ལྷ་ས་གྲོང་ཁྱེར་གྱི་ས་མིང་དོ་དམ་སྲོལ་ཡིག
བོད་རང་སྐྱོང་ལྗོངས་སྐབས་དགུ་པའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས།
[2009]ཡིག་ཨང་9
《ལྷ་ས་གྲོང་ཁྱེར་གྱི་ས་མིང་དོ་དམ་སྲོལ་ཡིག 》འདི་2009ལོའི་ཟླ་9ཚེས་24ཉིན་བོད་རང་སྐྱོང་ལྗོངས་སྐབས་དགུ་པའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གཉིས་པའི་ཐོག་ཆོག་མཆན་ཐོབ་དོན་བཞིན་ལྷ་ས་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས་འགྲེམས་བསྒྲགས་ཀྱིས་ལག་བསྟར་བྱེད་རྒྱུ།
བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས།
2009ལོའི་ཟླ་10ཚེས་13ཉིན།
《ལྷ་ས་གྲོང་ཁྱེར་གྱི་ས་མིང་དོ་དམ་སྲོལ་ཡིག 》ལ་ཆོག་མཆན་སྤྲོད་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས།
(2009ལོའི་ཟླ་9ཚེས་24ཉིན་བོད་རང་སྐྱོང་ལྗོངས་སྐབས་དགུ་པའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གཉིས་པའི་ཐོག་གྲོས་འཆམ་བྱུང་བ )
བོད་རང་སྐྱོང་ལྗོངས་སྐབས་དགུ་པའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གཉིས་པས་གཏན་འབེབས་བྱེད་རྒྱུར། 《ལྷ་ས་གྲོང་ཁྱེར་གྱི་ས་མིང་དོ་དམ་སྲོལ་ཡིག 》ལ་ཆོག་མཆན་སྤྲད་ནས་ལྷ་ས་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས་འགྲེམས་བསྒྲགས་བྱས་ཏེ་ལག་བསྟར་བྱེད་རྒྱུ།
ལེའུ་དང་པོ། སྤྱིའི་རྩ་འཛིན།
དོན་ཚན་དང་པོ། ས་མིང་ལ་དོ་དམ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ས་མིང་དོ་དམ་བྱེད་ཕྱོགས་ཚད་ལྡན་དང་གཅིག་གྱུར་ཡོང་བ་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གཏོང་ཆེད་རྒྱལ་སྲིད་སྤྱི་ཁྱབ་ཁང་གི 《ས་མིང་དོ་དམ་སྲོལ་ཡིག 》གཞིར་བཟུང་ཐོག་འདི་ག་གྲོང་ཁྱེར་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སྲོལ་ཡིག་འདི་བཟོས་པ་ཡིན།
དོན་ཚན་གཉིས་པ། འདི་ག་གྲོང་ཁྱེར་གྱི་སྲིད་འཛིན་ས་ཁོངས་ནང་ས་མིང་འདོགས་རྒྱུ་དང་། ས་མིང་བསྒྱུར་བཅོས་བྱེད་རྒྱུ། ས་མིང་མེད་པ་བཟོ་རྒྱུ། ས་མིང་ཚད་ལྡན་བཟོ་རྒྱུ། ཚད་ལྡན་ས་མིང་བེད་སྤྱོད་བྱེད་རྒྱུ། ས་མིང་མཚོན་རྟགས་འཛུགས་རྒྱུ། ས་མིང་ཡིག་ཚགས་དོ་དམ་བྱེད་རྒྱུ་སོགས་ཀྱི་ཐད་ལ་སྲོལ་ཡིག་འདི་སྤྱོད་ཆོག་པ་ཡིན།
དོན་ཚན་གསུམ་པ། སྲོལ་ཡིག་འདིའི་ནང་གསལ་བའི་ས་མིང་ཞེས་པ་ནི།
(གཅིག )རང་བྱུང་གྲོང་ཚོ་དང་། གྲོང་བརྡལ། ལམ། ཁྲོམ་གཞུང་། སྲང་ལམ་སོགས་ཀྱི་མིང་ལ་ཟེར་བ་ཡིན།
(གཉིས )སྒོ་རྟཌ་དང་། ཁང་པའི་མིང་(འཛུགས་སྐྲུན་དངོས་པོ )
(གསུམ )རི་དང་། ཆུ། མཚེའུ། ཆུ་མིག རོང་། ལུང་ཤུར། གླིང་ཐག རྩྭ་ར། གླིང་ཁ། བྱེ་གཤོང་། གཤེར་ས་སོགས་ཀྱི་མིང་།
(བཞི )བཟོ་ལས་ཁུལ་དང་། གསར་སྤེལ་ཁུལ། ཞིང་ར། འབྲོག་ར། གཏེར་རི་སོགས་ཀྱི་མིང་(ཁེ་ལས་ཀྱི་མིང་ཚུད་མེད )
(ལྔ )སྤྱི་གླིང་དང་། ཐང་ཆེན། རང་བྱུང་སྲུང་སྐྱོབ་ཁུལ། རིག་དངོས་གནའ་ཤུལ། དྲན་གསོའི་ས་ཆ། ལོ་རྒྱུས་རིག་གནས་སྲུང་སྐྱོབ་ཁུལ་སོགས་སྤྱི་པའི་འདུ་གནས་དང་། རིག་གནས་སྒྲིག་བཀོད་བཅས་ཀྱི་མིང་།
(དྲུག )གྲོང་མི་སྡོད་ཁུལ (སྡེ་ཁུལ། སྐྱེད་ཚལ། གྲོང་སྡེ )གྱི་མིང་།
(བདུན )ལམ་དང་། ཟམ་པ། ཟམ་སྦུག སྣོལ་ཟམ། ཆུ་མཛོད། ཆུ་རགས། ཆུ་འདྲེན་ཡུར་བུ་སོགས་ཆུ་བེད་དང་གྲོང་ཁྱེར་གྱི་འཛུགས་སྐྲུན་སྒྲིག་བཀོད་སོགས་ཀྱི་མིང་།
(བརྒྱད )དེ་མིན་གྱི་ས་མིང་སོགས།
དོན་ཚན་བཞི་པ། གྲོང་ཁྱེར་དམངས་སྲིད་སྡེ་ཚན་ནི་འདི་ག་གྲོང་ཁྱེར་གྱི་ས་མིང་དོ་དམ་ལས་དོན་ཐད་ཀྱི་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་ཡིན་པས་དེས་རང་ཁོངས་སྲིད་འཛིན་ས་ཁོངས་ནང་གི་ས་མིང་དོ་དམ་གྱི་ལས་དོན་སྒྲུབ་མཁན་འཁུར་རྒྱུ། རྫོང་(ཆུད )ཁག་གི་དམངས་སྲིད་སྡེ་ཚན་ནི་རྫོང་(ཆུད )ཁག་གི་ས་མིང་དོ་དམ་ལས་དོན་ཐད་ཀྱི་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་ཡིན་པས་དེས་རང་ཁོངས་སྲིད་འཛིན་ས་ཁོངས་ནང་གི་ས་མིང་དོ་དམ་ལས་དོན་སྒྲུབ་འགན་འཁུར་དགོས།
འཛུགས་སྐྲུན་དང་། འཆར་འགོད། སྤྱི་བདེ་སོགས་སྡེ་ཚན་དང་ཤང་(གྲོང་བརྡལ )མི་དམངས་སྲིད་གཞུང་དང་། ཁྲོམ་གཞུང་དོན་གཅོད་ཁང་བཅས་ཀྱིས་ངེས་པར་དུ་རང་རང་གི་འཁྲི་འགན་གཞིར་བཟུང་ས་མིང་དོ་དམ་ལས་དོན་སྒྲུབ་རྒྱུར་གཞོགས་འདེགས་བྱེད་དགོས།
དོན་ཚན་ལྔ་པ། གྲོང་ཁྱེར་དང་། རྫོང་(ཆུད )ཁག་གི་ས་མིང་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ངེས་པར་དུ་གཤམ་གསལ་འགན་འཁྲི་ཁག་སྒྲུབ་དགོས།
(གཅིག )རྒྱལ་ཁབ་དང་། རང་སྐྱོང་ལྗོངས་ཀྱི་ས་མིང་དོ་དམ་ལས་དོན་སྐོར་གྱི་ཁྲིམས་ལུགས་དང་ཁྲིམས་སྲོལ་ལག་བསྟར་བྱེད་རྒྱུ།
(གཉིས )ས་མིང་བཟོ་རྒྱུའི་ལས་ཀའི་འཆར་འགོད་བཟོ་རྒྱུ།
(གསུམ )ས་མིང་སྐོར་གྱི་དཔྱད་ཡིག་དང་། ས་མིང་འཚོལ་བྱེད་ཀྱི་ས་བཀྲ་བཅས་རྩོམ་སྒྲིག་པར་སྐྲུན་བྱེད་རྒྱུ།
(བཞི )ས་མིང་འདོགས་རྒྱུ་དང་། ས་མིང་བསྒྱུར་བཅོས་བྱེད་རྒྱུ། ས་མིང་མེད་པ་བཟོ་རྒྱུ་བཅས་ལ་ཞིབ་བཤེར་བྱེད་རྒྱུ། ས་མིང་ཚད་ལྡན་བཟོ་རྒྱུ་དང་གཅིག་གྱུར་བཟོ་རྒྱུ་སོགས་ཀྱི་ལས་དོན་སྒྲུབ་རྒྱུ།
(ལྔ )སྲིད་འཛིན་ས་ཁོངས་ནང་གི་ཚད་ལྡན་ས་མིང་བེད་སྤྱོད་བྱེད་ཕྱོགས་ལ་དོ་དམ་དང་ལྟ་སྐུལ་བྱེད་རྒྱུ།
(དྲུག )ས་མིང་མཚོན་རྟགས་འཆར་འགོད་བྱེད་རྒྱུ་དང་། བཟོ་རྒྱུ། འཛུགས་རྒྱུ། དོ་དམ་བྱེད་རྒྱུ་སོགས་ཀྱི་འགན་འཁུར་དགོས།
(བདུན )ས་མིང་ཡིག་ཚགས་དོ་དམ་བྱེད་འགན་འཁུར་རྒྱུ།
(བརྒྱད )ཁྲིམས་འགལ་གྱི་སྒོ་ནས་ས་མིང་སྤྱོད་པའི་རིགས་ལ་ཁྲིམས་ལུགས་གཞིར་བཟུང་ལྟ་སྐུལ་དང་ཞིབ་བཤེར་ཐག་གཅོད་བྱེད་རྒྱུ།
དོན་ཚན་དྲུག་པ། ས་མིང་དོ་དམ་ལས་ཀའི་འགྲོ་གྲོན་དེ་ངེས་པར་དུ་རིམ་པ་དེ་གའི་ནོར་སྲིད་སྔོན་རྩིས་ནང་བཅུག་ནས་མིག་སྨན་མིག་ཕན་དུ་གཏོང་དགོས་པ།
ལེའུ་གཉིས་པ། ས་མིང་སྙན་སེང་དང་ཆོག་མཆན་ཞུ་ཕྱོགས་སྐོར།
དོན་ཚན་བདུན་པ། ས་མིང་འདོགས་རྒྱུ་དང་། ས་མིང་འགྱུར་ལྡོག་གཏོང་དགོས་རིགས་གཏན་འབེབས་ཀྱི་ལས་རིམ་གཞིར་བཟུང་སྙན་སེང་ཞུ་དགོས་པ་ལས་ཚན་པ་དང་། རྩ་འཛུགས། མི་སྒེར་སུ་ཐད་ནས་རང་འཚམ་གྱིས་ས་མིང་འདོགས་པ་དང་། ས་མིང་བསྒྱུར་བཅོས་བྱེད་རིགས་མི་ཆོག
དོན་ཚན་བརྒྱད་པ། ས་མིང་འདོགས་རྒྱུ་དང་། ས་མིང་འགྱུར་ལྡོག་གཏོང་རྒྱུའི་ཆོག་མཆན་སྤྲོད་དབང་དང་ལས་རིམ་སྐོར་གཤམ་གསལ།
(གཅིག )སྲིད་འཛིན་ས་ཁོངས་ཀྱི་མིང་འདོགས་རྒྱུ་དང་། ས་མིང་འགྱུར་ལྡོག་གཏོང་དགོས་རིགས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་《སྲིད་འཛིན་ས་ཁོངས་དབྱེ་བཅད་དོ་དམ་བྱེད་ཕྱོགས་ཀྱི་གཏན་འབེབས་གཞིར་བཟུང 》སྒྲུབ་རྒྱུ།
(གཉིས )གསར་དུ་ཪྙེད་རིགས་སམ་ཡང་ན་མིང་མེད་པའི་རང་བྱུང་ས་ཁམས་དངོས་ཚན་རིགས་ལ་མིང་འདོགས་དགོས་རིགས་གཙོ་འགན་འཁུར་མཁན་སྡེ་ཚན་ནས་བསམ་འཆར་འདོན་རྒྱུ་དང་། གྲོང་ཁྱེར་ས་མིང་སྲིད་འཛིན་སྡེ་ཚན་གྱིས་ཞིབ་བཤེར་བྱས་རྗེས་གྲོང་ཁྱེར་མི་དམངས་སྲིད་གཞུང་ལ་སྙན་སེང་ཆོག་མཆན་ཞུ་དགོས།
(གསུམ )གྲོང་ཁྱེར་ནང་གི་ལམ་དང་། ཁྲོམ་གཞུང་། སྲང་ལམ། སྒོ་རྟགས་སོགས་ཀྱི་མིང་འདོགས་ཕྱོགས་སྐོར་ལ་གྲོང་ཁྱེར་ས་མིང་སྲིད་འཛིན་དོ་དམ་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་བསམ་འཆར་བཏོན་ནས་གྲོང་ཁྱེར་མི་དམངས་སྲིད་གཞུང་ལ་སྙན་སེང་ཆོག་མཆན་ཞུ་དགོས།
(བཞི )གྲོང་ཁྱེར་རིམ་པའི་བཟོ་ལས་སྡེ་ཁུལ་ལ་མིང་འདོགས་དགོས་རིགས་གསར་སྤེལ་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་རེ་ཞུ་བཏོན་ནས་གྲོང་ཁྱེར་ས་མིང་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ཞིབ་བཤེར་བྱས་རྗེས་གྲོང་ཁྱེར་མི་དམངས་སྲིད་གཞུང་ལ་སྙན་སེང་ཆོག་མཆན་ཞུ་དགོས།
(ལྔ )ཞིང་ར་དང་། ནགས་ར། འབྲོག་ར། གཏེར་ཁུལ་བཅས་ཀྱི་མིང་འདོགས་དགོས་རིགས་དེའི་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་རེ་ཞུ་ཕུལ་ནས་ས་མིང་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ཞིབ་བཤེར་བྱས་རྗེས་གྲོང་ཁྱེར་མི་དམངས་སྲིད་གཞུང་ལ་སྙན་སེང་ཆོག་མཆན་ཞུ་དགོས།
(དྲུག )གྲོང་ཁྱེར་ནང་གསར་སྐྲུན་བྱས་པའི་སྤྱི་པའི་འདུ་གནས་དང་། སྤྱི་སྤྱོད་སྒྲིག་བཀོད། རིག་གནས་ལུས་རྩལ་སྒྲིག་བཀོད་སོགས་ལ་མིང་འདོགས་དགོས་རིགས་དེའི་གཙོ་འགན་འཁུར་སྡེ་ཚན་ནམ་ཡང་ན་དེའི་བདག་པོས་ལས་འགོ་མ་བཙུགས་གོང་ནས་བསམ་འཆར་བཏོན་ཏེ་གྲོང་ཁྱེར་ས་མིང་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་ལ་སྙན་སེང་ཆོག་མཆན་ཞུ་དགོས།
(བདུན )གླ་རིན་སྤྲད་ནས་མིང་འདོགས་དགོས་རིགས་དང་། མིང་སྒྱུར་བྱེད་དགོས་རིགས་དེའི་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་བསམ་འཆར་འདོན་པ་དང་། གྲོང་ཁྱེར་ས་མིང་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ཞིབ་བཤེར་བྱས་རྗེས་གྲོང་ཁྱེར་མི་དམངས་སྲིད་གཞུང་ལ་སྙན་སེང་ཆོག་མཆན་ཞུ་དགོས།
དོན་ཚན་དགུ་པ། ས་མིང་འདོགས་རྒྱུ་དང་། ས་མིང་སྒྱུར་རྒྱུ། ས་མིང་མེད་པ་བཟོ་རྒྱུ་བཅས་བྱེད་དགོས་རིགས་ངེས་པར་དུ་དེ་ལྟར་བྱེད་དགོས་དོན་དང་། མིང་གསར་པའི་ནང་དོན། འབྱུང་ཁུངས་སོགས་གསལ་བཤད་བྱེད་དགོས།
དོན་ཚན་བཅུ་པ། མིང་གསར་པ་འདོགས་རྒྱུ་དང་། མིང་སྒྱུར་བྱེད་དགོས་རིགས་ངེས་པར་དུ་གཤམ་གསལ་ཡིག་ཆ་ཁག་སྐྱེལ་དགོས།
(གཅིག )མིང་གསར་པ་འདོགས་རྒྱུའི་སྒྲིག་བཀོད་དང་། ས་ཁམས་དངོས་ཚན་གྱི་ངོ་བོ། གནས་ཡུལ། གཞི་ཁྱོན་བཅས་སྙན་སེང་ཞུ་དགོས་པ།
(གཉིས )མིང་གསར་པ་འདོགས་དགོས་དོན་དང་། མིང་སྒྱུར་བྱེད་དགོས་དོན།
(གསུམ )མིང་གསར་པའི་རྒྱ་བོད་ཡི་གེ་འབྲི་སྟངས་དང་གོ་དོན།
(བཞི )རེ་ཞུ་བྱེད་མཁན་ཚན་པ་དང་། འབྲེལ་ཡོད་ཕྱོགས་ཁག་གི་བསམ་འཆར་དང་འབྲེལ་ཡོད་དཔྱད་ཡིག
དོན་ཚན་བཅུ་གཅིག་པ། གྲོང་ཁྱེར་ས་མིང་སྲིད་འཛིན་དོ་དམ་སྡེ་ཚན་གྱིས་ས་མིང་གསར་པ་འདོགས་རྒྱུ་དང་། ས་མིང་འགྱུར་ལྡོག་གཏོང་དགོས་པའི་རེ་ཞུ་བདག་སྤྲོད་བྱས་ཉིན་ནས་བཟུང་ལས་ཀའི་དུས་ཚོད་ཉིན་ཉི་ཤུའི་ནང་ཡིག་ཐོག་གི་གཏན་འབེབས་བཟོ་དགོས། མཁས་དབང་སྒྲིག་བཙུགས་བྱས་ཏེ་རིག་དཔྱད་ཁུངས་སྐྱེལ་བྱེད་དགོས་རིགས་ལས་ཀའི་ཉིན་གྲངས་བཞི་བཅུའི་ནང་ཡིག་ཐོག་ནས་ཐག་གཅོད་བྱེད་དགོས། རྒྱལ་ཁབ་ཀྱི་གཏན་འབེབས་དང་སྲོལ་ཡིག་འདིའི་གཏན་འབེབས་དང་མཐུན་པའི་མིང་གསར་པ་འདོགས་རྒྱུ་དང་། མིང་སྒྱུར་བྱེད་རྒྱུའི་རེ་ཞུར་ཆོག་མཆན་སྤྲོད་མཁན་ལས་ཁུངས་ཀྱིས་ངེས་པར་དུ་ཆོག་མཆན་སྤྲོད་དགོས། ཆོག་མཆན་མ་སྤྲད་པའི་རིགས་ཡིག་ཐོག་གི་ཐག་གཅོད་ནང་ངེས་པར་དུ་རྒྱུ་མཚན་གསལ་བཤད་བྱེད་དགོས། ཁྲིམས་ལུགས་གཞིར་བཟུང་ཆོག་མཆན་སྤྲད་པའི་ས་མིང་རྣམས་གྲོང་ཁྱེར་དང་། རྫོང་(ཆུད )ཁག་གི་ས་མིང་སྲིད་འཛིན་དོ་དམ་སྡེ་ཚན་གྱིས་ཆོག་མཆན་ཐོབ་ཉིན་ནས་བཟུང་ངེས་པར་དུ་ལས་ཀའི་ཉིན་གྲངས་བཅུའི་ནང་གསར་འགྱུར་མཚམས་སྦྱོར་ཚན་པ་བརྒྱུད་སྤྱི་ཚོགས་ཐོག་ཁྱབ་བསྒྲགས་བྱེད་དགོས།
ལེའུ་གསུམ་པ། ས་མིང་འདོགས་རྒྱུ་དང་། མིང་སྒྱུར་བྱེད་རྒྱུ། མེད་པ་བཟོ་རྒྱུ་བཅས་ཀྱི་སྐོར།
དོན་ཚན་བཅུ་གཉིས་པ། ས་མིང་འདོགས་སྐབས་གཤམ་གསལ་རྩ་དོན་ཁག་ལ་བརྩི་སྲུང་བྱེད་དགོས།
(གཅིག )རྒྱལ་ཁབ་ཀྱི་གཅིག་གྱུར་དང་། བདག་དབང་། མངའ་ཁོངས་ཆ་ཚང་བ་ཡོང་རྒྱུ་བཅས་ལ་ཕན་པ་དང་། མི་རིགས་མཐུན་སྒྲིལ་ལ་ཕན་པ། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་ལ་ཕན་པ།
(གཉིས )སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་། མི་རིགས་རིག་གནས་དར་རྒྱས་གཏོང་རྒྱུ། ལོ་རྒྱུས་དང་། རིག་གནས། ས་ཁམས་ཀྱི་ཁྱད་ཆོས་མཚོན་རྒྱུ་བཅས་ལ་ཕན་པ་དང་། བོད་མི་རིགས་ཀྱི་ལོ་རྒྱུས་རིག་གནས་དང་སྲོལ་རྒྱུན་གོམས་གཤིས་ལ་བརྩི་འཇོག ས་མིང་གི་རིག་གནས་རྒྱུན་འཛིན་བྱེད་རྒྱུ་དང་སྤྱིར་ན་ས་མིང་བརྟན་པོ་ཡོང་བ་རྒྱུན་འཁྱོངས་ཐུབ་པ་བྱེད་རྒྱུ།
(གསུམ )ས་གནས་དེ་རང་གི་ཡུལ་མིའི་གོམས་གཤིས་དང་འདོད་བློར་བརྩི་འཇོག་བྱེད་རྒྱུ་དང་། འབྲེལ་ཡོད་ཐད་ཀྱི་བསམ་འཆར་ཉན་རྒྱུ།
(བཞི )མིའི་མིང་དང་། ཕྱིའི་རྒྱལ་ཁབ་ཀྱི་ས་མིང་གཡར་ནས་མིང་འདོགས་མི་ཆོག
(ལྔ )ཤང་དང་། གྲོང་བརྡལ། ཁྲོམ་གཞུང་དོན་གཅོད་ཁྲུའུ་སོ་སོའི་མིང་དེ་ངེས་པར་དུ་ཤང་དང་གྲོང་བརྡལ་མི་དམངས་སྲིད་གཞུང་གནས་ཁུལ་དང་། ཁྲོམ་གཞུང་དོན་གཅོད་ཁང་གནས་སའི་སྲང་ལམ་གྱི་མིང་དང་གཅིག་གྱུར་བྱེད་དགོས།
(དྲུག )ཆེད་ལས་སྡེ་ཚན་གྱིས་སྤྱོད་པའི་ས་མིང་གི་གོ་དོན་ལྡན་པའི་ཐའེ་དང་། ཀྲན། ཁྲང་སོགས་ཀྱི་མིང་དེ་ངེས་པར་དུ་ས་གནས་དེ་རང་གི་ས་མིང་དང་གཅིག་གྱུར་བྱེད་དགོས།
(བདུན )གསར་སྐྲུན་དང་རྒྱས་སྐྲུན་བྱེད་རྒྱུའི་གྲོང་མིའི་སྡོད་ཁུལ་དང་། གཞུང་ལམ་དུམ་བུ། སྲང་ལམ། ཐོག་བརྩེགས་ཅན་གྱི་འཛུགས་སྐྲུན་དངོས་པོ་སོགས་ཀྱི་མིང་འཛུགས་སྐྲུན་འཆར་འགོད་བཟོ་བའི་སྐབས་ནས་མིང་འདོགས་དགོས།
(བརྒྱད )ས་མིང་ལ་བེད་སྤྱོད་ཉུང་བ་དང་ལྟ་ཀློག་ཁག་པའི་ཡི་གེ་དང་། སྨད་པའི་དོན་སྟོན་པའི་ཡི་གེ་བེད་སྤྱོད་མི་བྱེད་པར་ཡི་གེ་ཚད་ལྡན་བེད་སྤྱོད་བྱེད་དགོས། རིགས་གཅིག་པའི་ས་མིང་ལ་ཡི་གེ་སྒྲ་གཅིག་མཚུངས་དང་ཉེ་མཚུངས་རིགས་བེད་སྤྱོད་བྱེད་མི་ཆོག
དོན་ཚན་བཅུ་གསུམ་པ། ས་མིང་ལ་གཤམ་གསལ་གྱི་ནང་དོན་རིགས་ཡོད་མི་ཆོག
(གཅིག )རྒྱལ་ཁབ་ཀྱི་མངའ་ཁོངས་དང་བདག་དབང་ལ་གནོད་པའི་རིགས།
(གཉིས )མི་རིགས་ལ་མཐོང་ཆུང་དང་མི་རིགས་མཐུན་སྒྲིལ་ལ་གནོད་པའི་རིགས།
(གསུམ )དམའ་འབེབས་དང་མ་རབས་ཐ་ཤལ་གྱི་རིགས།
(བཞི )བོད་རྒྱ་སྐད་ཡིག་གི་ས་མིང་དེ་རྒྱ་ཡིག་ལ་སྒྱུར་སྐབས་ཚད་ལྡན་ཅན་ཞིག་དགོས་པ་དང་། བོད་སྐད་ཀྱི་ས་མིང་རྒྱ་ཡིག་ལ་བསྒྱུར་སྐབས་ཡི་གེ་མི་དག་པ་དང་། གོ་དོན་ལོག་ཉེན་ཡོད་པ། སྨད་པའི་དོན་ཡོད་པ་སོགས་ཀྱི་རིགས་ངེས་པར་དག་བཅོས་བྱེད་དགོས།
(ལྔ )དེ་མིན་རྒྱལ་ཁབ་ཀྱི་མཛད་ཕྱོགས་སྲིད་ཇུས་དང་འགལ་བའི་རིགས།
དོན་ཚན་བཅུ་བཞི་པ། ས་མིང་འདོགས་པ་དང་། ས་མིང་སྒྱུར་དགོས་ཚེ་ངེས་པར་དུ་རིག་དཔྱད་ཁུངས་སྐྱེལ་བྱེད་དགོས་པ་དང་། དགོས་ངེས་སྐབས་གཟུ་ཉན་བྱེད་ཆོག
དོན་ཚན་བཅོ་ལྔ་པ། སྤྱི་པའི་འདུ་འཛོམས་བྱེད་ས་དང་། སྤྱི་པའི་སྒྲིག་བཀོད། རིག་གནས་ལུས་རྩལ་སྒྲིག་བཀོད་སོགས་ལ་གླ་རིན་བླངས་ནས་མིང་འདོགས་པ་དང་མིང་སྒྱུར་བྱེད་ཆོག དེ་ཐོག་ནས་བྱུང་བའི་གླ་ཆ་དེ་སྤྱི་པའི་ཞབས་ཞུའི་འཛུགས་སྐྲུན་ལ་བེད་སྤྱོད་གཏོང་རྒྱུ།
གལ་ཆེའི་དྲན་གསོའི་དོན་སྙིང་ལྡན་པའི་ས་མིང་དང་། འཛམ་གླིང་ཤུལ་བཞག་དཀར་ཆག་ནང་ཚུད་པ། གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པ་སོགས་ཀྱི་མིང་འདོགས་རྒྱུ་དང་མིང་སྒྱུར་བྱེད་རྒྱུའི་རིགས་ལ་གླ་རིན་སྤྲོད་ལེན་མི་ཆོག
དོན་ཚན་བཅུ་དྲུག་པ། སྲིད་འཛིན་ས་ཁོངས་བཅོས་སྒྲིག་བྱེད་རྒྱུ་དང་། རང་བཞིན་གྱིས་འགྱུར་ལྡོག་བྱུང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཛུགས་སྐྲུན་བྱེད་སྒོ་སོགས་ཀྱིས་རྐྱེན་པས་ས་མིང་མུ་མཐུད་གནས་ཐབས་མེད་པའི་རིགས་ངེས་པར་དུ་མཆན་འགོད་དབང་ཚད་དང་ལས་རིམ་གཞིར་བཟུང་ཡོངས་བསྒྲགས་བྱས་ནས་མིང་མེད་པ་བཟོ་དགོས།
ས་ཆ་བེད་སྤྱོད་བྱེད་དབང་འགྱུར་ལྡོག་བཏང་རྗེས་རྒྱལ་ཁོངས་ས་ཆ་ཐོན་ཁུངས་སྡེ་ཚན་གྱིས་དུས་ཐོག་ཏུ་གྲོང་ཁྱེར་དང་། རྫོང་(ཆུད )ཁག་གི་ས་མིང་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་ལ་བརྡ་ཐོ་གཏོང་དགོས་པ་དང་། དགོས་ངེས་སྐབས་ས་མིང་དེ་མེད་པ་བཟོ་རྒྱུའི་རེ་འདུན་ཞུ་དགོས།
དོན་ཚན་བཅུ་བདུན་པ། ས་མིང་དོ་དམ་གཏན་འབེབས་དང་མཐུན་ཞིང་ཆོག་མཆན་ཐོབ་པའི་ས་མིང་དེ་ཚད་ལྡན་ས་མིང་ཡིན་པས་ས་མིང་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་གྱི་ཆོག་མཆན་མ་ཐོབ་པར་ས་མིང་དེ་འགྱུར་བ་གཏོང་མི་ཆོག
ལེའུ་བཞི་པ། ཚད་ལྡན་ས་མིང་བེད་སྤྱོད་བྱེད་ཕྱོགས་སྐོར།
དོན་ཚན་བཅོ་བརྒྱད་པ། ལས་ཁུངས་དང་། དམག་དཔུང་། ཚོགས་པ། ཁེ་ལས། བྱ་གཞག་ཚན་པ་བཅས་ཀྱིས་གཞུང་ཡིག་དང་། རེའུ་མིག བརྡ་ཁྱབ། དཔེ་སྐྲུན་དངོས་རིགས་བཅས་ཀྱི་ནང་ཚད་ལྡན་ས་མིང་བེད་སྤྱོད་བྱེད་དགོས།
གྲོང་ཁྱེར་དང་རྫོང་(ཆུད )ཁག་གི་འཆར་བཀོད་སྡེ་ཚན་གྱིས་བཟོས་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གོང་འཕེལ་གྱི་འཆར་གཞིའི་ནང་གཞུང་ལམ་དང་། ཁྲོམ་གཞུང་། སྲང་ལམ། ཟམ་པ། ཕུག་ལམ་སོགས་སྤྱི་པའི་སྒྲིག་བཀོད་རིགས་ལ་ངེས་པར་དུ་ཚད་ལྡན་ས་མིང་བེད་སྤྱོད་བྱེད་དགོས།
དོན་ཚན་བཅུ་དགུ་པ། རྒྱལ་ཁབ་ཀྱི་ས་ཆ་འཆར་འགོད་དང་། ཁང་པ་དོ་དམ་བྱེད་མཁན་སྡེ་ཚན་སོགས་ཀྱིས་གྲོང་མིའི་སྡོད་ཁང་གསར་རྒྱག་བྱེད་རྒྱུའི་འཛུགས་སྐྲུན་འཆར་འགོད་དང་། ཁང་པའི་བདག་དབང་ཚོང་སྒྱུར། ས་ཁང་བརྡ་ཁྱབ་གཏོང་རྒྱུ་སོགས་ཀྱི་འགྲོ་ལུགས་སྒྲུབ་སྐབས་ཞུ་རེ་འབུལ་མཁན་ལ་དེ་ཚོའི་ཚད་ལྡན་ས་མིང་བེད་སྤྱོད་ཆོག་འཐུས་ཀྱི་ལག་ཁྱེར་བཏོན་རྒྱུ་མེད་རིགས་ལ་འགྲོ་ལུགས་གཉེར་སྒྲུབ་བྱེད་མི་ཆོག ཕྱོགས་མཚུངས་ཞུ་རེ་འབུལ་མཁན་ལ་ས་མིང་སྲིད་འཛིན་དོ་དམ་སྡེ་ཚན་ནས་འགྲོ་ལུགས་གཉེར་སྒྲུབ་བྱེད་དགོས་པའི་གནས་ལུགས་བརྗོད་དགོས།
འཛུགས་སྐྲུན་ལས་གྲྭའི་འཆར་འགོད་འཁྲོལ་འཛིན་དང་། གནས་ཁང་སྔོན་ཚོང་འཁྲོལ་འཛིན། ཁང་པའི་བདག་དབང་ལག་ཁྱེར་སོགས་ཐོག་ཏུ་བཀོད་པའི་རྣམ་གྲངས་ཀྱི་མིང་དང་། བརྡ་ཁྱབ་ཐོག་གི་ས་མིང་དེ་ངེས་པར་དུ་ཞུ་རེ་བྱེད་མཁན་གྱིས་མཁོ་འདོན་བྱས་པའི་ཚད་ལྡན་ས་མིང་ལག་ཁྱེར་ཐོག་གི་ས་མིང་དང་གཅིག་གྱུར་བྱེད་དགོས།
དོན་ཚན་ཉི་ཤུ་པ། ཚད་ལྡན་ས་མིང་ནི་ངེས་པར་དུ་རྒྱལ་ཁབ་སྐད་ཡིག་དོ་དམ་ཚན་པས་འགྲེམས་བསྒྲགས་བྱས་པའི་ཚད་ལྡན་རྒྱ་ཡིག་བེད་སྤྱོད་བྱེད་དགོས། ས་མིང་གི་རོ་མའི་ཡི་གེ་སྦྱོར་སྟངས་དེ་ཀྲུང་གོའི་ས་མིང་གི་རྒྱ་ཡིག་སྒྲ་སྦྱོར་ཡི་གེ་འབྲི་སྲོལ (རྒྱ་ཡིག་གི་ས་མིང་རིགས )ལྟར་སྒྲིག་དགོས།
དོན་ཚན་ཉེར་གཅིག་པ། ཆོག་མཆན་ཐོབ་པའི་ཚད་ལྡན་ས་མིང་རིགས་ངེས་པར་དུ་རྒྱ་བོད་ཡིག་རིགས་གཉིས་ཐོག་ནས་འབྲི་དགོས། ས་མིང་གི་བོད་རྒྱ་ཡིག་རིགས་གཉིས་པོ་དེ་ངེས་པར་དུ་ཚད་ལྡན་ཞིག་འབྲི་དགོས།
བོད་རྒྱ་སྐད་གཉིས་ཀྱི་ས་མིང་སྒྱུར་ཕྱོགས་ཐད་《གྲངས་ཉུང་མི་རིགས་སྐད་ཡིག་ཐོག་གི་ས་མིང་རིགས་རྒྱ་སྐད་སྒྲ་སྦྱོར་གྱི་སྒྲ་སྒྱུར་བྱེད་ཐབས 》ནང་གསལ་བླང་བྱ་དང་མཐུན་པ་བྱེད་དགོས།
ས་མིང་གསར་པ་བོད་སྐད་དུ་སྒྱུར་འབྲི་བྱེད་ཕྱོགས་ཐད་ཚད་ལྡན་དང་གཅིག་གྱུར་ཡོང་བ་བྱེད་དགོས་པ་མ་ཟད་དེ་ངེས་པར་དུ་བོད་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་ནས་ཁས་ལེན་བྱེད་དགོས།
དོན་ཚན་ཉེར་གཉིས་པ། བོད་སྐད་ཀྱི་ས་མིང་གསར་པ་འདོགས་རྒྱུ་དང་། མིང་སྒྱུར་བྱེད་དགོས་རིགས་རྒྱ་ཡིག་ཐོག་སྒྱུར་འབྲི་བྱེད་རྒྱུ་དེ་ངེས་པར་དུ་ཚད་གཞི་དང་མཐུན་པ་བྱེད་དགོས། ཆེད་མིང་རྣམས་སྒྲ་སྒྱུར་བྱེད་དགོས་པ་དང་། སྤྱིར་བཏང་གི་མིང་རྣམས་དོན་སྒྱུར་བྱེད་དགོས།
དོན་ཚན་ཉེར་གསུམ་པ། ཚད་ལྡན་ས་མིང་དཔེ་དེབ་པར་སྐྲུན་དང་པར་འགྲེམས་བྱེད་དགོས་རིགས་སྔོན་ལ་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་བསམ་འཆར་འདོན་དགོས་པ་དང་། གྲོང་ཁྱེར་ས་མིང་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་ལ་སྙན་སེང་ཞུས་ནས་ཞིབ་བཤེར་ཆོག་མཆན་སྒུག་དགོས།
ལེའུ་ལྔ་པ། ས་མིང་མཚོན་རྟགས་འཛུགས་སྟངས་དང་དོ་དམ་བྱེད་ཕྱོགས་སྐོར།
དོན་ཚན་ཉེར་བཞི་པ། ཚད་ལྡན་ས་མིང་མཚོན་རྟགས་ནི་ཚད་ལྡན་ས་མིང་མཚོན་བྱེད་དམ་ཡང་ན་ས་མིང་གི་གོ་དོན་དང་གནས་ས་བཏོན་བྱེད་ཀྱི་དངོས་པོ་ཞིག་ཡིན།
དོན་ཚན་ཉེར་ལྔ་པ། ཚད་ལྡན་ས་མིང་མཚོན་རྟགས་ནི་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ཀྱི་ཚད་གཞི་གཞིར་བཟུང་བཟོ་དགོས་པ་དང་འཛུགས་དགོས་པ་མ་ཟད་དེ་ཡང་རྫོང་རིམ་པ་ཡན་གྱི་དམངས་སྲིད་སྡེ་ཚན་ནས་གཅིག་གྱུར་ལྟ་སྐུལ་འོག་བཟོ་དགོས།
དོན་ཚན་ཉེར་དྲུག་པ། ས་མིང་མཚོན་རྟགས་རྣམས་གཤམ་གསལ་ལས་བགོས་གཞིར་བཟུང་འཛུགས་རྒྱུ་དང་དོ་དམ་བྱེད་རྒྱུ།
(གཅིག )ཤང་དང་། གྲོང་བརྡལ། སྒྲིག་ཚུད་གྲོང་ཚོ་བཅས་ཀྱི་ས་མིང་མཚོན་རྟགས་དེ་གྲོང་ཁྱེར་གྱི་ས་མིང་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་འགན་འཁུར་དགོས།
(གཉིས )གྲོང་ཁྱེར་དང་གྲོང་བརྡལ་གྱི་ལམ་དང་། ཁྲོམ་གཞུང་། སྲང་ལམ་བཅས་ཀྱི་ས་མིང་མཚོན་རྟགས་བཟོ་རྒྱུ་དེ་གྲོང་ཁྱེར་གྱི་ས་མིང་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་འགན་འཁུར་དགོས།
(གསུམ )སྒོ་བྱང་རིགས་རྫོང་(ཆུད )ཁག་གི་ས་མིང་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་འགན་འཁུར་དགོས།
(བཞི )དེ་མིན་ས་མིང་མཚོན་རྟགས་རིགས་གཙོ་འགན་འཁུར་མཁན་སྡེ་ཚན་དང་། ཆེད་ལས་སྡེ་ཚན། འཛུགས་སྐྲུན་ཚན་པའམ་ཡང་ན་བདག་པོ་བཅས་ཀྱིས་གཏན་འབེབས་གཞིར་བཟུང་བཟོ་དགོས།
ས་མིང་མཚོན་རྟགས་འཛུགས་མཁན་ཚན་པ་ཁག་གིས་ངེས་པར་དུས་ཐོག་ཏུ་མཚོན་རྟགས་ཉམས་གསོ་དང་། གསར་བཟོ་བྱེད་དགོས་པ་མ་ཟད་ས་མིང་མཚོན་རྟགས་ཡང་དག་པ་དང་། ཡག་པོ་བཟོ་དགོས།
དོན་ཚན་ཉེར་བདུན་པ། གསར་བཟོ་བྱས་པའི་གཞུང་ལམ་དང་། ཟམ་པ། ཕུག་ལམ། ཁྲོམ་གཞུང་། སྲང་ལམ། གྲོང་མིའི་སྡོད་གནས། ཐང་ཆེན་སོགས་ཀྱི་ས་མིང་མཚོན་རྟགས་རིགས་ལས་གྲྭ་མཇུག་འགྲིལ་སྐབས་བཟོས་ཚར་བ་བྱེད་དགོས།
ས་མིང་མཚོན་རྟགས་བཟོ་རྒྱུ་དེ་ངེས་པར་དུ་ལས་གྲྭའི་རྣམ་གྲངས་མཇུག་འགྲིལ་སྐབས་ཀྱི་ཕྱོགས་བསྡུས་རྩིས་ལེན་བྱེད་རྒྱུའི་ནང་འཇུག་དགོས།
དོན་ཚན་ཉེར་བརྒྱད་པ། ས་མིང་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་གྱི་མོས་མཐུན་མེད་པར་ཚན་པ་དང་། མི་སྒེར་སུས་ཀྱང་རང་འཚམ་གྱིས་མཚོན་རྟགས་བཟོ་བ་དང་། སྤོ་བ། བཟོ་བཅོས་རྒྱག་པ། བཀབ་པ་སོགས་བྱེད་མི་ཆོག ས་མིང་འགྱུར་བ་བཏང་རྗེས་དེའི་ས་མིང་མཚོན་རྟགས་ཉིན་དྲུག་ཅུའི་ནང་བརྗེས་ཚར་བ་དགོས། ས་མིང་མེད་པ་བཟོས་རྗེས་དེའི་ས་མིང་མཚོན་རྟགས་ངེས་པར་དུ་དུས་ཐོག་ཏུ་མེད་པ་བཟོ་དགོས།
དོན་ཚན་ཉེར་དགུ་པ། འཛུགས་སྐྲུན་དང་། སྤྱི་བདེ། ཁང་པ་དོ་དམ། རྒྱལ་ཁབ་ཀྱི་ས་ཆ་འཆར་འགོད་སོགས་ཀྱི་སྡེ་ཚན་གྱིས་ངེས་པར་དུ་ས་མིང་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་དང་དུས་ཐོག་ཏུ་རྨང་གཞིའི་ཆ་འཕྲིན་སྤེལ་རེས་བྱས་ཏེ་ཐུན་མོང་ཐོག་ས་མིང་ཐད་ཀྱི་སྤྱི་པའི་ཞབས་ཞུའི་རྨང་གཞིའི་འཛུགས་སྐྲུན་ལས་ཀ་ཡག་པོ་སྤེལ་ཏེ་ཐོན་ཁུངས་མཉམ་སྤྱོད་ཐུབ་པ་བྱེད་དགོས།
དོན་ཚན་སུམ་ཅུ་པ། སྲིད་འཛིན་ས་ཁོངས་དང་། ཁྲོམ་གཞུང་། གཞུང་ལམ། སྲང་ལམ་བཅས་ཀྱི་ས་མིང་མཚོན་རྟགས་བཟོ་རྒྱུ་དང་། སྲུང་སྐྱོང་བྱེད་རྒྱུ། གསར་བཟོ་བྱེད་རྒྱུ་བཅས་ལ་དགོས་པའི་འགྲོ་གྲོན་རིགས་རིམ་པ་གཅིག་མཚུངས་ཀྱི་ནོར་སྲིད་ནས་གཏོང་དགོས་པ་དང་། གྲོང་མིའི་སྡེ་ཁུལ་དང་། སྒོ་ར། ཐོག་བརྩེགས། ཁྱིམ་སྡེ། ཁྱིམ་ཚང་སོགས་ཀྱི་ས་མིང་མཚོན་རྟགས་བཟོ་རྒྱུའི་འགྲོ་གྲོན་རྣམས་བདག་དབང་འཛིན་མིས་གཏོང་དགོས། ཆེད་ལས་སྡེ་ཚན་གྱིས་བཟོ་རྒྱུའི་ས་མིང་མཚོན་རྟགས་ཀྱི་འགྲོ་གྲོན་རྣམས་ཆེད་ལས་སྡེ་ཚན་གྱིས་གཏོང་དགོས།
ལེའུ་དྲུག་པ། ས་མིང་ཡིག་ཚགས་དོ་དམ་བྱེད་ཕྱོགས་སྐོར།
དོན་ཚན་སོ་གཅིག་པ། ས་མིང་ཡིག་ཚགས་རིགས་རིམ་པ་དབྱེ་ནས་དོ་དམ་བྱེད་རྒྱུའི་རྩ་དོན་ལག་བསྟར་བྱེད་རྒྱུ་དང་། གོང་རིམ་དམངས་སྲིད་སྡེ་ཚན་དང་རིམ་པ་གཅིག་མཚུངས་ཀྱི་ཡིག་ཚགས་དོ་དམ་སྡེ་ཚན་གྱི་ལྟ་སྐུལ་དང་ཞིབ་བཤེར་དང་ལེན་བྱེད་དགོས།
དོན་ཚན་སོ་གཉིས་པ། ས་མིང་ཡིག་ཚགས་དོ་དམ་སྡེ་ཚན་གྱིས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ལམ་ལུགས་ཁག་ཚགས་ཚུད་དུ་གཏོང་དགོས་པའི་ཐོག་ས་གནས་ཁག་གི་ཡིག་ཚགས་རྒྱུ་ཆ་བསྡུ་རུབ་བྱེད་རྒྱུ་དང་། ལེགས་སྒྲིག་བྱེད་རྒྱུ། ཨང་ཐོ་སྒྲིག་རྒྱུ། ཡིག་ཚགས་སུ་བཅུག་ནས་བདག་གཉེར་བྱེད་རྒྱུ་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས་པ་དང་འབྲེལ་རྒྱལ་ཁབ་ཀྱི་གསང་སྲུང་གཏན་འབེབས་ཀྱི་རྩ་དོན་འོག་ས་མིང་གི་ཆ་འཕྲིན་བློ་འདྲིའི་ཞབས་ཞུ་སྤེལ་དགོས།
དོན་ཚན་སོ་གསུམ་པ། ས་མིང་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ངེས་པར་དུ་ས་མིང་ཡིག་ཚགས་བཟོ་དགོས་པ་དང་། ས་མིང་གྲངས་མཛོད་བཟོས་ནས་ས་མིང་ཐད་ཀྱི་སྤྱི་པའི་ཞབས་ཞུའི་ལག་རྩལ་ཚད་གཞི་གཞིར་བཟུང་དུས་ཐོག་ཏུ་ས་མིང་གི་ཆ་འཕྲིན་གསར་སྒྱུར་བྱེད་དགོས།
ལེའུ་བདུན་པ། བཅའ་ཁྲིམས་ཀྱི་འགན་འཁྲིའི་སྐོར།
དོན་ཚན་སོ་བཞི་པ། སྲོལ་ཡིག་འདིའི་གཏན་འབེབས་དང་འགལ་རིགས་ལ་གཤམ་གསལ་གཏན་འབེབས་གཞིར་བཟུང་ཆད་པ་གཅོད་རྒྱུ།
(གཅིག )རང་འཚམ་གྱི་སྒོ་ནས་ཚད་ལྡན་མ་ཡིན་པའི་ས་མིང་འདོགས་པ་དང་། མིང་སྒྱུར་བྱས་རིགས་ལ་ས་མིང་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་བཀོད་པ་བཏང་ནས་དུས་བཀག་ནང་བསྒྱུར་བཅོས་གཏོང་འཇུག་དགོས་པ་དང་། དུས་བཀག་ནང་བསྒྱུར་བཅོས་མ་བྱས་ཚེ་སྒོར་200ནས་སྒོར་1000བར་དངུལ་ཆད་གཅོད་རྒྱུ།
(གཉིས )ས་མིང་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་གྱི་ཆོག་མཆན་མེད་པར་རང་འཚམ་གྱི་སྒོ་ནས་ཚད་ལྡན་ས་མིང་དཔེ་དེབ་པར་འདེབས་དང་དཔེ་སྐྲུན་བྱས་རིགས་ལ་ས་མིང་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་དེའི་པར་སྐྲུན་དངོས་རིགས་གཞུང་བཞེས་གཏོང་དགོས་པ་དང་འབྲེལ་པར་སྐྲུན་འགྲེམས་སྤེལ་བྱེད་རྒྱུ་མཚམས་འཇོག་བྱེད་དགོས་པའི་བཀོད་པ་གཏོང་དགོས་པ་མ་ཟད་སྒོར་1000ནས་སྒོར་5000བར་དངུལ་ཆད་གཅོད་དགོས།
(གསུམ )རང་འཚམ་གྱི་སྒོ་ནས་ས་མིང་མཚོན་རྟགས་འཛུགས་པ་དང་། གནས་སྤོ་བྱེད་པ། བཟོ་བཅོས་རྒྱག་པ། བཀབ་པ་སོགས་བྱས་ཚེ་ས་མིང་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་དེར་དུས་བཀག་ནང་སླར་གསོ་བྱེད་རྒྱུའི་བཀོད་པ་གཏོང་དགོས་པ་དང་། དུས་བཀག་ནང་སླར་གསོ་མ་བྱས་ཚེ་གུན་གསབ་བྱེད་འགན་འཁུར་དགོས། (བཞི )ས་མིང་མཚོན་རྟགས་བརྐུ་བ་དང་། གཏོར་སྐྱོན་གཏོང་བའམ་ཡང་ན་རང་འཚམ་གྱིས་གནས་སྤོ་བྱེད་རིགས་ལ་སྤྱི་བདེ་སྡེ་ཚན་གྱིས་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས 》ཀྱི་གཏན་འབེབས་གཞིར་བཟུང་དོགས་ཡོད་ཉེས་ཅན་རིགས་ཁྲིམས་འཛིན་ལས་ཁུངས་ལ་རྩིས་སྤྲོད་བྱེད་རྒྱུ།
དོན་ཚན་སོ་ལྔ་པ། ས་མིང་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་སྲོལ་ཡིག་གི་གཏན་འབེབས་གཞིར་བཟུང་མ་བྱས་པར་ས་མིང་བཟོས་རིགས་ལ་རིམ་པ་གཅིག་མཚུངས་ཀྱི་མི་དམངས་སྲིད་གཞུང་ནས་དེར་བཀོད་པ་བཏང་སྟེ་དུས་བཀག་ནང་ས་མིང་བཟོ་འཇུག་དགོས། དུས་བཀག་ནང་ས་མིང་མ་བཟོས་ཚེ་འབྲེལ་ཡོད་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་དེའི་འཁྲི་འགན་ཡོད་མིར་སྲིད་འཛིན་ཆད་པ་གཅོད་དགོས།
དོན་ཚན་སོ་དྲུག་པ། རྫོང་རིམ་ཡན་གྱི་ས་མིང་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་གྱི་ལས་བྱར་གཤམ་གསལ་གནས་ཚུལ་གང་རུང་ཞིག་ཡོད་ཚེ་དེ་གནས་སའི་ཚན་པའམ་ཡང་ན་གོང་རིམ་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་དེར་སྲིད་འཛིན་ཆད་པ་གཅོད་དགོས།
(གཅིག )སྲོལ་ཡིག་འདི་དང་མཐུན་པའི་ས་མིང་འདོགས་པ་དང་། མིང་སྒྱུར་བྱེད་པ། ས་མིང་མེད་པ་བཟོ་བའམ་ཡང་ན་ས་མིང་དཔེ་དེབ་འདོན་ཆོག་པའི་རེ་བ་ཞུ་མཁན་ལ་ཆོག་མཆན་མ་སྤྲད་པ།
(གཉིས )སྲོལ་ཡིག་འདི་དང་མ་མཐུན་པར་ས་མིང་འདོགས་པ་དང་། མིང་སྒྱུར་བྱེད་པ། ས་མིང་མེད་པ་བཟོ་བའམ་ཡང་ན་ས་མིང་དཔེ་དེབ་རིགས་འདོན་ཆོག་པའི་རེ་བ་ཞུ་མཁན་ལ་ཆོག་མཆན་སྤྲད་རིགས།
(གསུམ )ཁྲིམས་བཅད་ཀྱི་རྒྱུ་རྐྱེན་མེད་པར་གཏན་འབེབས་ཀྱི་དུས་བཀག་ནང་ཆོག་མཆན་སྤྲོད་དགོས་མིན་གྱི་ཐག་གཅོད་མ་བྱས་པ།
(བཞི )དབང་ཆར་བརྟེན་ནས་རྒྱུ་རྔན་ལེན་པ་དང་། བདའ་འདེད་གཏོང་བ།
(ལྔ )དེ་མིན་གྱི་དབང་ཆ་གང་བྱུང་སྤྱོད་པ་དང་། དགའ་ཉེ་ཕྱོགས་ལྷུང་བྱེད་པ་སོགས།
ལེའུ་བརྒྱད་པ། ཞར་བྱུང་།
དོན་ཚན་སོ་བདུན་པ། སྲོལ་ཡིག་འདི་2010ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་ནས་ལག་བསྟར་བྱེད་རྒྱུ།
འགན་འཁུར་རྩོམ་སྒྲིག་པ། admin
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣