གནས་སྡོད་མི་སྣར་ཞབས་ཞུ་དང་དོ་དམ་བྱེད་ཕྱོགས་སྐོར་གྱི་ལྷ་ས་གྲོང་ཁྱེར་གྱི་སྲོལ་ཡིག
(2000ལོའི་ཟླ་9ཚེས་8ཉིན་ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བདུན་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅོ་བརྒྱད་པའི་ཐོག་གྲོས་འཆམ་བྱུང་བ་དང་། 2000ལོའི་ཟླ་11ཚེས་29ཉིན་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བདུན་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅུ་དྲུག་པའི་ཐོག་ཆོག་མཆན་ཐོབ་པ། 2008ལོའི་ཟླ་12ཚེས་17ཉིན་ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་དགུ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བདུན་པའི་ཐོག་བཟོ་བཅོས་བྱས་པ་དང་། 2009ལོའི་ཟླ་དང་པོའི་ཚེས་8ཉིན་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བདུན་པའི་ཐོག་ཆོག་མཆན་ཐོབ་པ )
བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས 《<གནས་སྡོད་མི་སྣར་དོ་དམ་བྱེད་ཕྱོགས་སྐོར་གྱི་ལྷ་ས་གྲོང་ཁྱེར་གྱི་སྲོལ་ཡིག >ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་གཏན་འབེབས 》ལ་ཆོག་མཆན་སྤྲོད་རྒྱུའི་སྐོར་གྱི་གཏན་འབེབས།
(2009ལོའི་ཟླ་དང་པོའི་ཚེས་8ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བདུན་པའི་ཐོག་གྲོས་འཆམ་བྱུང་བ )
བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བདུན་པའི་ཐོག 《<གནས་སྡོད་མི་སྣར་དོ་དམ་བྱེད་ཕྱོགས་སྐོར་གྱི་ལྷ་ས་གྲོང་ཁྱེར་གྱི་སྲོལ་ཡིག >ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་གཏན་འབེབས 》ལ་ཆོག་མཆན་སྤྲོད་རྒྱུའི་གཏན་འབེབས་བྱས་དོན་བཞིན་ལྷ་ས་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ལག་བསྟར་བྱེད་རྒྱུའི་ཁྱབ་བསྒྲགས་བྱ་རྒྱུ།
བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས།
2007ལོའི་ཟླ་8ཚེས་3ཉིན།
ལེའུ་དང་པོ། སྤྱིའི་རྩ་འཛིན།
དོན་ཚན་དང་པོ། གནས་སྡོད་མི་སྣར་ཞབས་ཞུ་དང་དོ་དམ་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང་། གནས་སྡོད་མི་སྣའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱེད་རྒྱུ། སྤྱི་ཚོགས་ཀྱི་བདེ་འཇགས་སྒྲིག་ལམ་སྲུང་སྐྱོང་བྱེད་རྒྱུ་བཅས་ཀྱི་ཆེད་དུ 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐེམ་ཐོ་ཐོ་འགོད་སྲོལ་ཡིག 》དང་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས 》 《སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་གཏན་འབེབས 》སོགས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་འདི་ག་གྲོང་ཁྱེར་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་སྲོལ་ཡིག་འདི་བཟོས་པ་ཡིན།
དོན་ཚན་གཉིས་པ། སྲོལ་ཡིག་འདི་གྲོང་ཁྱེར་འདི་གའི་སྲིད་འཛིན་ས་ཁོངས་ནང་གནས་སྡོད་བྱེད་མིར་ཞབས་ཞུ་དང་དོ་དམ་བྱེད་རྒྱུའི་ཐད་སྤྱོད་རྒྱུ། གྲོང་ཁྱེར་འདི་གའི་སྲིད་འཛིན་ས་ཁོངས་ནང་གནས་སྡོད་བྱེད་མཁན་ཕྱིར་ལོག་བོད་རིགས་སྤུན་ཟླ་དང་། ཀང་ཨའོ་ཐའེ་གསུམ་གྱི་སྤུན་ཟླ། ཕྱི་རྒྱལ་བ་བཅས་ལ་སྲོལ་ཡིག་འདི་སྤྱོད་རྒྱུ། བཅའ་ཁྲིམས་དང་ཁྲིམས་སྲོལ་གཞན་གྱི་ནང་དེ་མིན་གྱི་གཏན་འབེབས་ཡོད་རིགས་དེ་གའི་གཏན་འབེབས་ལྟར་བྱེད་རྒྱུ།
དོན་ཚན་གསུམ་པ། སྲོལ་ཡིག་འདིའི་ནང་བཤད་པའི་གནས་སྡོད་མི་སྣ་ཞེས་པ་ནི། གྲོང་ཁྱེར་ནང་རྒྱུན་སྡོད་ཐེམ་ཐོ་མེད་པ་དང་། འདི་གའི་གྲོང་ཁྱེར་གྱི་སྲིད་འཛིན་ས་ཁོངས་ནང་ཉིན་གསུམ་ཡན་གནས་སྡོད་བྱེད་མཁན་དང་། འདི་གའི་གྲོང་ཁྱེར་གྱི་སྤྱི་འབངས་རང་ཉིད་རྒྱུན་སྡོད་བྱེད་སའི་ཐེམ་ཐོ་ཡོད་ཁུལ་གྱི་རྫོང་དང་(ཆུད )ནས་ཁ་བྲལ་ཏེ་འདི་གའི་གྲོང་ཁྱེར་གྱི་རྫོང་དང་(ཆུད )གཞན་དག་ལ་ཉིན་གསུམ་ཡན་གནས་སྡོད་བྱེད་མཁན་རིགས་ལ་ཟེར།
དོན་ཚན་བཞི་པ། ལྷ་ས་གྲོང་ཁྱེར་གྱི་རིམ་ཁག་མི་དམངས་སྲིད་གཞུང་གིས་རང་ཁོངས་སྲིད་འཛིན་ས་ཁོངས་ནང་གནས་སྡོད་བྱེད་མཁན་རིགས་ལ་ཞབས་ཞུ་དང་དོ་དམ་བྱེད་རྒྱུའི་ལས་དོན་སྒྲུབ་འགན་འཁུར་དགོས། སྤྱི་བདེ་དང་། རྒྱལ་ཁབ་ཁྲལ་དོན། ཕྱོགས་བསྡུས་ཁྲིམས་བསྒྱུར། ཡུལ་སྐོར། ངལ་རྩོལ། བཟོ་ཚོང་། འཆར་ལྡན་བུ་བཙའ། སློབ་གསོ། དམངས་སྲིད། འཕྲོད་བསྟེན། འཛུགས་སྐྲུན། ས་ཁང་སོགས་འབྲེལ་ཡོད་སྡེ་ཚན་གྱིས་རང་རང་གི་འཁྲི་འགན་གཞིར་བཟུང་གནས་སྡོད་མི་སྣར་ཞབས་ཞུ་དང་དོ་དམ་བྱེད་རྒྱུའི་ལས་དོན་ཡག་པོ་སྒྲུབ་དགོས། ཁྲོམ་གཞུང་དོན་གཅོད་ཁང་དང་། གྲོང་ཚོ (གྲོང་མི )ཨུ་ཡོན་ལྷན་ཁང་སོགས་གཞི་རིམ་རྩ་འཛུགས་ཀྱི་ངེས་པར་དུ་མི་དམངས་སྲིད་གཞུང་དང་། དེའི་འབྲེལ་ཡོད་སྡེ་ཚན་དང་གཞོགས་འདེགས་བྱས་ནས་གནས་སྡོད་མི་སྣར་ཞབས་ཞུ་དང་དོ་དམ་བྱེད་རྒྱུའི་ལས་དོན་ཡག་པོ་སྒྲུབ་དགོས།
དོན་ཚན་ལྔ་པ། གནས་སྡོད་མི་སྣའི་རིགས་ལ་གླ་རིན་མི་དགོས་པའི་ཐོག་ནས་གནས་སྡོད་ཐོ་འགོད་བྱེད་རྒྱུ་དང་། 《གནས་སྡོད་ལག་ཁྱེར 》སྤྲོད་རྒྱུའི་དོ་དམ་ལམ་ལུགས་ལག་བསྟར་བྱེད་དགོས། 《གནས་སྡོད་ལག་ཁྱེར 》ནི་སྲིད་འཛིན་ས་ཁོངས་དེ་གའི་ནང་གནས་སྡོད་མི་སྣའི་གོ་ཆོད་མིང་བབ་ལག་ཁྱེར་ཡིན། གནས་སྡོད་མི་སྣར་གནས་སྡོད་ལག་ཁྱེར་རག་རྗེས་ལས་ཞུགས་དང་། འགན་བབ་སློབ་གསོ། འཆར་ལྡན་བུ་བཙའ་སོགས་ཐད་ཀྱི་ཞབས་ཞུ་ཐོབ་དབང་ཡོད།
དོན་ཚན་དྲུག་པ། གནས་སྡོད་མི་སྣས་ངེས་པར་དུ་རྒྱལ་ཁབ་དང་། རང་སྐྱོང་ལྗོངས། འདི་གའི་གྲོང་ཁྱེར་བཅས་ཀྱི་ཁྲིམས་ལུགས་དང་། ཁྲིམས་སྲོལ། སྲོལ་ཡིག་བཅས་ལ་སྲུང་བརྩི་ཞུ་དགོས་པ་དང་འབྲེལ་དོ་དམ་དང་ལེན་བྱས་ནས་རང་འགུལ་གྱིས་འདི་གའི་གྲོང་ཁྱེར་གྱི་སྤྱི་ཚོགས་ཀྱི་སྒྲིག་ལམ་ལ་སྲུང་བརྩི་ཞུ་དགོས། གནས་སྡོད་མི་སྣའི་ཁྲིམས་མཐུན་ཁེ་དབང་ལ་བཙན་གནོད་ཕོག་སྐབས་དེས་འབྲེལ་ཡོད་ལས་ཁུངས་ལ་ཞུ་འབོད་དང་ཞུ་གཏུག་བྱེད་དབང་ཡོད་པས་འབྲེལ་ཡོད་ལས་ཁུངས་ནས་ངེས་པར་དུ་ནན་ཏན་གྱིས་བདག་སྤྲོད་བྱེད་དགོས།
དོན་ཚན་བདུན་པ། གནས་སྡོད་མི་སྣས་འདི་གའི་གྲོང་ཁྱེར་གྱི་དཔལ་འབྱོར་འཛུགས་སྐྲུན་དང་། སྤྱི་ཚོགས་བརྟན་ལྷིང་། བདེ་འཇགས་དོ་དམ། བསམ་པའི་དཔལ་ཡོན་དར་སྤེལ་གཏོང་རྒྱུ་བཅས་ཀྱི་ལས་དོན་ལ་ལེགས་སྐྱེས་ཟལ་ཐོན་པ་འབུལ་མཁན་ལ་དེ་གའི་མི་དམངས་སྲིད་གཞུང་དང་། འབྲེལ་ཡོད་སྡེ་ཚན་ནས་ངེས་པར་དུ་གཟེངས་བསྟོད་དང་བྱ་དགའ་སྤྲོད་དགོས། ལེའུ་གཉིས་པ། གནས་སྡོད་ཐོ་འགོད་དང་ཞབས་ཞུ་དོ་དམ་སྐོར།
དོན་ཚན་བརྒྱད་པ། སྤྱི་བདེ་ལས་ཁུངས་ནི་གནས་སྡོད་མི་སྣའི་བདེ་འཇགས་དོ་དམ་ཐད་ཀྱི་གཙོ་འགན་འཁུར་མཁན་ལས་ཁུངས་ཡིན། དོན་གཅོད་ཁང་དང་། གྲོང་ཚོ (གྲོང་མི )ཨུ་ཡོན་ལྷན་ཁང་ཁག་གིས་སྤྱི་བདེ་ལས་ཁུངས་ལ་གཞོགས་འདེགས་བྱས་ནས་ཞབས་ཞུ་དང་དོ་དམ་ལས་དོན་སྒྲུབ་དགོས། གནས་སྡོད་མི་སྣར་ཞབས་ཞུ་དང་དོ་དམ་བྱེད་རྒྱུའི་ལས་ཀ་དེ་གཏོགས་ཁོངས་སོ་སོ་ནས་དོ་དམ་བྱེད་རྒྱུའི་རྩ་དོན་འཛིན་དགོས། སྤྱི་བདེ་མངག་གཏོང་ཁང་བཙུགས་པའི་ཤང་དང་གྲོང་བརྡལ་ཁག་གི་སྤྱི་བདེ་མངག་གཏོང་ཁང་གིས་གནས་སྡོད་མི་སྣར་བདག་འདོམས་བྱེད་ཁུལ་དུ་གནས་སྡོད་མི་སྣ་ཐོ་འགོད་བྱེད་རྒྱུ་དང་། 《གནས་སྡོད་ལག་ཁྱེར 》སྤྲོད་རྒྱུ། བདེ་འཇགས་དོ་དམ་སོགས་ཀྱི་ལས་དོན་སྒྲུབ་འགན་འཁུར་རྒྱུ། སྤྱི་བདེ་མངག་གཏོང་ཁང་བཙུགས་མེད་པའི་ཤང་དང་གྲོང་བརྡལ་ཁག་ལ་སྤྱི་བདེ་ལས་ཁུངས་ནས་བདེ་འཇགས་ཉེན་རྟོག་པ་བཏང་སྟེ་གནས་སྡོད་མི་སྣ་ཐོ་འགོད་བྱེད་རྒྱུ་དང་། 《གནས་སྡོད་ལག་ཁྱེར 》སྤྲོད་རྒྱུ། བདེ་འཇགས་དོ་དམ་བྱེད་རྒྱུ་སོགས་ཀྱི་ལས་དོན་སྒྲུབ་འགན་འཁུར་རྒྱུ།
དོན་ཚན་དགུ་པ། འདི་གའི་གྲོང་ཁྱེར་དུ་ཉིན་གསུམ་ནས་ཉིན་སུམ་ཅུ་བར་གནས་སྡོད་བྱེད་མཁན་རིགས་ལ་གནས་སྡོད་ཐོ་འགོད་དོ་དམ་བྱེད་རྒྱུ་དང་། འདི་གའི་གྲོང་ཁྱེར་དུ་ཉིན་སུམ་ཅུ་ཡན་གནས་སྡོད་བྱེད་མཁན་ལ་གནས་སྡོད་ལག་ཁྱེར་སྤྲད་ནས་དོ་དམ་བྱེད་རྒྱུ། འགྲུལ་ཁང་ཁག་གིས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ངེས་པར་དུ་གནས་གཡར་འགྲུལ་པ་ཐོ་འགོད་བྱེད་དགོས། གནས་གཡར་འགྲུལ་པ་ཐོ་འགོད་བྱས་པ་དེ་གནས་སྡོད་ཐོ་འགོད་བྱས་པར་བརྩི་རྒྱུ། ཧྲིལ་ལོ་བཅུ་དྲུག་མ་ལོན་པའི་གནས་སྡོད་བྱེད་མཁན་རིགས་ལ་གནས་སྡོད་ཐོ་འགོད་བྱེད་པ་ལས་《གནས་སྡོད་ལག་ཁྱེར 》ཞུ་ལེན་བྱེད་མི་དགོས།
དོན་ཚན་བཅུ་པ། 《གནས་སྡོད་ལག་ཁྱེར 》ནི་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུད་ཀྱིས་གཅིག་གྱུར་ཐོག་བཟོ་རྒྱུ། མི་གཅིག་ལ་ལག་ཁྱེར་གཅིག་རང་སྤྲོད་རྒྱུ། ཚན་པ་དང་མི་སྒེར་སུ་འདྲ་ཞིག་གིས་ཀྱང་ལག་ཁྱེར་དེ་གཡར་བ་དང་། ཉོ་ཚོང་བྱེད་པ། རྫུན་མ་བཟོ་བ། བསུབ་བཅོས་བྱེད་པ་སོགས་བྱེད་མི་ཆོག
དོན་ཚན་བཅུ་གཅིག་པ། 《གནས་སྡོད་ལག་ཁྱེར 》དེ་སྤྱི་བདེ་ལས་ཁུངས་ནས་སྤྲོད་དགོས། གནས་སྡོད་མི་སྣས་རང་གི་མིང་བབ་ལག་ཁྱེར་དང་། དེ་མིན་ལག་ཁྱེར་རམ་ཡང་ན་ངོ་སྤྲོད་འཁྱེར་ནས་《གནས་སྡོད་ལག་ཁྱེར 》ཞུ་དགོས། 《གནས་སྡོད་ལག་ཁྱེར 》ཞུ་ཐེངས་གཅིག་གིས་རྒྱུན་རིང་ཤོས་ལ་ལོ་གཅིག་གོ་ཆོད་པ་ཡིན། 《གནས་སྡོད་ལག་ཁྱེར 》གྱི་གོ་ཆོད་དུས་བཅད་ཐིམ་རྗེས་ད་དུང་མུ་མཐུད་གནས་སྡོད་བྱེད་དགོས་ཚེ་དུས་བཅད་ཐིམ་རྒྱུའི་ཉིན་བཅུའི་གོང་ནས་སྤྱི་བདེ་ལས་ཁུངས་ལ་དུས་བཀག་རིང་དུ་གཏོང་རྒྱུའི་འགྲོ་ལུགས་སྒྲུབ་པའམ་ཡང་ན་ལག་ཁྱེར་གསར་པ་ཞུ་དགོས། 《གནས་སྡོད་ལག་ཁྱེར 》བོར་བརླག་སོང་བའམ་ཡང་ན་གནས་སྡོད་ཐོ་འགོད་ཀྱི་ནང་དོན་འགྱུར་ལྡོག་གཏོང་དགོས་ཚེ་དུས་ཐོག་ཏུ་སྤྱི་བདེ་ལས་ཁུངས་ལ་ཞུས་ནས་འགྲོ་ལུགས་གསབ་སྒྲུབ་བྱེད་པའམ་ཡང་ན་ནང་དོན་འགྱུར་ལྡོག་གཏོང་དགོས།
དོན་ཚན་བཅུ་གཉིས་པ། སྤྱི་བདེ་ལས་ཁུངས་ཀྱིས་ངེས་པར་དུ་གཤམ་གསལ་འཁྲི་འགན་ཁག་སྒྲུབ་དགོས། (གཅིག )བྱ་ཐབས་སྣ་ཚོགས་སྤྱད་དེ་གནས་སྡོད་མི་སྣར་དོ་དམ་བྱེད་ཕྱོགས་ཐད་ཀྱི་ཁྲིམས་ལུགས་དང་ཁྲིམས་སྲོལ་དྲིལ་བསྒྲགས་དང་ལག་བསྟར་བྱས་ནས་གནས་སྡོད་མི་སྣར་རྒྱུན་དུ་ནས་ཁྲིམས་ལུགས་སློབ་གསོ་སྤེལ་དགོས། (གཉིས )ཁྲིམས་ལུགས་གཞིར་བཟུང་གནས་སྡོད་མི་སྣར་ཐོ་འགོད་དང་། ལག་ཁྱེར་སྤྲོད་པ། བདེ་འཇགས་དོ་དམ་སོགས་བྱེད་དགོས། (གསུམ )འབྲེལ་ཡོད་སྡེ་ཚན་དང་། ཚན་པ། མི་སྒེར་བཅས་ལ་སྒྲིག་བཙུགས་དང་། ལྟ་སྐུལ། མཛུབ་ཁྲིད་བཅས་བྱས་ནས་གནས་སྡོད་མི་སྣར་བདེ་འཇགས་དོ་དམ་བྱེད་རྒྱུའི་ལས་དོན་ཡག་པོ་སྒྲུབ་དགོས། (བཞི )གནས་སྡོད་མི་སྣར་ཐོ་འགོད་དང་། 《གནས་སྡོད་ལག་ཁྱེར 》སྤྲོད་སྐབས་གཏན་འབེབས་དང་མཐུན་ཕྱིན་ངེས་པར་དུ་ཐེངས་གཅིག་རང་ལ་ཚར་བ་བྱེད་དགོས། (ལྔ )ངེས་པར་དུ་རྒྱུན་དུ་ནས་ལྟ་སྐུལ་ཞིབ་བཤེར་བྱེད་དགོས་པ་དང་འབྲེལ་དུས་ཚིག་གཅིག་ལ་ཉུང་མཐར་ཡང་ལག་ཁྱེར་ལ་ཞིབ་བཤེར་ཐེངས་གཅིག་བྱས་ནས་གནས་སྡོད་ཐོ་འགོད་བྱས་མེད་པ་དང་། 《གནས་སྡོད་ལག་ཁྱེར 》མེད་པ། ཡང་ན་གནས་སྡོད་དུས་བཅད་ཐིམ་པའི་རིགས་ལ་དུས་བཀག་ནང་ཐོ་འགོད་དང་། འགྲོ་ལུགས་གསབ་སྒྲུབ་བྱེད་དགོས་པའི་བཀོད་པ་གཏོང་དགོས།
དོན་ཚན་བཅུ་གསུམ་པ། གནས་སྡོད་མི་སྣའི་ཁྲོད་ཀྱི་སློབ་ལོ་ལོན་པའི་བྱིས་པར་རྒྱལ་ཁབ་ཀྱི་གཏན་འབེབས་གཞིར་བཟུང་འགན་བབ་སློབ་གསོ་ཐོབ་དབང་ཡོད། སློབ་གསོའི་སྲིད་འཛིན་སྡེ་ཚན་དང་། སློབ་གྲྭ་ཆུང་འབྲིང་ཁག་གིས་ངེས་པར་དུ་གནས་སྡོད་མི་སྣའི་ཁྲོད་ཀྱི་སློབ་ལོ་ལོན་པའི་བྱིས་པ་ཐག་ཉེ་འབྲེལ་མཚུངས་སུ་འགན་བབ་སློབ་གསོ་ཐོབ་ཐུབ་པའི་འགན་ལེན་བྱེད་དགོས།
དོན་ཚན་བཅུ་བཞི་པ། འཆར་ལྡན་བུ་བཙའི་སྡེ་ཚན་གྱིས་ངེས་པར་དུ་རྒྱལ་ཁབ་ཀྱི་གཏན་འབེབས་གཞིར་བཟུང་གནས་སྡོད་མི་སྣར་འཆར་ལྡན་བུ་བཙའི་ཞབས་ཞུ་དང་དོ་དམ་བྱེད་རྒྱུའི་ལས་དོན་སྒྲུབ་འགན་འཁུར་ནས་འཆར་ལྡན་བུ་བཙའི་ལག་རྩལ་ཞབས་ཞུ་སྒྲུབ་དགོས།
དོན་ཚན་བཅོ་ལྔ་པ། གནས་སྡོད་མི་སྣར་ཞབས་ཞུ་དང་དོ་དམ་བྱེད་རྒྱུའི་ལས་དོན་ཡག་པོ་སྒྲུབ་ཆེད་ཤང་(གྲོང་བརྡལ )མི་དམངས་སྲིད་གཞུང་དང་། ཁྲོམ་གཞུང་དོན་གཅོད་ཁང་སོ་སོས་ངེས་པར་དུ་གཤམ་གསལ་འཁྲི་འགན་ཁག་སྒྲུབ་དགོས། (གཅིག )གནས་སྡོད་མི་སྣའི་གནས་ཚུལ་ཤེས་རྟོགས་དང་ཐོ་འགོད་བྱེད་དགོས་པ་དང་འབྲེལ་སྤྱི་བདེ་ལས་ཁུངས་ལ་གཞོགས་འདེགས་བྱས་ནས་བདེ་འཇགས་དང་། ལག་ཁྱེར་སྤྲོད་རྒྱུ་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས། (གཉིས )གནས་སྡོད་མི་སྣའི་ཐོན་སྐྱེད་དང་འཚོ་བ་སོགས་ཀྱི་ཐད་ལ་རང་འགུལ་གྱིས་ཞབས་ཞུ་ཧུར་ཐག་བསྒྲུབས་ནས་གནས་སྡོད་མི་སྣའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱེད་དགོས། (གསུམ )གཞི་རིམ་འདུམ་སྒྲིག་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་མཐར་ཕྱིན་པ་བྱས་ཏེ་གནས་སྡོད་མི་སྣའི་འགལ་ཟླ་དང་རྩོད་ཪྙོག་རིགས་དུས་ཐོག་ཏུ་ཐག་གཅོད་བྱེད་དགོས། (བཞི )གནས་སྡོད་མི་སྣ་སྒྲིག་འཛུགས་བྱས་ནས་ཁོ་ཚོ་སྡེ་ཁུལ་འཛུགས་སྐྲུན་དང་། གཞི་མཐུན་སྡེ་ཁུལ་སྐྲུན་རྒྱུ་སོགས་ཀྱི་སྤྱི་ཕན་བྱེད་སྒོའི་ནང་ཞུགས་སུ་འཇུག་དགོས།
དོན་ཚན་བཅུ་དྲུག་པ། གནས་སྡོད་མི་སྣས་གཤམ་གསལ་འོས་འགན་ཁག་སྒྲུབ་དགོས། (གཅིག )གནས་སྡོད་མི་སྣས་ས་གནས་དེ་གའི་སྲིད་གཞུང་དང་། སྤྱི་བདེ་མངག་གཏོང་ཁང་ལ་གཞོགས་འདེགས་ཧུར་ཐག་བྱས་ནས་ཐོ་འགོད་རྒྱུ་དང་། ལག་ཁྱེར་སྤྲོད་ལེན་གྱི་ལས་དོན་ཡག་པོ་སྒྲུབ་དགོས། (གཉིས )ས་གནས་དེ་གའི་མི་དམངས་སྲིད་གཞུང་དང་། སྤྱི་བདེ་ལས་ཁུངས། གྲོང་ཚོ་(གྲོང་མི )ཨུ་ཡོན་ལྷན་ཁང་བཅས་ཀྱི་དོ་དམ་དང་ལེན་ཞུ་དགོས་པ་དང། སྤྱི་བདེ་ལས་ཁུངས་ཀྱིས་བརྟག་དཔྱད་བྱེད་སྐབས་རང་འགུལ་གྱིས་ལག་ཁྱེར་སོགས་བཏོན་དགོས་པ་ལས་འགོག་རྒོལ་བྱེད་རིགས་མི་ཆོག (གསུམ )གནས་སྡོད་བྱེད་ཡུལ་ནས་ཁ་བྲལ་སྐབས་དེ་སྔ་གནས་སྡོད་ཀྱི་འགྲོ་ལུགས་བསྒྲུབས་པ་རྣམས་ངེས་པར་དུ་བསུབ་དགོས་པ་དང་། 《གནས་སྡོད་ལག་ཁྱེར 》ཕྱིར་སློག་བྱེད་དགོས།
དོན་ཚན་བཅུ་བདུན་པ་། གནས་ཚང་གཏོང་མཁན་ཚན་པ་དང་མི་སྒེར་གྱིས་ངེས་པར་དུ་གཤམ་གསལ་གཏན་འབེབས་ཁག་ལ་སྲུང་བརྩི་ཞུ་དགོས། (གཅིག )གནས་ཚང་སྡོད་མཁན་ལ་གོ་ཆོད་ཀྱི་མིང་བབ་ལག་ཁྱེར་ཡོད་མེད་ཞིབ་བཤེར་བྱེད་དགོས་པ། (གཉིས )གནས་ཚང་གཏོང་ལེན་གྱི་གན་རྒྱ་འཇོག་སྐབས་གནས་ཚང་སྡོད་མཁན་ལ་སྒྲིག་འཁུར་ཁྲིམས་སྲུང་བྱེད་དགོས་པའི་དྲིལ་བསྒྲགས་སློབ་གསོ་རྒྱག་དགོས་པ་དང་། གོ་ཆོད་ལག་ཁྱེར་མེད་པའི་རིགས་ལ་གནས་ཚང་གཏོང་མི་ཆོག (གསུམ )གནས་ཚང་སྡོད་མཁན་གྱིས་ཁྲིམས་འགལ་ཉེས་གསོག་གི་བྱ་བ་བརྩམས་པའམ་ཡང་ན་ཁྲིམས་འགལ་ཉེས་གསོག་གི་བྱ་བ་བརྩམས་པའི་དོགས་གཞི་ཡོད་རིགས་ངེས་པར་སྤྱི་བདེ་ལས་ཁུངས་ལ་སྙན་སེང་ཞུ་དགོས། (བཞི )གནས་ཚང་སྡོད་མཁན་ལ་གཞོགས་འདེགས་བྱས་ནས་གནས་སྡོད་ཐོ་འགོད་བྱེད་དགོས། (ལྔ )གནས་ཚང་གཏོང་ཕྱོགས་སྐོར་གྱི་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་གཞན་ལ་སྲུང་བརྩི་ཞུ་དགོས།
དོན་ཚན་བཅོ་བརྒྱད་པ། ཚན་པ་དང་མི་སྒེར་གྱིས་གནས་སྡོད་མི་སྣ་སྐོང་འགུག་བྱེད་པའམ་ཡང་ན་གནས་སྡོད་མི་སྣར་གནས་ཚང་གཏོང་བ་དང་། ཐོན་སྐྱེད་ལས་གཉེར་བྱེད་ཡུལ་ཁང་པ་གཡར་པོ་གཏོང་བའི་སྐབས་ངེས་པར་དུ་གནས་སྡོད་མི་སྣར་《གནས་སྡོད་ལག་ཁྱེར 》ཞུ་དགོས་པའི་སྐུལ་འདེད་གཏོང་དགོས་པ་དང་། གནས་སྡོད་བྱེད་ཡུལ་གྱི་སྤྱི་བདེ་ལས་ཁུངས་དང་བདེ་འཇགས་འགན་འཁྲིའི་སྐོར་གྱི་ཆོད་ཡིག་བཞག་ཐོག་སུ་ཞིག་གིས་ལས་མི་བཀོལ་སྤྱོད་བྱས་ཚེ་དེ་རང་གིས་འགན་འཁུར་དགོས་པ་དང་། སུ་ཞིག་གིས་གནས་ཚང་གཡར་ཚེ་དེ་རང་གིས་འགན་འཁུར་དགོས་པའི་རྩ་དོན་གཞིར་བཟུང་བདེ་འཇགས་དོ་དམ་ཐད་ཀྱི་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱེད་དགོས།
ལེའུ་གསུམ་པ། བཅའ་ཁྲིམས་ཀྱི་འགན་འཁྲི།
དོན་ཚན་བཅུ་དགུ་པ། སྲོལ་ཡིག་འདིའི་གཏན་འབེབས་དང་འགལ་རིགས་ལ་སྤྱི་བདེ་ལས་ཁུངས་ནས་གཤམ་གསལ་གཏན་འབེབས་གཞིར་བཟུང་ཐག་གཅོད་བྱེད་དགོས། (གཅིག )གནས་སྡོད་མི་སྣས་དུས་བཀག་ནང་ཐོ་འགོད་མ་བྱས་པ་དང་། 《གནས་སྡོད་ལག་ཁྱེར 》མ་བླངས་པའམ་ཡང་ན་གནས་སྡོད་དུས་ཚོད་ཐིམ་ཡང་གཏན་འབེབས་གཞིར་བཟུང་དུས་ཚོད་རིང་དུ་གཏོང་རྒྱུའི་འགྲོ་ལུགས་མ་བསྒྲུབས་པའི་རིགས་ལ་དངུལ་ཆད་སྒོར་50ནས་སྒོར་100བར་འགེལ་རྒྱུ། (གཉིས )གནས་ཚང་གཏོང་མཁན་གྱིས་གོ་ཆོད་ལག་ཁྱེར་མེད་པའི་མི་ལ་གནས་ཚང་བཏང་རིགས་ལ་དངུལ་ཆད་སྒོར་200ནས་སྒོར་500བར་འགེལ་རྒྱུ། (གསུམ )གནས་ཚང་གཏོང་མཁན་གྱིས་བདེ་འཇགས་འགན་འཁྲིའི་ཆོད་ཡིག་ནང་གཏན་འབེབས་བྱས་པའི་བདེ་འཇགས་འགན་འཁྲི་མ་བསྒྲུབས་པའི་རིགས་ལ་དངུལ་ཆད་སྒོར་200ནས་སྒོར་500བར་འགེལ་རྒྱུ་དང་། གནས་ཚུལ་ཚབས་ཆེའི་རིགས་ལ་དྲན་སྐུལ་མཐའ་ཚིག་སྒྲོག་རྒྱུ་དང་ཆབས་ཅིག་ཏུ་དངུལ་ཆད་སྒོར་500འགེལ་རྒྱུ། (བཞི )《གནས་སྡོད་ལག་ཁྱེར 》བསུབ་བཅོས་དང་། གཡར་པོ་བཏང་རིགས་ལ་དངུལ་ཆད་སྒོར་50མན་འགེལ་རྒྱུའམ་ཡང་ན་དྲན་སྐུལ་མཐའ་ཚིག་གཏོང་རྒྱུ། 《གནས་སྡོད་ལག་ཁྱེར 》རྫུན་བཟོ་བྱས་པའམ་ཡང་ན་ཉོ་ཚོང་བྱས་རིགས་ལ་དངུལ་ཆད་སྒོར་200ནས་500བར་འགེལ་རྒྱུ་མ་ཟད་ཁྲིམས་འགལ་གྱི་ཡོང་འབབ་རྣམས་གཞུང་བཞེས་གཏོང་རྒྱུ། གནས་ཚང་གཏོང་མཁན་ཚན་པས་གོང་གསལ་གཏན་འབེབས་དང་འགལ་རིགས་ལ་གཏན་འབེབས་གཞིར་བཟུང་ཉེས་ཆད་གཅོད་དགོས་པ་ཕུད་ད་དུང་ཚན་པ་དེ་གའི་གཙོ་འགན་འཁུར་མཁན་འགོ་ཁྲིད་དང་། ཐད་ཀའི་འགན་འཁྲི་ཡོད་མཁན་ལ་དངུལ་ཆད་སྒོར་200མན་འགེལ་རྒྱུ།
དོན་ཚན་ཉི་ཤུ་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་ཏེ་བདེ་འཇགས་དོ་དམ་དང་འགལ་བའི་གནས་ཚུལ་བྱུང་རིགས་ལ 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས 》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཆད་པ་གཅོད་རྒྱུ། ཉེས་གསོག་གི་ཚད་ལ་སླེབས་རིགས་ཁྲིམས་ལུགས་གཞིར་བཟུང་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་རྒྱུ།
དོན་ཚན་ཉེར་གཅིག་པ། དོ་བདག་གིས་སྲིད་འཛིན་ལས་ཁུངས་ཀྱི་སྲིད་འཛིན་ཆད་གཅོད་གཏན་འབེབས་ལ་བློ་མོས་མ་བྱུང་ཚེ་ཁྲིམས་ལུགས་གཞིར་བཟུང་བསྐྱར་གྲོས་ཡོང་རེ་ཞུ་ཆོག་ལ་ཐད་ཀར་མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་བྱས་ནའང་འགྲིག དུས་བཀག་ཐིམ་ཡང་དོ་བདག་གིས་བསྐྱར་གྲོས་ཡོང་རེ་མ་ཞུས་པ་དང་། མི་དམངས་ཁྲིམས་ཁང་ལ་ཞུ་སྦྱོར་མ་བྱས་པ། སྲིད་འཛིན་ཆད་གཅོད་གཏན་འབེབས་ཀྱང་ལག་བསྟར་མ་བྱས་ཚེ་ཉེས་ཆད་གཅོད་མཁན་ལས་ཁུངས་ནས་དེ་དོན་ཁྲིམས་ཁང་ལ་བཙན་བཤེད་ཀྱིས་ལག་བསྟར་བྱེད་འཇུག་རྒྱུའི་རེ་བ་ཞུ་དགོས།
དོན་ཚན་ཉེར་གཉིས་པ། འབྲེལ་ཡོད་ཁྲིམས་སྒྱུར་ལས་ཁུངས་ཀྱི་ལས་བྱས་ཁྲིམས་ལུགས་གཞིར་བཟུང་འཁྲི་འགན་སྒྲུབ་དགོས་པ་ལས་གནས་སྡོད་མི་སྣར་ཆེད་མངག་ངན་པ་བྱེད་པའམ་ཡང་ན་ཉེ་དགའ་ཕྱོགས་ལྷུང་བྱེད་པ་དང་། འགན་དབང་གང་བྱུང་སྤྱོད་པ། རང་འགན་ཟོལ་འཇོག་བྱེད་པ། གནས་སྡོད་མི་སྣའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་བ་སོགས་བྱས་ཚེ་དེའི་ཚན་པའམ་ཡང་ན་གོང་རིམ་གཙོ་འགན་འཁུར་མཁན་སྡེ་ཚན་ནས་དེ་ལ་སྲིད་འཛིན་ཆད་པ་གཅོད་དགོས་པ་དང་། ཉེས་གསོག་གི་ཚད་ལ་སླེབས་ཚེ་ཁྲིམས་ལུགས་གཞིར་བཟུང་མི་དེར་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་དགོས།
ལེའུ་བཞི་པ། ཞར་བྱུང་།
དོན་ཚན་ཉེར་གསུམ་པ། སྲོལ་ཡིག་འདི་2001ལོའི་ཟླ་6པའི་ཚེས་1ཉིན་ནས་ལག་བསྟར་བྱེད་རྒྱུ།
འགན་འཁུར་རྩོམ་སྒྲིག་པ། admin
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣