བོད་རང་སྐྱོང་ལྗོངས་ཀྱི་བདེ་འཇགས་ཐོན་སྐྱེད་སྲོལ་ཡིག
ལེའུ་དང་པོ། སྤྱིའི་རྩ་འཛིན།
དོན་ཚན་དང་པོ། བདེ་འཇགས་ཐོན་སྐྱེད་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུ་དང་། ཐོན་སྐྱེད་ཀྱི་ལས་འཛོལ་མི་ཡོང་སྔོན་འགོག་དང་ལས་འཛོལ་ཉུང་དུ་གཏོང་རྒྱུ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་། དཔལ་འབྱོར་གོང་འཕེལ་དང་སྤྱི་ཚོགས་བརྟན་ལྷིང་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་བཅས་ཀྱི་ཆེད་དུ 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་ཐོན་སྐྱེད་བཅའ་ཁྲིམས 》དང་། འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་གཞིར་བཟུང་རང་སྐྱོང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་སྲོལ་ཡིག་འདི་བཟོས་པ་ཡིན།
དོན་ཚན་གཉིས་པ། རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ས་ཁོངས་ནང་གི་ཐོན་སྐྱེད་གཉེར་སྐྱོང་བྱེད་མཁན་ཚན་པའི (གཤམ་ལ་གཅིག་གྱུར་དུ་ཐོན་སྐྱེད་གཉེར་སྐྱོང་ཚན་པ་ཞེས་བརྗོད་རྒྱུ )བདེ་འཇགས་ཐོན་སྐྱེད་ཐད་སྲོལ་ཡིག་འདི་སྤྱོད་རྒྱུ། འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་མེ་ཟོན་གྱི་བདེ་འཇགས་དང་། རྒྱ་ལམ་འགྲིམ་འགྲུལ་གྱི་བདེ་འཇགས། ལྕགས་ལམ་འགྲིམ་འགྲུལ་གྱི་བདེ་འཇགས། ཆུ་ཐོག་འགྲིམ་འགྲུལ་གྱི་བདེ་འཇགས། དམངས་སྤྱོད་མཁའ་འགྲུལ་གྱི་བདེ་འཇགས་སོགས་ལས་རིགས་ཀྱི་བདེ་འཇགས་ཐོན་སྐྱེད་བྱེད་རྒྱུའི་སྐོར་ལ་གཏན་འབེབས་ལོགས་སུ་བྱས་ཡོད་པས་གཏན་འབེབས་དེ་བཞིན་སྤྱོད་དགོས།
དོན་ཚན་གསུམ་པ། བདེ་འཇགས་ཐོན་སྐྱེད་ཀྱི་དོ་དམ་ཐད་བདེ་འཇགས་ཨང་དང་པོ་དང་། སྔོན་འགོག་གཙོ་བཟུང་། ཕྱོགས་བསྡུས་བཅོས་སྐྱོང་བཅས་ཀྱི་མཛད་ཕྱོགས་རྒྱུན་འཁྱོངས་བྱེད་དགོས། བདེ་འཇགས་ཐོན་སྐྱེད་ཐད་སྲིད་གཞུང་ནས་གཅིག་གྱུར་འགོ་ཁྲིད་བྱེད་པ་དང་། སྡེ་ཚན་གྱིས་ཁྲིམས་བཞིན་ལྟ་སྐུལ་བྱེད་པ། ཁེ་ལས་ཀྱིས་ཕྱོགས་ཡོངས་ནས་འགན་འཁུར་བ། རིགས་གཅིག་མཁས་དབང་གིས་གྲོས་འདྲི་བྱེད་རྒྱུའི་ནང་ཞུགས་པ། མང་ཚོགས་ཀྱིས་ལྟ་སྐུལ་ནང་ཞུགས་པ། སྤྱི་ཚོགས་ཀྱིས་རྒྱབ་སྐྱོར་བྱེད་པ་བཅས་ཀྱི་དོ་དམ་ལམ་སྲོལ་ཞིག་འཛུགས་རྒྱུ་དེ་ཡིན།
དོན་ཚན་བཞི་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ལ་འགོ་ཁྲིད་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་དེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འཆར་འགོད་དང་ལོ་འཁོར་གྱི་འཆར་གཞིའི་ནང་བཅུག་ཐོག་བདེ་འཇགས་ཐོན་སྐྱེད་ཀྱི་ལྟ་སྐུལ་ལས་དོན་ལ་མཁོ་བའི་འགྲོ་གྲོན་འགན་སྲུང་བྱས་ནས་བདེ་འཇགས་ཐོན་སྐྱེད་ཀྱི་ལྟ་སྐུལ་དོ་དམ་དང་འཕྲལ་རྐྱེན་རོགས་སྐྱོབ་མ་ལག་བཙུགས་པ་དང་ཚགས་ཚུད་དུ་གཏོང་དགོས།
དོན་ཚན་ལྔ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་སྲིད་འཛིན་ས་ཁོངས་དེ་གའི་ནང་གི་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ལ་ཕྱོགས་བསྡུས་ལྟ་སྐུལ་དོ་དམ་བྱེད་དགོས། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་དང་དེ་བཞིན་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ཡོད་མཁན་སྡེ་ཚན་གཞན་དག་གིས་རང་སོ་སོའི་འགན་འཁྲིའི་ཁྱབ་ཁོངས་ནང་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ལ་ཕྱོགས་བསྡུས་ལྟ་སྐུལ་དོ་དམ་བྱེད་དགོས།
དོན་ཚན་དྲུག་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁྲི་ཡོད་མཁན་གྱི་འགན་འཁུར་བ་གཙོ་བོ་ནི་ས་གནས་དེ་ག་དང་སྡེ་ཚན་གྱི་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ལ་འགན་འཁུར་མཁན་ཨང་དང་པོ་དེ་ཡིན་ཞིང་། རང་ཁོངས་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་སྤྱི་འགན་འཁུར་དགོས་པ་དང་། འགན་འཁུར་མཁན་གཞན་དག་གིས་རང་འཁྲིའི་འགན་འཁུར་ནང་ཁོངས་ཀྱི་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་འགོ་ཁྲིད་འགན་འཁྲི་འཁུར་དགོས། བདེ་འཇགས་ཐོན་སྐྱེད་དོ་དམ་གྱི་ལས་དོན་ཐད་ཁྲིམས་ལུགས་ལྟར་དམིགས་ཚད་འགན་འཁྲིའི་ལམ་ལུགས་དང་ཐོན་སྐྱེད་བདེ་འཇགས་ལས་འཛོལ་གྱི་འགན་འཁྲི་བདའ་འདེད་ལམ་ལུགས་ལག་བསྟར་བྱེད་དགོས།
དོན་ཚན་བདུན་པ། ཐོན་སྐྱེད་གཉེར་སྐྱོང་ཚན་པའི་གཙོ་བོའི་འགན་འཁུར་མི་སྣས་སོ་སོའི་ཚན་པའི་བདེ་འཇགས་ཐོན་སྐྱེད་ལས་དོན་གྱི་འགན་འཁྲིའི་ཕྱོགས་ཡོངས་ནས་འཁུར་དགོས། ཐོན་སྐྱེད་གཉེར་སྐྱོང་ཚན་པས་བདེ་འཇགས་ཐོན་སྐྱེད་ཐད་ཀྱི་འགྲོ་གྲོན་གཏོང་ཆ་འགན་ལེན་བྱེད་དགོས།
དོན་ཚན་བརྒྱད་པ། ཐོན་སྐྱེད་གཉེར་སྐྱོང་བྱེད་མཁན་ཚན་པའི་མི་སྣར་ཁྲིམས་བཞིན་བདེ་འཇགས་ཐོན་སྐྱེད་འགན་སྲུང་བྱེད་རྒྱུའི་དབང་ཆ་ཡོད་ལ་ཁྲིམས་བཞིན་བདེ་འཇགས་ཐོན་སྐྱེད་ཀྱི་འོས་འགན་ཡང་ཡོད།
དོན་ཚན་དགུ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་འབྲེལ་ཡོད་སྡེ་ཚན་དང་ཚན་པ་ལས་གྲུབ་པའི་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་བཙུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོ།
དོན་ཚན་བཅུ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་བདེ་འཇགས་ཐོན་སྐྱེད་ཀྱི་ཆ་རྐྱེན་ལེགས་བཅོས་བྱེད་རྒྱུ་དང་། ཐོན་སྐྱེད་ཀྱི་ལས་འཛོལ་མི་ཡོང་སྔོན་འགོག་བྱེད་རྒྱུ། ཉེན་སེལ་རོགས་སྐྱོབ་ནང་ཞུགས་རྒྱུ། ལས་འཛོལ་གྱི་རྐྱེན་ངན་ཡོང་གཞི་སྙན་སེང་ཞུ་རྒྱུ། བདེ་འཇགས་ཐོན་སྐྱེད་ཀྱི་ཁྲིམས་འགལ་བྱེད་སྤྱོད་རིགས་ཐེར་འདོན་བྱེད་རྒྱུ། བདེ་འཇགས་ཐོན་སྐྱེད་ཀྱི་ལག་རྩལ་དང་སྔོན་ཐོན་གྱི་དོ་དམ་ཉམས་མྱོང་ཁྱབ་གདལ་གཏོང་རྒྱུ་སོགས་ཀྱི་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཡོད་མཁན་ཚན་པ་དང་མི་སྒེར་ལ་གཟེངས་བསྟོད་དང་བྱ་དགའ་སྤྲོད་དགོས།
ལེའུ་གཉིས་པ། བདེ་འཇགས་ཐོན་སྐྱེད་དོ་དམ་གྱི་འགན་འཁྲི།
དོན་ཚན་བཅུ་གཅིག་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་འགན་འཁྲི།
(གཅིག )བདེ་འཇགས་ཐོན་སྐྱེད་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་ལག་བསྟར་བྱེད་རྒྱུ་དང་།
(གཉིས བདེ་འཇགས་ཐོན་སྐྱེད་ཀྱི་ཚོད་འཛིན་དམིགས་ཚད་མ་ལག་བཙུགས་ཏེ་སྒོར་དུང་ཕྱུར་ཟིན་པའི་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་གི་ཐོན་སྐྱེད་ལས་འཛོལ་གྱི་མི་ཤི་ཚད་དང་། བཟོ་གཏེར་ཚོང་དོན་བྱེད་མཁན་མི་ཁྲི་བཅུ་ཡན་གྱི་ཐོན་སྐྱེད་བདེ་འཇགས་ལས་འཛོལ་གྱི་མི་ཤི་ཚད་དང་རྒྱ་ལམ་འགྲིམ་འགྲུལ་མོ་ཊ་ཁྲིའི་མི་ཤི་ཚད་རྣམས་དཔྱད་བསྡུར་དམིགས་ཚད་ནང་བཅུག་དགོས།
(གསུམ )སྲིད་འཛིན་ས་ཁོངས་དེ་གའི་ནང་གི་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག་བྱེད་རྒྱུ།
(བཞི )རིམ་པ་དེ་གའི་མི་དམངས་སྲིད་གཞུང་གིས་ཐོན་སྐྱེད་བདེ་འཇགས་ལས་འཛོལ་གྱི་འཕྲལ་རྐྱེན་སྔོན་ཇུས་གཏན་འཁེལ་བཟོ་རྒྱུ།
(ལྔ )དུས་བཀག་གཏན་འཁེལ་གྱིས་སྡེ་ཚན་ཁག་གི་བདེ་འཇགས་ཐོན་སྐྱེད་ལས་དོན་གྱི་སྙན་ཞུ་ཉན་འཇོག་བྱས་ཏེ་བདེ་འཇགས་ཐོན་སྐྱེད་ཀྱི་གནས་ཚུལ་ལ་དབྱེ་ཞིབ་ཀྱིས་བདེ་འཇགས་ཐོན་སྐྱེད་ལས་དོན་ཁྲོད་ཀྱི་གལ་ཆེའི་གནས་དོན་ཐག་གཅོད་བྱེད་རྒྱུར་ཞིབ་འཇུག་བྱེད་རྒྱུ།
(དྲུག ) བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་ཡོད་པའི་ལྟ་སྐུལ་དོ་དམ་འགན་འཁུར་གྱི་སྡེ་ཚན་སྒྲིག་འཛུགས་ཀྱིས་དུས་བཀག་བཞིན་བདེ་འཇགས་ཐོན་སྐྱེད་ལ་ཞིབ་བཤེར་བྱེད་རྒྱུ།
(བདུན )དམག་དཔུང་དང་ཉེན་རྟོག་དཔུང་ཁག་ཐོན་སྐྱེད་བདེ་འཇགས་ལས་འཛོལ་གྱི་འཕྲལ་རྐྱེན་རོགས་སྐྱོབ་ནང་ཞུགས་རྒྱུའི་ལས་དོན་ལ་གཞོགས་འདེགས་བྱེད་རྒྱུ།
(བརྒྱད )བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་འཁྲི་གཞན་དག་བཅས།
དོན་ཚན་བཅུ་གཉིས་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་སྡེ་ཚན་གྱི་འགན་འཁྲི་སྟེ།
(གཅིག ) བདེ་འཇགས་ཐོན་སྐྱེད་ཐད་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་དང་ལག་བསྟར་བྱས་ཏེ་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ལ་སྒྲིག་འཛུགས་དང་། མཛུབ་ཁྲིད། མཐུན་སྦྱོར་བཅས་བྱེད་རྒྱུ་དང་།
(གཉིས )བདེ་འཇགས་ཐོན་སྐྱེད་ལ་ལྟ་སྐུལ་དོ་དམ་བྱེད་རྒྱུར་འགན་འཁྲི་ཡོད་པའི་སྡེ་ཚན་གྱིས་ཁྲིམས་བཞིན་བདེ་འཇགས་ཐོན་སྐྱེད་ལ་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ལག་བསྟར་བྱེད་རྒྱུར་མཛུབ་ཁྲིད་དང་། མཐུན་སྦྱོར། ལྟ་སྐུལ་བཅས་བྱས་ནས་ཞིབ་ཕྲའི་བདེ་འཇགས་ཐོན་སྐྱེད་ཕྱོགས་བསྡུས་དམིགས་ཚད་དོ་དམ་དང་དཔྱད་བསྡུར་ལས་དོན་ལག་བསྟར་བྱེད་རྒྱུ། (གསུམ )ཐོན་སྐྱེད་གཉེར་སྐྱོང་ཚན་པས་བདེ་འཇགས་ཐོན་སྐྱེད་ཀྱི་དམིགས་ཚད་དང་ཚད་ལྡན་ལག་བསྟར་བྱེད་རྒྱུར་ལྟ་སྐུལ་མཛུབ་ཁྲིད་བྱེད་རྒྱུ།
(བཞི )རིམ་པ་དེ་གའི་མི་དམངས་སྲིད་གཞུང་གིས་གཏན་འབེབས་བྱས་པའི་བདེ་འཇགས་ཐོན་སྐྱེད་ལས་འཛོལ་གྱི་འཕྲལ་རྐྱེན་སྔོན་ཇུས་ལག་བསྟར་སྒྲིག་འཛུགས་བྱས་ཏེ་བདེ་འཇགས་ཐོན་སྐྱེད་ཀྱི་ལས་འཛོལ་ཐོན་ཡུལ་དུ་རོགས་སྐྱོབ་བྱེད་རྒྱུར་སྒྲིག་འཛུགས་དང་མཐུན་སྦྱོར་བྱེད་རྒྱུ།
(ལྔ )ཐོན་སྐྱེད་བདེ་འཇགས་ཀྱི་ལས་འཛོལ་ལ་བརྟག་དཔྱད་ཐག་གཅོད་བྱེད་རྒྱུར་སྒྲིག་འཛུགས་དང་ཐེ་ཇུས་བྱེད་རྒྱུ། (དྲུག )བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གྱི་རྒྱུན་གཏན་ལས་ཀའི་འགན་འཁུར་རྒྱུ།
(བདུན )ཐོན་སྐྱེད་གཉེར་སྐྱོང་ཚན་པས་ཐོན་སྐྱེད་ཀྱི་ཆ་རྐྱེན་ལེགས་བཅོས་དང་ཐོན་སྐྱེད་བདེ་འཇགས་ཀྱི་ལས་འཛོལ་འགོག་ཟོན་ནུས་པ་གོང་མཐོར་གཏོང་རྒྱུར་སྒྲིག་འཛུགས་དང་རོགས་རམ་བྱེད་རྒྱུ།
(བརྒྱད )བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་འགན་འཁྲི་གཞན་དག་བཅས།
དོན་ཚན་བཅུ་གསུམ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་དང་བདེ་འཇགས་ཐོན་སྐྱེད་ལ་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ཡོད་མཁན་སྡེ་ཚན་གཞན་དག་གི་འགན་འཁྲི་སྟེ།
(གཅིག བདེ་འཇགས་ཐོན་སྐྱེད་ཐད་ཀྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་དོན་འཁྱོལ་བྱས་ཏེ་ཐོན་སྐྱེད་གཉེར་སྐྱོང་བྱེད་མཁན་ཚན་པས་འབྲེལ་ཡོད་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་ཚད་གཞི་དང་ཚད་ལྡན་ལག་བསྟར་བྱེད་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་།
(གཉིས )བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་འཛུགས་རྒྱུ།
(གསུམ ) ཐོན་སྐྱེད་གཉེར་སྐྱོང་བྱེད་མཁན་ཚན་པས་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་ཚགས་ཚུད་དུ་གཏོང་རྒྱུ་དང་དོན་འཁྱོལ་ལག་བསྟར་བྱེད་རྒྱུར་སྐུལ་འདེད་དང་མཛུབ་ཁྲིད་བྱེད་རྒྱུ།
(བཞི )ཐོན་སྐྱེད་གཉེར་སྐྱོང་ཚན་པས་ལས་འཛོལ་གྱི་རྐྱེན་ངན་རྩད་བཤེར་བྱེད་རྒྱུར་སྒྲིག་འཛུགས་དང་མཛུབ་ཁྲིད་བྱས་ཏེ་བདེ་འཇགས་ཐོན་སྐྱེད་ཀྱི་ཆ་རྐྱེན་ལེགས་བཅོས་གཏོང་རྒྱུ།
(ལྔ )སྡེ་ཚན་དེ་གའི་བདེ་འཇགས་ཐོན་སྐྱེད་ཀྱི་འཕྲལ་རྐྱེན་སྔོན་ཇུས་གཏན་འཁེལ་བཟོ་དགོས་པ་མ་ཟད་འབྲེལ་ཡོད་ཐོན་སྐྱེད་གཉེར་སྐྱོང་བྱེད་མཁན་ཚན་པས་བདེ་འཇགས་ཐོན་སྐྱེད་ཐད་ཀྱི་འཕྲལ་རྐྱེན་སྔོན་ཇུས་གཏན་འབེབས་དང་ལག་བསྟར་བྱེད་རྒྱུར་ལྟ་སྐུལ་བྱེད་རྒྱུ།
(དྲུག )འབྲེལ་ཡོད་ཀྱི་ཐོན་སྐྱེད་བདེ་འཇགས་ལས་འཛོལ་ལ་བརྟག་དཔྱད་དང་ཐག་གཅོད་བྱེད་རྒྱུར་སྒྲིག་འཛུགས་དང་དེའི་ནང་ཞུགས་རྒྱུ།
(བདུན )བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འཁེལ་བྱས་པའི་འགན་འཁྲི་གཞན་དག་བཅས།
དོན་ཚན་བཅུ་བཞི་པ། ཤང་(གྲོང་རྡལ )མི་དམངས་སྲིད་གཞུང་དང་ཁྲོམ་གཞུང་དོན་བྱེད་ཁང་གིས་སྲིད་འཛིན་ས་ཁོངས་དེ་གའི་ནང་གི་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་ཁྲིམས་བཞིན་དོ་དམ་བྱེད་རྒྱུ།
དོན་ཚན་བཅོ་ལྔ་པ། གྲོང་ཚོ་ཨུ་ཡོན་ལྷན་ཁང་དང་གྲོང་མི་ཨུ་ཡོན་ལྷན་ཁང་གིས་ཡུལ་མི་དང་གྲོང་མིར་བདེ་འཇགས་ཐོན་སྐྱེད་ཐད་ཀྱི་རྒྱུན་ཤེས་དྲིལ་བསྒྲགས་བྱེད་དགོས་པ་དང་། བདེ་འཇགས་ཐོན་སྐྱེད་ཐད་ཀྱི་ཁྲིམས་འགལ་བྱེད་སྤྱོད་རིགས་དང་བདེ་འཇགས་ཀྱི་རྐྱེན་ངན་ཡོང་གཞི། ཐོན་སྐྱེད་བདེ་འཇགས་ཀྱི་ལས་འཛོལ་བཅས་ཤེས་རྟོགས་བྱུང་ཚེ་དུས་ཐོག་ཏུ་ས་གནས་དེ་གའི་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་ལ་སྙན་སེང་ཞུ་དགོས།
དོན་ཚན་བཅུ་དྲུག་པ། ཐོན་སྐྱེད་གཉེར་སྐྱོང་ཚན་པའི་འགན་འཁྲི་སྟེ།
(གཅིག )བདེ་འཇགས་ཐོན་སྐྱེད་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ། སྒྲིག་སྲོལ། དེ་བཞིན་བདེ་འཇགས་ཐོན་སྐྱེད་ཀྱི་ཚད་གཞི་དང་ཚད་ལྡན་བཅས་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་རྒྱུ་དང་།
(གཉིས )བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་དང་སྒྲིག་སྲོལ་ལམ་ལུགས། དེ་བཞིན་བདེ་འཇགས་ཐོན་སྐྱེད་ཀྱི་ལག་རྩལ་བཀོལ་སྤྱོད་གཏན་འབེབས་གོ་རིམ་བཅས་བཙུགས་པ་དང་ཚགས་ཚུད་དུ་གཏོང་རྒྱུ།
(གསུམ )ཚན་པ་དེ་གའི་ལས་རིགས་དང་ལས་གནས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་ཁ་གསལ་བཟོ་དགོས་པ་དང་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱེད་རྒྱུ།
(བཞི )ཆེད་བསྐོས་སམ་ཡང་ན་གཅིག་ལྕོགས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་དོ་དམ་བྱེད་མཁན་བཀོད་སྒྲིག་བྱེད་རྒྱུ། (ལྔ )ཚན་པ་དེ་གའི་ཐོན་སྐྱེད་ལས་འཛོལ་གྱི་འཕྲལ་རྐྱེན་སྔོན་ཇུས་བཟོ་རྒྱུ་དང་འབྲེལ། འཕྲལ་རྐྱེན་རོགས་སྐྱོབ་རུ་ཁག་བཙུགས་ཏེ་འཕྲལ་རྐྱེན་རོགས་སྐྱོབ་ཀྱི་སྦྱོང་བརྡར་བྱེད་རྒྱུ།
(དྲུག )གཏན་འབེབས་བཞིན་བདེ་འཇགས་ཐོན་སྐྱེད་ཐད་ཀྱི་འགྲོ་གྲོན་འདང་ངེས་འདོན་རྒྱུ།
(བདུན )བདེ་འཇགས་ཐོན་སྐྱེད་ཐད་ཀྱི་རྐྱེན་ངན་རྩད་བཤེར་ནན་ཏན་བྱས་ཏེ་དུས་ཐོག་ཏུ་ཐོན་སྐྱེད་བདེ་འཇགས་ཀྱི་ལས་འཛོལ་ཇི་མ་ཇི་བཞིན་སྙན་སེང་ཞུ་རྒྱུ།
(བརྒྱད )རིམ་ཁག་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱི་བདེ་འཇགས་ཐོན་སྐྱེད་ཀྱི་ལྟ་སྐུལ་དོ་དམ་ལས་དོན་ལ་གཞོགས་འདེགས་ཧུར་ཐག་བྱེད་རྒྱུ།
(དགུ )བཟོ་ཚོགས་དང་ལས་ཀ་བྱེད་མཁན་གྱིས་བདེ་འཇགས་ཐོན་སྐྱེད་ལས་དོན་ཐད་ཀྱི་ལྟ་སྐུལ་དང་ལེན་བྱེད་རྒྱུ།
(བཅུ )ལས་ཀ་བྱེད་མཁན་ལ་འབྲེལ་ཡོད་བཅའ་ཁྲིམས་དང་། ཁྲིམས་སྲོལ། ལས་རིགས་རྩལ་ནུས་སྦྱོང་བརྡར་སྤྲོས་རྒྱུ་དང་སློབ་གསོ་གཏོང་རྒྱུར་སྒྲིག་འཛུགས་བྱེད་རྒྱུ།
(བཅུ་གཅིག )བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་འགན་འཁྲི་གཞན་དག་བཅས།
དོན་ཚན་བཅུ་བདུན་པ། ཐོན་སྐྱེད་གཉེར་སྐྱོང་ཚན་པའི་བཟོ་ཚོགས་རྩ་འཛུགས་ཀྱིས་ཐོན་སྐྱེད་གཉེར་སྐྱོང་བྱེད་མཁན་ཚན་པས་བདེ་འཇགས་ཐོན་སྐྱེད་ཐད་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་དོན་འཁྱོལ་ལག་བསྟར་བྱེད་རྒྱུར་ལྟ་སྐུལ་བྱས་ནས་ལས་ཀ་བྱེད་མཁན་གྱི་བདེ་འཇགས་ཐོན་སྐྱེད་ཐད་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་རྒྱུ།
ལེའུ་གསུམ་པ། ཐོན་སྐྱེད་གཉེར་སྐྱོང་ཚན་པས་བདེ་འཇགས་ཐོན་སྐྱེད་འགན་སྲུང་བྱེད་རྒྱུ།
དོན་ཚན་བཅོ་བརྒྱད་པ། ཐོན་སྐྱེད་གཉེར་སྐྱོང་ཚན་པར་གཤམ་གསལ་གྱི་བདེ་འཇགས་ཐོན་སྐྱེད་ཀྱི་ཆ་རྐྱེན་འཛོམས་དགོས།
(གཅིག ) ཐོན་སྐྱེད་གཉེར་སྐྱོང་བྱ་ཡུལ་དང་། སྒྲིག་ཆས། སྒྲིག་བཀོད་བཅས་འབྲེལ་ཡོད་བདེ་འཇགས་ཐོན་སྐྱེད་ཐད་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འབེབས་དང་རྒྱལ་ཁབ་ཀྱི་ཚད་གཞིའམ་ལས་རིགས་ཀྱི་ཚད་གཞི་དང་འཚམ་པ་བྱེད་དགོས་པ་དང་།
(གཉིས ) བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་བཙུགས་པ་དང་ཚགས་ཚུད་དུ་བཏང་སྟེ་བདེ་འཇགས་ཐོན་སྐྱེད་ཐད་ཀྱི་སྒྲིག་སྲོལ་ལམ་ལུགས་དང་འབྲེལ་ཡོད་ཀྱི་བཀོལ་སྤྱོད་སྒྲིག་སྲོལ་གཏན་འབེབས་བཟོ་རྒྱུ།
(གསུམ ) བདེ་འཇགས་ཐོན་སྐྱེད་ཐད་ཀྱི་དགོས་ངེས་མ་དངུལ་གཏོང་ཆ་འགན་ལེན་བྱེད་རྒྱུ།
(བཞི ) ཁྲིམས་ལུགས་ལྟར་བདེ་འཇགས་ཐོན་སྐྱེད་ཀྱི་དོ་དམ་ལས་ཁུངས་དང་བདེ་འཇགས་ཐོན་སྐྱེད་ཀྱི་དོ་དམ་བྱེད་མཁན་བསྐོ་སྒྲིག་བྱེད་རྒྱུ།
(ལྔ ) ལས་ཀ་བྱེད་མཁན་ལ་རྒྱལ་ཁབ་ཀྱི་ཚད་གཞིའམ་ལས་རིགས་ཀྱི་ཚད་གཞིའི་ངལ་རྩོལ་ཟོན་སྐྱོབ་ཀྱི་མཁོ་ཆས་བཀོད་སྒྲིག་བྱེད་རྒྱུ།
(དྲུག ) འགན་འཁུར་བྱེད་མཁན་གཙོ་བོ་དང་བདེ་འཇགས་ཐོན་སྐྱེད་ཀྱི་དོ་དམ་པར་ཐོན་སྐྱེད་གཉེར་སྐྱོང་བྱེད་སྒོ་དང་འཚམ་པའི་བདེ་འཇགས་ཐོན་སྐྱེད་ཐད་ཀྱི་ཤེས་བྱ་དང་དོ་དམ་ནུས་པ་ཡོད་དགོས་པ།
(བདུན )ལས་ཀ་བྱེད་མཁན་ལ་བདེ་འཇགས་ཐོན་སྐྱེད་ཐད་ཀྱི་སློབ་གསོ་དང་སྦྱོང་བརྡར་ཚད་ལོན་ཡོང་བ་བྱེད་དགོས། དམིགས་བསལ་ལས་རིགས་ཀྱི་མི་སྣར་དམིགས་བསལ་ལས་རིགས་བཀོལ་སྤྱོད་ཀྱི་ཐོབ་ཐང་ལག་འཁྱེར་ཡོད་དགོས་པ་བཅས། (བརྒྱད ) བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་དང་། རྒྱལ་ཁབ་ཀྱི་ཚད་གཞིའམ་ལས་རིགས་ཀྱི་ཚད་གཞིའི་ནང་གཏན་འབེབས་བྱས་པའི་བདེ་འཇགས་ཐོན་སྐྱེད་ཐད་ཀྱི་ཆ་རྐྱེན་ཡོད་དགོས་པ་བཅས།
དོན་ཚན་བཅུ་དགུ་པ། གཏེར་རི་དང་། འཛུགས་སྐྲུན་ཨར་ལས། དེ་བཞིན་ཉེན་ཆེའི་རྫས་འགྱུར་དངོས་རྫས། ཤོག་སྦག དམངས་སྤྱོད་ཀྱི་འབར་རྫས་དངོས་རིགས་སོགས་ཉེན་ཆེའི་ལས་རིགས་བྱེད་མཁན་ཐོན་སྐྱེད་གཉེར་སྐྱོང་ཚན་པས་འབྲེལ་ཡོད་ཚད་གཞི་གཞིར་བཟུང་བདེ་འཇགས་ཀྱི་སྒྲིག་ཆས་དང་། བདེ་འཇགས་ཀྱི་ལག་རྩལ། བདེ་འཇགས་ཀྱི་སློབ་གསོ་སྦྱོང་བརྡར། ངལ་རྩོལ་ཟོན་སྐྱོབ་ཀྱི་སྤྱོད་ཆས་སོགས་བདེ་འཇགས་ཐོན་སྐྱེད་ཐད་མཁོ་བའི་འགྲོ་གྲོན་འཐེན་དགོས། བདེ་འཇགས་ཐོན་སྐྱེད་ཐད་དངོས་སུ་བཏང་བའི་འགྲོ་གྲོན་དེ་ལོ་འཁོར་གྱི་ཐོན་སྐྱེད་གཉེར་སྐྱོང་གི་མ་གནས་ནང་འཇུག་དགོས། གོང་གསལ་གཏན་འབེབས་བྱས་པའི་བདེ་འཇགས་ཐོན་སྐྱེད་ཀྱི་འགྲོ་གྲོན་འཐེན་རྒྱུའི་ཚད་གཞི་དང་བསྡུར་ཚད་དེ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ནས་ལོགས་སུ་གཏན་འབེབས་བྱེད་རྒྱུ།
དོན་ཚན་ཉི་ཤུ་པ། ཐོན་སྐྱེད་གཉེར་སྐྱོང་ཚན་པས་བདེ་འཇགས་ཐོན་སྐྱེད་ཀྱི་འགྲོ་གྲོན་ལ་དོ་དམ་བྱེད་རྒྱུའི་ལམ་ལུགས་འཛུགས་པ་དང་ཚགས་ཚུད་དུ་གཏོང་དགོས་པ་མ་ཟད། ལོ་འཁོར་གྱི་ནོར་དོན་རྩིས་པའི་སྙན་ཐོའི་ནང་བདེ་འཇགས་ཐོན་སྐྱེད་ཀྱི་འགྲོ་གྲོན་འཐེན་པ་དང་བེད་སྤྱོད་བྱས་པའི་ཞིབ་ཕྲའི་གནས་ཚུལ་མངོན་ཐུབ་པ་དགོས།
དོན་ཚན་ཉེར་གཅིག་པ། གཏེར་རི་སྔོག་འདོན་དང་། རྒྱ་ལམ་ཐོག་གི་འགྲིམ་འགྲུལ་སྐྱེལ་འདྲེན། འཛུགས་སྐྲུན་ཨར་ལས། དེ་བཞིན་ཉེན་ཆེའི་རྫས་འགྱུར་དངོས་རྫས། ཤོག་སྦག དམངས་སྤྱོད་ཀྱི་འབར་རྫས་དངོས་རིགས་སོགས་ཐོན་སྐྱེད་དང་གཉེར་སྐྱོང་བྱེད་མཁན་ཚན་པས་བདེ་འཇགས་ཐོན་སྐྱེད་ཀྱི་ཉེན་ཟོན་གཏའ་དངུལ་བཅོལ་དགོས་ཤིང་། བདེ་འཇགས་ཐོན་སྐྱེད་ཀྱི་ཉེན་ཟོན་གཏའ་དངུལ་དང་དེ་ལས་བྱུང་བའི་སྐྱེད་ཀ་རྣམས་ཐོན་སྐྱེད་གཉེར་སྐྱོང་ཚན་པར་བདག་པ་ཡིན། བདེ་འཇགས་ཐོན་སྐྱེད་ཀྱི་ཉེན་ཟོན་གཏའ་དངུལ་བཅོལ་རྒྱུའི་བསྡུར་ཚད་དང་། ཚད་གཞི། དོ་དམ། དེ་བཞིན་བེད་སྤྱོད་བཅས་བྱེད་རྒྱུའི་ཞིབ་ཕྲའི་བྱ་ཐབས་དེ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ནས་ལོགས་སུ་གཏན་འབེབས་བྱེད་རྒྱུ།
དོན་ཚན་ཉེར་གཉིས་པ། གཏེར་རི་སྔོག་འདོན་དང་། རྒྱ་ལམ་ཐོག་གི་འགྲིམ་འགྲུལ་སྐྱེལ་འདྲེན། འཛུགས་སྐྲུན་ཨར་ལས། དེ་བཞིན་ཉེན་ཆེའི་རྫས་འགྱུར་དངོས་རྫས། ཤོག་སྦག དམངས་སྤྱོད་ཀྱི་འབར་རྫས་དངོས་རིགས་སོགས་ཐོན་སྐྱེད་དང་། ཚོང་གཉེར། ཉར་འཇོག་བཅས་བྱེད་མཁན་ཐོན་སྐྱེད་གཉེར་སྐྱོང་ཚན་པ་དང་། ལས་བྱ་མི་300བརྒལ་བའི་ཐོན་སྐྱེད་གཉེར་སྐྱོང་ཚན་པ་གཞན་དག་གིས་བདེ་འཇགས་ཐོན་སྐྱེད་ཐད་ཀྱི་དོ་དམ་ལས་ཁུངས་བཙུགས་ཏེ་འབྲེལ་ཡོད་ཆེད་ལས་ལག་རྩལ་གྱི་ཐོབ་ཐང་ཡོད་པའི་བདེ་འཇགས་དོ་དམ་བྱེད་མཁན་བསྐོ་སྒྲིག་བྱེད་དགོས་པ་དང་། ལས་བྱ་མི་100ཡན་ཡོད་པའི་ཐོན་སྐྱེད་གཉེར་སྐྱོང་ཚན་པ་གཞན་དག་གིས་ཆེད་བསྐོས་བདེ་འཇགས་ཐོན་སྐྱེད་དོ་དམ་བྱེད་མཁན་བསྐོ་སྒྲིག་བྱེད་དགོས། ལས་བྱ་མི་100མ་ལོན་པའི་ཐོན་སྐྱེད་གཉེར་སྐྱོང་ཚན་པ་གཞན་དག་གིས་ཆེད་བསྐོས་སམ་ཡང་ན་གཅིག་ལྕོགས་ཀྱི་བདེ་འཇགས་ཐོན་སྐྱེད་དོ་དམ་བྱེད་མཁན་བསྐོ་སྒྲིག་གམ་ཡང་ན་འབྲེལ་ཡོད་ཆེད་ལས་ལག་རྩལ་གྱི་ཐོབ་ཐང་ཡོད་པའི་ལས་གྲྭའི་ལག་རྩལ་པ་མངགས་བཅོལ་བྱས་ནས་བདེ་འཇགས་ཐོན་སྐྱེད་དོ་དམ་གྱི་ཞབས་ཞུ་སྒྲུབ་དགོས། གཏེར་རི་སྔོག་འདོན་བྱེད་མཁན་ཐོན་སྐྱེད་གཉེར་སྐྱོང་ཚན་པས་ཉུང་མཐར་ཡང་བདེ་འཇགས་ཐད་ཀྱི་བཟོ་འགོད་ཆེ་མོ་བ་གཅིག་དང་གཏེར་འདོན་བཟོ་འགོད་ཆེ་མོ་བ་གཅིག་བསྐོ་སྒྲིག་བྱེད་དགོས།
དོན་ཚན་ཉེར་གསུམ་པ། ལས་བྱར་ཐོན་སྐྱེད་གཉེར་སྐྱོང་གི་ལས་ཀའི་ནང་གཤམ་གསལ་ཁེ་དབང་ལོངས་སུ་སྤྱོད་རྒྱུ་ཡོད་པ་སྟེ།
(གཅིག )ངལ་རྩོལ་གན་རྒྱའི་ནང་ངལ་རྩོལ་གྱི་བདེ་འཇགས་དང་། ལས་རིགས་ཀྱི་ཉེན་སྐྱོན་དང་ལས་རྨས་མི་ཡོང་སྔོན་འགོག་གི་འགན་བཅོལ་སོགས་དོན་གནད་གསལ་པོ་འགོད་པ་དང་།
(གཉིས )རང་གི་ལས་ཀ་བྱེད་ས་དང་ལས་གནས་སུ་ཉེན་སྐྱོན་གནས་ཡོད་པ་ཤེས་རྟོགས་དང་། དེར་འགོག་ཟོན་དང་། འཕྲལ་མྱུར་ཁ་གཏད་གཅོག་ཐབས། རྒྱལ་ཁབ་ཀྱི་ཚད་གཞིའམ་ཡང་ན་ལས་རིགས་ཀྱི་ཚད་གཞི་དང་མཐུན་པའི་ངལ་རྩོལ་ཟོན་སྐྱོབ་ཀྱི་སྤྱོད་ཆས་རག་པ་བཅས་བྱེད་པ།
(གསུམ )ཚན་པ་དེ་གའི་བདེ་འཇགས་ཐོན་སྐྱེད་ཀྱི་ལས་ཀའི་ནང་གནས་པའི་གནད་དོན་ལ་གྲོས་འཆར་འདོན་པ་དང་། སྐྱོན་བརྗོད། ཐེར་འདོན་དང་གཏུག་བཤེར་བཅས་བྱེད་པ།
(བཞི )སྒྲིག་འགལ་གྱི་བཀོད་འདོམས་དང་བཙན་བཀའ་འབེབས་ནས་ཉེན་མཆོང་གིས་ལས་ཀ་བྱེད་རྒྱུའི་བླང་བྱ་འདོན་པར་དང་ལེན་མི་ཞུ་བ་དང་། ཐད་ཀར་མི་ལུས་བདེ་འཇགས་ལ་ཉེན་ཁ་ཡོང་བ་ཤེས་སྐབས་ལས་ཀ་མཚམས་འཇོག་པའམ་ཡང་ན་གང་གིས་བྱེད་ཐུབ་པའི་འཕྲལ་མྱུར་ཁ་གཏད་གཅོག་ཐབས་སྤྱད་རྗེས་ལས་ཡུལ་ནས་ཕྱིར་འཐེན་བྱེད་པ། (ལྔ )ཐོན་སྐྱེད་བདེ་འཇགས་ཀྱི་ལས་འཛོལ་ཐོན་ནས་གནོད་འཚེ་ཕོག་པར་སྐྱིན་གསབ་འཇལ་རྒྱུའི་རེ་བ་འདོན་པ།
(དྲུག )བཅའ་ཁྲིམས་དང་ཁྲིམས་སྲོལ་གྱིས་གཏན་འབེབས་བྱས་པའི་ཁེ་དབང་གཞན་དག་བཅས་ཡིན། ལས་བྱས་ཐོན་སྐྱེད་གཉེར་སྐྱོང་གི་ལས་ཀའི་ནང་གཤམ་གསལ་གྱི་འོས་འགན་སྒྲུབ་དགོས་པ་སྟེ། (གཅིག )ཚན་པ་དེ་གའི་བདེ་འཇགས་ཐོན་སྐྱེད་ཀྱི་སྒྲིག་སྲོལ་ལམ་ལུགས་དང་བཀོལ་སྤྱོད་སྒྲིག་སྲོལ་ལ་བརྩི་སྲུང་ནན་པོ་བྱེད་དགོས་པ་དང་། (གཉིས )བདེ་འཇགས་ཐོན་སྐྱེད་ཐད་ལ་སློབ་གསོ་དང་སྦྱོང་བརྡར་སྤྲོས་པར་དང་ལེན་ཞུ་དགོས་པ། (གསུམ )ཚན་པ་དེ་གས་སྒྲིག་འཛུགས་བྱས་པའི་བདེ་འཇགས་ཐོན་སྐྱེད་ཀྱི་དྲིལ་བསྒྲགས་བྱེད་སྒོའི་ནང་ཧུར་ཐག་ཞུགས་དགོས་པ། (བཞི )ངལ་རྩོལ་ཟོན་སྐྱོབ་ཀྱི་སྤྱོད་ཆས་མ་ནོར་བར་འདོགས་པ་དང་བེད་སྤྱོད་གཏོང་དགོས་པ། (ལྔ )བདེ་འཇགས་ཐད་ཀྱི་ལས་འཛོལ་དང་ལས་འཛོལ་ཡོང་གཞི་དུས་ཐོག་ཏུ་སྙན་སེང་ཞུ་དགོས་པ། (དྲུག )ཚན་པ་དེ་གས་སྒྲིག་འཛུགས་བྱས་པའི་བདེ་འཇགས་ཐོན་སྐྱེད་ཀྱི་འཕྲལ་མྱུར་རོགས་སྐྱོབ་སྦྱོང་བརྡར་ནང་ཞུགས་དགོས་པ། (བདུན )བཅའ་ཁྲིམས་དང་ཁྲིམས་སྲོལ་གྱིས་གཏན་འབེབས་བྱས་པའི་འོས་འགན་གཞན་དག་བཅས་ཡིན།
དོན་ཚན་ཉེར་བཞི་པ། ཐོན་སྐྱེད་གཉེར་སྐྱོང་ཚན་པས་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་དང་། བདེ་འཇགས་ཐད་ཀྱི་ཞིབ་བཤེར། བདེ་འཇགས་ཀྱི་སློབ་གསོ་སྦྱོང་བརྡར་སོགས་བདེ་འཇགས་ཐོན་སྐྱེད་ཐད་ཀྱི་དོ་དམ་ལུགས་འཛུགས་པ་དང་ཚགས་ཚུད་དུ་གཏོང་དགོས།
དོན་ཚན་ཉེར་ལྔ་པ། གཏེར་རི་སྔོག་འདོན་བྱེད་མཁན་ཐོན་སྐྱེད་གཉེར་སྐྱོང་ཚན་པས་ཇུས་འགོད་ཀྱི་བླང་བྱ་གཞིར་བཟུང་ལས་ཀ་བྱེད་དགོས་པ་ལས་རིམ་པ་བརྒལ་ཏེ་སྔོན་འདོན་བྱེད་མི་ཆོག མཐོངས་ཡངས་སུ་སྔོག་འདོན་བྱེད་པའི་གཏེར་ཁའི་རིགས་ལ་འབྲུབ་འགོག་དང་ཆུ་བཤངས་ཀྱི་ཆེད་སྤྱོད་སྒྲིག་ཆས་བསྒར་སྒྲིག་བྱེད་དགོས་པ་དང་། ས་འོག་ཏུ་སྔོག་འདོན་བྱེད་པའི་གཏེར་ཁའི་རིགས་ལ་གཏེར་ཁྲོན་ནང་འཛུལ་ཐོན་བྱེད་མཁན་གྱི་ཐོ་འགོད་ཞིབ་བཤེར་ལམ་ལུགས་འཛུགས་པ་དང་ཚགས་ཚུད་དུ་གཏོང་དགོས་པ་མ་ཟད། ཉུང་མཐར་ཡང་ས་ངོས་སུ་ཐད་ཀར་སླེབས་པའི་བདེ་འཇགས་ཀྱི་ཐོན་སྒོ་གཉིས་ལོགས་སུ་བཟོ་དགོས་ཁར། རླུང་འགྲོ་དང་། གློག་བཞུ། རྡུལ་འགོག མེ་ཟོན། ཆུ་འགོག ཆུ་འགྲོ་སོགས་བདེ་འཇགས་སྒྲིག་བཀོད་དང་སྒྲིག་ཆས་ཡོད་དགོས་པའི་ཐོག་འགྲོ་ལམ་ནང་བདེ་འཇགས་ཀྱི་མཚོན་རྟགས་གསལ་པོ་འགོད་དགོས།
དོན་ཚན་ཉེར་དྲུག་པ། གཏེར་རི་སྔོག་འདོན་བྱེད་མཁན་གཉེར་སྐྱོང་ཚན་པས་རང་གིས་ཐོན་སྐྱེད་བྱེད་པའི་ནང་ཐོན་པའི་སྙེགས་རོ་དང་སྙིགས་དོར་རྒྱུ་ཆ་སོགས་སྙིགས་དངོས་རིགས་གཏེར་སྙིགས་གསོག་མཛོད་ནང་ཉར་འཇོག་བྱས་ཏེ་གཏེར་སྙིགས་གསོག་མཛོད་ཀྱི་བདེ་འཇགས་ལྟ་སྐུལ་དོ་དམ་གྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་བྱ་ཐབས་ནུས་ལྡན་སྤྱད་དེ་ཐོན་སྐྱེད་ཀྱི་རྐྱེན་ངན་མི་ཐོན་པ་དང་བཙོག་སྐྱོན་གྱི་ལས་འཛོལ་མི་ཡོང་བའི་འགན་ལེན་བྱེད་དགོས།
ཁྲིམས་ལུགས་གཞིར་བཟུང་བདེ་འཇགས་ཐོན་སྐྱེད་ཀྱི་འཁྲོལ་འཛིན་མ་རག་པའི་གཏེར་སྙིགས་གསོག་མཛོད་རིགས་ཐོན་སྐྱེད་འཁོར་སྐྱོད་བྱེད་མི་ཆོག
དོན་ཚན་ཉེར་བདུན་པ། ཐོན་སྐྱེད་གཉེར་སྐྱོང་ཚན་པས་ཚབས་ཆེའི་ཉེན་རྩའི་རིགས་ལ་གཤམ་གསལ་བྱ་ཐབས་སྤྱོད་དགོས་པ་སྟེ།
(གཅིག ) ཐོ་འགོད་བྱེད་པ་དང་ཡིག་ཚགས་བཟོ་བ་མ་ཟད། བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་སྡེ་ཚན་དང་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་སྡེ་ཚན་གྱི་འཁྲི་འགན་ཡོད་པའི་སྡེ་ཚན་གཞན་དག་ལ་སྙན་ཐོ་དཔོ་དགོས་པ་དང་།
(གཉིས )བདེ་འཇགས་ཐོན་སྐྱེད་ཀྱི་འཕྲལ་མྱུར་རོགས་སྐྱོབ་སྔོན་ཇུས་བཟོ་དགོས་པ།
(གསུམ )ཚབས་ཆེའི་ཉེན་རྩའི་ལྟ་འདོམས་མ་ལག་བཙུགས་ཏེ་བརྒྱུད་རིམ་ཧྲིལ་པོར་ལྟ་འདོམས་བྱེད་དགོས་པ།
(བཞི )བདེ་འཇགས་ངང་ཐོན་སྐྱེད་བྱེད་པའི་བཀོལ་སྤྱོད་སྒྲིག་སྲོལ་བཟོ་དགོས་པ།
(ལྔ )དུས་བཀག་གིས་ཞིབ་དཔྱད་ཚད་ལེན་དང་། ཞིབ་བཤེར། བདེ་འཇགས་ཐད་ཚོད་སྐོར་བཅས་བྱེད་དགོས་པ།
(དྲུག )རྐྱེན་ངན་ཡོང་གཞི་ཤེས་ཚེ་འཕྲལ་མར་ཐག་གཅོད་བྱེད་དགོས་པ་བཅས་ཡིན།
དོན་ཚན་ཉེར་བརྒྱད་པ། གཏེར་རིའི་རྣམ་གྲངས་གསར་སྐྲུན་དང་། བཟོ་བཅོས། རྒྱ་སྐྱེད་བཅས་དང་། ཉེན་ཆེའི་དངོས་རིགས་འཛུགས་སྐྲུན་རྣམ་གྲངས་ཐོན་སྐྱེད་དང་ཉར་འཇོག་བྱེད་རྒྱུའི་བདེ་འཇགས་སྒྲིག་ཆས་ཀྱི་ཇུས་འགོད་དེ་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་སྡེ་ཚན་ལ་ཞིབ་བཤེར་བྱེད་རྒྱུར་སྙན་འབུལ་ཞུ་དགོས་པ་དང་། ཞིབ་བཤེར་ཚད་ལོན་བྱུང་རྗེས་གཞི་ནས་ཨར་པོ་རྒྱག་དགོས། འཛུགས་སྐྲུན་རྣམ་གྲངས་སྐྲུན་ཟིན་རྗེས་བདེ་འཇགས་སྒྲིག་བཀོད་ལ་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་རྩིས་ལེན་རྒྱུའི་ཚད་གཞི་ལོན་རྗེས་གཞི་ནས་དངོས་སུ་ཐོན་སྐྱེད་དང་བེད་སྤྱོད་བྱེད་ཆོག བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་སྡེ་ཚན་དང་དེའི་ཞིབ་བཤེར་འགན་འཁུར་བ་དང་རྩིས་ལེན་མཁན་གྱིས་ཞིབ་བཤེར་དང་རྩིས་ལེན་བྱེད་རྒྱུའི་གཏན་འཁེལ་བྱས་པར་འགན་འཁུར་དགོས།
དོན་ཚན་ཉེར་དགུ་པ། གཏེར་རི་སྔོག་འདོན་དང་། འཛུགས་སྐྲུན་ཨར་ལས། དེ་བཞིན་ཉེན་ཆེའི་རྫས་འགྱུར་དངོས་རྫས། ཤོག་སྦག དམངས་སྤྱོད་ཀྱི་འབར་རྫས་དངོས་རིགས་བཅས་ཐོན་སྐྱེད་བྱེད་མཁན་གྱི་ཚན་པར་ཁྲིམས་ལུགས་གཞིར་བཟུང་བདེ་འཇགས་ཐོན་སྐྱེད་ཀྱི་འཁྲོལ་འཛིན་རག་ན་གཞི་ནས་ཐོན་སྐྱེད་བྱེད་ཆོག ཉེན་ཆེའི་རྫས་འགྱུར་དངོས་རྫས་དང་། ཤོག་སྦག དམངས་སྤྱོད་ཀྱི་འབར་རྫས་དངོས་རིགས་བཅས་ཀྱི་གཉེར་སྐྱོང་ཚན་པར་ཁྲིམས་ལུགས་གཞིར་བཟུང་གཉེར་སྐྱོང་གི་འཁྲོལ་འཛིན་རག་ན་གཞི་ནས་གཉེར་སྐྱོང་བྱེད་ཆོག
དོན་ཚན་སུམ་ཅུ་པ། ཡུལ་སྐོར་གནས་ལྗོངས་(ས་ཚུགས )དང་། རོལ་རྩེད་བྱ་ཡུལ། སྤྱི་པའི་ཡུལ་སྐོར་སྤྲོ་གསེང་བྱ་ཡུལ། མགྲོན་ཁང་(ཟ་ཁང་) ཚོང་ཁང་(ཁྲོམ་ར ) གནམ་ཐང་། མོ་ཊའི་བབས་ཚུགས། གྲུ་ཁ (གྲུ་ཚུགས )སོགས་ཐོན་སྐྱེད་གཉེར་སྐྱོང་བྱེད་མཁན་ཚན་པས་གཤམ་གསལ་བདེ་འཇགས་ཐད་ཀྱི་གཏན་འབེབས་ཁག་ལ་བརྩི་སྲུང་ཞུ་དགོས་པ་སྟེ། (གཅིག )གཉེར་སྐྱོང་བྱ་ཡུལ་གྱི་ཉེན་ཆེའི་ས་ཁུལ་ནང་བདེ་འཇགས་ཐད་ཀྱི་འགོག་ཟོན་སྒྲིག་བཀོད་དང་སྒྲིག་ཆས་བསྒར་སྒྲིག་བྱེད་དགོས་པ་མ་ཟད། དེ་དག་སྐྱོན་མེད་བེད་སྤྱོད་ཐུབ་པ་བྱེད་དགོས་པ་དང་།
(གཉིས )གཉེར་སྐྱོང་བྱ་ཡུལ་དང་འགག་གནད་ཆེ་སར་མངོན་ཆེའི་བདེ་འཇགས་མཚོན་རྟགས་བསྒར་སྒྲིག་བྱེད་དགོས་པ།
(གསུམ ) བདེ་འཇགས་ཀྱི་ཐོན་སྒོ་དང་བྲོས་གྲམ་བྱེད་ལམ་ཤར་གཏོང་ཐུབ་པ་བྱེད་དགོས་པ།
(བཞི )གཉེར་སྐྱོང་བྱ་ཡུལ་ནང་གོ་ཆོད་པའི་ཛ་དྲག་ཆེ་དུས་ཀྱི་རྒྱང་བསྒྲགས་དང་བཀོད་འདོམས་མ་ལག དེ་བཞིན་ཛ་དྲག་ཆེ་དུས་ཀྱི་གློག་བཞུའི་སྒྲིག་བཀོད་དང་མེ་ཟོན་ཡོ་བྱད་སོགས་སྒྲིག་སྦྱོར་བྱེད་དགོས་པ་བཅས་ཡིན།
དོན་ཚན་སོ་གཅིག་པ། ཐོན་སྐྱེད་གཉེར་སྐྱོང་ཚན་པས་ལས་ཡུལ་ནང་ལུས་ཁམས་ལ་གནོད་འཚེ་ཕོག་སྲིད་པའི་ས་དོང་དང་། ས་ཕུག ཡུར་རྫིང་སོགས་དང་དེ་བཞིན་མཐོ་གནོན་གློག་ཤུགས་སྒྲིག་བཀོད་དང་མེ་མཆེད་སླ་བ་དང་འབར་གས་སླ་བ། དུག་ཤེད་དང་གནོད་པ་ཡོད་པ། དེ་བཞིན་བར་མཐོངས་དང་། ཆུ་སྟེང་། ཆུ་འོག་ཏུ་ལས་ཀ་བྱེད་པ་སོགས་ཉེན་ཆེའི་ས་ཡུལ་དུ་ཉེན་བརྡའི་མཚོན་རྟགས་བསྒར་སྒྲིག་བྱེད་དགོས་པ་མ་ཟད། དེ་མཚུངས་ཀྱི་ཟོན་སྐྱོབ་བྱ་ཐབས་སྤྱོད་དགོས། ཐོན་སྐྱེད་གཉེར་སྐྱོང་ཚན་པས་ལས་ཡུལ་ནང་ཐོན་པའི་དུག་ལྡན་དང་། སྙིགས་རྡུལ། གཙེར་སྒྲ བརྡར་དཀྲུག ཚད་དྲོད། གྲང་ངད། ཟེར་འགྱེད་དེ་བཞིན་ལས་རིགས་གཞན་དག་བཅས་ཀྱི་གནོད་འཚེར་ཟོན་སྐྱོབ་བྱ་ཐབས་སྤྱོད་དགོས་པ་མ་ཟད། དུས་བཀག་ཐོག་ཞིབ་དཔྱད་ཚད་ལེན་བྱེད་དགོས་པ་དང་། ཞིབ་དཔྱད་ཚད་ལེན་བྱས་ནས་ཚད་གཞི་མ་ལོན་པའི་རིགས་ལ་འཕྲལ་མར་བཅོས་སྒྲིག་བྱེད་རྒྱུའི་བྱ་ཐབས་སྤྱོད་དགོས།
དོན་ཚན་སོ་གཉིས་པ། ཐོན་སྐྱེད་གཉེར་སྐྱོང་ཚན་པས་ཚོང་ཟོག་འགྲེམས་ཚོང་དང་། བྲིན་སྐུལ། དེ་བཞིན་འགྲེམས་སྟོན་དང་རྟེན་འབྲེལ་མཛད་སྒོ ཁེ་གཉེར་རང་བཞིན་གྱི་འཁྲབ་སྟོན་སོགས་གཉེར་སྐྱོང་བྱེད་སྒོ་ཆེ་རིགས་སྒྲིག་འཛུགས་བྱེད་པར་བདེ་འཇགས་ཀྱི་འགན་སྲུང་ཇུས་གཞི་དང་གློ་བུར་དོན་རྐྱེན་ལ་འཕྲལ་མྱུར་ཁ་གཏད་གཅོག་རྒྱུའི་སྔོན་ཇུས་བཟོ་དགོས།
དོན་ཚན་སོ་གསུམ་པ། ཐོན་སྐྱེད་གཉེར་སྐྱོང་ཚན་པས་ཐག་རིང་གི་འགྲུལ་པ་སྐྱེལ་འདྲེན་ནམ་ཡང་ན་རྒྱ་ལམ་ཐོག་ཉེན་ཆེའི་དངོས་རྫས་སྐྱེལ་འདྲེན་བྱེད་མཁན་འཁོར་རིགས་ལ་འཁོར་རིགས་ཀྱི་བདེ་འཇགས་ལྟ་འདོམས་མ་ལག་བསྒར་སྒྲིག་བྱས་ནས་དེའི་བརྒྱུད་རིམ་ཧྲིལ་པོར་ལྟ་འདོམས་བྱེད་དགོས་པ་མ་ཟད། ཁ་ལོ་བ་དང་བདེ་སྲུང་གི་གྲོས་མཐུན་འཇོག་དགོས།
དོན་ཚན་སོ་བཞི་པ། གཏེར་རི་སྔོག་འདོན་དང་། འཛུགས་སྐྲུན་ཨར་ལས། དེ་བཞིན་ཉེན་ཆེའི་དངོས་རྫས་ཐོན་སྐྱེད་དང་། ཚོང་གཉེར། ཉར་འཇོག་བཅས་བྱེད་མཁན་ཐོན་སྐྱེད་གཉེར་སྐྱོང་ཚན་པས་ལས་བྱར་བདེ་འཇགས་ཐོན་སྐྱེད་ཀྱི་ལག་དེབ་སྤྲད་དེ་བཀོལ་སྤྱོད་སྒྲིག་སྲོལ་དང་སྒྲིག་འགལ་བཀོལ་སྤྱོད་ཀྱི་ཉེན་སྐྱོན་ཇི་ཡོད་ཤོད་དགོས། འགན་འཁུར་བ་གཙོ་བོ་དང་བདེ་འཇགས་ཐོན་སྐྱེད་དོ་དམ་བྱེད་མཁན་གྱིས་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་སྡེ་ཚན་ནམ་ཡང་ན་འཛུགས་སྐྲུན་གཙོ་འགན་འཁུར་མཁན་སྡེ་ཚན། དམངས་སྤྱོད་ཀྱི་འབར་རྫས་དངོས་རིགས་ཀྱི་གཙོ་འགན་འཁུར་མཁན་སྡེ་ཚན་བཅས་ནས་རང་གི་བདེ་འཇགས་ཐོན་སྐྱེད་ཀྱི་ཤེས་བྱ་དང་དོ་དམ་བྱེད་ནུས་ལ་དཔྱད་ཞིབ་བྱེད་པར་དང་ལེན་ཞུ་དགོས་པ་དང་། དཔྱད་ཞིབ་ཚད་ལོན་བྱུང་རྗེས་གཞི་ནས་ལས་འགན་འཁུར་ཆོག
དོན་ཚན་སོ་ལྔ་པ། ཐོན་སྐྱེད་གཉེར་སྐྱོང་ཚན་པས་ལས་བྱར་རྒྱལ་ཁབ་ཀྱི་ཚད་གཞིའམ་ཡང་ན་ལས་རིགས་ཀྱི་ཚད་གཞི་དང་མཐུན་པའི་ངལ་རྩོལ་ཟོན་སྐྱོབ་ཀྱི་སྤྱོད་ཆས་རིན་དོད་མེད་པར་མཁོ་འདོན་བྱེད་དགོས་པ་མ་ཟད། ངལ་རྩོལ་བྱེད་མཁན་གྱིས་འཕྱུགས་མེད་བེད་སྤྱོད་བྱེད་རྒྱུའི་རྟིང་སྐུལ་བྱེད་དགོས་པ་དང་། དངུལ་སྨར་དང་དངོས་རིགས་གཞན་དག་སོགས་ཕན་བདེར་བརྩིས་ནས་ངལ་རྩོལ་ཟོན་སྐྱོབ་དངོས་རྫས་ཀྱི་ཚབ་བྱས་ཏེ་སྤྲོད་མི་ཆོག
དོན་ཚན་སོ་དྲུག་པ། བདེ་འཇགས་ཐོན་སྐྱེད་ཀྱི་ཚོད་སྐོར་དང་། ཁས་ལེན་དཔང་འདོན། ཞིབ་དཔྱད་ཚད་ལེན། ཞིབ་བཤེར། སྦྱོང་བརྡར་བཅས་བྱེད་མཁན་མཚམས་སྦྱོར་ལས་ཁུངས་ཀྱིས་ཁྲིམས་ལུགས་གཞིར་བཟུང་དེ་མཚུངས་ཀྱི་ཐོབ་ཐང་དང་ནུས་སྟོབས་ལག་ཁྱེར་རག་པ་བྱེད་དགོས་པ་དང་། ཐོབ་ཐང་དང་ནུས་སྟོབས་ལག་ཁྱེར་ནང་གཏན་འཁེལ་བྱས་པའི་ལས་སྒོའི་ཁྱབ་ཁོངས་བཞིན་མཚམས་སྦྱོར་གྱི་ཞབས་ཞུའི་བྱེད་སྒོ་སྤེལ་དགོས་པ་མ་ཟད། རང་གིས་གཏན་འཁེལ་བྱེད་རིགས་ལ་འགན་འཁུར་དགོས། སྲིད་འཛིན་ས་ཁོངས་དེ་ག་ཕུད་པའི་བདེ་འཇགས་ཐོན་སྐྱེད་ཀྱི་མཚམས་སྦྱོར་ལས་ཁུངས་ཀྱིས་ལྗོངས་ནང་ཁོངས་སུ་མཚམས་སྦྱོར་ཞབས་ཞུ་སྒྲུབ་པར་རང་སྐྱོང་ལྗོངས་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་སྡེ་ཚན་ལ་སྙན་ཐོ་དཔོ་དགོས།
ལེའུ་བཞི་པ། འཕྲལ་མྱུར་རོགས་སྐྱོབ་དང་ལས་འཛོལ་གྱི་བརྟག་དཔྱད་ཐག་གཅོད་བྱེད་ཐབས།
དོན་ཚན་སོ་བདུན་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་རིམ་པ་དེ་གའི་མི་དམངས་སྲིད་གཞུང་གིས་བཟོས་པའི་བདེ་འཇགས་ཐོན་སྐྱེད་ཀྱི་འཕྲལ་རྐྱེན་སྔོན་ཇུས་ཀྱི་བླང་བྱ་གཞིར་བཟུང་བདེ་འཇགས་ཐོན་སྐྱེད་ཀྱི་འཕྲལ་མྱུར་རོགས་སྐྱོབ་བཀོད་འདོམས་སྒྲིག་སྲོལ་བཟོ་བ་དང་འཕྲལ་མྱུར་རོགས་སྐྱོབ་ཀྱི་མཁོ་ཆས་སྒྲིལ་སྤྱོད་བྱས་ནས་འབྲེལ་ཡོད་སྡེ་ཚན་དང་ཐོན་སྐྱེད་གཉེར་སྐྱོང་ཚན་པ་སྒྲིག་འཛུགས་ཀྱིས་སྦྱོང་བརྡར་སྤྲོས་དགོས་པ་དང་། ཐོན་སྐྱེད་བདེ་འཇགས་ཀྱི་ལས་འཛོལ་གྱི་འཕྲལ་མྱུར་རོགས་སྐྱོབ་བྱེད་ནུས་ཆེ་རུ་གཏོང་དགོས།
དོན་ཚན་སོ་བརྒྱད་པ། ཐོན་སྐྱེད་གཉེར་སྐྱོང་ཚན་པས་ཚན་པ་དེ་གས་བཟོས་པའི་འཕྲལ་མྱུར་རོགས་སྐྱོབ་ཀྱི་སྔོན་ཇུས་ལ་གཞིགས་ཏེ་འཕྲིན་གཏོང་དང་སྐྱེལ་འདྲེན་སོགས་འཕྲལ་མྱུར་རོགས་སྐྱོབ་ཀྱི་སྒྲིག་ཆས་སྒྲིག་སྦྱོར་བྱེད་དགོས་པ་དང་། འཕྲལ་མྱུར་རོགས་སྐྱོབ་དཔུང་ཁག་སྒྲིག་འཛུགས་ཀྱིས་སྦྱོང་བརྡར་སྤྲོས་དགོས་ཐོག ལོ་རེར་ཉུང་མཐར་ཡང་སྦྱོང་བརྡར་ཐེངས་གཉིས་སྤྲོས་དགོས།
དོན་ཚན་སོ་དགུ་པ། ཐོན་སྐྱེད་གཉེར་སྐྱོང་ཚན་པར་ཐོན་སྐྱེད་བདེ་འཇགས་ཀྱི་ལས་འཛོལ་ཐོན་རྗེས་ལས་འཛོལ་ཐོན་སའི་འབྲེལ་ཡོད་མི་སྣས་འཕྲལ་མར་ཚན་པའི་འགན་འཁུར་བར་སྙན་སེང་ཞུ་དགོས་པ་དང་། ཚན་པའི་འགན་འཁུར་བར་ལས་འཛོལ་གྱི་སྙན་ཞུ་འབྱོར་རྗེས་ཚན་པ་དེ་གས་བཟོས་པའི་འཕྲལ་མྱུར་རོགས་སྐྱོབ་ཀྱི་སྔོན་ཇུས་གཞིར་བཟུང་མྱུར་དུ་བྱ་ཐབས་སྤྱད་དེ་མྱུར་སྐྱོབ་བྱེད་རྒྱུའི་སྒྲིག་འཛུགས་བྱས་ནས་ལས་འཛོལ་རྒྱ་ཆེར་མི་འགྲོ་བ་དང་། མི་སྣ་ཤི་རྨས་དང་རྒྱུ་ནོར་གྱོང་གུན་ཕོག་ཚད་ཉུང་དུ་འགྲོ་བ་བྱེད་དགོས་པ་མ་ཟད། ཆུ་ཚོད་གཅིག་ནང་ལས་འཛོལ་ཐོན་སའི་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་སྡེ་ཚན་དང་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་གྱི་འཁྲི་འགན་ཡོད་པའི་སྡེ་ཚན་གཞན་དག་ལ་སྙན་སེང་ཞུ་དགོས། གནས་ཚུལ་ཛ་དྲག་པའི་སྐབས་ལས་འཛོལ་ཐོན་སའི་འབྲེལ་ཡོད་མི་སྣས་ལས་འཛོལ་ཐོན་སའི་རྫོང་རིམ་མི་དམངས་སྲིད་གཞུང་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་སྡེ་ཚན་དང་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་གྱི་འཁྲི་འགན་ཡོད་པའི་སྡེ་ཚན་གཞན་དག་ལ་ཐད་ཀར་སྙན་སེང་ཞུ་ཆོག མི་སུ་འདྲ་ཞིག་ཡིན་རུང་ཐོན་སྐྱེད་བདེ་འཇགས་ཀྱི་ལས་འཛོལ་འགྱངས་ཞུ་དང་། ཆད་ཞུ། རྫུན་ཞུའམ་ཡང་ན་སྦས་གསང་བྱས་ནས་མི་ཞུ་བ་བཅས་བྱེད་མི་ཆོག་པ་དང་། རྐང་བཙུགས་ནས་ལས་འཛོལ་ཐོན་ཡུལ་གཏོར་སྐྱོན་གཏོང་བ་དང་འབྲེལ་ཡོད་དཔང་རྟགས་མེད་པ་བཟོ་རིགས་བྱེད་མི་ཆོག ཐོན་སྐྱེད་གཉེར་སྐྱོང་ཚན་པའི་འགན་འཁུར་བས་ཐོན་སྐྱེད་བདེ་འཇགས་ཀྱི་ལས་འཛོལ་སྐོར་སྙན་སེང་ཞུ་སྐབས་གཤམ་གསལ་ནང་དོན་ཚུད་དགོས་པ་སྟེ།
(གཅིག ) ལས་འཛོལ་ཐོན་པའི་ཚན་པའི་མིང་།
(གཉིས )ལས་འཛོལ་ཐོན་པའི་དུས་ཚོད་དང་། ས་ཆ། ལས་འཛོལ་གྱི་བརྒྱུད་རིམ་མདོར་བསྡུས།
(གསུམ )ལས་འཛོལ་ནང་ཤི་རྨས་བྱུང་བའི་མི་གྲངས་(གར་སོང་ཆ་མེད་ཀྱི་མི་གྲངས )དང་རགས་རྩིས་བྱས་པའི་དཔལ་འབྱོར་གྱོང་གུན།
(བཞི )སྤྱད་ཟིན་པའི་བྱ་ཐབས་བཅས་ཡིན།
དོན་ཚན་བཞི་བཅུ་པ། ཐོན་སྐྱེད་བདེ་འཇགས་ཀྱི་ལས་འཛོལ་ཐོན་རྗེས་སྤྱིར་བཏང་ལས་འཛོལ་རིགས་ཡིན་ན་ལས་འཛོལ་ཐོན་སའི་རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་བརྟག་དཔྱད་ཐག་གཅོད་བྱེད་འགན་འཁུར་རྒྱུ་དང་། ལས་འཛོལ་ཅུང་ཆེ་བའི་རིགས་ཡིན་ན་ལས་འཛོལ་ཐོན་སའི་གྲོང་ཁྱེར (ས་གནས )མི་དམངས་སྲིད་གཞུང་(སྲིད་འཛིན་ཀུང་ཧྲུའུ )གིས་བརྟག་དཔྱད་ཐག་གཅོད་བྱེད་འགན་འཁུར་རྒྱུ། ལས་འཛོལ་ཚབས་ཆེ་བའི་རིགས་ཡིན་ན་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་བརྟག་དཔྱད་ཐག་གཅོད་བྱེད་འགན་འཁུར་རྒྱུ། དགོས་ངེས་སྐབས་གོང་རིམ་མི་དམངས་སྲིད་གཞུང་གིས་འོག་རིམ་མི་དམངས་སྲིད་གཞུང་ནས་བརྟག་དཔྱད་ཐག་གཅོད་བྱེད་འགན་འཁུར་རྒྱུའི་ལས་འཛོལ་ལ་ཐད་ཀར་བརྟག་དཔྱད་བྱས་ན་འགྲིག
དོན་ཚན་ཞེ་གཅིག་པ། ཐོན་སྐྱེད་བདེ་འཇགས་ཀྱི་ལས་འཛོལ་ཐོན་རྗེས་ལས་འཛོལ་བརྟག་དཔྱད་ཚོགས་ཆུང་བཙུགས་ཏེ་ལས་འཛོལ་གྱི་བྱུང་རྐྱེན་དང་། ངོ་བོ། འགན་འཁྲི་བཅས་རྩད་བཤེར་གསལ་པོ་བྱེད་དགོས་པ་མ་ཟད། ཐག་གཅོད་བསམ་འཆར་དང་བཅོས་སྒྲིག་བྱ་ཐབས་འདོན་དགོས། ལས་འཛོལ་བརྟག་དཔྱད་ཚོགས་ཆུང་དེ་ལས་འཛོལ་བརྟག་དཔྱད་བྱེད་རྒྱུའི་འཁྲི་འགན་ཡོད་པའི་མི་དམངས་སྲིད་གཞུང་དང་། བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་སྡེ་ཚན། བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་གྱི་འཁྲི་འགན་ཡོད་པའི་སྡེ་ཚན་གཞན་དག ལྟ་ཞིབ་ལས་ཁུངས། སྤྱི་བདེ་ལས་ཁུངས། བཟོ་ཚོགས་བཅས་ནས་མི་སྣ་མངགས་གཏོང་བྱས་ཏེ་གྲུབ་རྒྱུ་མ་ཟད། མི་དམངས་ཞིབ་དཔྱོད་ཁང་ནས་མི་སྣ་གདན་འདྲེན་ཞུས་ཏེ་ཞུགས་དགོས། ལས་འཛོལ་ཐོན་སའི་ཐོན་སྐྱེད་གཉེར་སྐྱོང་ཚན་པའི་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ལས་འཛོལ་བརྟག་དཔྱད་ཚོགས་ཆུང་ལ་གཞོགས་འདེགས་བྱས་ཏེ་བརྟག་དཔྱད་བྱེད་དགོས།
དོན་ཚན་ཞེ་གཉིས་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་དུས་བཀག་ཐོག་ཐོན་སྐྱེད་བདེ་འཇགས་ཀྱི་ལས་འཛོལ་གནས་ཚུལ་བརྡ་ཁྱབ་གཏོང་དགོས་པ་དང་། ཐོན་སྐྱེད་བདེ་འཇགས་ཀྱི་ལས་འཛོལ་ཆེ་ཙམ་ཐོན་རིགས་དུས་ཐོག་ཏུ་བརྡ་ཁྱབ་གཏོང་དགོས་པ་མ་ཟད། སྤྱི་ཚོགས་ཐོག་སྤྱི་བསྒྲགས་སྤེལ་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་དམིགས་ཚད་ཚོད་འཛིན་ཡག་པོ་བྱེད་མི་ཐུབ་པའི་རིགས་ལ་ཉེན་ཟོན་སྔོན་བརྡ་གཏོང་རྒྱུ།
ལེའུ་ལྔ་པ། ལྟ་སྐུལ་དང་དོ་དམ།
དོན་ཚན་ཞེ་གསུམ་པ། བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་སྡེ་ཚན་དང་། འཛུགས་སྐྲུན་གཙོ་འགན་འཁུར་མཁན་སྡེ་ཚན། དམངས་སྤྱོད་ཀྱི་འབར་རྫས་དངོས་རིགས་ལ་གཙོ་འགན་འཁུར་མཁན་སྡེ་ཚན་བཅས་ཀྱིས་བདེ་འཇགས་ཐོན་སྐྱེད་དང་གཉེར་སྐྱོང་གི་འཁྲོལ་འཛིན་རེ་འདུན་ཞུ་མཁན་ཐོན་སྐྱེད་གཉེར་སྐྱོང་བྱེད་མཁན་ཚན་པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བདེ་འཇགས་ཐོན་སྐྱེད་འཁྲོལ་འཛིན་གྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་དེའི་བདེ་འཇགས་ཐོན་སྐྱེད་དང་གཉེར་སྐྱོང་གི་ཆ་རྐྱེན་ལ་ཞིབ་དཔྱད་བྱེད་དགོས་པ་དང་། ཆ་རྐྱེན་དང་མི་མཐུན་པའི་རིགས་ལ་འཁྲོལ་འཛིན་སྤྲོད་མི་ཆོག འཛུགས་སྐྲུན་གཙོ་འགན་འཁུར་མཁན་སྡེ་ཚན་དང་། དམངས་སྤྱོད་ཀྱི་འབར་རྫས་དངོས་རིགས་ལ་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ལོ་ལྟར་རིམ་པ་གཅིག་མཚུངས་ཀྱི་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་སྡེ་ཚན་ལ་བདེ་འཇགས་ཐོན་སྐྱེད་གཉེར་སྐྱོང་གི་འཁྲོལ་འཛིན་སྤྲད་ཚུལ་དང་དོ་དམ་བྱས་ཚུལ་བརྡ་ཁྱབ་གཏོང་རྒྱུ།
དོན་ཚན་ཞེ་བཞི་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་སྡེ་ཚན་དང་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་གྱི་འཁྲི་འགན་ཡོད་པའི་སྡེ་ཚན་གཞན་དག་གིས་སྲིད་འཛིན་ས་ཁོངས་སོ་སོའི་ནང་གི་ཚབས་ཆེའི་ཉེན་ཁ་ཡོང་གཞིར་ཚོད་སྐོར་དང་། ཐོ་འགོད། ལྟ་སྐུལ་ཚོད་འཛིན། སྙན་ཐོ་དཔོ་རྒྱུ། འགན་འཁྲི་བདའ་འདེད་གཏོང་རྒྱུ་བཅས་ཀྱི་ལམ་ལུགས་འཛུགས་དགོས་པ་དང་འབྲེལ། ཚབས་ཆེའི་ཉེན་ཁ་ཡོང་གཞིར་དུས་ཚོད་ངེས་མེད་ཀྱིས་ལྟ་སྐུལ་ཞིབ་བཤེར་བྱེད་དགོས།
དོན་ཚན་ཞེ་ལྔ་པ། ཉེན་ཆེའི་དངོས་རྫས་ཐོན་སྐྱེད་དང་། གཉེར་སྐྱོང་། གསོག་འཇོག་བཅས་ལ་སྤྱོད་རྒྱུའི་འཛུགས་སྐྲུན་རྣམ་གྲངས་རིགས་གྲོང་ཁྱེར་འཛུགས་སྐྲུན་འཆར་འགོད་སྡེ་ཚན་གྱིས་དེ་གྲོང་ཁྱེར་གྱི་གོང་འཕེལ་སྤྱིའི་འཆར་འགོད་ནང་འཇུག་དགོས། བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་གྱི་འཁྲི་འགན་ཡོད་པའི་སྡེ་ཚན་གྱིས་ཉེན་ཆེའི་དངོས་རྫས་ཐོན་སྐྱེད་དང་། གཉེར་སྐྱོང་། ཉར་འཇོག་བཅས་བྱེད་རྒྱུའི་འཛུགས་སྐྲུན་རྣམ་གྲངས་རིགས་གསར་རྒྱག་དང་། བཟོ་བཅོས། རྒྱ་སྐྱེད་གཏོང་རྒྱུ་བཅས་ཀྱི་ལག་ལེན་བསྟར་འཐུས་ཀྱི་ཞིབ་འཇུག་སྙན་ཞུར་ཞིབ་དཔྱད་མཆན་འགོད་བྱེད་རྒྱུའམ་ཡང་ན་རྣམ་གྲངས་དེར་ཞིབ་དཔྱད་ཆོག་མཆན་སྤྲོད་སྐབས་ངེས་པར་དུ་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་སྡེ་ཚན་གྱི་བསམ་འཆར་བསྡུ་ལེན་བྱེད་དགོས། ཉེན་ཆེའི་དངོས་རྫས་ཐོན་སྐྱེད་དང་། གཉེར་སྐྱོང་། ཉར་འཇོག་བཅས་བྱེད་རྒྱུའི་འཛུགས་སྐྲུན་རྣམ་གྲངས་རིགས་གྲོང་ཁྱེར་གྲོང་བརྡལ་གྱི་གྲོང་མི་སྡོད་ཡུལ་དང་། སློབ་གྲྭ སྨན་ཁང་། དེ་བཞིན་སྤྱི་པའི་འདུ་འཛོམས་བྱ་ཡུལ་བཅས་ཀྱི་བདེ་འཇགས་ལ་གནོད་པའི་བར་ཐག་ནང་འཛུཌ་སྐྲུན་བྱེད་མི་ཆོག ཉེན་ཆེའི་དངོས་རྫས་ཐོན་སྐྱེད་དང་། གཉེར་སྐྱོང་། གསོག་འཇོག་བཅས་བྱས་པའི་ཨར་སྐྲུན་དང་སྒྲིག་ཆས་རིགས་ཀྱིས་གྲོང་ཁྱེར་གྱི་སྤྱི་པའི་བདེ་འཇགས་ལ་གནོད་འཚེ་ཚབས་ཆེ་བཟོ་རིགས་ལ། བདེ་འཇགས་ཐོན་སྐྱེད་ལ་ལྟ་སྐུལ་དོ་དམ་བྱེད་མཁན་སྡེ་ཚན་དང་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་གྱི་འཁྲི་འགན་ཡོད་པའི་སྡེ་ཚན་གཞན་དག་གིས་ཐོན་སྐྱེད་གཉེར་སྐྱོང་བྱེད་མཁན་ཚན་པ་སྤོ་རུ་འཇུག་རྒྱུའམ་ཡང་ན་དེའི་སྤྱོད་གོ་སྒྱུར་དགོས་པའི་བླང་བྱ་འདོན་དགོས།
དོན་ཚན་ཞེ་དྲུག་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་སྡེ་ཚན་དང་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་གྱི་འཁྲི་འགན་ཡོད་པའི་སྡེ་ཚན་གཞན་དག་གིས་དུས་བཀག་ཐོག་ཐོན་སྐྱེད་གཉེར་སྐྱོང་ཚན་པའི་བདེ་འཇགས་ཐོན་སྐྱེད་བྱས་ཚུལ་ལ་མཉམ་འབྲེལ་ཐོག་ལྟ་སྐུལ་ཞིབ་བཤེར་བྱས་ཏེ་ཞིབ་བཤེར་བྱས་པའི་ནང་དོན་ཐོ་འགོད་བྱེད་དགོས་པ་མ་ཟད། ཞིབ་བཤེར་བྱེད་མཁན་གྱི་ས་ཡིག་བཀོད་རྗེས་ཡིག་ཚགས་སུ་ཉར་དགོས། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་གྱི་འཁྲི་འགན་ཡོད་པའི་སྡེ་ཚན་གྱིས་ཁག་སོ་སོར་ཐོན་སྐྱེད་གཉེར་སྐྱོང་ཚན་པར་བདེ་འཇགས་ཐོན་སྐྱེད་ཀྱི་ལྟ་སྐུལ་ཞིབ་བཤེར་དངོས་འབྲེལ་བྱེད་དགོས་ཚེ་ཉུང་མཐར་ཡང་ཁྲིམས་སྒྱུར་པ་མི་གཉིས་ཞུགས་དགོས་པ་མ་ཟད། ཞིབ་བཤེར་བྱ་ཡུལ་ཚན་པའི་རྒྱུན་གཏན་གྱི་ཐོན་སྐྱེད་གཉེར་སྐྱོང་བྱེད་སྒོར་འགོག་རྐྱེན་མི་ཡོང་བ་བྱེད་དགོས། ཐོན་སྐྱེད་གཉེར་སྐྱོང་ཚན་པའི་བདེ་འཇགས་ཐོན་སྐྱེད་ཞིབ་བཤེར་བྱས་ཚུལ་དེ་ཕན་ཚུན་བརྡ་ཁྱབ་གཏོང་དགོས། ཞིབ་བཤེར་བྱ་ཡུལ་ཐོན་སྐྱེད་གཉེར་སྐྱོང་ཚན་པས་ལྟ་སྐུལ་ཞིབ་བཤེར་ལ་གཞོགས་འདེགས་བྱེད་དགོས་པ་ལས་ཁྲིམས་སྒྱུར་མི་སྣའི་ཁྲིམས་སྒྱུར་བྱེད་སྒོར་བཀག་འགོག་བྱེད་མི་ཆོག
དོན་ཚན་ཞེ་བདུན་པ། ཚན་པ་དང་མི་སྒེར་སུ་ཞིག་ཡིན་རུང་བདེ་འཇགས་ཐོན་སྐྱེད་ལ་ལྟ་སྐུལ་དོ་དམ་བྱེད་མཁན་སྡེ་ཚན་དང་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་གྱི་འཁྲི་འགན་ཡོད་པའི་སྡེ་ཚན་གཞན་དག ཐོན་སྐྱེད་གཉེར་སྐྱོང་ཚན་པ་བཅས་ཀྱི་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ལ་ཐེར་འདོན་དང་ཁྲིམས་སྦྱོར་བྱེད་པའི་དབང་ཆ་ཡོད། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་སྡེ་ཚན་དང་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་གྱི་འཁྲི་འགན་ཡོད་པའི་སྡེ་ཚན་གཞན་དག་གིས་ཐེར་འདོན་ལམ་ལུགས་བཟོས་ཏེ་སྤྱི་ཚོགས་ཐོག་ཐེར་འདོན་ཁ་པར་དང་། འཕྲིན་གཏོང་། ས་ཡུལ། གློག་རྡུལ། སྦྲག་ཡིག་སྐུར་ཡུལ་བཅས་ཁྱབ་བསྒྲགས་བྱེད་དགོས།
དོན་ཚན་ཞེ་བརྒྱད་པ། ལས་རྨས་ལས་འཛོལ་དཔྱད་ཞིབ་གཏན་འཁེལ་བྱེད་མཁན་ལས་ཁུངས་ཀྱིས་ལས་རྨས་ལས་འཛོལ་དཔྱད་ཞིབ་གཏན་འཁེལ་བྱས་ཚུལ་དེ་རིམ་པ་གཅིག་མཚུངས་ཀྱི་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་སྡེ་ཚན་ལ་བརྡ་ཁྱབ་གཏོང་དགོས།
དོན་ཚན་ཞེ་དགུ་པ། གསར་འགྱུར་དང་། དཔེ་སྐྲུན། རླུང་འཕྲིན། གློག་བཪྙན་བཪྙན་འཕྲིན། ཚགས་པར་དུས་དེབ། འཕྲིན་གཏོང་སོགས་ཚན་པས་བདེ་འཇགས་ཐོན་སྐྱེད་ཀྱི་ཤེས་བྱ་དྲིལ་བསྒྲགས་བྱེད་པའི་འོས་འགན་སྒྲུབ་དགོས་པ་མ་ཟད། ཐོན་སྐྱེད་གཉེར་སྐྱོང་ཚན་པའི་བདེ་འཇགས་ཐོན་སྐྱེད་བྱས་ཚུལ་ལ་གླེང་ཕྱོགས་ཀྱི་ལྟ་སྐུལ་བྱེད་དགོས།
ལེའུ་དྲུག་པ། བཅའ་ཁྲིམས་ཀྱི་འགན་འཁྲི།
དོན་ཚན་ལྔ་བཅུ་པ། ཐོན་སྐྱེད་གཉེར་སྐྱོང་ཚན་པས་སྲོལ་ཡིག་འདིའི་དོན་ཚན་བཅོ་བརྒྱད་པའི་གཏན་འབེབས་ལས་འགལ་ཏེ་བདེ་འཇགས་ཐོན་སྐྱེད་ཀྱི་ཆ་རྐྱེན་མ་འཛོམས་པ་དང་ཐོན་སྐྱེད་ལས་གཉེར་མཚམས་འཇོག་བྱས་ནས་བཅོས་སྒྲིག་བྱས་ཀྱང་སྔར་བཞིན་བདེ་འཇགས་ཐོན་སྐྱེད་ཀྱི་ཆ་རྐྱེན་མ་འཛོམས་པའི་རིགས་ཁྲིམས་ལུགས་གཞིར་བཟུང་སྒོ་རྒྱག་དགོས་པ་དང་། འབྲེལ་ཡོད་སྡེ་ཚན་གྱིས་ཁྲིམས་ལྟར་དེའི་འབྲེལ་ཡོད་ལག་ཁྱེར་བརྩིས་མེད་དུ་གཏོང་དགོས།
དོན་ཚན་ང་གཅིག་པ། ཐོན་སྐྱེད་གཉེར་སྐྱོང་ཚན་པས་སྲོལ་ཡིག་འདིའི་དོན་ཚན་བཅུ་དགུ་པའི་གཏན་འབེབས་ལས་འགལ་ཏེ་བདེ་འཇགས་ཐོན་སྐྱེད་ཀྱི་འགྲོ་གྲོན་འཐེན་འཇོག་བྱས་མེད་ཚེ་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་ཐ་ཚིག་སྒྲོག་པ་དང་དུས་བཀག་བཟོས་ནས་ཡོ་བསྲང་བྱེད་དུ་འཇུག་དགོས། དུས་བཀག་ཡོལ་ཀྱང་ཡོ་བསྲང་མི་བྱེད་པའི་རིགས་ལ་ཐོན་སྐྱེད་དང་ཐོན་སྐྱེད་ལས་གཉེར་མཚམས་འཇོག་བྱས་ནས་བཅོས་སྒྲིག་བྱེད་དུ་འཇུག་རྒྱུའི་བཀའ་གཏོང་དགོས།
དོན་ཚན་ང་གཉིས་པ། ཐོན་སྐྱེད་གཉེར་སྐྱོང་ཚན་པས་སྲོལཡིག་འདིའི་དོན་ཚན་ཉེར་གཅིག་པའི་ནང་གསེས་དང་པོའི་གཏན་འབེབས་ལས་འགལ་ཏེ་བདེ་འཇགས་ཐོན་སྐྱེད་ཀྱི་ཉེན་ཟོན་གཏའ་དངུལ་དུས་ཐོག་དང་གྲངས་ཚང་ངང་ཉར་འཇོག་བྱས་མེད་རིགས་ལ་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་ཐ་ཚིག་སྒྲོག་ནས་དུས་བཀག་ཐོག་གསོག་འཇོག་བྱེད་དུ་འཇུག་དགོས་པ་དང་། དུས་ཚོད་ཡོལ་ཀྱང་གྲངས་ཚང་གསོག་འཇོག་བྱས་མེད་རིགས་ལ་གསོག་འཇོག་བྱས་མེད་པའི་དངུལ་གྲངས་ལ་གཞིགས་ནས་དངུལ་ཆད་5%གཅོད་ཆོག་པ་མ་ཟད། དེའི་བདེ་འཇགས་ཐོན་སྐྱེད་དང་ལས་གཉེར་བྱེད་པའི་འཁྲོལ་འཛིན་གནས་སྐབས་འཕྲོག་ཉར་བྱེད་རྒྱུ།
དོན་ཚན་ང་གསུམ་པ། ཐོན་སྐྱེད་གཉེར་སྐྱོང་ཚན་པས་སྲོལ་ཡིག་འདིའི་དོན་ཚན་སུམ་ཅུ་པའི་གཏན་འབེབས་ལས་འགལ་རིགས་ལ་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་ཐ་ཚིག་སྒྲོག་ནས་དུས་བཀག་ཐོག་ཡོ་བསྲང་བྱེད་རྒྱུའི་བཀའ་གཏོང་དགོས་པ་དང་། དུས་བཀག་ལྟར་ཡོ་བསྲང་བྱས་མེད་རིགས་ལ་ཐོན་སྐྱེད་ལས་གཉེར་མཚམས་འཇོག་བྱས་ནས་བཅོས་སྒྲིག་བྱེད་རྒྱུའི་བཀའ་གཏོང་རྒྱུ་དང་སྦྲགས་སྒོར་1000ཡན་ནས་སྒོར་ཁྲི་1མན་གྱི་དངུལ་ཆད་གཅོད་ཆོག
དོན་ཚན་ང་བཞི་པ། ཐོན་སྐྱེད་གཉེར་སྐྱོང་ཚན་པས་སྲོལ་ཡིག་འདིའི་དོན་ཚན་སོ་གཉིས་པའི་གཏན་འབེབས་ལས་འགལ་རིགས་ལ་འབྲེལ་ཡོད་སྡེ་ཚན་གྱིས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཆད་པ་གཅོད་རྒྱུ།
དོན་ཚན་ང་ལྔ་པ། ཐོན་སྐྱེད་གཉེར་སྐྱོང་ཚན་པས་སྲོལ་ཡིག་འདིའི་དོན་ཚན་ཉེར་ལྔ་པ་དང་། ཉེར་དྲུག་པ། ཉེར་བདུན་པ། སོ་གཅིག་པ་བཅས་ཀྱི་གཏན་འབེབས་དང་འགལ་རིགས་ལ་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་ཐ་ཚིག་སྒྲོག་ནས་དུས་བཀག་ཐོག་ཡོ་བསྲང་བྱེད་རྒྱུའི་བཀའ་གཏོང་དགོས་པ་དང་། དུས་བཀག་ལྟར་ཡོ་བསྲང་བྱས་མེད་རིགས་ལ་ཐོན་སྐྱེད་ལས་གཉེར་མཚམས་འཇོག་བྱས་ནས་བཅོས་སྒྲིག་བྱེད་རྒྱུའི་བཀའ་གཏོང་རྒྱུ་དང་སྦྲགས་སྒོར་ཁྲི་2ཡན་ནས་སྒོར་ཁྲི་10མན་གྱི་དངུལ་ཆད་གཅོད་ཆོག ཚབས་ཆེའི་མཇུག་འབྲས་ངན་པ་བཟོས་ནས་ཉེས་གསོག་ཚད་ལ་སླེབས་རིགས་ཁྲིམས་ལུགས་གཞིར་བཟུང་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་རྒྱུ།
དོན་ཚན་ང་དྲུག་པ། ཐོན་སྐྱེད་གཉེར་སྐྱོང་ཚན་པས་སྲོལ་ཡིག་འདིའི་དོན་ཚན་སོ་གསུམ་པའི་གཏན་འབེབས་ལས་འགལ་ཏེ་ཐག་རིང་འགྲུལ་སྐྱེལ་ལམ་ཡང་ན་ཉེན་ཆེའི་དངོས་རྫས་དབོར་འདྲེན་གྱི་འཁོར་རིགས་ལ་འཁོར་རིགས་ཀྱི་བདེ་འཇགས་ལྟ་འདོམས་མ་ལག་བསྒར་སྒྲིག་བྱས་མེད་རིགས་ལ་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་ཐ་ཚིག་སྒྲོག་ནས་དུས་བཀག་ཐོག་བསྒར་སྒྲིག་བྱེད་དུ་འཇུག་དགོས་པ་དང་། དུས་བཀག་ལྟར་བསྒར་སྒྲིག་བྱས་མེད་རིགས་ལ་བསྒར་སྒྲིག་བྱེད་རྒྱུའི་བཀའ་གཏོང་དགོས་པ་དང་སྦྲགས་བསྒར་སྒྲིག་མ་བྱས་པའི་འཕྲུལ་འཁོར་རེར་སྒོར་500ཡན་ནས་སྒོར་1000མན་གྱི་དངུལ་ཆད་གཅོད་རྒྱུ།
དོན་ཚན་ང་བདུན་པ། བདེ་འཇགས་ཐོན་སྐྱེད་བར་བརྒྱུད་ལས་ཁུངས་ཀྱིས་སྲོལ་ཡིག་འདིའི་དོན་ཚན་སོ་དྲུག་པའི་ནང་གསེས་གཉིས་པའི་གཏན་འབེབས་དང་འགལ་ཏེ་རང་སྐྱོང་ལྗོངས་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་སྡེ་ཚན་ལ་སྙན་ཐོ་དཔོད་མེད་པའི་རིགས་ཡིན་ན་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་ཐ་ཚིག་སྒྲོག་ནས་དུས་བཀག་ཐོག་ཡོ་བསྲང་བྱེད་རྒྱུའི་བཀའ་གཏོང་དགོས་པ་དང་། དུས་བཀག་ལྟར་ཡོ་བསྲང་བྱས་མེད་ཚེ་ཁྲིམས་འགལ་གྱི་ཐོབ་ཆ་རྣམས་གཞུང་བཞེས་གཏོང་ཆོག
དོན་ཚན་ང་བརྒྱད་པ། རིམ་ཁག་མི་དམངས་སྲིད་གཞུང་དང་། བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་སྡེ་ཚན། བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་གྱི་འཁྲི་འགན་ཡོད་པའི་སྡེ་ཚན་གཞན་དག་བཅས་ཀྱི་ལས་བྱར་གཤམ་གསལ་གྱི་བྱ་སྤྱོད་གྲས་ཤིག་ཡོད་རིགས་ལ་རིམ་པ་གཅོག་རྒྱུའམ་ཡང་ན་གནས་དབྱུང་གཏོང་རྒྱུའི་སྲིད་འཛིན་ཆད་པ་གཅོད་རྒྱུ་དང་ཉེས་གསོག་ཚད་ལ་སླེབས་རིགས་ཁྲིམས་ལྟར་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་རྒྱུ།
(གཅིག ) བདེ་འཇགས་ཐོན་སྐྱེད་དོ་དམ་ལས་ཀའི་ནང་འགན་དབང་གང་བྱུང་དུ་སྤྱོད་པ་དང་། རང་འགན་ཟོལ་འཇོག་བྱེད་པ། ཉེར་ཕྱོགས་གཡོ་ཟོལ་བྱེད་པ།
(གཉིས ) སོ་སོས་འགན་ཁུར་རྒྱུའི་ཐོན་སྐྱེད་གཉེར་སྐྱོང་ཚན་པའི་བདེ་འཇགས་ཐོན་སྐྱེད་བྱེད་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་གྱི་འགན་འཁྲི་སྒྲུབ་མེད་པ།
(གསུམ ) ཁྲིམས་གཏན་འཁེལ་བའི་བདེ་འཇགས་ཐོན་སྐྱེད་ཀྱི་ཆ་རྐྱེན་དང་མི་འཚམ་པའི་ཐོན་སྐྱེད་ཚན་པར་བདེ་འཇགས་ཐོན་སྐྱེད་ཀྱི་འཁྲོལ་འཛིན་སྤྲད་པའམ་ཡང་ན་དེར་ཐོན་སྐྱེད་ཀྱི་བྱེད་སྒོ་སྤེལ་རྒྱུའི་ཆོག་མཆན་སྤྲད་པ།
(བཞི ) ཐོན་སྐྱེད་གཉེར་སྐྱོང་ཚན་པའི་ཉེན་ཟོན་གཏའ་དངུལ་དང་སྐྱེད་ག་བཙན་བཟུང་དང་། གཞན་སྤྱོད། ལྐོག་བཟའ་བཅས་བྱས་རིགས།
(ལྔ ) ཁྲིམས་ལུགས་ལྟར་ཆོག་མཆན་དང་ཞིབ་བཤེར་རྩིས་ལེན་མ་བྱུང་བའི་ཚན་པས་རང་འགར་འབྲེལ་ཡོད་བྱེད་སྒོ་སྤེལ་རིགས་ཤེས་རྟོགས་བྱུང་བའམ་ཡང་ན་དེ་སྐོར་གྱི་ཐེར་འདོན་བྱུང་ཡང་རྩིས་མེད་དུ་མི་གཏོང་བའམ་ཡང་ན་ཁྲིམས་ལྟར་ཐག་གཅོད་མི་བྱེད་པ།
(དྲུག ) ཐོན་སྐྱེད་བདེ་འཇགས་ཀྱི་ལས་འཛོལ་སྙན་ཞུའམ་ཡང་ན་ཐེར་འདོན་བྱས་རིགས་བདག་སྤྲོད་མི་བྱེད་པ་བཅས་སོ།
དོན་ཚན་ང་དགུ་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་བའི་བྱ་སྤྱོད་རིགས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་ཉེས་པ་དང་ཆད་གཅོད་ཀྱི་གཏན་འབེབས་ལོགས་སུ་ཡོད་རིགས་དེའི་གཏན་འབེབས་ལྟར་བྱེད་རྒྱུ།
ལེའུ་བདུན་པ། ཞར་བྱུང་།
དོན་ཚན་དྲུག་ཅུ་པ། སྲོལ་ཡིག་འདིའི་ནང་འཁོད་པའི་གཤམ་གསལ་བརྡ་ཆད་ཀྱི་ནང་དོན་དང་ལས་འཛོལ་ཚབས་ཆེ་ཆུང་གི་རིམ་པ་དབྱེ་སྟངས་སྐོར།
(གཅིག ) ཐོན་སྐྱེད་གཉེར་སྐྱོང་ཚན་པ་ཞེས་པ་ནི་ཁེ་སྤོགས་དམིགས་ཡུལ་དུ་བྱས་ཏེ་ཐོན་རྫས་དང་ཞབས་ཞུ་མཁོ་འདོན་བྱེད་པའི་རིགས་འདྲ་མིན་གྱི་དཔལ་འབྱོར་རྩ་འཛུགས་ལ་ཟེར་ཞིང་། ཁེར་རྐྱང་ཐོན་སྐྱེད་གཉེར་སྐྱོང་པ་ཡང་ཚུད་ཡོད།
(གཉིས ) ཉེན་ཆེའི་དངོས་རྫས་ཞེས་པ་ནི་མེ་མཆེད་སླ་བ་དང་འབར་སླ་བའི་དངོས་རྫས་དང་། ཉེན་ཆེའི་རྫས་འགྱུར་དངོས་རྫས། ཟེར་འགྱེད་ཅན་གྱི་དངོས་རྫས་སོགས་མིའི་ལུས་ཁམས་བདེ་འཇགས་དང་རྒྱུ་ནོར་བདེ་འཇགས་ལ་གནོད་འཚེ་བཟོ་བའི་དངོས་རྫས་ལ་ཟེར།
(གསུམ ) ཉེན་ཆེའི་རྫས་འགྱུར་གྱི་དངོས་རྫས་ནང་འབར་རྫས་ཀྱི་དངོས་རིགསདང་། གནོན་བཙིར་རླངས་རྫས་དང་གཤེར་རླངས། མེ་འབར་སླ་བའི་གཤེར་རྫས། འབར་སླ་བའི་མཁྲེགས་རྫས། རང་འབར་དངོས་རྫས། བཤེར་དང་འཕྲད་ན་མེ་འབར་སླ་བའི་དངོས་རྫས། དབྱང་འགྱུར་དངོས་རྫས། དེ་བཞིན་སྐྱེ་ལྡན་དབྱང་འགྱུར་དངོས་རྫས་དང་། དུག་ལྡན་དངོས་རྫས་དང་རུལ་བསླད་བཟོ་བའི་དངོས་རྫས་སོགས་ཚུད་ཡོད།
(བཞི ) དམངས་སྤྱོད་ཀྱི་འབར་རྫས་དངོས་རིགས་ཞེས་པ་ནི་དམག་དོན་གྱི་དམིགས་ཡུལ་དུ་སྤྱོད་པ་ཞིག་མིན་པ་དང་དམངས་སྤྱོད་ཀྱི་འབར་རྫས་དངོས་རིགས་ཀྱི་མིང་བྱང་ཁོངས་སུ་བཅུག་པའི་རིགས་འདྲ་མིན་གྱི་མེ་རྫས་དང་འབར་རྫས་དེ་བཞིན་འབར་རྫས་ལས་བཟོས་པའི་ཀྲུ་སྦི་དང་སྦི་སྡི་སོགས་མེ་སྤོར་བ་དང་འབར་གས་ཐད་ལ་སྤྱོད་རྒྱུའི་ཡོ་ཆས་ལ་ཟེར། (ལྔ ) ཐོན་སྐྱེད་བདེ་འཇགས་ཀྱི་ལས་འཛོལ་གྱི་རིམ་པ་དབྱེ་སྟངས་ནི། དམིགས་བསལ་གྱི་ཚབས་ཆེའི་ལས་འཛོལ་ཞེས་པ་ནི་མི་30ཡན་ཤི་བའམ་ཡང་ན་མི་100ཡན་ལ་རྨས་སྐྱོན་ཚབས་ཆེ (དོད་དྲག་གི་བཟོ་ལས་དུག་ཤེད་ཕོག་པ་ཚུད་གཤམ་ལ་གཅིག་མཚུངས )བཟོས་པ་དང་ཡང་ན་ཐད་ཀའི་དཔལ་འབྱོར་གྱོང་གུན་སྒོར་དུང་ཕྱུར་1ཡན་བཟོས་པའི་ལས་འཛོལ་ལ་ཟེར། ཚབས་ཆེའི་ལས་འཛོལ་ཞེས་པ་ནི་མི་10ཡན་དང་མི་30མན་ཤི་བའམ་ཡང་ན་མི་50ཡན་དང་མི་100མན་ལ་རྨས་སྐྱོན་ཚབས་ཆེ་བཟོས་པ་དང་། ཡང་ན་ཐད་ཀའི་དཔལ་འབྱོར་གྱོང་གུན་སྒོར་ཁྲི་5000ཡན་ནས་སྒོར་དུང་ཕྱུར་1མན་བཟོས་པའི་ལས་འཛོལ་ལ་ཟེར། ཚབས་ཅུང་ཆེ་ཙམ་གྱི་ལས་འཛོལ་ཞེས་པ་ནི་མི་3ཡན་དང་མི་10མན་ཤི་བའམ་ཡང་ན་མི་10ཡན་དང་མི་50མན་ལ་རྨས་སྐྱོན་ཚབས་ཆེ་བཟོས་པ་དང་། ཡང་ན་ཐད་ཀའི་དཔལ་འབྱོར་གྱོང་གུན་སྒོར་ཁྲི་1000ཡན་ནས་སྒོར་ཁྲི་5000མན་བཟོས་པའི་ལས་འཛོལ་ལ་ཟེར། སྤྱིར་བཏང་གི་ལས་འཛོལ་ཞེས་པ་ནི་མི་3མན་ཤི་བའམ་ཡང་ན་མི་10མན་ལ་རྨས་སྐྱོན་ཚབས་ཆེ་བཟོས་པ་དང་། ཡང་ན་ཐད་ཀའི་དཔལ་འབྱོར་གྱོང་གུན་སྒོར་ཁྲི་1000མན་བཟོས་པའི་ལས་འཛོལ་ལ་ཟེར (འདིའི་ནང་བརྗོད་པའི “ཡན ”ཞེས་པ་དེ་དངོས་བསྟན་གྲངས་ཀ་ཚུད་པ་དང་། “མན ”ཞེས་པ་དེ་དངོས་བསྟན་གྲངས་ཀ་ཚུད་མེད )
དོན་ཚན་རེ་གཅིག་པ། སྲོལ་ཡིག་འདི་2009ལོའི་ཟླ་7ཚེས་1ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ།
འགན་འཁུར་རྩོམ་སྒྲིག་པ། admin
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣