རིགས་ཀྱིས་གྲངས་བཅད་ཐེག་ཚད་ལས་བརྒལ་ཏེ་དངོས་ཟོག་བླུགས་ཚེ་སྒོར་200ཡན་ནས་སྒོར་300མན་གྱི་དངུལ་ཆད་འགེལ་རྒྱུ་དང་། ཐེག་ཚད་ལས་བརྒལ་བ་བརྒྱ་ཆ་སུམ་ཅུ་ཟིན་པའམ་ཡང་ན་གཏན་འབེབས་ལས་འགལ་ཏེ་འགྲུལ་པ་བླུགས་ཚེ་སྒོར་500ཡན་ནས་སྒོར་1200མན་གྱི་དངུལ་ཆད་འགེལ་རྒྱུ། གོང་གསལ་གྱི་ནང་གསེས་གཉིས་ནང་འཁོད་པའི་བྱ་སྤྱོད་ཡོད་ཚེ་བྱ་སྤྱོད་ཡོ་བསྲང་མ་བྱས་བར་སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་འཕྲུལ་སྒུལ་འཁོར་རིགས་དེ་བཀག་ཉར་བྱེད་དགོས། སྐྱེལ་འདྲེན་ཚན་པའི་འཁོར་རིགས་ལ་དོན་ཚན་འདིའི་ནང་གསེས་དང་པོ་དང་ནང་གསེས་གཉིས་པར་གཏན་འབེབས་བྱས་པའི་གནས་ཚུལ་རིགས་ཡོད་པར་ཆད་པ་བཅད་ཀྱང་བསྒྱུར་བཅོས་མི་བྱེད་མཁན་ལ་ཐད་ཀའི་འགན་འཁུར་མཁན་གྱི་དོ་དམ་མི་སྣ་གཙོ་བོར་སྒོར་2000ཡན་ནས་སྒོར་3000མན་གྱི་དངུལ་ཆད་འགེལ་རྒྱུ།

        དོན་ཚན་དོན་གཉིས་པ། འཕྲུལ་སྒུལ་འཁོར་རིགས་ཀྱི་ཐོ་འགོད་ལག་ཁྱེར་དང་། ཨང་རྟགས། འགྲོ་སྐྱོད་ལག་ཁྱེར། ཞིབ་བཤེར་ཚད་ལོན་མཚོན་རྟགས། འགན་བཅོལ་མཚོན་རྟགས། ཁ་ལོ་བའི་ལག་ཁྱེར་བཅས་རྫུན་བཟོ་དང་བཟོ་བཅོས་བརྒྱབ་པའམ་ཡང་ན་རྫུན་བཟོ་དང་བཟོ་བཅོས་བྱས་པའི་རིགས་བེད་སྤྱོད་བྱེད་པ་དང་། ཡང་ན་འཁོར་རིགས་གཞན་དག་གི་འཕྲུལ་སྒུལ་འཁོར་རིགས་ཀྱི་ཐོ་འགོད་ལག་ཁྱེར་དང་། ཨང་རྟགས། འགྲོ་སྐྱོད་ལག་ཁྱེར། ཞིབ་བཤེར་ཚད་ལོན་མཚོན་རྟགས། འགན་བཅོལ་མཚོན་རྟགས་བཅས་བེད་སྤྱོད་བྱས་ཚེ་སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་བསྡུ་འཕྲོག་བྱེད་པ་དང་། འཕྲུལ་སྒུལ་འཁོར་རིགས་བཀག་ཉར་བྱེད་རྒྱུ་མ་ཟད། སྒོར་200ཡན་ནས་སྒོར་1200མན་གྱི་དངུལ་ཆད་འགེལ་རྒྱུ་དང་། ཉེས་གསོག་གི་ཚད་གཞིར་སླེབས་ཚེ་ཁྲིམས་བཞིན་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་རྒྱུ། དོ་བདག་གིས་དེ་མཚུངས་ཀྱི་ཁྲིམས་མཐུན་ར་སྤྲོད་བཏོན་པའམ་ཡང་ན་དེ་མཚུངས་ཀྱི་འགྲོ་ལུགས་གསབ་སྒྲུབ་བྱས་རིགས་ལ་འཕྲུལ་སྒུལ་འཁོར་རིགས་དུས་ཐོག་ཏུ་ཕྱིར་སྤྲོད་བྱེད་དགོས།

        དོན་ཚན་དོན་གསུམ་པ། ཁྲིམས་དང་མ་མཐུན་པར་ཉེན་བརྡ་གཏོང་ཆས་དང་མཚོན་རྟགས་གློག་སྒྲོན་བསྒར་སྒྲིག་བྱས་ཚེ་སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་བཙན་ཐབས་ཐོག་དེ་བཤིག་དཀྲོལ་བྱས་ནས་བསྡུ་ལེན་བྱེད་རྒྱུ་མ་ཟད། སྒོར་200ཡན་ནས་སྒོར་1200མན་གྱི་དངུལ་ཆད་འགེལ་རྒྱུ།

        དོན་ཚན་དོན་བཞི་པ། གཤམ་གསལ་གྱི་བྱེད་སྤྱོད་རིགས་གཅིག་ཡོད་མཁན་ལ་སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་སྒོར་200ཡན་ནས་སྒོར་1200མན་གྱི་དངུལ་ཆད་འགེལ་རྒྱུ།

        (གཅིག )འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བའི་ལག་ཁྱེར་མེད་པ་དང་འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བའི་ལག་ཁྱེར་མེད་པ་བཟོས་པའམ་ཡང་ན་འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བའི་ལག་ཁྱེར་གནས་སྐབས་བཀག་ཉར་བྱས་པའི་རིང་ལ་འཁོར་རིགས་གཏོང་མཁན།

        (གཉིས )ཁ་ལོ་བའི་ལག་ཁྱེར་མེད་པ་དང་ཁ་ལོ་བའི་ལག་ཁྱེར་མེད་པ་བཟོས་པའམ་ཡང་ན་གནས་སྐབས་བཀག་ཉར་བྱས་པའི་མིར་འཕྲུལ་སྒུལ་འཁོར་རིགས་གཏོང་དུ་འཇུག་མཁན།

        (གསུམ )འགྲིལ་འགྲུལ་ལས་འཛོལ་བཟོས་ནས་བྲོས་བྱོལ་བྱས་ཀྱང་ཉེས་གསོག་གི་ཚད་ལ་སླེབས་མེད་པ།

        (བཞི )འཕྲུལ་སྒུལ་འཁོར་རིགས་ཀྱི་འགྲོ་སྐྱོད་མྱུར་ཚད་དེ་གཏན་འབེབས་ཀྱི་མྱུར་ཚད་ལས་བརྒྱ་ཆ་ལྔ་བཅུ་བརྒལ་མཁན།

        (ལྔ )འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བར་བཙན་ཤེད་ཀྱིས་རྒྱ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་དང་། ཁྲིམས་སྲོལ། དེ་བཞིན་འཕྲུལ་སྒུལ་འཁོར་རིགས་བདེ་འཇགས་ངང་གཏོང་བའི་བླང་བྱ་བཅས་ལས་འགལ་དུ་བཅུག་ནས་འགྲིམ་འགྲུལ་ལས་འཛོལ་བཟོས་ཀྱང་ཉེས་གསོག་གི་ཚད་ལ་སླེབས་མེད་པ།

        (དྲུག )འགྲིམ་འགྲུལ་བཀག་སྡོམ་གྱི་གཏན་འབེབས་ལས་འགལ་ཏེ་ཨུ་ཚུགས་ཀྱིས་འགྲོ་སྐྱོད་བྱེད་པ་དང་ཁ་ཏར་མི་ཉན་པ།

        (བདུན )རྐང་བཙུགས་ནས་འགྲིམ་འགྲུལ་ཡོ་བྱད་གཏོར་སྐྱོན་གཏོང་བ་དང་། སྤོ་སྒྱུར། སུབ་བཅོས་བཅས་བྱས་ཏེ་མཇུག་འབྲས་ངན་པ་ཚབས་ཆེན་བཟོས་ཀྱང་ཉེས་གསོག་གི་ཚད་ལ་སླེབས་མེད་པ།

        (བརྒྱད )ཁྲིམས་དང་མ་མཐུན་པར་འཕྲུལ་སྒུལ་འཁོར་རིགས་བཀག་པ་དང་བཀག་ཉར་བྱས་ཏེ་ཁ་ཏ་བསླབ་བྱ་བྱས་ཀྱང་མ་ཉན་པར་འགྲིམ་འགྲུལ་ཚབས་ཆེན་འགག་པའམ་ཡང་ན་རྒྱུ་ནོར་གྱི་གྱོང་གུན་ཚབས་ཆེན་བཟོ་མཁན། བྱ་སྤྱོད་སྤེལ་མཁན་ལ་གོང་གསལ་ནང་གསེས་གཉིས་པ་དང་བཞི་པར་འཁོད་པའི་བྱེད་སྤྱོད་རིགས་གཅིག་ཡོད་མཁན་ལ་ཆབས་ཅིག་ཏུ་འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བའི་ལག་ཁྱེར་མེད་པ་བཟོ་ཆོག་པ་དང་། ནང་གསེས་དང་པོ་དང་། ནང་གསེས་གསུམ་པ། ནང་གསེས་ལྔ་པ་ནས་བརྒྱད་པ་བར་བཅས་ཀྱི་བྱེད་སྤྱོད་རིགས་གཅིག་ཡོད་མཁན་ལ་ཁྲིམས་ལུགས་ལྟར་ཆབས་ཅིག་ཏུ་ཉིན་བཅོ་ལྔ་མན་གྱི་བཀག་ཉར་བྱེད་ཆོག

        དོན་ཚན་དོན་ལྔ་པ། ལྷུ་སྒྲིག་བྱས་པའི་འཕྲུལ་སྒུལ་འཁོར་རིགས་སམ་ཡང་ན་མཁོ་མེད་དུ་གཏོང་རྒྱུའི་ཚད་ལ་སླེབས་པའི་འཕྲུལ་སྒུལ་འཁོར་རིགས་རྒྱ་ལམ་ཐོག་བཏང་ཚེ་སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་བསྡུ་ལེན་བྱས་ཏེ་བཙན་ཤེད་ཀྱིས་མཁོ་མེད་དུ་གཏོང་དགོས། གོང་གི་ནང་གསེས་སུ་འཁོད་པའི་འཕྲུལ་སྒུལ་འཁོར་རིགས་རྒྱ་ལམ་ཐོག་གཏོང་མཁན་ཁ་ལོ་བར་སྒོར་200ཡན་ནས་སྒོར་1200མན་གྱི་དངུལ་ཆད་འགེལ་རྒྱུ་མ་ཟད། འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བའི་ལག་ཁྱེར་མེད་པ་བཟོ་རྒྱུ། མཁོ་མེད་དུ་གཏོང་རྒྱུའི་ཚད་ལ་སླེབས་པའི་འཕྲུལ་སྒུལ་འཁོར་རིགས་ཚོང་གཉེར་བྱས་ཚེ་ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་རྒྱུའི་ཐོག ཚོང་སྒྱུར་བྱས་པའི་དངུལ་གྲངས་དང་གྲངས་མཚུངས་ཀྱི་དངུལ་ཆད་འགེལ་རྒྱུ་དང་། འཕྲུལ་སྒུལ་འཁོར་རིགས་དེ་དོན་ཚན་འདིའི་ནང་གསེས་དང་པོའི་གཏན་འབེབས་གཞིར་བཟུང་ཐག་གཅོད་བྱེད་རྒྱུ།

        དོན་ཚན་དོན་དྲུག་པ། ཁུག་ཆ་དང་། གྱེན་ཐུར་གཟར་པོ། གཡང་རོང་། རི་རུད། གངས་འཁྱགས་སོགས་ལམ་ཉེན་ཁ་ཆེ་ས་དང་སློབ་གྲྭ་དང་། གྲོང་སྡེ། ལམ་མདོ་ཁ་སོགས་ཀྱི་རྨིད་50ཕན་ཆད་དུ་དམིགས་ཕན་གྱི་བདེ་འཇགས་སྒྲིག་ཆས་སམ་ཉེན་ཟོན་མཚོན་རྟགས་དུས་ཐོག་ཏུ་མ་བཙུགས་པའི་རྐྱེན་གྱིས་འགྲོ་འོང་བྱེད་མཁན་མི་དང་། འཁོར་རིགས། དེ་བཞིན་རྒྱུ་ནོར་བཅས་ལ་གྱོང་གུན་བཟོས་པའི་རིགས་འབྲེལ་ཡོད་འཁྲི་འགན་ཡོད་མཁན་ཚན་པས་གུན་གསབ་བྱེད་རྒྱུའི་འགན་འཁུར་དགོས།

        དོན་ཚན་དོན་བདུན་པ། ཆོག་མཆན་མ་ཐོབ་པར་རྒྱ་ལམ་འདྲུ་བ་དང་། རྒྱ་ལམ་བཟུང་ནས་ཨར་སྐྲུན་བྱེད་པའམ་ཡང་ན་དེ་མིན་རྒྱ་ལམ་གྱི་འགྲིམ་འགྲུལ་བདེ་འཇགས་ལ་གནོད་སྐྱོན་བཟོ་བའི་རིགས་རྒྱ་ལམ་དོ་དམ་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་དེའི་ཁྲིམས་འགལ་གྱི་བྱ་སྤྱོད་མཚམས་འཇོག་བྱེད་དགོས་པ་མ་ཟད། སྔོན་མ་ལྟར་བསྐྱར་བཟོ་བྱེད་དགོས་པའི་བཀའ་གཏོང་དགོས་པ་དང་། ཕར་འགྲོ་ཚུར་འོང་བྱེད་མཁན་མི་དང་། འཁོར་རིགས། དེ་བཞིན་རྒྱུ་ནོར་བཅས་ལ་གྱོང་གུན་བཟོས་པའི་རིགས་ཁྲིམས་བཞིན་གུན་གསབ་བྱེད་རྒྱུའི་འགན་འཁུར་དགོས། གོང་གསལ་ནང་གསེས་སུ་འཁོད་པའི་བྱེད་སྤྱོད་དེ་རིགས་ཀྱིས་རྒྱ་ལམ་བདེ་འཇགས་ལ་གནོད་སྐྱོན་གཏོང་མཁན་ལ་སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་ཁྲིམས་འགལ་གྱི་བྱ་སྤྱོད་མཚམས་འཇོག་བྱེད་དགོས་པའི་བཀའ་བཏང་སྟེ་གང་མགྱོགས་འགྲིམ་འགྲུལ་སླར་གསོ་ཐུབ་པ་བྱེད་དགོས།

        དོན་ཚན་དོན་བརྒྱད་པ། རྒྱ་ལམ་གཡས་གཡོན་དང་བར་མཚམས་དབྱེ་ཁུལ་དུ་ལྕང་མ་དང་དེ་མིན་གྱི་སྐྱེ་དངོས་འཛུགས་པའམ་ཡང་ན་བརྡ་ཁྱབ་སྒྲོམ་སྟེགས་འཛུགས་པ་དང་། མདོང་ལམ་དང་སྐུད་ལམ་འཁྲིད་པ་སོགས་ཀྱིས་ལམ་སྒྲོན་དང་། འགྲིམ་འགྲུལ་བཀོད་བརྡ། འགྲིམ་འགྲུལ་མཚོན་རྟགས་བཅས་བཀག་ནས་བདེ་འཇགས་ཉེན་ཟོན་མཐོང་བདེ་པོ་མེད་པ་བཟོས་པར་སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་དེ་རིགས་བཟོ་མཁན་ལ་འགོག་རྐྱེན་མེད་པ་བཟོ་དགོས་པའི་བཀའ་གཏོང་དགོས་པ་དང་བཀའ་བཀོད་ལག་བསྟར་མི་བྱེད་མཁན་ལ་སྒོར་200ཡན་ནས་སྒོར་1200མན་གྱི་དངུལ་ཆད་འགེལ་རྒྱུ་མ་ཟད། འགོག་རྐྱེན་དེ་ཚོ་བཙན་ཐབས་ཀྱིས་མེད་པ་བཟོ་རུ་འཇུག་རྒྱུ་དང་དེའི་འགྲོ་གྲོན་རྣམས་བཟོ་མཁན་གྱིས་གཏོང་དགོས།

        དོན་ཚན་དོན་དགུ་པ། འཕྲུལ་སྒུལ་འཁོར་རིགས་གཏོང་མཁན་གྱིས་སྲོལ་ཡིག་འདིའི་དོན་ཚན་སོ་དགུ་པའི་གཏན་འབེབས་ལས་འགལ་བར་ཐ་ཚིག་སྒྲོག་པའམ་ཡང་ན་སྒོར་20ཡན་ནས་སྒོར་120མན་གྱི་དངུལ་ཆད་འགེལ་རྒྱུ།

        དོན་ཚན་བརྒྱད་ཅུ་པ། འདྲུད་འཐེན་འཕྲུལ་འཁོར་གཏོང་མཁན་གྱིས་སྲོལ་ཡིག་འདིའི་དོན་ཚན་ཞེ་གཅིག་པའི་གཏན་འབེབས་ལས་འགལ་བར་ཐ་ཚིག་སྒྲོག་པའམ་ཡང་ན་སྒོར་50ཡན་ནས་སྒོར་100མན་གྱི་དངུལ་ཆད་འགེལ་རྒྱུ།

        དོན་ཚན་གྱ་གཅིག་པ། སྲོལ་ཡིག་འདིའི་དོན་ཚན་ཞེ་གཉིས་པ་དང་ཞེ་གསུམ་པའི་འཕྲུལ་སྒུལ་འཁོར་རིགས་འཇོག་སྟངས་སྐོར་གྱི་གཏན་འབེབས་ལས་འགལ་མཁན་ལ་འགྲིམ་འགྲུལ་ཉེན་རྟོག་པས་དེའི་ཁྲིམས་འགལ་གྱི་བྱ་སྤྱོད་གང་ཡིན་བཏོན་ཆོག་པ་མ་ཟད། ངག་ཐོག་ནས་ཐ་ཚིག་སྒྲོག་པ་དང་དེ་ནས་ལམ་སེང་འགྲོ་དགོས་པའི་བཀའ་གཏོང་ཆོགའཕྲུལ་སྒུལ་འཁོར་རིགས་གཏོང་མཁན་ས་ཡུལ་དེ་གར་མེད་པའམ་ཡང་ན་ས་ཡུལ་དེ་གར་ཡོད་བཞིན་དུ་དེ་ནས་མ་ཕྱིན་པའི་རྐྱེན་གྱིས་འཁོར་རིགས་གཞན་དག་དང་མི་འགྲོ་མ་ཐུབ་པ་བཟོས་ཚེ་སྒོར་20ཡན་ནས་སྒོར་120མན་གྱི་དངུལ་ཆད་འགེལ་རྒྱུ་མ་ཟད། འཕྲུལ་སྒུལ་འཁོར་རིགས་དེ་འགྲིམ་འགྲུལ་ལ་མི་གནོད་པའི་ས་ཆར་སྐྱེལ་བའམ་ཡང་ན་སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་དམིགས་འཛུགས་བྱས་པའི་ས་ཆར་འཇོག་དགོས།

        དོན་ཚན་གྱ་གཉིས་པ། གྲོང་ཁྱེར་གྱི་འགྲུལ་སྐྱེལ་འཁོར་རིགས་ཀྱི་ཁ་ལོ་བས་འགྲུལ་པ་འཇུག་སྐབས་སྲོལ་ཡིག་འདིའི་དོན་ཚན་ཞེ་གསུམ་པའི་ནང་གསེས་གསུམ་པའི་གཏན་འབེབས་ལས་འགལ་བར་སྒོར་50ཡན་ནས་སྒོར་200མན་གྱི་དངུལ་ཆད་འགེལ་རྒྱུ། གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་གྱིས་བབས་ཚུགས་མེད་སར་བསྡད་ནས་འགྲུལ་པ་འཛུལ་ཐོན་བྱེད་དུ་བཅུག་ཚེ་སྒོར་100ཡན་ནས་སྒོར་200མན་གྱི་དངུལ་ཆད་འགེལ་རྒྱུ།

        དོན་ཚན་གྱ་གསུམ་པ། ཕྱུགས་ཐེར་གཏོང་མཁན་ལ་གཤམ་གྱི་བྱེད་སྤྱོད་རིགས་གཅིག་ཡོད་ཚེ་འགྲིམ་འགྲུལ་ཉེན་རྟོག་པས་ཐ་ཚིག་སྒྲོག་པའམ་ཡང་ན་སྒོར་5ཡན་ནས་སྒོར་30མན་གྱི་དངུལ་ཆད་འགེལ་རྒྱུ།

        (གཅིག )དུལ་སྦྱོང་མ་བྱས་པའི་ཕྱུགས་ཟོག་བཀོལ་སྤྱོད་བྱས་པའི་ཐེར་གེ་གཏོང་བ་དང་།

        (གཉིས )རྒྱ་ལམ་འཕྲེད་བཅད་གཏོང་སྐབས་ཐེར་གེ་ནས་བབས་ཏེ་ཕྱུགས་ཐེར་ཁྲིད་མི་འགྲོ་བ།

        (གསུམ )ཕྱུགས་ཐེར་ནས་ཁ་བྲལ་སྐབས་ཕྱུགས་ཟོག་མི་འདོགས་པ།

        (བཞི )ཕྱུགས་ཐེར་མཉམ་གཤིབ་ཏུ་གཏོང་བ་བཅས།

        དོན་ཚན་གྱ་བཞི་པ། འཁོར་རིགས་ལ་ཞུགས་མཁན་གྱིས་སྲོལ་ཡིག་འདིའི་དོན་ཚན་ཞེ་བརྒྱད་པའི་གཏན་འབེབས་ལས་འགལ་བར་ཐ་ཚིག་སྒྲོག་པའམ་ཡང་ན་སྒོར་5ཡན་ནས་སྒོར་30མན་གྱི་དངུལ་ཆད་འགེལ་རྒྱུ།

        དོན་ཚན་གྱ་ལྔ་པ། འགྲིམ་འགྲུལ་ལས་འཛོལ་ནང་རྨས་སྐྱོན་ཤོར་བའི་མི་ལ་སྨན་བཅོས་ལས་ཁུངས་ཀྱིས་གཞན་ལ་ཁ་གཡར་ནས་སྨན་ཁང་དུ་མི་ཉར་བའམ་ཡང་ན་མྱུར་སྐྱོབ་ཀྱི་འགྲོ་གྲོན་སྐབས་ཐོག་ཏུ་སྤྲོད་མ་ཐུབ་པའི་རྐྱེན་གྱིས་སྨན་བཅོས་དུས་ཐོག་ཏུ་མ་བྱས་ཚེ་འཕྲོད་བསྟེན་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་སྲིད་འཛིན་ཆད་པ་གཅོད་དགོས།

        དོན་ཚན་གྱ་དྲུག་པ། འགྲིམ་འགྲུལ་ལས་འཛོལ་ཚབས་ཆེན་བཟོས་ནས་ཉེས་གསོག་གི་ཚད་ལ་སླེབས་རིགས་ཁྲིམས་བཞིན་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་རྒྱུ་མ་ཟད། སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་འཕྲུལ་སྒུལ་ཁ་ལོ་བའི་ལག་ཁྱེར་མེད་པ་བཟོ་དགོས། འགྲིམ་འགྲུལ་ལས་འཛོལ་བཟོས་ནས་བྲོས་འགྲོ་མཁན་ལ་སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བའི་ལག་ཁྱེར་མེད་པ་བཟོ་དགོས་པ་མ་ཟད། ཚེ་གང་རིང་འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བའི་ལག་ཁྱེར་བསྐྱར་དུ་ལེན་མི་ཆོག

        དོན་ཚན་གྱ་བདུན་པ། ཆེད་ལས་སྐྱེལ་འདྲེན་ཚན་པར་རྒྱ་ལམ་གྱི་འགྲིམ་འགྲུལ་ལས་འཛོལ་ཐོན་ནས་ཐེངས་གཅིག་རང་ལ་མི་3ཡན་ཤི་བ་མ་ཟད། ལས་འཛོལ་གྱི་འགན་འཁྲི་ཆ་ཚང་ངམ་ཡང་ན་གཙོ་འགན་འཁུར་དགོས་མཁན་ལ་ཆེད་ལས་སྐྱེལ་འདྲེན་ཚན་པ་གནས་སའི་སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་གོང་རིམ་སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཚན་ལ་སྙན་སེང་ཞུས་ནས་ཆོག་མཆན་ཐོབ་རྗེས་བདེ་འཇགས་བྱུར་ཉེས་ཡོང་གཞི་མེད་པ་བཟོ་དགོས་པའི་བཀའ་གཏོང་དགོས་པ་དང་། བདེ་འཇགས་ཀྱི་བྱུར་ཉེས་ཐོན་བཟོ་ཡོད་པའི་འཕྲུལ་སྒུལ་འཁོར་རིགས་རྒྱ་ལམ་ཐོག་སྐྱོད་མི་ཆོག་པ་བཟོ་དགོས་པ་མ་ཟད། འབྲེལ་ཡོད་སྡེ་ཚན་ལ་གནས་ཚུལ་དེའི་སྐོར་བརྡ་ཁྱབ་གཏོང་དགོས།

        དོན་ཚན་གྱ་བརྒྱད་པ། ལས་འགན་སྒྲུབ་མཁན་འགྲིམ་འགྲུལ་ཉེན་རྟོག་པས་རྒྱ་ལམ་འགྲིམ་འགྲུལ་གྱི་ཁྲིམས་ལས་འགལ་བའི་བྱ་སྤྱོད་སྤེལ་མཁན་ལ་འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བའི་ལག་ཁྱེར་གནས་སྐབས་བསྡུ་ཉར་རམ་ཡང་ན་འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བའི་ལག་ཁྱེར་མེད་པ་བཟོ་དགོས་ངེས་ཀྱི་ངོས་འཛིན་བྱས་པར་འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བའི་ལག་ཁྱེར་བསྡུ་ཉར་བྱེད་ཆོག་པ་མ་ཟད། ཆུ་ཚོད་24ནང་གྱོད་གཞི་དེ་སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཚན་ལ་ཐག་གཅོད་བྱེད་རྒྱུར་སྐྱེལ་དགོས། རྒྱ་ལམ་འགྲིམ་འགྲུལ་གྱི་བཅའ་ཁྲིམས་ལས་འགལ་མཁན་དེས་ཉིན་15ནང་ཚུན་དུ་སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཚན་དུ་ཕྱིན་ཏེ་ཐག་གཅོད་བྱས་འབྲས་དང་ལེན་བྱེད་དགོས། རྒྱུ་མཚན་ངེས་འདྲོངས་མེད་པར་དུས་བཀག་ཟིན་ཡང་དང་ལེན་མི་བྱེད་མཁན་ལ་འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བའི་ལག་ཁྱེར་མེད་པ་བཟོ་རྒྱུ། སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བའི་ལག་ཁྱེར་གནས་སྐབས་བསྡུ་ཉར་རམ་ཡང་ན་མེད་པ་བཟོས་ཚེ་སྲིད་འཛིན་ཆད་གཅོད་ཀྱི་གཏན་འབེབས་བྱས་ཡིག་འདོན་སྤྲོད་བྱེད་དགོས།

        དོན་ཚན་གྱ་དགུ་པ། སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་འཕྲུལ་སྒུལ་འཁོར་རིགས་དང་འཕྲུལ་སྒུལ་མིན་པའི་འཁོར་རིགས་བཀག་ཉར་བྱས་པར་ས་ཡུལ་དེ་རང་ནས་ལམ་སེང་འཛིན་ཡིག་སྤྲོད་དགོས་པ་མ་ཟད། སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་དོ་བདག་ལ་དུས་བཅད་བཟོས་ཏེ་ཐག་གཅོད་བྱས་འབྲས་དང་ལེན་བྱེད་པར་ཡོང་དགོས་པའི་བརྡ་གཏོང་དགོས། སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་བཀག་ཉར་བྱས་པའི་འཁོར་རིགས་བདག་ཉར་ཡག་པོ་རྒྱག་བྱེད་དགོས་པ་ལས་བེད་སྤྱོད་གཏོང་མི་ཆོགདུས་བཅད་ཡོལ་རུང་ཐག་གཅོད་བྱས་འབྲས་དང་ལེན་བྱེད་པར་མི་ཡོང་བ་མ་ཟད། སྤྱི་བསྒྲགས་བཏང་ནས་ཟླ་བ་གསུམ་ཡོལ་ཀྱང་སྔར་བཞིན་དང་ལེན་བྱེད་པར་མ་ཡོང་ཚེ་བཀག་ཉར་བྱས་པའི་འཁོར་རིགས་དེ་ཁྲིམས་བཞིན་ཐག་གཅོད་བྱེད་དགོས།

        དོན་ཚན་དགུ་བཅུ་པ། འགྲིམ་འགྲུལ་ཉེན་རྟོག་པར་གཤམ་གྱི་བྱེད་སྤྱོད་གྲས་ཤིག་ཡོད་ཚེ་ཁྲིམས་བཞིན་སྲིད་འཛིན་ཆད་པ་གཅོད་རྒྱུ།

        (གཅིག )ཁྲིམས་བཅད་ཀྱི་ཆ་རྐྱེན་དང་མ་མཐུན་པའི་འཕྲུལ་སྒུལ་འཁོར་རིགས་ལ་འཕྲུལ་སྒུལ་འཁོར་རིགས་ཀྱི་ཐོ་འགོད་ལག་ཁྱེར་དང་། ཨང་རྟགས། འགྲོ་སྐྱོད་ལག་ཁྱེར། ཞིབ་བཤེར་ཚད་ལོན་མཚོན་རྟགས་བཅས་སྤྲོད་རིགས་དང་།

        (གཉིས )ཁྲིམས་བཅད་ཀྱི་ཆ་རྐྱེན་དང་མ་མཐུན་པའི་འཕྲུལ་སྒུལ་འཁོར་རིགས་ལ་ཉེན་རྟོག་པའི་མོ་ཊ་དང་། མེ་གསོད་མོ་ཊ། མྱུར་སྐྱོབ་མོ་ཊ། ལས་གྲྭའི་ཉེན་སྐྱོབ་མོ་ཊ་བཅས་ཀྱི་ཉེན་བརྡ་གཏོང་ཆས་དང་མཚོན་རྟགས་གློག་སྒྲོན་བསྒར་སྒྲིག་དང་མཚོན་རྟགས་རི་མོ་འབྲི་འགོད་ཀྱི་ཆོག་མཆན་སྤྲོད་རིགས།

        (གསུམ )འཁོར་རིགས་གཏོང་བའི་ཆ་རྐྱེན་ཚང་མེད་པ་དང་ཡིག་རྒྱུགས་སྤྲད་མེད་པའམ་ཡང་ན་རྒྱུགས་མ་ལོན་པར་འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བའི་ལག་ཁྱེར་སྤྲོད་རིགས།

        (བཞི )དངུལ་ཆད་གཅོད་ཡིག་དང་དངུལ་ཆད་བསྡུ་ལེན་གཉིས་ལོགས་དབྱེ་བྱེད་རྒྱུའི་ལམ་ལུགས་ལག་བསྟར་མི་བྱེད་པའམ་ཡང་ན་ཁྲིམས་བཞིན་བསྡུ་ལེན་བྱས་པའི་འགྲོ་གྲོན་དང་། དངུལ་ཆད། དེ་བཞིན་ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་བཏང་བ་བཅས་གཏན་འབེབས་བཞིན་རྒྱལ་མཛོད་དུ་གོང་འབུལ་མི་བྱེད་པའི་རིགས།

        (ལྔ )ཁ་ལོ་བའི་སློབ་གྲྭའམ་ཡང་ན་ཁ་ལོ་བའི་སྦྱོང་བརྡར་འཛིན་གྲྭ་དང་འཕྲུལ་སྒུལ་འཁོར་རིགས་ཉམས་གསོ་བཟོ་གྲྭའམ་ཡང་ན་འཁོར་རིགས་འཇོག་ས་སོགས་ཀྱི་གཉེར་སྐྱོང་བྱེད་པའི་ནང་ཐེ་ཞུགས་བྱེད་རིགས།

        (དྲུག )ལས་ཐོག་དང་བསྟུན་ཏེ་མི་གཞན་གྱི་ས་ནས་རྔན་པ་ལེན་པའམ་ཡང་ན་དེ་མིན་གྱི་ཁེ་ཕན་རག་ཐབས་བྱེད་རིགས།

        (བདུན )འཁོར་རིགས་དང་འཕྲུལ་སྒུལ་འཁོར་རིགས་ཀྱི་འགྲོ་སྐྱོད་ལག་ཁྱེར་དང་། ཁ་ལོ་བའི་ལག་ཁྱེར། འཁོར་རིགས་ཀྱི་ཨང་རྟགས་བཅས་ཁྲིམས་འགལ་གྱིས་བཀག་ཉར་བྱེད་རིགས།

        (བརྒྱད )ཁྲིམས་བཞིན་བཀག་ཉར་བྱས་པའི་འཁོར་རིགས་བེད་སྤྱོད་བྱེད་རིགས།

        (དགུ )དངུལ་ཆད་བཏང་ནས་འཕྲལ་དུ་བྱུང་འཛིན་མི་འབྲི་བའམ་ཡང་ན་བྱུང་འཛིན་ཐོག་དངུལ་ཆད་ཀྱི་ཁ་གྲངས་དྲང་པོ་མི་འབྲི་བའི་རིགས།

        (བཅུ )ཉེར་ཕྱོགས་གཡོ་ཟོལ་བྱས་ཏེ་འགྲིམ་འགྲུལ་ལས་འཛོལ་ཐག་གཅོད་དྲང་པོ་མི་བྱེད་པའི་རིགས།

        (བཅུ་གཅིག )རྐང་བཙུགས་ནས་ངན་པ་བྱས་ཏེ་འཕྲུལ་སྒུལ་འཁོར་རིགས་ཀྱི་ལག་ཁྱེར་གཉེར་སྤྲོད་བྱེད་པའི་དུས་ཚོད་ནར་འགྱངས་གཏོང་རིགས།

        (བཅུ་གཉིས )ཛ་དྲག་གི་ལས་འགན་མེད་ཀྱང་ཉེན་བརྡ་གཏོང་ཆས་བེད་སྤྱོད་དང་མཚོན་རྟགས་གློག་སྒྲོན་སྤར་རིགས།

        (བཅུ་གསུམ )རྒྱུན་གཏན་བཞིན་འགྲོ་སྐྱོད་བྱེད་པའི་འཁོར་རིགས་གཏན་འབེབས་ལས་འགལ་ཏེ་འགོག་པ་དང་ཞིབ་བཤེར་བྱེད་རིགས།

        (བཅུ་བཞི )ཛ་དྲག་གི་གཞུང་ལས་སྒྲུབ་ཀྱི་མེད་ཀྱང་འཕྲུལ་སྒུལ་འཁོར་རིགས་བཀག་ནས་དེའི་ནང་འཛུལ་རིགས།

        (བཅོ་ལྔ )ཁྲིམས་བཅད་ཀྱི་འགན་འཁྲི་མི་སྒྲུབ་པའི་རིགས་བཅས་སོ། སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཚན་ལ་གོང་གི་བྱེད་སྤྱོད་དེའི་གྲས་ཤིག་ཡོད་ཚེ་ཐད་ཀའི་འགན་འཁུར་མཁན་དོ་དམ་མི་སྣ་གཙོ་བོ་དང་དེ་མིན་གྱི་ཐད་ཀའི་འགན་འཁྲི་ཡོད་མཁན་ལ་དེ་མཚུངས་ཀྱི་སྲིད་འཛིན་ཆད་པ་གཅོད་རྒྱུ།

        དོན་ཚན་གོ་གཅིག་པ། སྲོལ་ཡིག་འདིའི་དོན་ཚན་དགུ་བཅུ་པའི་གཏན་འབེབས་གཞིར་བཟུང་འགྲིམ་འགྲུལ་ཉེན་རྟོག་པར་སྲིད་འཛིན་ཆད་པ་གཅོད་དགོས་རིགས་ལ་སྲིད་འཛིན་ཆད་པ་གཅོད་རྒྱུའི་གཏན་འབེབས་མ་བྱས་གོང་དུ་དེའི་ལས་འགན་སྒྲུབ་མཚམས་འཇོག་ཏུ་འཇུག་རྒྱུ་དང་དགོས་ངེས་ཀྱི་སྐབས་སུ་བཀག་སྐྱིལ་བྱེད་ཆོགསྲོལ་ཡིག་འདིའི་དོན་ཚན་དགུ་བཅུ་པའི་གཏན་འབེབས་གཞིར་བཟུང་རིམ་པ་བཅག་པའམ་ཡང་ན་གནས་དབྱུང་གི་སྲིད་འཛིན་ཆད་གཅོད་ཕོག་པའི་འགྲིམ་འགྲུལ་ཉེན་རྟོག་པ་ཕྱིར་སློག་གཏོང་ཆོགཕྱིར་འབུད་དམ་ཡང་ན་ཕྱིར་སློག་གི་ཆད་པ་ཕོག་པའི་འགྲིམ་འགྲུལ་ཉེན་རྟོག་པར་ཉེན་རྟོག་པའི་གོ་རྟགས་མེད་པ་བཟོ་དགོས་པ་དང་གནས་དབྱུང་བཏང་བ་མན་ཆད་ཀྱི་སྲིད་འཛིན་ཆད་པ་ཕོག་པའི་འགྲིམ་འགྲུལ་ཉེན་རྟོག་པར་ཉེན་རྟོག་པའི་གོ་རྟགས་དམའ་རུ་གཏོང་དགོས།

        དོན་ཚན་གོ་གཉིས་པ། སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཚན་དང་འགྲིམ་འགྲུལ་ཉེན་རྟོག་པས་འགན་དབང་སྤྱད་དེ་ཁྲིམས་འགལ་གྱིས་གཞུང་རྒྱུ་སྒེར་བདག་དང་། ལྐོག་རྔན་ལེན་པ། འགན་དབང་གང་བྱུང་དུ་སྤྱོད་པ། ཉེར་ཕྱོགས་གཡོ་ཟོལ། རང་འགན་ཟོལ་འཇོག་བཅས་བྱེད་རིགས་ལ་ཁྲིམས་བཞིན་ཐག་གཅོད་བྱེད་རྒྱུ་དང་ཉེས་གསོག་གི་ཚད་ལ་སླེབས་པར་ཁྲིམས་བཞིན་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་རྒྱུ།

        དོན་ཚན་གོ་གསུམ་པ། སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཚན་དང་འགྲིམ་འགྲུལ་ཉེན་རྟོག་པས་སྲོལ་ཡིག་འདིའི་དོན་ཚན་དགུ་བཅུ་པའི་ནང་གི་བྱེད་སྤྱོད་གྲས་ཤིག་སྤེལ་ནས་དོ་བདག་ལ་གྱོང་གུན་བཟོས་རིགས་ཁྲིམས་བཞིན་གུན་གསབ་བྱེད་རྒྱུའི་འགན་འཁུར་དགོས།

        ལེའུ་དགུ་པ། ཞར་བྱུང་།

        དོན་ཚན་གོ་བཞི་པ། སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་རྒྱ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་དོ་དམ་ལས་ཀའི་དགོས་མཁོར་གཞིགས་ཏེ་རྒྱ་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་ལ་གཞོགས་འདེགས་དོ་དམ་བྱེད་མཁན་མི་སྣའི་རིགས་འགྲིམ་འགྲུལ་ཉེན་རྟོག་པར་འགྲིམ་འགྲུལ་ཤར་གཏོང་གི་གཞོགས་འདེགས་དང་འགྲིམ་འགྲུལ་བཅའ་ཁྲིམས་ལས་འགལ་བའི་བྱེད་སྤྱོད་ལ་བཀག་འགོག་གིས་ཁ་ཏ་བྱེད་རོགས་སུ་གདན་ཞུ་བྱེད་ཆོག འོན་ཀྱང་རྒྱ་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་ལ་གཞོགས་འདེགས་དོ་དམ་བྱེད་མཁན་མི་སྣས་འགྲིམ་འགྲུལ་ཉེན་རྟོག་པའི་སྲིད་འཛིན་ཆད་གཅོད་དབང་ཆ་སྤྱོད་མི་ཆོགདོན་ཚན་གོ་ལྔ་པ། སྲོལ་ཡིག་འདི་2010ལོའི་ཟླ་དང་པོའི་ཚེས་1ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།