བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ”གཏན་འཁེལ་བྱས་ནས་ལོ་གཅིག་འཁོར་བར་རྟེན་འབྲེལ་ཞུ་བའི་སྒྲོག་འགྲེལ་གྱི་གནད་བསྡུས།
2009ལོའི་ཟླ་དང་པོར་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ཚོགས་འདུ་ཐེངས་གཉིས་པའི་ཐོག་ལོ་རེའི་ཟླ་3ཚེས་28ཉིན་དེ་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོར་གཏན་འཁེལ་བའི་གཏན་འབེབས་གནང་བ་དེ་ནི་ལོ་རྒྱུས་ཀྱི་ཡར་རྒྱས་ལ་དྲན་གསོ་ཞུ་བ་དང་། མི་དམངས་ཀྱི་འབོད་སྒྲ་དང་བསྟུན་པ། མི་དམངས་ཀྱི་འདོད་བློ་མཚོན་པ་བཅས་ཀྱི་གཏན་འབེབས་གལ་ཆེན་ཞིག་ཡིན་པས་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་རྒྱང་རིང་གཏིང་ཟབ་ཀྱི་ལོ་རྒྱུས་དོན་སྙིང་ལྡན་ཡོད། འདི་ལོའི་ཟླ་3ཚེས་28ཉིན་ནི་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ་གཏན་འཁེལ་བྱས་ནས་ལོ་གཅིག་འཁོར་ཞིང་། ང་ཚོས་ཉིན་མོ་དེར་དྲན་གསོ་གཟབ་རྒྱས་ཞུ་སྐབས་ལོ་རྒྱུས་བློ་ལ་ངེས་པ་དང་ད་ཆར་གཅེས་འཛིན་བྱས་ཏེ་བོད་ཀྱི་དེ་བས་ལྟ་ན་སྡུག་པའི་འབྱུང་འགྱུར་གཏོད་དགོས། འོན་ཏེ་ཏཱ་ལའི་རུ་ཚོགས་ཀྱིས་བོད་ཪྙིང་པ་ནི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་སྤྱི་ཚོགས་ཤིག་ཡིན་པ་ཁས་གཏན་ནས་མི་ལེན་པར་དེ་ནི་རང་མཁོ་རང་འདང་དང་། བོགས་ལེན་དུད་ཚང་ཤིན་ཏུ་ཕྱུག་པ། མུ་གེ་མེད་པ། སྤྲང་པོ་ཤིན་ཏུ་ཉུང་བ། ཁྲིམས་སྐྱོང་དྲང་བཞག་བཅས་ཀྱི་སྤྱི་ཚོགས་ཤིག་ཡིན་ཞེས་བཤད་ནས་དམངས་གཙོའི་བཅོས་སྒྱུར་གྱི་རླབས་ཆེན་གྲུབ་འབྲས་དང་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་པའི་གྲུབ་འབྲས་རྩིས་མེད་གཏོང་རྒྱུའི་རེ་ངན་འཆང་གི་ཡོད། དོན་དངོས་ངེས་པར་དུ་གསལ་པོ་བཟོ་དགོས་པ་དང་ཡིན་མིན་ངེས་པར་དུ་གསལ་འབྱེད་བྱེད་དགོས།
དང་པོ། བོད་ཪྙིང་པ་ནི་མི་ཡུལ་གྱི་དམྱལ་ཁམས་དང་། བོད་གསར་པ་ནི་འཇིག་རྟེན་ཐོག་གི་ལྷ་ཡུལ་ཡིན།
བོད་ཪྙིང་པ་ནི་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་སྤྱི་ཚོགས་ཤིག་ཡིན་པ་དང་འདི་གར་བརྗོད་པའི “སྲིད ”ནི་སྲིད་དབང་དང “ཆོས ”ནི་ཆོས་ལུགས་ལ་བརྗོད་ཅིང་། དེ་ནི་སྲིད་དབང་དང་ལྷ་དབང་ཟུང་དུ་འབྲེལ་བ་དང་། མཐོ་རིམ་སེར་མོ་བ་དང་སྐུ་དྲག་མཉམ་འབྲེལ་ཐོག་ཞིང་བྲན་ལ་དབང་སྒྱུར་བྱེད་པའི་སྤྱི་ཚོགས་ཤིག་ཡིན། བོད་ཪྙིང་པར་མི་འབོར་གྱི་5%ཡང་མ་ཟིན་པའི་ཞིང་བྲན་བདག་པོའི་གྲལ་རིམ་གྱིས་མི་འབོར་གྱི་95%ཡན་གྱི་ཞིང་བྲན་གྲལ་རིམ་ལ་དབང་སྒྱུར་བྱས་ནས་རྒྱ་ཆེའི་ཞིང་བྲན་རྣམས་ཡིད་སྐྱོ་བའི་འཚོ་བ་སྐྱེལ་དགོས་པས་དེ་ནི་མུན་ནག་དང་། རྗེས་ལུས། ཀླ་ཀློ གདུག་རྩུབ་བཅས་ཀྱི་སྤྱི་ཚོགས་ཤིག་ཡིན། 1959ལོའི་ཟླ་3ཚེས་28ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བོད་ས་གནས་སྲིད་གཞུང་མེད་པ་བཟོ་རྒྱུའི་ཁྱབ་བསྒྲགས་གནང་ནས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྩ་མེད་དུ་བཏང་བ་དང་རྒྱ་ཆེའི་ཞིང་བྲན་རྣམས་ཡར་ལངས་བཅིངས་འགྲོལ་ཐོབ་པ་རེད།
(གཅིག )བོད་ཪྙིང་པར་ཞིང་བྲན་ལ་མ་ཉེས་ཁ་གཡོགས་བྱུང་ཡང་ཞུ་གཏུག་རྒྱག་ས་མེད་པ་དང་། བོད་གསར་པའི་སྲིད་གཞུང་གིས་བློ་གཅིག་སེམས་གཅིག་ངང་དམངས་ཀྱི་ཆེད་དུ་བྱ་བ་སྒྲུབ་ཀྱི་ཡོད།
བོད་ཪྙིང་པར་ཏཱ་ལས་གཙོས་པའི་ས་གནས་སྲིད་གཞུང་ལ་བཀའ་ཤག་ཟེར་བ་དང་། དེ་ནི་སྐུ་དྲག་དང་སེར་མོ་བ་མཉམ་འབྲེལ་ཐོག་སྲིད་དབང་སྒེར་འཛིན་བྱེད་པའི་སྲིད་དབང་སྒྲིག་འཛུགས་ཤིག་ཡིན། དེར་སྐྱ་དཔོན་གསུམ་དང་སེར་དཔོན་གཅིག་བཅས་བཀའ་བློན་བཞི་ཡོད། ཡིག་ཚང་དང་རྩིས་ཁང་ནི་བཀའ་ཤག་གི་ལས་ཁུངས་གལ་ཆེ་ཤོས་གཉིས་ཡིན་པ་དང་ཡིག་ཚང་དུ་དྲུང་ཡིག་ཆེ་མོ་བ་བཞི་ཡོད་པ་ཚང་མ་སེར་དཔོན་ཡིན་ཞིང་། དེས་སྙན་ཞུ་ཡར་ཞུ་མར་ལན་དང་རྩེ་དྲུང་གི་གོ་གནས་སྤོར་གཅོག་གི་འགན་འཁུར་བ་དང་། དགོན་སྡེ་དང་སྲིད་གཞུང་དབར་གྱི་འབྲེལ་བ་མཐུན་སྦྱོར་བྱེད་ཀྱི་ཡོད། རྩིས་ཁང་གི་དཔོན་རིགས་ཚང་མ་སྐྱ་དཔོན་ཡིན་པ་དང་དེས་ས་གནས་ཀྱི་ནོར་སྲིད་དོ་དམ་དང་། སྲིད་གཞུང་གི་བཀའ་རྒྱ་ཕབ་གཏོང། སྐྱ་དཔོན་གྱི་གོ་གནས་སྤོར་གཅོག་དང་གསོ་སྦྱོང་སོགས་ཀྱི་འགན་འཁུར་གྱི་ཡོད། བཀའ་ཤག་སྲིད་གཞུང་འོག་ཏུ་སྤྱི་ཁྱབ (ས་ཁུལ )དང་རྫོང་བཙུགས་ཡོད། བཀའ་ཤག་སྲིད་གཞུང་གི་རིམ་ཁག་དཔོན་རིགས་ཚང་མ་སྐུ་དྲག་ཆེ་ཆུང་དང་མཐོ་རིམ་སེར་མོ་བས་འགན་འཁུར་བས་རྒྱ་ཆེའི་ཞིང་བྲན་དང་བྲན་གཡོག་རྣམས་དེའི་ནང་ཞུགས་པའི་ཐོབ་ཐང་དང་ཆབ་སྲིད་ཀྱི་ཁེ་དབང་སྤུ་ཙམ་ཡང་མེད་པ་དང་། སྲིད་གཞུང་གི་ལས་འགན་གཏན་ནས་ཁུར་ཆོག་གི་མེད། སྲིད་གཞུང་དེས་སྡེ་པ་གཞུང་དང་། སྒེར་པ་མི་དྲག དགོན་སྡེའི་མཐོ་རིམ་སེར་མོ་བ་བཅས “མངའ་བདག་ཆེན་པོ་གསུམ ”གྱི་ཁེ་ཕན་གྱི་ཚབ་བྱེད་པ་དང “མངའ་བདག་ཆེན་པོ་གསུམ ”གྱི་ཁེ་ཕན་སྲུང་སྐྱོང་བྱེད་མཁན་གྱི་ལག་ཆ་ཡིན། བོད་ཪྙིང་པའི་ཞལ་ལྕེའི་ནང་ཞིང་བྲན་གྱིས “སྐུ་དྲག་དང་རྩོད་མི་ཆོག ”པ་དང “འབངས་ཀྱིས་དཔོན་ལ་འཛིང་ན་བཟུང་བཀྱིག མི་མཉམ་ཁ་ལན་སློག་ན་བཟུང་བཀྱིག ཕོ་བྲང་འོག་ཏུ་ཞུ་འབོད་ཚིག་མཚོན་བོར་བར་བཟུང་བཀྱིག ”སོགས་བྱ་རྒྱུའི་གཏན་འབེབས་བྱས་ཡོད། རྒྱ་ཆེའི་ཞིང་བྲན་རྣམས་ལ་སྐུ་དྲག་ལ་འགོག་རྒོལ་བྱེད་པའི་དབང་ཆ་མེད་པ་དང་ཐ་ན་མ་ཉེས་ཁ་གཡོགས་གོང་ཞུ་བྱས་ཀྱང་ཉེས་པར་བརྩི་བར་བརྟེན་ཞིང་བྲན་བདག་པོའི་གྲལ་རིམ་གྱི་གཉའ་གནོན་སྡུག་སྒོམ་བྱེད་དགོས་ཀྱི་ཡོད།
དམངས་གཙོའི་བཅོས་སྒྱུར་བྱས་ནས་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྩ་མེད་དུ་བཏང་བ་དང་བཀའ་ཤག་སྲིད་གཞུང་མེད་པ་བཟོས་ཏེ་མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་ཁེ་ཕན་གྱི་ཚབ་བྱེད་མཁན་མི་དམངས་སྲིད་གཞུང་བཙུགས། མི་དམངས་སྲིད་གཞུང་གིས་མངའ་བདག་ཆེན་པོ་གསུམ་གྱི་བཀས་བཀོད་རྒྱུད་འཛིན་གྱི་ཁྱད་དབང་ཐམས་ཅད་མེད་པར་བཟོས་པས་ཁོ་པ་ཚོ་མི་དམངས་ཀྱི་གཉའ་ནས་བཞོན་ཏེ་བཙན་པོ་དབང་ཡོད་ཤོད་རྒྱུ་མེད་པར་གྱུར་པ་དང་། མི་དམངས་སྲིད་གཞུང་གིས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་བདག་པོའི་གྲལ་རིམ་སྲུང་སྐྱོང་བྱེད་པའི་ཞལ་ལྕེ་ཪྙིང་པ་དང་ལམ་ལུགས་ཪྙིང་པ་རྩ་མེད་དུ་བཏང་ནས་མི་རིགས་ཁག་གི་མི་དམངས་ཀྱི་ཁེ་ཕན་དང་བསམ་འདུན་གྱི་ཚབ་བྱེད་པའི་བཅའ་ཁྲིམས་གསར་པ་བཟོས་པས་དེ་སྔའི་སྨྲ་ཤེས་པའི་ལག་ཆ་དེ་མངའ་བདག་གི་ཆེད་དུ་རྟ་ཟོག་སེམས་ཅན་ལྟ་བུ་སླར་ཡང་བྱེད་མི་དགོས་པ་བྱུང་བ། མི་དམངས་སྲིད་གཞུང་གིས་མངའ་བདག་གི་ཐོན་སྐྱེད་རྒྱུ་ཆ་གཞུང་བཞེས་དང་བླུ་ཉོའི་བྱ་ཐབས་སྤྱད་ནས་དེ་སྔའི་ཞིང་བྲན་དང་བྲན་གཡོག་ལ་ས་ཆ་དང་འཚོ་བའི་མཁོ་བྱད་སྤྲད་པ། མི་དམངས་སྲིད་གཞུང་གིས་གཞུང་ལམ་དང་གནམ་གྲུ་ཐང་སྐྲུན་པ་དང་། བཟོ་གྲྭ་དང་ཞིང་ར་གཉེར་བ། སྨན་ཁང་དང་སློབ་གྲྭ་འཛུགས་པ་བཅས་བྱས་ནས་ཐོན་སྐྱེད་དང་སྤྱི་ཚོགས་ཀྱི་བྱ་གཞག་འཕེལ་རྒྱས་ཤུགས་ཆེན་བཏང་བ་དང་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ་ཞིང་བྲན་འབོར་ཆེན་ཞིག་བཟོ་གྲྭ་དང་སློབ་གྲྭར་ཞུགས་ཐུབ་པ་དང་འགོ་ཁྲིད་ལས་གནས་སུ་སྐྱོད་ཐུབ་པ་བྱུང་ཡོད།
དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ཀྱི་1960ལོའི་ལོ་མཇུག་ཏུ་ལྗོངས་ཡོངས་སུ་ཤང་རིམ་པའི་སྲིད་དབང་1009དང་ཆུས་རིམ་པའི་སྲིད་དབང་283བཙུགས་པ་དང་། རྫོང (རྫོང་རིམ་པའི་ཆུས་ཚུད་ཡོད )78དང་ཀྲོན་ཆུས (གྲོང་ཁྱེར )8ལ་མི་དམངས་སྲིད་དབང་བཙུགས། ཡར་ལངས་ཞིང་བྲན་དང་བྲན་གཡོག་ཡིན་པའི་གཞི་རིམ་ལས་བྱེད་པ་4400ལྷག་ཙམ་རིམ་པས་འཚར་ལོངས་བྱུང་སྟེ་ས་གནས་དེ་གའི་བོད་རིགས་ལས་བྱེད་པ་དང་གྲངས་ཉུང་མི་རིགས་གཞན་དག་གི་ལས་བྱེད་པ་ཆིག་ཁྲི་ལྷག་ཙམ་བར་མང་དུ་སོང་བ་དེའི་ནང་ཤང་རིམ་པའི་ལས་བྱེད་པ་ཚང་མ་ནི་བོད་རིགས་ཡིན་པ་དང་། ཆུས་རིམ་པའི་ལས་བྱེད་པ་90%ཡན་ནི་བོད་རིགས་ཡིན་པ། བོད་རིགས་ལས་བྱེད་པ་300ལྷག་ཙམ་གྱིས་རྫོང་རིམ་པ་ཡན་གྱི་འགོ་ཁྲིད་ཀྱི་འགན་འཁུར་ནས་སྲིད་གཞུང་གི་ཚབ་བྱས་ཏེ་མི་རིགས་ཁག་གི་མི་དམངས་ལ་བྱ་བ་སྒྲུབ་ཀྱི་ཡོད།
(གཉིས )བོད་ཪྙིང་པར་ཞིང་བྲན་གྱི་སྟོང་ལ་དྲེས་ཐག་གཅིག་ཡིན་པ་དང་། བོད་གསར་པར་མཆོག་དམན་མེད་པར་ཚང་མ་འདྲ་མཉམ་ཡིན།
བོད་ཪྙིང་པར 《ཞལ་ལྕེ་བཅུ་དྲུག 》དང 《ཞལ་ལྕེ་བཅུ་གསུམ 》གྱིས་མཚོན་པའི་བཅའ་ཁྲིམས་ལག་ལེན་བསྟར་ནས་རྒྱ་ཆེའི་ཞིང་བྲན་ལ་གདུག་རྩུབ་ཆེན་པོས་གཉའ་གནོན་གཏོང་གི་ཡོད། 《ཞལ་ལྕེ 》དེ་དག་ནང་མི་ལ “རབ་འབྲིང་ཐ་གསུམ་དང་རིམ་པ་དགུར ”དབྱེ་ནས་སྐུ་དྲག་ཆེན་པོ་དང་། བླ་སྤྲུལ་ཆེ་ཁག མཐོ་རིམ་དཔོན་པོ་བཅས་སྐྱེས་མ་ཐག་ནས་བླ་ན་མེད་པར་བརྩི་བས་མི་རབ་གྲས་ཡིན། རྒྱ་ཆེའི་ཞིང་བྲན་རྣམས་མི་ཐ་གྲས་སུ་བརྩི་གི་ཡོད། མི་སྟོང་ཡང་མཐོ་དམའ་མི་འདྲ་བ་ཡོད་པ་དང་མི་རབ་ཀྱི་རབ་ཀྱི “སྟོང་ནི་དེ་དག་གི་རོ་དང་གསེར་མཉམ་བརྗེ་བྱེད་པ ”དང་ཤན་པ་དང་མགར་བ་སོགས་ཐ་མའི་ཐ་མའི “སྟོང་ལ་དྲེས་ཐག་གཅིག ”ཡིན། རིམ་པ་མི་འདྲ་བས་ཉེས་ཁྲིམས་གཅིག་པ་འགལ་ཚེ་དེའི་ཉེས་ཁྲིམས་ཀྱི་ཚད་གཞི་དང་ཁྲིམས་གཅོད་བྱེད་སྟངས་ཀྱང་འདྲ་གི་མེད། གཡོག་པོས་དཔོན་པོར་རྨས་སྐྱོན་བཏང་ན་གཡོག་པོའི་རྐང་ལག་གཅོད་པ་དང་དཔོན་པོས་གཡོག་པོར་རྨས་སྐྱོན་བཏང་ན་སྨན་བཅོས་བྱས་ནས་འཐུས་པ་ལས་གུན་གསབ་ཅི་ཡང་འཇལ་མི་དགོས། ཞིང་བྲན་བདག་པོ་དང་ཞིང་བྲན་གཉིས་བཅའ་ཁྲིམས་ཐོག་གི་གནས་བབ་གཏན་ནས་འདྲ་མཉམ་མིན་པ་དང་། ཞིང་བྲན་བདག་པོར་ཞིང་བྲན་དང་བྲན་གཡོག་གསོད་དབང་ཡོད་པས་ཁོ་པ་ཚོས་ཀླ་ཀློ་གདུག་རྩུབ་ཤིན་ཏུ་ཆེ་བའི་རྩུབ་སྤྱོད་ཀྱི་ཐོག་ནས་ཞིང་བྲན་དང་བྲན་གཡོག་ལ་དབང་སྒྱུར་བྱེད་ཀྱི་ཡོད།
ངོ་ལོག་ཟིང་འཁྲུག་ཞོད་འཇགས་སུ་བཏང་བ་དང་དམངས་གཙོའི་བཅོས་སྒྱུར་བྱས་པ་བརྒྱུད་བཀས་བཀོད་རྒྱུད་འཛིན་གྱི་ཁྱད་དབང་ཐམས་ཅད་མེད་པར་བཟོས་པས་མངའ་བདག་ཆེན་པོ་གསུམ་གྱིས་ཞིང་བྲན་ཁྲི་ཚོ་བརྒྱར་གདུག་རྩུབ་ཆེན་པོས་ཆབ་སྲིད་ཀྱི་ཐོག་ནས་གཉའ་གནོན་གཏོང་མཇུག་འགྲིལ་བ་དང་། ཆབ་སྲིད་དང་། བཅའ་ཁྲིམས། སྤྱི་ཚོགས་བཅས་ཀྱི་ལམ་ལུགས་གསར་རྐྱང་བཙུགས་པས་ཞིང་བྲན་ཁྲི་ཚོ་བརྒྱ་ཡར་ལངས་བཅིངས་འགྲོལ་ཐོབ་ཆེད་ཆབ་སྲིད་དང་། བཅའ་ཁྲིམས། ལམ་ལུགས་ཐོག་ནས་འགན་ལེན་བྱུང་ཡོད། རང་རྒྱལ་གྱི 《རྩ་ཁྲིམས 》ནང་ལོ་18ལོན་པའི་ཀྲུང་གོའི་སྤྱི་དམངས་ཡིན་ཕྱིན་མི་རིགས་དང་། རིགས་རྒྱུད། ཕོ་མོ། ལས་རིགས། སྐྱེ་ཁུངས། ཆོས་དད། སློབ་གསོ་ཐོབ་ཚད། གནས་སྡོད་ཡུན་ཚད་བཅས་ལ་མི་ལྟ་བར་གདམ་བྱ་འདེམས་བྱེད་ཀྱི་དབང་ཆ་ཡོད་ཅེས་གཏན་འཁེལ་ཁ་གསལ་བྱས་ཡོད། བོད་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་ལ་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། སྤྱི་ཚོགས་འཚོ་བ་སོགས་ཕྱོགས་གང་ཅིའི་ཐད་འདྲ་མཉམ་གྱི་དབང་ཆ་ལོངས་སྤྱོད་བྱ་རྒྱུ་ཡོད། བོད་གསར་པར་མི་སུ་འདྲ་ཞིག་ཡིན་རུང་བཅའ་ཁྲིམས་ཀྱི་གཏན་འབེབས་ལས་བརྒལ་བའི་ཁྱད་དབང་མེད།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་1965ལོར་བཙུགས་ཚུན་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་ཁྲིམས་སྲོལ་གྱི་ངོ་བོ་ལྡན་པའི་གྲོས་ཆོད་དང་གཏན་འབེབས་ཁྱོན་250ལྷག་ཙམ་བཟོས་པ་དེ་དག་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། སློབ་གསོ་སོགས་ཕྱོགས་གང་ཅིའི་ཐད་དང་འབྲེལ་བ་ཡོད་པས་དེས་བོད་མི་དམངས་ཀྱི་འདྲ་མཉམ་ཁེ་དབང་སྲུང་སྐྱོང་དང་བོད་ཀྱི་བྱ་གཞག་ཁག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་གཏོང་ཕྱིར་བཅའ་ཁྲིམས་ཀྱི་ཐོག་ནས་འགན་ལེན་གལ་ཆེན་བྱུང་ཡོད།
(གསུམ )བོད་ཪྙིང་པར་ཞིང་བྲན་ནི་སྨྲ་ཤེས་པའི་ལག་ཆ་ཙམ་ཡིན་པ་དང་། བོད་གསར་པར་མི་རིགས་ཁག་གི་མི་དམངས་རང་ཁྱིམ་རང་བདག་བྱུང་ཡོད།
བོད་ཪྙིང་པར་རྒྱ་ཆེའི་ཞིང་བྲན་དང་བྲན་གཡོག་རྣམས་མངའ་བདག་ཆེན་པོ་གསུམ་ལ་བརྟེན་དགོས་པས་རང་ལུས་རང་དབང་སྤུ་ཙམ་ཡང་མེད། མི་འབོར་གྱི་90%ལྷག་ཟིན་པའི་ཞིང་བྲན་ལ་ཁྲལ་པ་དང་དུད་ཆུང་ཞེས་བརྗོད་ཀྱི་ཡོད། ཁོང་ཚོ་མངའ་བདག་གང་རུང་ཞིག་གི་གཞིས་ཀར་བརྟེན་ནས་འཚོ་གནས་བྱེད་པ་ལས་མི་ལུས་རང་དབང་མེད། གཞན་ཡང་ད་དུང་མི་འབོར་གྱི་5%བཟུང་བའི་ནང་བཟན་མི་རབས་ནས་མི་རབས་མངའ་བདག་གྱི་ཁྱིམ་གཡོག་ཡིན་པས་མི་ལུས་རང་དབང་སྤུ་ཙམ་ཡང་མེད། བཀའ་ཤག་སྲིད་གཞུང་གིས་ཞིང་བྲན་རྣམས་རང་ཁོངས་མངའ་བདག་གི་གཞིས་ཀའི་ས་ཞིང་ཐོག་གཏན་སྡོད་བྱེད་དགོས་པ་ལས་རང་དགར་ཁ་འབྲལ་མི་ཆོག་ལ་བྲོས་བྱོལ་ལ་གཏན་ནས་འགྲོ་མི་ཆོག་པའི་གཏན་འབེབས་བྱས་ཡོད། “མི་ལ་བདག་པོ་མེད་མི་རུང་། ཞིང་ལ་ཁྲལ་ནི་མེད་མི་རུང ”ཞེས་མངའ་བདག་ཆེན་པོ་གསུམ་གྱིས་ཞིང་བྲན་གྱི་མི་ལུས་བདག་གིར་བཟུང་ཡོད་པ་དང་ཞིང་བྲན་རྣམས་མི་རབས་ནས་མི་རབས་མངའ་བདག་ལ་བརྟེན་དགོས་ལ་ས་ཞིང་གི་ཞོར་གཏོགས་དངོས་པོ་ལྟར་ཚེ་གང་ལས་ཀ་བྱས་ནས་སྡོད་དགོས་ཀྱི་ཡོད། མི་ཕྱུགས་ལ་བརྟེན་ནས་ལོ་ཏོག་འདེབས་ཐུབ་ཚད་ཀྱི་ས་ཚང་མར་ཁྲལ་འུ་ལག་རྒྱུག་ནས་ཁྲལ་ཞིང་འདེབས་དགོས་པ་དང་། ཞིང་བྲན་ངལ་ནུས་ཤོར་ཚེ་ཕྱུགས་རིགས་དང་། ཞིང་ལས་ཡོ་བྱད། ཁྲལ་ཞིང་བཅས་བསྡུས་ནས་བྲན་གཡོག་ཏུ་གྱུར་གྱི་ཡོད། མངའ་བདག་ཆེན་པོ་གསུམ་གྱིས་ད་དུང་ཞིང་བྲན་ཚོ་རང་སྒེར་གྱི་རྒྱུ་ནོར་ལྟར་རྒྱན་དུ་འཇོག་པ་དང་། བུན་ཚབ་ཏུ་སྤྲོད་པ། སྐྱེས་སུ་འབུལ་བ། ནང་བཤུག་གཏོང་བ། ཉོ་ཚོང་བྱེད་པ་བཅས་རང་སྣང་གང་ཤར་བྱེད་ཀྱི་ཡོད། 1943ལོར་སྐུ་དྲག་ཆེན་པོ་ཞིག་གིས་ཞིང་བྲན་100འབྲི་གུང་ཁུལ་གྱི་བཀའ་འབྲུག་ཁང་གསར་གྱི་སེར་དཔོན་ལ་བཙོངས་ཤིང་། ཞིང་བྲན་རེ་རེའི་རིན་གོང་བོད་དངུལ་སྲང་60རེ (རྡ་ཡང་4ཡིན་པ )བྱས། གཞན་ཡང་ཁོ་པས་ད་དུང་ཞིང་བྲན་400ཀུན་བདེ་གླིང་དགོན་པར་ཊམ་རྡོ་3000ཡི་བུན་དོད་དུ་སྤྲད། ཞིང་བྲན་གཉེན་སྒྲིག་བྱེད་པར་ངེས་པར་དུ་མངའ་བདག་གི་མོས་མཐུན་ཐོབ་དགོས། ཞིང་བྲན་བདག་པོ་གཅིག་མིན་པའི་ཞིང་བྲན་ཕོ་མོ་ཟུང་གཉེན་སྒྲིག་བྱས་ན “རང་ལུས་བླུ་དངུལ ”སྤྲོད་དགོས། ཞིང་བྲན་ལ་ཕྲུ་གུ་སྐྱེས་ཚེ་མངའ་བདག་གི་སར་སྐྱེ་ཁྲལ་འཇལ་དགོས་པ་དང་དེབ་ཐོར་བཀོད་དེ་ཚེ་གང་ཞིང་བྲན་བྱ་རྒྱུའི་ལས་དབང་ལས་མ་འདས། གལ་ཏེ་ཞིང་བྲན་ཡུལ་གཞན་དུ་གྱར་ནས་འཚོ་བ་སྐྱེལ་དགོས་ཚེ་དེ་སྔོན་གྱི་མངའ་བདག་ལ “མི་ཁྲལ ”སྤྲད་ནས་ཁྲལ་འཇལ་དཔང་རྟགས་བྱུང་ཚེ་གཞི་ནས་བྲོས་བྱོལ་དུད་ཚང་དུ་བརྩི་གི་མེད་པ་རེད། ཞིང་བྲན་ལ་མི་ལུས་རང་དབང་ཅི་ཡང་མེད་པས་མིའི་ལ་རྒྱ་ཟེར་བ་དེ་བས་སྤྲོས་བྲལ་རེད། ཞིང་བྲན་བདག་པོའི་གདུག་རྩུབ་ཀྱི་བཤུ་གཞོག་འོག་རྒྱ་ཆེའི་ཞིང་བྲན་དང་བྲན་གཡོག་ཡིད་མུག་ནས “གངས་རི་མར་ལ་གྱུར་ཀྱང་། དབང་ཆེན་དཔོན་པོར་བདག་སོང་། གཙང་ཆུ་འོ་མར་གྱུར་ཀྱང་། ཧུབ་གང་འཐུང་དབང་མི་འདུག ལུས་པོ་ཕ་མས་སྦྱིན་ཡང་། བདག་པོ་དཔོན་པོས་བརྒྱབ་སོང་། ཚེ་སྲོག་ལུས་པོ་ཡོད་ཀྱང་། རང་ལུས་རང་དབང་མི་འདུག ”ཅེས་སྨྲེ་ངག་འདོན་རྒྱུ་ལས་མ་འདས།
ངོ་ལོག་ཟིང་འཁྲུག་ཞོད་འཇགས་སུ་གཏོང་བ་དང་དམངས་གཙོའི་བཅོས་སྒྱུར་ནང་སྔ་རྗེས་སུ་ཞིང་ཁུལ་དང་། འབྲོག་ཁུལ། གྲོང་རྡལ། དགོན་སྡེ་བཅས་སུ་མངའ་བདག་ཆེན་པོ་གསུམ་གྱི་བཀས་བཀོད་རྒྱུད་འཛིན་གྱི་ཁྱད་དབང་དང་ཞིང་བྲན་གྱི་མི་ལུས་མངའ་བདག་ལ་བརྟེན་པའི་འབྲེལ་བ་མེད་པར་བཟོས་པ་རེད།
1965ལོར་བོད་རང་སྐྱོང་ལྗོངས་བཙུགས་པ་དེའི་ཐོག་ནས་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་དེ་བོད་དུ་སྒོ་ཀུན་ནས་དངོས་སུ་བཙུགས་པ་མཚོན་པ་དང་བོད་ཀྱི་སྤྱི་ཚོགས་ལམ་ལུགས་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་མངོན་འགྱུར་བྱུང་ནས་བོད་མི་དམངས་རྣམས་དུས་དེ་ནས་བཟུང་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་གདུག་རྩུབ་ཆེ་བའི་གཉའ་གནོན་རྩ་བ་ནས་མཇུག་འགྲིལ་ཏེ་རང་ཁྱིམ་རང་བདག་གི་དུས་རབས་གསར་པ་ཤར་ནས་མི་རིགས་ས་ཁོངས་རང་སྐྱོང་དབང་ཆ་ལོངས་སུ་གང་ལེགས་སྤྱོད་ཐུབ་པ་བྱུང་ཡོད། མི་དམངས་ཀྱིས་དམངས་གཙོའི་འདེམས་བསྐོའི་བྱ་ཐབས་ལ་བརྟེན་ནས་མི་དམངས་ཀྱི་འཐུས་མི་བདམས་པ་དང་ཁྲིམས་ལྟར་རིམ་ཁག་མི་དམངས་འཐུས་མིའི་ཚོགས་ཆེན་བརྒྱུད་རྒྱལ་ཁབ་དང་ས་གནས་ཀྱི་ལས་དོན་དོ་དམ་ནང་ཞུགས་པའི་དབང་ཆ་སྤྱོད་རྒྱུ་ཡོད། བོད་ཀྱི་ཞིང་པའི་མཐུན་ཚོགས་ཀྱི་ཀྲུའུ་རེན་ཨང་དང་པོར་བདམས་པའི་ཉི་མ་ཚེ་རིང་ནི་དེ་སྔ་བོད་ས་གནས་སྲིད་གཞུང་གི་བཀའ་བློན་ཟུར་ཁང་དབང་ཆེན་དགེ་ལེགས་ཀྱི་གཞིས་ཀའི་ཞིང་བྲན་ཞིག་ཡིན། དབང་ཆེན་དགེ་ལེགས་ཀྱིས “ཉི་མ་ཚེ་རིང་ནི་ངའི་རྒྱུ་ནོར་ཡིན་པས་ངས་གང་འདོད་ལྟར་བྱས་ཆོག ”ཅེས་ཤོད་མྱོང་ཡོད། དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ཉི་མ་ཚེ་རིང་གིས་ད་ལྟ་བཅའ་ཁྲིམས་ཀྱིས་ངའི་མི་ལུས་རང་དབང་འགན་ལེན་བྱེད་པས་ང་རང་སུ་ཞིག་གི་སྒེར་གྱི་རྒྱུ་ནོར་མ་ཡིན་པས་འཚོ་བ་སྐྱིད་པོ་སྐྱེལ་ཆོག་ཅེས་བཤད།
2007ལོར་བོད་དུ་རང་སྐྱོང་ལྗོངས་དང་། ས་ཁུལ (གྲོང་ཁྱེར ) རྫོང་། ཤང (གྲོང་རྡལ )བཅས་རིམ་པ་བཞིའི་སྐབས་བརྗེའི་འདེམས་བསྐོའི་ཁྲོད་འདེམས་བསྐོའི་ནང་ཞུགས་ཚད་96.4%ཡན་ལོན་པ་དང་ས་གནས་ཁ་ཤས་སུ་འདེམས་བསྐོའི་ནང་ཞུགས་ཚད 100%ལོན་ཡོད། ཐད་ཀར་དང་བརྒྱུད་ནས་འདེམས་ཐོན་བྱུང་བའི་རིམ་བཞིའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་34000ལྷག་ཙམ་གྱི་ནང་དུ་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གིས 94%ཡན་བཟུང་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ནང་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་21ཡོད་པའི་ནང་འཐུས་མི་13ནི་བོད་རིགས་སྤྱི་དམངས་ཡིན་པ་དང་། མོན་པ་དང་ལྷོ་པ་རིགས་གཅིག་རེ་ཡོད། མིག་སྔར་རང་སྐྱོང་ལྗོངས་དང་། ས་ཁུལ (གྲོང་ཁྱེར ) རྫོང་བཅས་རིམ་པ་གསུམ་པོའི་རྒྱལ་ཁབ་ལས་ཁུངས་ཀྱི་གྲུབ་ཆའི་མི་སྣའི་ནང་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གི་སྤྱི་དམངས་ཀྱིས་77.97%ཟིན་ཡོད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་ཀྲུའུ་རེན་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཚང་མ་བོད་རིགས་སྤྱི་དམངས་ཀྱིས་འགན་འཁུར་གྱི་ཡོད། བོད་ཀྱི་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣས་ད་དུང་རིམ་ཁག་མི་དམངས་སྲིད་གྲོས་བརྒྱུད་ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གྲོས་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་ཀྱི་ཡོད། དོན་དངོས་ཀྱི་ཐོག་ནས་ཆོས་སྲིད་ཟུང་འབྲེལ་གྱི་བོད་ཪྙིང་པར་བོད་ཀྱི་མི་འབོར་གྱི་95%ཡན་བཟུང་བའི་མི་རྣམས “སྨྲ་ཤེས་པའི་ལག་ཆར ”གྱུར་བ་དང་། བོད་གསར་པར་མི་དམངས་རྣམས་སྤྱི་ཚོགས་ཀྱི་བདག་པོར་གྱུར་བ་ར་སྤྲོད་བྱུང་ཡོད།
(བཞི )བོད་ཪྙིང་པར་མངའ་བདག་གི་ཞིང་འདེབས། བོད་གསར་པར་རང་ཁྱིམ་གྱི་ཞིང་འདེབས།
བོད་ཪྙིང་པར་མངའ་བདག་ཆེན་པོ་གསུམ་གྱིས་བོད་ཀྱི་ས་ཞིང་དང་རྩྭ་ར་ཡོངས་རྫོགས་དང་ཕྱུགས་རིགས་ཕལ་ཆེ་བ་བདག་གིར་བཟུང་ཡོད། བོད་ཀྱི་མི་འབོར་གྱི་95%བཟུང་བའི་ཞིང་བྲན་དང་བྲན་གཡོག་ལ་ཐོན་སྐྱེད་རྒྱུ་ཆ་གང་ཡང་མེད་སྟབས་མངའ་བདག་ཆེན་པོ་གསུམ་གྱི་ཤས་ཞིང་དང་ཁྲལ་ཞིང་འདེབས་པ་དང་ཕྱུགས་རིགས་འཚོས་ནས་འཚོ་ཐབས་བྱེད་ཀྱི་ཡོད།
གཞིས་ཀའི་ནང་དུ་ཞིང་བྲན་བདག་པོས་ས་ཞིང་ཁག་གཉིས་སུ་བགོས་ཡོད་པ་སྟེ། མང་ཆེ་བ་ནི་ཞིང་བྲན་བདག་པོའི་སྒེར་ཞིང་ཡིན་པ་དང་། ཉུང་ཤས་ཤིག་ནི་བྲན་བཀོལ་ཆ་རྐྱེན་དུ་བྱས་ནས་ཞིང་བྲན་ལ་བགོས་པའི “ཤས་ཞིང ”དང “ཁྲལ་ཞིང ”ཡིན། ཤས་ཞིང་དང་ཁྲལ་ཞིང་ཐོབ་ཆེད་ཞིང་བྲན་ཚོས་རང་ཉིད་ཀྱི་ལག་ཆ་དང་ཟ་འབྲུ་འཁུར་ནས་ཞིང་བྲན་བདག་པོའི་སྒེར་ཞིང་ནང་གླ་རིན་པ་མེད་པར་ངལ་རྩོལ་བྱེད་དགོས་ཀྱི་ཡོད། གླ་རིན་པ་མེད་པའི་ངལ་རྩོལ་དེ་དག་ནི་ཞིང་བྲན་བདག་པོར་འཇལ་བའི་ས་བོགས་ལས་ཁྲལ་ཡིན། ཤས་ཞིང་ནས་ཞིང་བྲན་ལ་ཐོབ་པའི་འབྲུ་རིགས་མང་ཆེ་བ་མཐའ་མར་ཡང་མངའ་བདག་གིས་བསྡུ་གི་ཡོད། ལོ་གཅིག་ལ་ཁྲལ་པར་ཐོབ་པ་རྒྱ་མ་ཉིས་བརྒྱ་སུམ་བརྒྱ་ཙམ་ལས་མེད། དེས་རང་ཁའང་གསོ་མི་ཐུབ་སྟབས་གཙོ་བོ་རི་སྐྱེས་སྔོ་ཚལ་སོགས་ནང་འབྲུ་རིགས་ཏོག་ཙམ་བསྲེས་ནས་འཚོ་བ་སྐྱེལ་གྱི་ཡོད། ལས་ཁྲལ་ལ་བརྟེན་ནས་ས་བོགས་ལྗིད་པོ་འཇལ་དགོས་པ་ཕུད་ཞིང་བྲན་གྱིས་ད་དུང་ངེས་པར་དུ་རིགས་འདྲ་མིན་སྣ་ཚོགས་ཀྱི་ཁྲལ་འཇལ་དགོས་ཀྱི་ཡོད།
དམངས་གཙོའི་བཅོས་སྒྱུར་བྱས་ནས་ས་ཞིང་དང་རྩྭ་ར་སོགས་ཐོན་སྐྱེད་རྒྱུ་ཆ “མངའ་བདག་ཆེན་པོ་གསུམ ”གྱིས་བདག་དབང་དུ་འཛིན་པའི་དཔལ་འབྱོར་ལམ་ལུགས་མེད་པར་བཟོས་པ་རེད། བཅོས་སྒྱུར་བྱེད་སྐབས་ཞིང་ཁུལ་དུ “ངོ་རྒོལ་གསུམ་དང་ཆག་ཡང་གཉིས ”སྤེལ་བ་དང་། ཞིང་པའི་མཐུན་ཚོགས་བཙུགས་ནས་ས་ཞིང་བཅོས་སྒྱུར་དང་བགོ་བཤའ་བརྒྱབ། 1959ལོར་ལྷ་ས་དང་ལྷོ་ཁ་སོགས་སུ་ནང་བཟན་ཁྲི་གཉིས་ལྷག་ཙམ་བཅིངས་འགྲོལ་བཏང་ནས་ཁོང་ཚོར་ཁྱིམ་གཞིས་འཛུགས་བྱེད་དུ་འབྲུ་རིགས་སྤྱི་རྒྱ་ཁྲི་1624བགོས་པ་དང་ད་དུང་ཁང་པ་དང་ཞིང་ལས་ཡོ་བྱད་དང་འཚོ་བའི་མཁོ་བྱད་ཀྱང་སྤྲད། 1960ལོའི་ཟླ 10པར་བོད་ཡོངས་སུ་ས་ཞིང་བཅོས་སྒྱུར་སྤྱིར་ན་ལེགས་གྲུབ་བྱུང་ཡོད། ཞིང་བྲན་བདག་པོའི་ས་ཞིང་མུའུ་ཁྲི 280ལྷག་ཙམ་གཞུང་བཞེས་དང་བླུ་ཉོ་བྱས་ཏེ་ས་ཞིང་མེད་པའི་ཞིང་བྲན་དང་བྲན་གཡོག་དུད་ཚང་ཁྲི 20དང་མི་ཁྲི 80ལ་བགོས་པ་དང་། 1961ལོའི་ལོ་འགོར་ས་ཞིང་བདག་དབང་ལག་འཁྱེར་སྤྲད་པ་རེད། འབྲོག་ཁུལ་དུ་ངོ་ལོག་ཟིང་འཁྲུག་ལ་ངོ་རྒོལ་དང་། འུ་ལག་ལ་ངོ་རྒོལ། བྲན་བཀོལ་ལ་ངོ་རྒོལ་བཅས་དང་འབྲོག་པ་དང་འབྲོག་བདག་གཉིས་ཀར་ཁེ་ཕན་ཐོབ་པའི “ངོ་རྒོལ་གསུམ་དང་ཁེ་ཕན་གཉིས ”ཀྱི་ལས་འགུལ་སྤེལ་ནས། མངའ་བདག་གི་ཁྱད་དབང་མེད་པར་བཟོས་པ་དང་། མི་དམངས་ཀྱི་སྲིད་དབང་བཙུགས་པ། མང་ཚོགས་ཀྱི་འཚོ་བ་བཀོད་སྒྲིག་ཡག་པོ་བཅས་བྱས་པས་འབྲོག་ལས་དཔལ་འབྱོར་བསྐྱར་གསོ་དང་འཕེལ་རྒྱས་གང་མགྱོགས་བྱུང་བ་རེད། 1961ལོའི་ལོ་སྟོད་དུ་བོད་ཀྱི་འབྲོག་ཁུལ་གྱི་མི་འབོར་ཁྲི 28ནང་གི་མི་ཁྲི་25ཁྲོད་དུ “ངོ་རྒོལ་གསུམ་དང་ཁེ་ཕན་གཉིས ”ཀྱི་ལས་འགུལ་སྤེལ་བ་དང་འབྲེལ་མི་འབོར་ཁྲི་21ཡོད་པའི་ས་ཁུལ་དུ “ངོ་རྒོལ་གསུམ་དང་ཁེ་ཕན་གཉིས ”ཀྱི་ལས་འགུལ་ལེགས་གྲུབ་བྱུང་བ་རེད། 1961ལོའི་ལོ་མཇུག་ཏུ་ལྗོངས་ཡོངས་ཀྱི་ཕྱུགས་རིགས་དཀར་ནག་ཁྲི་1205ལོན་ནས་ངོ་ལོག་ཟིང་འཁྲུག་ཞོད་འཇགས་མ་བཏང་གོང་གི་ལོ་གང་རུང་ལས་ལྷག་པ་བྱུང་ཡོད། གྲོང་ཁྱེར་དང་གྲོང་རྡལ་དུ་ངོ་ལོག་ཟིང་འཁྲུག་ལ་ངོ་རྒོལ་དང་། བཀས་བཀོད་རྒྱུད་འཛིན་ལམ་ལུགས་ལ་ངོ་རྒོལ། བཀས་བཀོད་རྒྱུད་འཛིན་གྱི་བཤུ་གཞོག་ལ་ངོ་རྒོལ། བཀས་བཀོད་རྒྱུད་འཛིན་གྱི་ཁྱད་དབང་ལ་ངོ་རྒོལ་བཅས་དང་བོགས་སྐྱེད་ཆག་ཡང་དུ་གཏོང་བའི “ངོ་རྒོལ་བཞི་དང་ཆག་ཡང་གཉིས ”ཀྱི་ལས་འགུལ་སྤེལ་བ། ལག་ཤེས་བཟོ་ལས་དང་ཁྲོམ་རའི་དོ་དམ་ལ་ཤུགས་སྣོན་བརྒྱབ། དབུལ་པོ་དང་འཁྱམ་པོ་བཀོད་སྒྲིག་བྱས་པ་དང་། ལས་ཞུགས་དང་ཐོན་སྐྱེད་བྱ་རྒྱུ་སྒྲིག་འཛུགས་བྱས་པ། ལག་ཤེས་བཟོ་ལས་ལ་རོགས་སྐྱོར་བྱས་པ། གྲོང་ཁྱེར་དང་གྲོང་གསེབ་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་དངོས་ཟོག་བརྗེ་རེས་ལ་ཤུགས་སྣོན་བརྒྱབ་པ། ཁྲོམ་རར་དོ་དམ་བཅས་བྱས་པ་རེད། དམངས་གཙོའི་བཅོས་སྒྱུར་བྱས་པ་བརྒྱུད་སྔོན་ཆད་ཁང་པ་དང་ས་ཞིང་སྦར་མོ་གང་ཡང་མེད་པའི་རྒྱ་ཆེའི་ཞིང་བྲན་དང་། བྲན་གཡོག གྲོང་རྡལ་གྱི་དབུལ་པོ་བཅས་ལ་ས་ཞིང་དང་ཕྱུགས་རིགས་རག་པ་དང་རང་ཉིད་ལ་དབང་བའི་བཟོ་ཁང་དང་བཟོ་གྲྭ་ཡོད་པས་བདེ་སྡོད་ལས་བརྩོན་གྱི་འཚོ་བ་གསར་པ་སྐྱེལ་རྒྱུ་བྱུང་བ་དང་རང་ཉིད་ཀྱི་ངལ་རྩོལ་འབྲས་བུ་རང་ཉིད་ལ་དབང་བ་དང་འབྲེལ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སུ་གང་ལེགས་སྤྱོད་རྒྱུ་བྱུང་བ་རེད།
(ལྔ )བོད་ཪྙིང་པར་ཞིང་བྲན་ཚོ་དབུལ་ཐག་ཆོད་ནས་འཁྱེར་རྒྱུ་རང་གི་གྲིབ་གཟུགས་ལས་མེད་པ་དང་། བོད་གསར་པར་མི་རིགས་ཁག་གི་མང་ཚོགས་རྣམས་གཞི་རྩའི་ཆར་འབྱོར་འབྲིང་འཚོ་བ་སྐྱེལ་རྒྱུ་བྱུང་ཡོད།
བོད་ཪྙིང་པར་ཞིང་བྲན་དང་བྲན་གཡོག་ཚོ་དབུལ་ཐག་ཆོད་ནས་འཁྱེར་རྒྱུ་རང་གི་གྲིབ་གཟུགས་ལས་མེད་པའི་རྩ་བའི་རྒྱུ་རྐྱེན་ནི་ཁོང་ཚོར་ས་ཞིང་དང་། རྩྭ་ར། ཕྱུགས་ཟོག་སོགས་ཐོན་སྐྱེད་རྒྱུ་ཆ་མེད་ཁར་ད་དུང་ཁྲལ་དང་འུལ་རྒྱུག་དགོས་པ་དང་སྐྱེད་ལྕིའི་བུ་ལོན་འཇལ་དགོས་པ་སོགས་གདུག་རྩུབ་ཆེ་བའི་བཤུ་གཞོག་མྱོང་དགོས་པའི་དབང་གིས་རེད།
ཁྲལ་དང་འུ་ལག་ནི་འུ་ལག་རྒྱུག་པ་དང་། ཁྲལ་འཇལ་བ། ས་ཞིང་བོགས་མར (ཕྱུགས་རིགས )ལེན་པ་བཅས་ཚུད་པའི་གོ་དོན་རྒྱ་ཆེ་ལྡན་པའི་ཁྲལ་དང་འུ་ལག་འཇལ་ལུགས་ཀྱི་སྤྱི་མིང་ཞིག་ཡིན། བོད་ཪྙིང་པའི་ས་གནས་སྲིད་གཞུང་ལ་ཁྲལ་དང་འུ་ལག་རིགས་200ལྷག་ཙམ་ཡོད་པ་དང་། ཞིང་བྲན་གྱིས་ས་གནས་སྲིད་གཞུང་དང་གཞིས་ཀའི་བདག་པོར་འཇལ་བའི་ཁྲལ་དེ་སྤྱིར་ན་ཞིང་བྲན་དུད་ཚང་གི་ངལ་རྩོལ་འབོར་ཚད་ཀྱི 50%ཡན་བཟུང་བ་དང་མཐོ་ཤོས་ལ་70%ནས་ 80%བར་བཟུང་གི་ཡོད། ཁྲལ་དང་འུ་ལག་ལ་ཕྱི་ཁྲལ་དང་ནང་ཁྲལ་གྱི་དབྱེ་བ་ཡོད་པ་སྟེ། ནང་ཁྲལ་ནི་ཞིང་བྲན་གྱིས་རང་བརྟེན་སའི་མངའ་བདག་དང་མངའ་ཚབ་ལ་འཇལ་བའི་ཁྲལ་རིགས་ཡིན། ཕྱི་ཁྲལ་ནི་ཞིང་བྲན་གྱིས་བོད་ས་གནས་སྲིད་གཞུང་དང་དེའི་གཤམ་འོག་ལས་ཁུངས་ལ་འཇལ་རྒྱུའི་ཁྲལ་ཡིན་པ་དང་། དེའི་ནང་ཞིང་བྲན་གྱི་ཁུར་པོ་ལྕི་ཤོས་ནི་རྟ་ཁལ་གྱི་ཁྲལ་རྒྱུག་རྒྱུ་དེ་ཡིན། བོད་ནི་ས་རྒྱ་ཆེ་ཞིང་མི་འབོར་ཉུང་བ་དང་། འགྲིམ་འགྲུལ་སྟབས་མི་བདེ་བས་དངོས་ཟོག་སྣ་ཚོགས་མི་ཕྱུགས་ལ་བརྟེན་ནས་དབོར་དགོས་ཀྱི་ཡོད། ཞིང་བྲན་གྱིས་ལོ་དང་ལོ་བསྟུད་དེ་ལ་བརྒྱབ་ཀླུང་བརྒལ་བྱས་ནས་ས་གནས་སྲིད་གཞུང་ལ་རྟ་ཁལ་གྱི་ཁྲལ་འུ་ལག་རྒྱུག་དགོས་པའི་དཀའ་ཚེགས་དེ “ལྷམ་གྱི་མཐིལ་ཟད་ཟད་དང་། དུད་འགྲོ་རྒལ་རྨ་ཤོར་ཤོར ”ཅེས་པའི་གཏམ་དཔེ་ལྟར་ཡིན། ཕྱི་ཁྲལ་གྱི་བཟའ་བཅའ་དང་སྤྱོད་མཁོ་ཚང་མ་མངའ་བདག་ཆེན་པོ་གསུམ་གྱི་དགོས་མཁོར་གཞིགས་ནས་འཇལ་དགོས་ཀྱི་ཡོད། མར་དང་། འབྲུ། མེ་ཤིང་། གཟན་ཆག་སོགས་རིན་མེད་ངང་འཇལ་དགོས་པའི་ཁྲལ་དེ་རྒྱ་ཆེའི་ཞིང་བྲན་ཚོའི་ལུས་ཐོག་གི་ཁུར་པོ་ཚབས་ཆེན་ལ་གྱུར་ཡོད། ལྷོ་ཁ་ས་ཁུལ་སྣེ་གདོང་རྫོང་གི་ཡར་ལུང་གཙང་འགྲམ་དུ་གནས་པའི་ཁེ་གསུམ་གཞིས་ཀ་ནི་སྐུ་དྲག་ཆེན་པོ་ཟུར་ཁང་དབང་ཆེན་དགེ་ལེགས་ཀྱི་གཞིས་ཀའི་གྲས་ཤིག་རེད། དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་གཞིས་ཀ་དེར་ཞིང་བྲན་དུད་ཁྱིམ་59དང་མི་གྲངས་302 ས་ཞིང་མུའུ་1200ཡོད། ལོ་ལྟར་གཞིས་བདག་ཟུར་ཁང་དང་དེའི་མངའ་ཚབ་ཀྱིས་བཙན་འགེལ་བྱས་པའི་ཁྲལ་རིགས་18དང་འུ་ལག་སྣ་ཁ་14དག་སྒྲུབ་པར་ངལ་རྩོལ་ཉིན་གྲངས་26800ཟིན་གྱི་ཡོད། བོད་ས་གནས་སྲིད་གཞུང་གིས་བཙན་འགེལ་བྱས་པའི་ཁྲལ་རིགས་9དང་འུ་ལག་སྣ་ཁ་10དག་སྒྲུབ་པར་ངལ་རྩོལ་ཉིན་གྲངས་2700ལྷག་ཙམ་ཟིན་གྱི་ཡོད། རི་བོ་ཆོས་གླིང་དགོན་པའི་ཁྲལ་རིགས་9དང་འུ་ལག་སྣ་ཁ་3དག་སྒྲུབ་པར་ངལ་རྩོལ་ཉིན་གྲངས་900ལྷག་ཙམ་ཟིན་གྱི་ཡོད། མངའ་བདག་ཆེན་པོ་གསུམ་གྱིས་ལོ་ལྟར་ཁེ་གསུམ་གཞིས་ཀའི་ཞིང་བྲན་ས་ནས་འབྲུ་རྒྱ་མ་233520དང་། རྩམ་པ་རྒྱ་མ་4984 གྲོ་ཞིབ་རྒྱ་མ་66 སྣུམ་རྒྱ་མ་1180 མར་རྒྱ་མ་368 བྱ་སྒོང་ངོ་གྲངས་6380 བ་གླང་མགོ་གྲངས 1 རྔ་མ་22 ལུག་3 བལ་རྒྱ་མ་154 རྩྭ་རྒྱ་མ་3200 སོ་མ་ར་ཙའི་པགས་པ་དང་ཡོ་འབོག་རྒྱ་མ་1800རེ། ཆང་ཚོས་10 ཁ་བཏགས་42བཅས་ཧམ་བསྡུ་བྱེད་ཀྱི་ཡོད་པ་དངུལ་ལ་ཕབ་ན་དངུལ་སྲང་14900ལྷག་ཙམ་ཟིན་གྱི་ཡོད། དེ་འདྲའི་ཁྲལ་དང་འུ་ལག་ལྕི་པོ་རྒྱུག་རྒྱུ་དེ་གཞིས་ཀ་དེའི་ངལ་རྩོལ་ནུས་ཤུགས་140ཡི་ལུས་ཐོག་ཏུ་བཀལ་ན་ངལ་རྩོལ་ནུས་ཤུགས་རེས་ཆ་སྙོམས་ལོ་རེར་མངའ་བདག་ཆེན་པོ་གསུམ་ལ་གླ་རིན་མེད་པར་ངལ་རྩོལ་ཉིན་གྲངས་210ལྷག་ཙམ་བྱེད་དགོས་པ་དང་། འབྲུ་རིགས་རྒྱ་མ་1600ལྷག་ཙམ་སྤྲོད་དགོས་པ་དང་དངུལ་སྲང་100འཇལ་དགོས་ཀྱི་ཡོད་པས་དེ་ཐོག་ནས་མངའ་བདག་ཆེན་པོ་གསུམ་གྱིས་ཞིང་བྲན་ལ་བཤུ་གཞོག་ཇི་འདྲ་གཏོང་བ་རགས་ཙམ་མཐོང་ཐུབ།
བོད་ཀྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་སྤྱི་ཚོགས་ནང་། ཞིང་བྲན་གྱིས་ཡང་སྙིང་ཁྲལ་དང་འུ་ལག་མང་ཉུང་གང་འདྲ་ཞིག་རྒྱུགས་དགོས་པ་དེ་དོན་དངོས་ཐོག་མངའ་བདག་ཆེན་པོ་གསུམ་གྱིས་གང་བཤད་ཡིན་པས་ཞིང་བྲན་བདག་པོའི་འདོད་བློ་ནི་ཁྲལ་དང་འུ་ལག་རྒྱུག་པའི་གཞི་འཛིན་ས་ཡིན། “བདག་པོར་གང་དགོས་ཁྲལ་ལ་ཡོད། ཐོན་རྫས་གང་ཐོན་ཁྲལ་འཇལ་དགོས། འུ་ལག་མགོ་བོའི་སྐྲ་བཞིན་མང་། ཆུ་མོའི་གཉེར་བཞིན་ཁྲལ་རྒྱུན་མི་ཆད ”ཅེས་གཏམ་དཔེར་བཤད་སྲོལ་ཡོད་པ་ལྟར་རེད།
བོད་ཪྙིང་པར་མངའ་བདག་ཆེན་པོ་གསུམ་ནི་སྐྱེད་ལྕིའི་བུ་ལོན་ཆེ་ཆུང་གི་བཤུ་གཞོག་གཏོང་མཁན་ཞིག་ཡིན། ཏཱ་ལའི་བླ་མ་ན་རིམ་གྱིས་རང་ཉིད་ཀྱི་བུ་ལོན་དོ་དམ་བྱེད་མཁན་ཆེད་དོན་སྒྲིག་གཞི་བཙུགས་ཡོད་པ་དང་། ལོ་ལྟར་ཏཱ་ལར་ཕུལ་བའི་ཡོང་འབབ་དེ་མང་ཚོགས་ལ་སྐྱེད་ལྕིའིབུ་ལོན་དུ་བཏང་སྟེ་ཁེ་བཟང་ཆེན་པོ་ཟ་གི་ཡོད། བོད་ས་གནས་སྲིད་གཞུང་གིས་བུ་ལོན་གཏོང་བའི་སྒྲིག་གཞི་བཙུགས་ཏེ་བུ་ལོན་གཏོང་བ་དང་། སྐྱེད་ཁ་བསྡུ་རྒྱུ་དེ་དཔོན་རིགས་ཁག་གི་སྲིད་འཛིན་འགན་འཁྲིར་གྱུར་ཡོད། བོད་ཀྱི་དགོན་སྡེ་ཧ་ཅང་མང་པོ་ཞིག་གིས་ཀྱང་བུ་ལོན་གཏོང་གི་ཡོད། སྐྱེད་ལྕིའི་བུ་ལོན་བཏང་བའི་ཡོང་འབབ་ཀྱིས་གདན་ས་གསུམ་གྱི་སྤྱིའི་ཡོང་འབབ་ཀྱི་25%—30%བར་ཟིན་གྱི་ཡོད། སྒེར་པ་མི་དྲག་ཆེས་མང་ཆེ་བས་ཀྱང་སྐྱེད་ལྕིའི་བུ་ལོན་གཏོང་བ་དང་། བུ་ལོན་དང་སྐྱེད་ལྕིའི་ཡོང་འབབ་དེས་ཁོ་པ་ཚོའི་ཁྱིམ་ཚང་གི་ཡོང་འབབ་ནང་སྤྱིར་ན་15%ཟིན་གྱི་ཡོད། ཞིང་བྲན་ཚོ་འཚོ་བའི་ཆེད་དུ་བུ་ལོན་མ་བླངས་ཀ་མེད་ཡིན་པ་དང་བུ་ལོན་འཇལ་མི་ཐུབ་པའི་ཞིང་བྲན་གྱིས་ཞིང་བྲན་དུད་ཚང་གྱི་90%ཡན་བཟུང་ཡོད། ཞིང་བྲན་ཚོས་འཇལ་དགོས་པའི་བུ་ལོན་ནི་བུན་གསར་དང་། བུ་ཚའི་བུ་ལོན། ཁག་ཐེག་བུ་ལོན་བསྟུད་མ། མཉམ་བགོས་བུ་ལོན་སོགས་ལ་ཕྱེ་བའི་ནང་1/3ཡན་ནི་བུ་ཚའི་བུ་ལོན་ཡིན་པ་དེ་ཡང་བུ་ལོན་ཪྙིང་པ་ཟེར་བ་དང་། དེ་ནི་མི་རབས་ནས་མི་རབས་བར་ཆད་པའི་བུ་ལོན་ཞིག་རེད། བུ་ལོན་དེ་རིགས་ནི་སྐྱེད་ཁའི་སྒང་ལ་སྐྱེད་ཁ་བསྣན་པས་ཇི་སྲིད་བར་འཇལ་ཐབས་བྲལ་བ་ཞིག་རེད། མལ་གྲོ་གུང་དཀར་རྫོང་རིན་ཆེན་སྒང་ཤང་གི་ཞིང་པ་ཚེ་རིང་མགོན་པོར་མི་རྣམས་ཀྱིས “ཁལ་འབུམ ”ཞེས་བརྗོད་ཀྱི་ཡོད། ཁོང་གི་སྤོ་བོས་སེ་ར་དགོན་ནས་འབྲུ་ཁལ་ལྔ་བཅུ་བུ་ལོན་དུ་བླངས་པ་དང་སྤོ་བོ་དང་། ཕ། ཁོང་བཅས་མི་རབས་གསུམ་གྱིས་སྐྱེད་ཁ་ལོ་77འཇལ་བར་བསྡོམས་སྐྱེད་ཁ་འབྲུ་ཁལ་3000ལྷག་ཙམ་འཇལ་ཡོད་རུང་དགོན་པ་ནས་ད་དུང་ཁོང་ལ་འབྲུ་ཁལ་འབུམ་ཆད་བཞག་ཅེས་བཤད། གདོང་དཀར་རྫོང་དུ་བསྟན་འཛིན་ཟེར་བའི་ཞིང་བྲན་ཞིག་ཡོད་པ་དེས་1941ལོར་ཞིང་བྲན་བདག་པོའི་ས་ནས་ནས་ཁལ་1གཡར་བ་དང་། 1951ལོར་སླེབས་སྐབས་ཞིང་བྲན་བདག་པོས་ཁོང་ལ་ཁལ་600འཇལ་དགོས་ཞེས་བཤད་པས་བྲོས་བྱོལ་དུ་མི་འགྲོ་ཀ་མེད་བྱུང་བ་དང་། བཟའ་ཟླ་ནི་དེའི་དབང་གིས་ཤི་བ་དང་། ལོ་7ལ་སླེབས་པའི་བུ་བུ་ལོན་གྱི་ཚབ་ཏུ་བཟུང་བ་རེད། ཁྲལ་འུ་ལག་དང་སྐྱེད་ལྕིའི་བུ་ལོན་གྱི་བཤུ་གཞོག་འོག་ཞིང་བྲན་ཁྲི་ཚོ་བརྒྱ་དབུལ་པོ་དབུལ་རྐྱང་དུ་གྱུར་པ་དང་འཚོ་བ་ཀྱང་སྐྱེལ་ཐབས་བྲལ་བར་གྱུར།
ཁྲལ་འུ་ལག་དང་སྐྱེད་ལྕིའི་བུ་ལོན་བཏང་བ་བརྒྱུད་མངའ་བདག་ཆེན་པོ་གསུམ་གྱིས་ཞིང་བྲན་གྱི་ངལ་རྩོལ་འབྲས་བུ་མང་ཆེ་བ་འཕྲོག་གི་ཡོད། དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་ཁྱིམ་རྒྱུད་ལ་བོད་དུ་གཞིས་ཀ་27དང་འབྲོག་ར་30ཡོད་ཁར་ཞིང་བྲན་6000ལྷག་ཙམ་ཡོད། ལོ་ལྟར་ཞིང་བྲན་གྱི་ལུས་ཐོག་ནས་བཙིར་གནོན་བྱས་པའི་ནས་ཁལ་ཁྲི་3.3ལྷག་ཙམ་དང་། མར་ཁལ་2500ལྷག་ཙམ། ཕྱུགས་རིགས་དཀར་ནག་300 སྣམ་བུ་བུབས་175 དངུལ་སྲང་ཁྲི་200བཅས་ཟིན་གྱི་ཡོད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་ཁོ་ནར་དར་གོས་སྣ་ཚོགས་དང་། ཐེར་མ་སྤུས་ལེགས། རྩ་ཆེའི་ལྤགས་རིགས་བཅས་ཀྱི་གྱོན་ཆས་ངོ་གྲངས་ཆིག་ཁྲི་ལྷག་ཙམ་ཡོད་པའི་ནང་ནོར་བུའི་རིགས་ཀྱིས་བརྒྱན་པའི་ཟླ་གམ་100ལྷག་ཙམ་ཡོད་པ་དང་། ཟླ་གམ་རེར་སྒོར་ཁྲི་ཕྲག་ཁ་ཤས་རེ་རི་གི་ཡོད། 1959ལོའི་བར་ཁོ་པ་རང་ཉིད་ལ་གསེར་སྲང་ཁྲི་16ལྷག་ཙམ་དང་། རྒྱ་དངུལ་སྲང་ཁྲི་9500 ནོར་བུའི་རིགས་ཆས་ཁྲི་2ལྷག་ཙམ་བཅས་ཡོད། དམངས་གཙོའི་བཅོས་སྒྱུར་གོང་ཁྲལ་འུ་ལག་དང་སྐྱེད་ལྕིའི་བུ་ལོན་གྱི་བཤུ་གཞོག་ཉིས་རྩེག་འོག་བོད་ཀྱི་ཞིང་འབྲོག་པའི་ཁྲོད་ཧ་ལམ་ཁྲལ་འཇལ་མི་དགོས་མཁན་གཅིག་ཀྱང་མེད།
དམངས་གཙོའི་བཅོས་སྒྱུར་བྱས་ནས་ཁོང་ཚོར་ས་ཞིང་དང་ཐོན་སྐྱེད་ཀྱི་རྒྱུ་ཆ་ཐོབ་རྗེས་གཞི་ནས་ཡོང་འབབ་ཁེ་གཙང་བྱུང་བ་དང་དེ་རྗེས་རྒྱུན་ཆད་མེད་པར་འཕར་ཡོད། དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་བོད་ཀྱི་ཞིང་འབྲོག་པར་རྩ་བའི་ཆ་ནས་ཡོང་འབབ་མེད་པ་ནས་1978ལོར་ཆ་སྙོམས་མི་རེར་ཡོང་འབབ་ཁེ་གཙང་སྒོར་175བྱུང་བ་དང་། 1985ལོར་ཞིང་འབྲོག་པ་མི་རེར་ཆ་སྙོམས་ཡོང་འབབ་ཁེ་གཙང་ཐེངས་དང་པོར་སྒོར་500ལ་སླེབས་ཡོད། 1997ལོར་སྒོར་1000ཡི་འགག་སྒོ་ཆེན་པོ་ལས་བརྒལ་བ་དང་། 2005ལོར་སྒོར་2000གི་འགག་སྒོ་ཆེན་པོ་ལས་བརྒལ་བ། 2008ལོར་སྒོར་3176ཟིན་པ་དེ་1978ལོ་ལས་སྒོར་3001འཕར་བ་དང་ལོ་རེར་ཆ་སྙོམས་བརྒྱ་ཆ་བཅུ་ཡན་འཕར་ཡོད་པ་དང་། ལྷག་དོན་དུ་2002ལོ་ནས་བཟུང་བོད་ཀྱི་ཞིང་འབྲོག་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་ལོ་རེར་12.3%འཕར་ཡོད། 1978ལོར་བོད་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་རེར་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་565ལས་མེད་པ་དང་། 1986ལོར་སྒོར་1000ལས་བརྒལ་བ་དང་། 1996ལོར་སྒོར་5000ཟིན་པ། 2007ལོར་སྒོར་10000ཡི་འགག་སྒོ་ཆེན་པོ་ལས་བརྒལ་བ། 2008ལོར་སྒོར་12482ཟིན་པ་དེ་1978ལོ་ལས་ལྡབ་22འཕར་ཡོད། སྲིད་གཞུང་གིས “ལོ་ལྔ་ཚན་བཅུ་གཅིག་པའི ”(2006ལོ་ནས་2010ལོའི་བར )རིང་བདེ་སྡོད་ལས་གྲྭ་གཉེར་ནས་ཞིང་འབྲོག་པ་80%བདེ་འཇགས་དང་སྤྱོད་གོ་ཆོད་པའི་ཁང་པར་སྤོ་ཐུབ་པ་བྱུང་ཞིང་། ལས་གྲྭ་གཉེར་ཚུན་ཁྱོན་བསྡོམས་དུད་ཚང་ཁྲི་23དང་མི་གྲངས་ཁྲི་120ཁང་པ་གསར་པར་སྡོད་རྒྱུ་བྱུང་ཡོད། 2008ལོར་གྲོང་གསེབ་ཀྱི་ཡུལ་མི་རེའི་ཆ་སྙོམས་སྡོད་ཁང་གི་རྒྱ་ཁྱོན་སྤྱི་ཁྲེ་གྲུ་བཞི་གྲུ་མ་22.83དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་རེའི་ཆ་སྙོམས་སྡོད་ཁང་གི་རྒྱ་ཁྱོན་སྤྱི་ཁྲེ་གྲུ་བཞི་མ་33ཟིན་ཡོད། འོན་ཀྱང་དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་ཞིང་འབྲོག་པའི་སྡོད་ཁང་གི་ཆ་རྐྱེན་ཧ་ཅང་ཞན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་རེར་ཆ་སྙོམས་སྤྱི་ཁྲེ་གྲུ་བཞི་མ་3ཡང་ཟིན་གྱི་མེད།
(དྲུག )བོད་ཪྙིང་པར་འུ་ཐུག་ནས་གྲྭ་བཙུན་བྱས། བོད་གསར་པར་ཆོས་དད་རང་མོས་ཡིན།
ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་འོག་བོད་ཪྙིང་པར་ཆོས་ནི་ཆོས་དད་ཀྱི་གནད་དོན་རྐྱང་པ་ཞིག་གཏན་ནས་མིན་པར་སྲིད་དབང་དང་འབྲེལ་བ་དམ་ཟབ་ཡོད་པས་དེ་ནི་རྒྱ་ཆེའི་ཞིང་བྲན་ཚོར་སྲིད་དབང་སྒེར་འཛིན་བྱེད་པའི་ལག་ཆ་ཞིག་ཏུ་གྱུར་ཡོད། ཆོས་སྲིད་ཟུང་འབྲེལ་གྱི་བོད་ཪྙིང་པར་དགོན་པས་ཕྱོགས་གཅིག་ནས་སྲིད་འཛིན་དབང་ཆ་སྤྱད་དེ་རྒྱ་ཆེའི་མི་དམངས་ལ་གདུག་རྩུབ་ཆེ་བའི་དབང་སྒྱུར་བྱེད་ཅིང་། དགོན་པར་ཆབ་སྲིད་དང་དཔལ་འབྱོར་ཐད་གཞན་གྱིས་བསྡུར་ཐབས་བྲལ་བའི་དམིགས་བསལ་གྱི་དབང་ཆ་ཡོད། ད་དུང་དགོན་པ་ཁ་ཤས་སུ་བཙོན་ཁང་དང་ཁྲིམས་ཁང་བཙུགས་ཡོད་པ་དང་ཁྲིམས་ཆས་སྣ་ཚོགས་ཡོད་ལ་དྲག་ཆས་སྤྲས་པའི་གྲྭ་པ་ཡང་ཡོད། བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་དུ་ཉར་ཚགས་བྱས་པའི་ལོ་རབས་ལྔ་བཅུ་པའི་ལོ་འགོར་འགོ་པ་རབ་བརྟན་ལ་ཕུལ་བའི་ཡི་གེའི་ནང “ཆེད་དོན། སྤྱི་ནོར་གོང་ས་སྐྱབས་དགོན་ཆེན་པོའི་སྐུ་ཕྱྭའི་ཞབས་བརྟན་ཆེད་རྒྱུད་སྨད་ཚོགས་ཡོངས་ནས་ཁྲོ་བཅུའི་གཏོར་བཟློག་གནད་མིན་སྒྲུབ་ཚུགས་ཀྱིས་འདི་ཚེས་ཉིན་ཟོར་འཕེན་དགོས་ཆར་རྒྱུ་མ་རློན་པ་རྒྱུ་ཤལ་གཅིག་དང་། མི་མགོ་གཉིས། ཁྲག་སྣ། གཡང་གཞི་བཅས་དགོས་པ་འཕྲལ་སྤྲོད་དགོས་རྒྱུའི་ངོས་སྦྱོར་དུ ”ཞེས་བྲིས་ཡོད་པ་དེ་ནི་ཞིང་བྲན་གི་མི་ལུས་ལ་ཁྲག་དྲི་བྲོ་བའི་བཙན་གནོད་བྱས་པ་ཞིག་རེད། བོད་ཪྙིང་པར་གྲྭ་ཁྲལ་འཇལ་དགོས་པའི (ཁྱིམ་ཚང་གཅིག་ལ་བུ་གཉིས་སམ་གསུམ་ཡོད་ཚེ་གཅིག་ངེས་པར་དུ་གྲྭ་པར་འཇུག་དགོས )གཏན་འབེབས་བྱས་ཡོད་པ་དང་། ཐ་ན་བཙན་ཤེད་ཀྱིས་གྲྭ་པ་བྱེད་དུ་བཅུག་སྟེ་དགོན་པའི་གྲྭ་པའི་ཡོང་ཁུངས་མི་ཆད་པ་བྱེད་ཅིང་། ཞིང་བྲན་ཚོར་ཆོས་དད་རང་མོས་ཞེས་པ་རྩ་བ་ནས་བརྗོད་ཐབས་བྲལ། ཕྱོགས་གཞན་ནས། ཆོས་ལུགས་ནང་ཞིང་བྲན་བདག་པོར་རྒྱུ་དང་དབང་ཆ་ཡོད་པ་དང་ཚེ་གང་བདེ་སྐྱིད་ཡོད་པ། ཞིང་བྲན་ཚོ་རྒྱུ་མེད་དབང་མེད་དང་ཚེ་གང་སྡུག་མྱོང་དགོས་པ་ནི “ལས་ལ་བསྐོས་པ ”ཞིག་རེད་ཅེས་འུད་སྒྲོག་བྱེད་ཀྱི་ཡོད། ཞིང་བྲན་ཚོས་ལས་ལ་གང་བསྐོས་ལྟར་ད་ལྟའི་གནས་བབ་ལ་ཆོག་ཤེས་བྱས་ན “ཚེ་ཕྱི་མར་བདེ་བ་ཐོབ ”པ་དང་། གལ་སྲིད་གཉའ་གནོན་ལ་འགོག་རྒོལ་བྱས་ན “རྣམ་ཤེས ”དེ་ཐད་ཀར “དམྱལ་བར ”འཕོས་ནས་ཇི་སྲིད་བར་མི་ལུས་ཐོབ་ཐབས་བྲལ་ལུགས་འུད་སྒྲོག་བྱེད་ཀྱི་ཡོད། ཆོས་དབང་དང་འཇིག་རྟེན་པའི་དབང་ཤུགས་གཉིས་ཀྱི་གཉའ་གནོན་འོག་རྒྱ་ཆེའི་ཞིང་བྲན་དང་བྲན་གཡོག་གི་འཚོ་བ་ཧ་ཅང་ཡ་ང་བ་ཞིག་ཡོད་ཅིང་། དམངས་གཞས་ཤིག་ནང “རི་བོ་ཧི་མ་ལ་ཡ། ཞིང་བྲན་རུས་པས་སྤུངས་ཡོད། ཆུ་མོ་ཡར་ཀླུང་གཙང་པོ། གཡོག་པོའི་ཁྲག་དང་མིག་ཆུ ”ཅེས་སྡུག་བསྔལ་དྲངས་པ་ལྟར་རེད།
དམངས་གཙོའི་བཅོས་སྒྱུར་ནང་དགོན་པར་བཅོས་སྒྱུར་བྱེད་སྐབས་ཕྱོགས་གཅིག་ནས་ཆོས་དད་རང་མོས་ལ་སྲུང་སྐྱོབ་དང་། རྒྱལ་གཅེས་ཁྲིམས་སྲུང་བྱེད་མཁན་གྱི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་དགོན་པ་དང་རིག་དངོས་གནའ་ཤུལ་ལ་སྲུང་སྐྱོང་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་ངོ་ལོག་ཟིང་འཁྲུག་ལ་ངོ་རྒོལ་དང་། བཀས་བཀོད་རྒྱུད་འཛིན་གྱི་དམིགས་བསལ་དབང་ཆར་ངོ་རྒོལ། བཤུ་གཞོག་ལམ་ལུགས་ལ་ངོ་རྒོལ་བཅས་ངོ་རྒོལ་གསུམ་གྱི་ལས་འགུལ་སྤེལ་ཡོད། “ཆབ་སྲིད་གཅིག་གྱུར་དང་། ཆོས་དད་རང་མོས། ཆོས་སྲིད་ལོགས་དབྱེ ”བཅས་ཀྱི་བྱེད་ཕྱོགས་ལག་ལེན་བསྟར་ནས་ཆབ་སྲིད་ཐད་གྲུབ་མཐའ་ཁག་ཚང་མ་འདྲ་མཉམ་ཡིན་པ་དང་། “སོ་སོའི་བྱ་བ་སོ་སོས་བསྒྲུབས་པ་ལས་ཕན་ཚུན་ཐེ་ཇུས་མི་བྱེད་པ ”བྱས་ཡོད། བཅོས་སྒྱུར་བྱེད་སྐབས། བཀས་བཀོད་རྒྱུད་འཛིན་གྱི་དམིགས་བསལ་དབང་ཆ་དང་། བཀས་བཀོད་རྒྱུད་འཛིན་གྱི་བཤུ་གཞོག མི་ལུས་གཞན་བརྟེན། མི་ལུས་བྲན་བཀོལ་བཅས་མེད་པར་བཟོས། 1961ལོའི་ཟླ་དང་པོར་དགོན་པ་ཚང་མས་དམངས་གཙོ་བདག་གཉེར་ཨུ་ཡོན་ལྷན་ཁང་འདེམས་ཐོན་བྱས་ཏེ་དམངས་གཙོའི་བདག་གཉེར་བྱས། དགོན་པའི་ནང་སྡོད་མཁན་ཆོས་ཕྱོགས་ཀྱི་མཐོ་རིམ་མི་སྣ་དང་། གྲྭ་བཙུན་རྒན་རྒོན་དང་། གཟུགས་གཞི་སྐྱོ་བ་ཚོར་སྲིད་གཞུང་གིས་ཟླ་རེར་འབྲུ་དངུལ་གྱི་ཁ་གསབ་སྤྲད་ཡོད། གྲྭ་བཙུན་གཞོན་དར་ཚོར་ས་ཞིང་བགོ་འགྲེམས་བྱས་ཏེ་རང་ཁ་རང་གསོ་བྱེད་དུ་བཅུག དམངས་གཙོའི་བཅོས་སྒྱུར་བྱས་ཏེ་ཆོས་སྲིད་ཟུང་འབྲེལ་གྱི་སྲིད་དབང་ཪྙིང་པ་དང་། བཀས་བཀོད་རྒྱུད་འཛིན་མངའ་བདག་གི་དཔལ་འབྱོར་བདག་དབང་ལམ་ལུགས། དགོན་པའི་བཀས་བཀོད་རྒྱུད་འཛིན་གྱི་དམིགས་བསལ་དབང་ཆ་བཅས་མེད་པ་བཟོས་པས་ཡར་ལངས་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་བོད་ཀྱི་རྣམ་པ་གསར་རྐྱང་དུ་གྱུར། དེ་ནི་བོད་ཀྱི་ཞིང་བྲན་གྲལ་རིམ་ལ་ཆོས་དད་རང་མོས་ཐོབ་པའི་མཚོན་རྟགས་ཤིག་ཡིན་ལ་ཆོས་སྲིད་ཟུང་འབྲེལ་གྱི་བསམ་བློའི་ལྕགས་སྒྲོག་ཁྲོད་ནས་མི་དམངས་མང་ཚོགས་ལ་བཅིངས་འགྲོལ་ཐོབ་པ་ཞིག་ཀྱང་རེད། དེ་ནས་བཟུང་སྤྱི་དམངས་ཚོར་ཆོས་ལ་དད་པ་བྱེད་མིན་གྱི་རང་དབང་རྦད་དེ་ཐོབ་ཡོད།
མིག་སྔར་བོད་ལ་ཆོས་ཕྱོགས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་ཡུལ་1700ལྷག་ཙམ་དང་། གྲྭ་བཙུན་ཁྲི་4.6ཙམ་ཡོད་པས་དད་ལྡན་མང་ཚོགས་ཚོའི་དགོས་མཁོ་རྦད་དེ་སྐོང་ཐུབ་ཀྱི་ཡོད། དམངས་གཙོའི་བཅོས་སྒྱུར་རྗེས་ཕོ་བྲང་པོ་ཏ་ལ་དང་། གཙུག་ལག་ཁང་། འབྲས་སྤུངས། སེ་ར། དགའ་ལྡན། བཀྲ་ཤིས་ལྷུན་པོ། ས་སྐྱ་བཅས་ཚང་མ་རྒྱལ་ཁབ་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པའི་ནང་ཚུད་ཡོད། དུས་རབས་གོང་མའི་ལོ་རབས་80ནས་བཟུང་ཀྲུང་དབྱང་དང་བོད་ས་གནས་ཀྱི་ནོར་སྲིད་ནང་ནས་སྒོར་དུང་ཕྱུར་7ལྷག་ཙམ་བཀོད་སྒྲིག་བྱས་པ་དེ་དག་རྒྱལ་ཁབ་རིམ་པའི་རིག་དངོས་སྲུང་སྐྱོང་ཚན་པ་ཁག་ཅིག་དང་གྲུབ་མཐའ་ཁག་གི་དགོན་པ་གཙོ་བོ་ཉམས་གསོ་དང་སྒོ་མོ་འབྱེད་རྒྱུར་བཏང་ཡོད། ཤུགས་རྐྱེན་ལྡན་པའི་སྲོལ་རྒྱུན་གྱི་ཆོས་ལུགས་དུས་ཆེན་དང་མི་རིགས་ཀྱི་དུས་ཆེན་དཔེར་ན། ཞོ་སྟོན་དང་ས་ག་ཟླ་བ་སོགས་ཆོས་ཕྱོགས་ཀྱི་བྱེད་སྒོ་དང་ལྷོ་ཁའི་བསམ་ཡས་མདོ་སྡེའི་མཆོད་པ་སོགས་བསྐྱར་གསོ་བྱས་པ་དང་། བོད་ཡིག་《བཀའ་བསྟན་འགྱུར 》པོ་ཏི་1490ལྷག་ཙམ་པར་འདེབས་བྱས་ཡོད། རང་སྐྱོང་ལྗོངས་ཀྱིས་ཆོས་ཕྱོགས་ཀྱི་འབྲེལ་ཡོད་སྒྲིག་ཡིག་དང་བྱ་ཐབས་རབ་དང་རིམ་པ་བཟོས་ནས་འགྲེམས་སྤེལ་བྱས་ཏེ་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ་དང་སེར་སྐྱ་མང་ཚོགས་ཚོའི་ཁྲིམས་མཐུན་ཁེ་དབང་ལ་འགན་ལེན་ཏན་ཏིག་བྱས་ཡོད།
(བདུན )བོད་ཪྙིང་པར་མཛུབ་ཐེལ་ལས་རྒྱག་མི་ཤེས། བོད་གསར་པར་མགོ་འཕངས་མཐོན་པོས་སློབ་གྲྭར་བསྐྱོད།
བོད་ཪྙིང་པར་སློབ་གསོ་ཧ་ཅང་རྗེས་ལུས་ཡིན་པ་དང་ཉེ་རབས་ཀྱི་དོན་སྙིང་ལྡན་པའི་སློབ་གྲྭ་གཅིག་ཀྱང་མེད། བོད་ལ་ཞི་བས་བཅིངས་འགྲོལ་མ་བཏང་གོང་གཞུང་བཙུགས་དང་སྒེར་བཙུགས་སློབ་གྲྭར་སློབ་སྦྱོང་བྱེད་མཁན་གྲྭ་པ (རྩེ་སློབ་གྲྭ )དང་སྐུ་དྲག་གི་བུ་ཕྲུག་2000ཙམ་ལས་མེད། རྒྱ་ཆེའི་ཞིང་བྲན་དང་བྲན་གཡོག་རྣམས་ལ་སློབ་གསོ་དང་ལེན་བྱེད་པའི་དབང་ཆ་མེད། མངའ་བདག་ཆེན་པོ་གསུམ་གྱིས་བཀས་བཀོད་རྒྱུད་འཛིན་གྱི་དམིགས་བསལ་དབང་ཆ་མཆོག་ཏུ་མེད་པར་འགྱུར་ཆེད་བསམ་པའི་ཐོག་ནས་མི་དམངས་ལ་བྲན་བཀོལ་བྱས་ནས་དབང་སྒྱུར་གྲལ་རིམ་གྱི་འདོད་བློ་དང་རྒྱབ་འགལ་གྱི་བསམ་བློ་གསར་པ་དང་། རིག་གནས་གསར་པ། ཚན་རྩལ་ཤེས་བྱ་གསར་པ་བཅས་མཐའ་དག་ལོག་ལྟར་བརྩིས་སྟབས་མི་རྣམས་ཀྱི་བསམ་བློ་བཅིངས་ཏེ་སློབ་གསོ་ཁྱབ་གདལ་དང་། ཚན་རིག་དང་རིག་གནས་གོང་འཕེལ་འགྲོ་རྒྱུར་འགོག་རྐྱེན་བཟོས་ཡོད། སྤྱི་ཚོགས་རྗེས་ལུས་ཚབས་ཆེན་ཐེབས་པའི་དབང་གིས་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་གསར་གཏོད་བྱེད་མཁན་བོད་མི་དམངས་ཁྲོད་ཞི་བའི་བཅིངས་འགྲོལ་མ་བཏང་གོང་ཡིག་རྨོངས་བ་95%ཟིན་ཡོད། དམངས་གཙོའི་བཅོས་སྒྱུར་བྱས་ཚུན་རྒྱལ་ཁབ་ཀྱིས་མ་དངུལ་འབོར་ཆེན་བཏང་ནས་བོད་ཀྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་བཏང་བ། དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ཀྱི་ལོ་གཉིས་ནང་བོད་དུ་གཞུང་བཙུགས་སློབ་གྲྭ་དང་མཚན་མོའི་སློབ་གྲྭ་600གསར་འཛུགས་བྱས་པས་ཡར་ལངས་ཞིང་བྲན་གྱི་བུ་ཕྲུག་ཁྲི་གཉིས་ལྷག་ཙམ་སློབ་གྲྭར་ཐེངས་དང་པོར་བསྐྱོད་རྒྱུ་བྱུང་སྟེ་བོད་ཡིག་དང་། རྒྱ་ཡིག ཆབ་སྲིད། ཚན་རིག་ཤེས་བྱ་སོགས་སློབ་སྦྱོང་བྱེད་རྒྱུ་བྱུང་ནས། བོད་མི་དམངས་ཚོར “རིན་མི་དགོས་པའི ”སློབ་གསོ་རྨང་གཞིར་བྱེད་པའི་དམངས་འཚོའི་ཐུགས་ཁུར་ཡོངས་ཁྱབ་ངང་ལོངས་སྤྱོད་བྱུང་། 1985ལོ་ནས་བཟུང་ཞིང་འབྲོག་ཁུལ་དུ་ཞག་སྡོད་ལམ་ལུགས་གཙོ་བོར་བྱེད་པའི་སློབ་གྲྭ་འབྲིང་ཆུང་གི་སློབ་གཉེར་བྱེད་སྟངས་ལག་བསྟར་བྱས་པ་དང་སྦྲགས་འོས་འགན་སློབ་གསོའི་དུས་མཚམས་ཀྱི་ཞིང་འབྲོག་པའི་བུ་ཕྲུག་ལ་བཟའ་སྡོད་སྦྱོང་གསུམ་གྱི་གྲོན་དངུལ་འགན་ལེན་གྱི “འགན་ལེན་གསུམ ”གྱི་སྲིད་ཇུས་ལག་བསྟར་བྱས། 2009ལོར་ཞིང་འབྲོག་པའི་སློབ་མའི “འགན་ལེན་གསུམ ”གྱི་གྲོན་དངུལ་ཚད་གཞི་དེ་སྒོར་1800བར་མཐོ་རུ་བཏང་བས་སློབ་མ་ཁྲི་27ལ་ཕན་པ་ཐོབ། “གཞི་རྩའི་ཆ་གཉིས ”ཀྱི་གྲུབ་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་བ་དང “ལོ་དགུའི་ལམ་ལུགས་ཀྱི་འོས་འགན་སློབ་གསོའི་ཁྱབ་གདལ ”དང “ཡིག་རྨོངས་སེལ་བའི ”ལས་འགན་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱུང་། སྔོན་ཆད་གན་རྒྱ་སྣ་ཚོགས་ཀྱི་ཐོག་མཛུབ་ཐེལ་ལས་རྒྱག་མི་ཤེས་པའི་ཞིང་བྲན་དང་བྲན་གཡོག་རྣམས་དང་ཁོང་ཚོའི་རྗེས་རབས་པ་རྣམས་ད་ཆ་ཤེས་བྱ་ལྡན་པ་དང་རིག་གནས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་པར་གྱུར་ཡོད།
(བརྒྱད )བོད་ཪྙིང་པར་ལས་རིགས་མང་དག་ཉམས་པ་དང་བོད་གསར་པར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་བ།
ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་སྤྱི་ཚོགས་ནི་ཏཱ་ལའི་རུ་ཚོགས་ཀྱིས་བརྗོད་པའི་ཤམ་བྷ་ལ་ལྟ་བུ་ཞིག་གཏན་ནས་མིན་པ་དང་དེའི་སྐབས་ཀྱི་བོད་དུ་ཞིང་ལས་ཐོན་སྐྱེད་ཐད་སྤྱོད་པ་ནི “རྨོན་མཛོ་དོར་སྦྲེལ་དང་”འབྲི་གཡག་ལ་བརྟེན་ནས་ཕྱུགས་བཅག་བསྐོར་ནས་འབྲུ་འདོན་པའི་རྗེས་ལུས་ཀྱི་རྨོ་ལས་བྱེད་སྟངས་དེ་ཡིན་པ་དང་ས་གནས་ལ་ལར “བསྲེགས་རྨོད་གྲིས་འདེབས ”ཀྱི་གདོད་མའི་རྨོ་ལས་བྱེད་སྟངས་སྤྱོད་ཀྱི་ཡོད། 1952ལོར་ཡང་བོད་ཀྱི་ཞིང་ལས་ཐོན་ཟོག་བསྡོམས་འབོར་སྒོར་དུང་ཕྱུར་1.4ལས་མེད་པ་དང་། ལྗོངས་ཡོངས་ཀྱི་མི་རེའི་ཆ་སྙོམས་ཞིང་ལས་ཐོན་ཟོག་གི་རིན་ཐང་བསྡོམས་འབོར་སྒོར་124.46ལས་བརྒལ་མེད་པ། མུའུ་རེའི་འབྲུ་རིགས་ཐོན་ཚད་སྤྱི་རྒྱ་80ལས་མེད་པ། མི་རེར་ཆ་སྙོམས་འབྲུ་རིགས་དབང་ཚད་སྤྱི་རྒྱ་125ལས་མེད་པ། ཞིང་ལས་སྐྱེ་དངོས་ཀྱི་ཐོན་ཚད་སྤྱིར་ན་ས་བོན་གྱི་ལྡབ་ལྔ་དྲུག་ལས་བརྒལ་མྱོང་མེད། འབྲོག་ལས་ཐད་གནམ་ལ་བརྟེན་ནས་ཕྱུགས་གསོ་བ་དང་ཐོན་སྐྱེད་ནུས་པ་དམའ་བའི་ཁར་རང་བྱུང་གི་གནོད་འཚེ་རྟག་ཏུ་ཕོག་ནས་ཕྱུགས་ཟོག་འབོར་ཆེན་ཤི་གི་ཡོད། 1952ལོར་བོད་དུ་ཕྱུགས་རིགས་སྤྱིའི་མགོ་གྲངས་ཁྲི་974ལས་མེད། བོད་ཪྙིང་པར་དབང་སྒྱུར་གྲལ་རིམ་གྱིས་ལག་ཤེས་བཟོ་ལས་ཀྱི་འཕེལ་རྒྱས་ལ་ཚོད་འཛིན་བཟོས་ནས “རྣམ་པ་གསར་པ་བཟོ་མི་ཆོག་པའི ”གཏན་འབེབས་ཁ་གསལ་བྱས་ཡོད་པས་ལག་ཤེས་བཟོ་ལས་འཕེལ་རྒྱས་འགྲོ་འགོར་པོ་བྱུང་ཡོད། གཞུང་ལམ་གཅིག་ཀྱང་མེད་པས་འགྲིམ་འགྲུལ་དང་འགྲོ་སྐྱོད་ཐད་དཀའ་ངལ་ཆེ་བར་བརྟེན་དངོས་ཟོག་དབོར་འདྲེན་དང་སྦྲག་ཐོག་བསྐུར་བྱ་བརྒྱུད་སྐྱེལ་ཡོངས་རྫོགས་མིའི་སྒལ་པ་དང་ཕྱུགས་ཟོག་ལ་བརྟེན་དགོས་ཀྱི་ཡོད། དབྱིན་ཇི་བས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པར་སྤྲད་པའི་རླངས་འཁོར་དེ་ལྷ་སར་གཞུང་ལམ་མེད་པའི་དབང་གིས་རླངས་འཁོར་བཤིག་ནས་ཕྱུགས་ཟོག་ལ་བཀལ་ནས་ལྷ་སར་ཁྱེར་དགོས་བྱུང་། ལྷ་སར་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ལ་གློག་འདོན་ཚད་ཆན་ཝ་125ལས་མེད་པ་དང་། ཆད་མེད་དུ་གཏོང་མི་ཐུབ་པའི་ཆུ་ཤུགས་གློག་ཁང་གཅིག་ལས་མེད་པ་དེས་ཀྱང་ཏཱ་ལ་དང་མི་ཉུང་ཤས་ལ་མ་གཏོགས་གློག་གཏོང་གི་མེད།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སྐུ་འདས་པོ་ང་ཕོད་ངག་དབང་འཇིགས་མེད་ཀྱིས་ལོ་མང་སོང་རྗེས་ཕྱིར་དྲན་གནང་སྐབས “དུས་རབས་གོང་མའི་ལོ་རབས་40པའི་ནང་ང་དང་གྲོགས་པོ་བློས་ཐུབ་འགའ་ཞིག་ལྷན་དུ་བོད་ཀྱི་སྤྱི་ཚོགས་ཪྙིང་པའི་ཉམས་ཉེན་སྐོར་གླེང་སྐབས། དེ་ལྟར་མུ་མཐུད་རྗེས་ལུས་ཐེབས་ཚེ་དུས་ཡུན་རིང་པོ་མི་འགོར་བར་ཞིང་བྲན་རྣམས་ཤི་འགྲོ་ལ་སྐུ་དྲག་རྣམས་ཀྱང་གསོན་པོར་སྡོད་ཐབས་མེད་པར་སྤྱི་ཚོགས་ཧྲིལ་པོ་རྩ་མེད་དུ་འགྲོ་རྒྱུ་ཡིན་པ་ཚང་མས་ངོས་འཛིན་མགྲིན་གཅིག་ཏུ་བྱས། དེར་བརྟེན་དམངས་གཙོའི་བཅོས་སྒྱུར་བྱས་པ་དེས་ཞིང་བྲན་ལ་བཅིངས་འགྲོལ་ཐོབ་པ་དང་ཐོན་སྐྱེད་ནུས་ཤུགས་ལ་བཅིངས་འགྲོལ་ཐོབ་པ་མ་ཟད་བོད་ཧྲིལ་པོ་སྐྱོབ་ཐུབ་པ་བྱུང་ཡོད ”ཅེས་གསུངས་ཡོད།
བོད་གསར་པའི་ནང་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་ཡོད། 2009ལོར་ལྗོངས་ཡོངས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར་441.36ཟིན་ནས་ལོ་17བསྟུད་མར་གྲངས་གནས་གཉིས་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་པ་དང་དམངས་གཙོའི་བཅོས་སྒྱུར་བྱས་མ་ཐག་གི་1959ལོར་བོད་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར་1.74ལས་མེད། འབྲུ་རིགས་ཐོན་ཚད་དེ་1959ལོའི་ཏུན་ཁྲི་18.29ནས་2008ལོའི་ཏུན་ཁྲི་95བར་མཐོ་རུ་ཕྱིན་ཡོད་པ་དང་འབྲུ་རིགས་མུའུ་རེ་ནས་ཆ་སྙོམས་ཐོན་ཚད་1959ལོའི་སྤྱི་རྒྱ་80ནས་2007ལོའི་སྤྱི་རྒྱ་269བར་མཐོ་རུ་ཕྱིན་ཡོད་པ་དང་ལོ་མཇུག་ཏུ་ལག་ཡོད་ཕྱུགས་རིགས་མགོ་གྲངས་1959ལོའི་མགོ་གྲངས་ཁྲི་956ནས་2008ལོའི་མགོ་གྲངས་ཁྲི་2400བར་མང་དུ་སོང་ཡོད། 2008ལོར་ལྗོངས་ཡོངས་སུ་གློག་གཏོང་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་15.99ཟིན་པ་དེ་1959ལོའི་ཆན་ཝ་ཆུ་ཚོད་ཁྲི་88ལས་ཆན་ཝ་ཆུ་ཚོད་དུང་ཕྱུར་15.11བར་མང་དུ་སོང་ཡོད། གྲོང་གསེབ་ཏུ་དྭངས་གཙང་ནུས་རྒྱུ་ཁྱབ་གདལ་བཏང་བས་ཞིང་འབྲོག་པ་དུད་ཚང་ཁྲི་11.4ཡིས་རྫབ་རླངས་སྤྱོད་ཐུབ་པ་བྱུང་ཡོད། 2008ལོར་ཐོན་ལས་གསུམ་པའི་འཕར་སྣོན་རིན་ཐང་སྒོར་དུང་ཕྱུར་219.64ལས་བརྒལ་ནས་བོད་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་གྲུབ་ཆའི་ཁྲོད་ཨང་དང་པོར་སླེབས་ཡོད། གཞུང་ལམ་འཛུགས་སྐྲུན་གཙོ་གནད་དུ་བྱེད་པ་དང་མཁའ་འགྲུལ་དང་། ལྕགས་ལམ། ལྕགས་མདོང་བཅས་ཀྱི་སྐྱེལ་འདྲེན་མཐུན་སྦྱོར་ངང་འཕེལ་རྒྱས་བྱུང་ནས་ལྷ་ས་ལྟེ་བར་བྱེད་པའི་ཕྱོགས་བཞི་མཚམས་བརྒྱད་དུ་སྐྱོད་ཐུབ་པའི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་དྲ་བ་ཆགས་ནས་བོད་ཪྙིང་པར་གཞུང་ལམ་གཅིག་ཀྱང་མེད་པའི་ལོ་རྒྱུས་ལ་འགྱུར་ལྡོག་མཐར་ཕྱིན་པ་བྱུང་ཡོད། 2008ལོར་བོད་དུ་མེ་ཏོག་རྫོང་གི་གཞུང་ལམ་ཐོག་སྔར་བཞིན་ནམ་དུས་རང་བཞིན་མ་གཏོགས་རླངས་འཁོར་ཤར་གཏོང་མི་ཐུབ་པ་ཕུད། དེ་བྱིངས་ཀྱི་རྫོང་ཚང་མར་རླངས་འཁོར་ཤར་གཏོང་ཐུབ་ནས་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཚད་སྤྱི་ལེ་ཁྲི་5.13ཟིན་པ་དེ་1959ལོའི་སྤྱི་ལེ་ཁྲི་0.73ལས་སྤྱི་ལེ་ཁྲི་4.4མང་དུ་སོང་ཡོད། སྲིད་འཛིན་གྲོང་ཚོ་80%ལ་གཞུང་ལམ་ཡོད། རྫོང་ཚང་མར་འོད་སྐུད་འཕྲིན་ལམ་དང་ཤང་ཚང་མར་ཁ་པར་གཏོང་ཐུབ་པའི་དམིགས་ཚད་སྤྱིར་ན་ལེགས་གྲུབ་བྱུང་ནས་2008ལོར་ཁ་པར་ཁྱབ་གདལ་ཐུབ་ཚད་མི་བརྒྱ་རེར་ཁ་པར་ལྔ་བཅུ་ཟིན་ཡོད། 2009ལོར་ཡུལ་སྐོར་ལས་རིགས་ཀྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་561ལ་སྣེ་ལེན་ཞུས་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།
(དགུ )བོད་ཪྙིང་པར་ལས་ལ་གང་བསྐོས་ལས་མེད་པ་དང་། བོད་གསར་པར་སྤྱི་ཚོགས་འགན་བཅོལ་གྱི་རྒྱབ་རྟེན་ཡོད་པ།
བོད་ཪྙིང་པར་སྨན་བཅོས་སྒྲིག་བཀོད་ཧ་ཅང་ཐབས་ཆག་ཡིན་པའི་གཞུང་བཙུགས་བོད་ལུགས་གསོ་རིག་སྒྲིག་གཞི་གསུམ་དང་སྒེར་གྱི་སྒོ་བསྟེན་སྨན་ཁང་ཉུང་ཤས་ལས་མེད་པ་དང་སྨན་དོན་མི་སྣ་བརྒྱ་ཡང་མེད་ཁར་དམངས་ཁྲོད་ཀྱི་བོད་ལུགས་གསོ་རིག་སྨན་པ་400ལྷག་ཙམ་མ་གཏོགས་མེད་པས་ཆ་སྙོམས་མི་སྟོང་རེར་སྨན་དོན་མི་སྣ 0.4ལས་མེད། བོད་ལུགས་གསོ་རིག་སྒྲིག་གཞི་དང་མི་སྣ་དེ་དག་གིས་གཙོ་བོ་སྐུ་དྲག་དང་དཔོན་རིགས་ལ་ཞབས་འདེགས་ཞུ་ཡི་ཡོད་པས་རྒྱ་ཆེའི་ཞིང་བྲན་དང་བྲན་གཡོག་ལ་ནད་ཡོད་ཀྱང་སྨན་བཅོས་བྱེད་མི་ཐུབ། ལྷ་འབྲུམ་དང་བྱི་ནད་སོགས་འགོ་ཆེ་བའི་འགོ་ནད་ཡང་ཡང་ཐོན་པ་དང་ཁྱབ་ཀྱི་ཡོད། བོད་ཞི་བས་བཅིངས་འགྲོལ་མ་བཏང་གོང་གི་ལོ 150རིང་ལྷ་འབྲུམ་ཐེངས 4ཁྱབ་མྱོང་ཡོད་པ་དང་1925ལོར་ལྷ་ས་ས་ཁུལ་གྱི་མི 7000དེས་རྐྱེན་པས་ཤི་བ་དང་། 1934ལོ་དང 1937ལོར་རྒྱུ་ཚད་ཐེངས་གཉིས་ཁྱབ་པས་ལྷ་སར་སླར་ཡང་མི 5000ལྷག་ཙམ་ཚེ་ལས་འདས། འགོ་ནད་ཁག་གཅིག་ཐོན་སྐབས་དེ་སྔའི་བོད་ས་གནས་སྲིད་གཞུང་གིས་བྱེད་ཐབས་སྤྱད་དེ་ནད་པར་སྐྱོབ་བཅོས་མི་བྱེད་པར་ནད་པ་རི་ཁྲོད་ལུང་ཀྱོག་ཏུ་ཕུད་ནས་དམག་མི་བཏང་སྟེ་རི་སྒོ་སྲུང་དུ་བཅུག་ནས་ནད་པ་གནས་དེར་འཆི་རུ་འཇུག་གི་ཡོད། བོད་ཪྙིང་པར་མི་རེའི་ཆ་སྙོམས་ཚེ་ཚད་ལོ 35.5ལས་མེད་པས་མི་འབོར་དུས་ཡུན་རིང་པོར་འཕེལ་མེད་ཀྱི་གནས་སུ་གྱར་ཡོད།
དམངས་གཙོའི་བཅོས་སྒྱུར་བྱས་ཚུན་ཞིང་འབྲོག་པར་སྨན་ཡོན་མི་དགོས་པའི་སྨན་བཅོས་ཐོག་མཐའ་བར་གསུམ་དུ་ལོངས་སྤྱོད་བྱེད་པའི་རྨང་གཞིའི་ཐོག་སྨན་ཡོན་མི་དགོས་པའི་སྨན་བཅོས་དེ་རྨང་གཞིར་བྱེད་པའི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་རིམ་བཞིན་བཟོས་ནས་ཞིང་འབྲོག་པར་སྨན་ཡོན་མི་དགོས་པའི་སྨན་བཅོས་ཁ་གསབ་བྱེད་ཚད་མི་རེར་ཆ་སྙོམས་སྒོར 180ལོན་པ་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་ཡོད། སྨན་བཅོས་དང་འཕྲོད་བསྟེན་གྱི་ཆ་རྐྱེན་ལེགས་སུ་འགྲོ་བ་དང་ཆབས་ཅིག་བོད་ཀྱི་མི་འབོར་གྱི་མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ 67ལོན་ཡོད། 2000ལོའི་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་ལྔ་པར་གཞིགས་ན་བོད་དུ་ལོ 80ནས 99བར་གྱི་རྒན་རྒོན 13580དང་ལོ་བརྒྱ་ཡན་གྱི་རྒན་རྒོན 62ཡོད་པས་ཀྲུང་གོའི་མི་རེའི་ཆ་སྙོམས་ཀྱི་ལོ་བརྒྱ་ཡན་གྱི་རྒན་རྒོན་མང་ཤོས་ཡོད་པའི་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་གྲས་ཤིག་ཡིན། བོད་ཀྱི་སྤྱིའི་མི་འབོར་དེ 1959ལོའི་མི་ཁྲི 122.8ནས 2007ལོའི་མི་ཁྲི 287.08བར་མང་དུ་སོང་ནས་ལྡབ 1.33འཕར་ཡོད།
བོད་ཪྙིང་པར་ཞིང་བྲན་རྣམས་མི་རབས་ནས་མི་རབས་བར་བཀྲེས་ལྟོགས་ཀྱིས་མནར་བ་དང་འཆི་ལམ་དུ་གྱར་བས་སྤྱི་ཚོགས་འགན་ལེན་དེ་བས་གླེང་ཐབས་བྲལ། དམངས་གཙོའི་བཅོས་སྒྱུར་བྱས་ཚུན་མི་དམངས་སྲིད་གཞུང་གིས་མི་དམངས་ཀྱི་འཚོ་བ་ལེགས་སུ་གཏོང་ཆེད་འབད་བརྩོན་ལྷོད་མེད་གནང་ནས་མིག་སྔར་གྲོང་ཁྱེར་ནས་གྲོང་གསེབ་བར་སྤྱི་ཚོགས་འགན་ལེན་མ་ལག་རགས་ཙམ་བཟོས་ཡོད། སྒྱུར་བཅོས་སྒོ་དབྱེ་བྱས་རྗེས་བོད་དུ་གྲོང་རྡལ་དང་གྲོང་གསེབ་ཀྱི་ཡུལ་མིའི་མ་མཐའི་འཚོ་བ་འགན་ལེན་དང་། འགན་ལེན་ལྔའི་བསྙེན་བཀུར་ལམ་ལུགས་རྨང་གཞི་དང་སྨན་བཅོས་དང་། སློབ་གསོ། སྡོད་ཁང་། ཁྲིམས་འཛིན་སོགས་ཆེད་དོན་རོགས་སྐྱོབ་ཀྱིས་རམ་འདེགས་བྱེད་པ་དང་དེ་བཞིན་རོགས་སྐྱོབ་དང་རྒུད་སྐྱོབ། སྤྱི་ཚོགས་རོགས་འདེགས་བཅས་ཁ་གསབ་ཏུ་བྱེད་པའི་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆུ་ཚད་དང་ནོར་ཤུགས་དང་འཚམ་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཏུ་ཁྱབ་པའི་སྤྱི་ཚོགས་རོགས་སྐྱོབ་ལམ་ལུགས་དང་རྒན་གསོའི་འགན་བཅོལ་གཙོ་བོར་བྱེད་པའི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བྱེད་པ་དང་ལས་བཟོའི་རྒན་གསོའི་འགན་བཅོལ་ལམ་ལུགས་རགས་ཙམ་བཟོས་ཡོད། 2000ལོར་བོད་དུ་རྒྱལ་ཡོངས་ཀྱི་རྒན་གསོའི་འགན་བཅོལ་ལམ་ལུགས་ཀྱི་སྒྲོམ་གཞི་དང་སྤྱིར་ན་གཅིག་མཚུངས་ཡིན་པའི་སྤྱི་ཚོགས་གཅིག་གྱུར་འཆར་འགོད་དང་མི་སྒེར་གྱི་རྩིས་ཐོ་དང་ཟུང་འབྲེལ་བྱེད་པའི་གཞི་རྩའི་རྒན་གསོའི་འགན་བཅོལ་ལམ་ལུགས་ལག་བསྟར་བྱས་ཡོད། 2004ལོའི་ཟླ 1པོར་བོད་ཀྱི་སྲིད་འཛིན་ཁྱབ་ཁོངས་ནང་མ་རྐང་ལམ་ལུགས་ཀྱི་ཁེ་ལས་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་མཉམ་སྡེབ་ཁེ་ལས། གྲོང་ཁྱེར་དང་གྲོང་རྡལ་གྱི་སྒེར་གཉེར་ཁེ་ལས་ཚན་པ་དང་དེ་བཞིན་ལས་ཞུགས་མི་སྣ་ཡོངས་གཞི་རྩའི་རྒན་གསོའི་འགན་བཅོལ་གཅིག་གྱུར་འཆར་འགོད་ཁྱབ་ཁོངས་ནང་བཅུག་པ་དང་། 2006ལོའི་ལོ་མཇུག་ཏུ་གཞི་རྩའི་རྒན་གསོའི་འགན་བཅོལ་དེ་རང་སྐྱོངས་ལྗོངས་རིམ་པའི་གཅིག་གྱུར་འཆར་འགོད་མངོན་འགྱུར་བྱུང་ཡོད།
འགན་ལེན་ལྔའི་བསྙེན་བཀུར་བྱ་ཡུལ་གྱི་ཟས་གོས་སྡོད་སྨན་བཅས་དང་གཤིན་པོའི་རྗེས་འཇུག་སོགས་ཀྱི་གནད་དོན་ཐག་གཅོད་འོས་འཚམ་བྱ་ཆེད་བོད་ཀྱིས་བསྙེན་བཀུར་ཚད་གཞི་རྒྱུན་ཆད་མེད་པར་མཐོ་རུ་བཏང་བ་དང་། 2001ལོ་ནས་བཟུང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་སྔ་རྗེས་སུ་འགན་ལེན་ལྔའི་དུད་ཚང་གི་བསྙེན་བཀུར་ཚད་གཞི་ནི་དེ་སྔའི་མི་རེའི་ལོ་རེའི་སྒོར 588ནས་ད་ལྟའི་སྒོར 1600བར་མཐོ་རུ་བཏང་བ་མ་ཟད་འཛད་སྤྱོད་རིན་གོང་གི་འགྱུར་ལྡོག་གཞིར་བཟུང་དུས་བསྟུན་ལེགས་སྒྲིག་བྱས་ཏེ་འགན་ལེན་ལྔའི་བསྙེན་བཀུར་བྱ་ཡུལ་གྱི་འཚོ་བའི་ཆུ་ཚད་ལྗོངས་ཡོངས་ཀྱི་ཞིང་འབྲོག་པའི་ཆ་སྙོམས་འཚོ་བའི་ཆུ་ཚད་ལས་མི་དམའ་བའི་འགན་ལེན་བྱས་ཡོད། གྲོང་ཁྱེར་གྱི་ཡུལ་མིའི་མ་མཐའི་འཚོ་བའི་འགན་ལེན་ཚད་གཞི་དེ 1997ལོའི་མི་རེར་ཟླ་རེར་སྒོར 130ནས་ད་ལྟའི་མི་རེར་ཆ་སྙོམས་སྒོར 310བར་མཐོ་རུ་བཏང་ཡོད། 2007ལོར་ལྗོངས་ཡོངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར 800ལས་དམའ་བའི་ཞིང་འབྲོག་པ་ཐམས་ཅད་མ་མཐའི་འཚོ་བའི་འགན་ལེན་ནང་བཅུག་པ་དང་། 2009ལོར་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་ཚད་གཞི་ནི་དེ་སྔའི་མི་རེའི་ཆ་སྙོམས་སྒོར 800ནས་མི་རེའི་ཆ་སྙོམས་སྒོར 1100བར་མཐོ་རུ་བཏང་ཡོད།
གཉིས་པ། ཆུ་མོ་ཡར་ཀླུང་གཙང་པོ་རིང་ཡང་ཆུ་འགོ་ཡོད། གུང་ཁྲན་ཏང་ཕེབས་ནས་སྡུག་བསྔལ་བདེ་ལ་བཀོད།
ལོ 50ལྷག་རིང་བོད་ཀྱི་སྤྱི་ཚོགས་ལ་ལོ་རྒྱུས་ཀྱི་འགྱུར་ལྡོག་ཆེན་པོ་བྱུང་བ་དང་མི་དམངས་ལ་རང་ཁྱིམ་རང་བདག་བྱུང་ནས་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་བ་དང་། སྤྱི་ཚོགས་བརྟན་ལྷིང་དང་མཐུན་སྦྱོར་ལྡན་པ། རིག་གནས་དར་རྒྱས་ཡར་ཐོན་བྱུང་བ། ཆོས་དད་རང་མོས་བཅས་བྱུང་བས་དུས་ཐུང་ལོ་བཅུ་ཕྲག་ཁ་ཤས་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་ཡོད། འཕོ་འགྱུར་ཆེན་པོའི་མདུན་དུ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་། རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རྒྱབ་སྐྱོར། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་འབད་འཐབ་བཅས་ནི་བོད་གསར་པར་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཐོབ་པའི་རྒྱུ་མཚན་གཙོ་བོ་ཞིག་ཡིན་པའི་མྱོང་ཚོར་ཟབ་མོ་བྱུང་ཡོད།
(གཅིག ) ཏང་གི་ཐུགས་ཁུར་གྱིས་མི་སེམས་དྲོད།
བློ་མཐུན་མའོ་ཙེ་ཏུང་གིས་སྲོག་ཤིང་གནང་བའི་ཏང་གི་མི་རབས་དང་པོའི་ཀྲུང་དབྱང་འགོ་ཁྲིད་མཉམ་སྡེབ་ཀྱིས་བོད་མི་དམངས་སྣེ་ཁྲིད་དེ་བོད་ཞི་བས་བཅིངས་བཀྲོལ་བཏང་བ་དང་། ངོ་ལོག་ཟིང་འཁྲུག་ཞོད་འཇགས་སུ་བཏང་བ། དམངས་གཙོའི་བཅོས་སྒྱུར་བྱས་པ། རང་སྐྱོང་ལྗོངས་བཙུགས་པ་བཅས་ལོ་རྒྱུས་ཀྱི་དོན་སྙིང་གཏིང་ཟབ་ལྡན་པའི་སྤྱི་ཚོགས་ཀྱི་འཕོ་འགྱུར་ཆེན་པོ་གསུམ་དེའི་ནང་བོད་ཀྱི་འཕེལ་རྒྱས་དང་ཡར་ཐོན་ཆེད་སེམས་ནུས་ཡོད་རྒུ་བཏོན་ཡོད། གཅིག་ནི་1951ལོར་བོད་དུ་ཞི་བས་བཅིངས་འགྲོལ་བཏང་ནས་བཙན་རྒྱལ་རིང་ལུགས་ཀྱི་ཕྱོགས་གཏོགས་ཕྱིར་འབུད་བྱས་པས་བོད་མི་དམངས་རྣམས་མི་རིགས་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས་བཅས་ཀྱི་ཁྱིམ་ཚང་ཆེ་མོའི་ནང་འོད་སྟོང་འཕྲོ་ཞིང་བདེ་སྐྱིད་ལྡན་པའི་ལམ་བུའི་ཐོག་བསྐྱོད་རྒྱུར་འགོ་ཁྲིད་གནང་བ་དང་མངོན་འགྱུར་ཐུབ་པ་བྱུང་ཡོད། གཉིས་ནི་1950ལོ་ནས་བཟུང་གི་དུས་ཡུན་ལོ་ལྔའི་ནང་ཁྲོན་བོད་གཞུང་ལམ་དང་མཚོ་བོད་གཞུང་ལམ་བསྐྲུན་པར་བོད་མི་དམངས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་དེར “བཀྲ་ཤིས་འཇའ་ཚོན ”དང “བདེ་སྐྱིད་གསེར་ཟམ ”ཞེས་བརྗོད་ཀྱི་ཡོད། གསུམ་ནི་1959ལོར་ཀྲུང་དབྱང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག་བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་ནས་མིའི་རིགས་ཀྱི་ལོ་རྒྱུས་ཐོག་གི་ཆེས་མུན་ནག་དང་། ཆེས་གདུག་རྩུབ། ཆེས་ཀླ་ཀློ། ཆེས་རྗེས་ལུས་བཅས་ཡིན་པའི་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་མེད་པ་བཟོས་ནས་ཞིང་བྲན་ཁྲི་ཚོ་བརྒྱར་ཆབ་སྲིད་ཐོག་ཡར་ལངས་བཅིངས་འགྲོལ་ཐེངས་དང་པོ་ཐོབ་སྟེ་རང་ཁྱིམ་རང་བདག་གི་སྤྱི་ཚོགས་གསར་པའི་བདག་པོར་གྱུར། བཞི་ནི་“བརྟན་པོའི་ངང་འཕེལ་རྒྱས་གཏོང་བའི ”བྱེད་ཕྱོགས་ལག་ལེན་བསྟར་ནས་1961ལོ་ནས་བཟུང་ལོ་5ཡི་ནང་སྤྱི་ཚོགས་རིང་ལུགས་ཀྱི་སྒྱུར་བཀོད་མི་བྱེད་པ་དང་མཉམ་ལས་ཁང་མི་གཉེར་བ་མ་ཟད་ཚོད་ལྟ་ཡང་མི་བྱེད་པ་དང་། མི་དམངས་ཀུང་ཧྲེ་དེ་བས་བཙུགས་མེད་པས་ངལ་རྩོལ་མི་དམངས་ཀྱི་ཁེར་རྐྱང་དབང་བའི་ལམ་ལུགས་བརྟན་པོར་གནས་ནས་ཐོན་སྐྱེད་གོང་འཕེལ་དང་འཚོ་བ་ལེགས་སུ་ཕྱིན་ཡོད། ལྔ་ནི་1965ལོར་བོད་རང་སྐྱོང་ལྗོངས་དབུ་བཪྙེས་ནས་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་བསྟར་བྱས་པས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་འོག་བོད་མི་དམངས་རྣམས་ལ་གཉའ་གནོན་བཤུ་གཞོག་དང་བྲན་བཀོལ་བྱེད་པའི་ཡིད་སྐྱོ་བའི་ལས་དབང་ལ་རྩ་བའི་ཐོག་ནས་འགྱུར་ལྡོག་བྱུང་ནས་ཆབ་སྲིད་ཐོག་བཅིངས་འགྲོལ་ཆེན་པོ་ཐོབ་སྟེ་སྔོན་ཆད་ཀྱི་ཞིང་བྲན་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་བདག་པོར་གྱུར།
བློ་མཐུན་ཏེང་ཞའོ་ཕིང་གིས་སྲོག་ཤིང་གནང་བའི་ཏང་གི་མི་རབས་གཉིས་པའི་ཀྲུང་དབྱང་འགོ་ཁྲིད་མཉམ་སྡེབ་ཀྱིས་བོད་དུ་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སྒོ་ཀུན་ནས་དོན་འཁྱོལ་གནང་བ་དང་། ཟིང་བཅོས་ཡོ་བསྲང་དང་ལས་ཀའི་གཙོ་གནད་གཞན་སྒྱུར་གནང་བས་བོད་འདི་ཉིད་སྒྱུར་བཅོས་སྒོ་དབྱེའི་དུས་རབས་གསར་པར་བསྐྱོད། གཅིག་ནི་བོད་དུ་ཞིང་འབྲོག་ལས་ཀྱི་དཔྱ་ཁྲལ་རྩ་ཆག་བཏང་བས་ཞིང་འབྲོག་པའི་ཁུར་པོ་ཆེས་ཆེར་ཡང་དུ་ཕྱིན་པ་དང་སྒྱུར་བཅོས་སྒོ་དབྱེའི་ནང་ཞུགས་པའི་རྒྱ་ཆེའི་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་སྐུལ་སློང་ཐེབས་པ་དང་ཞིང་འབྲོག་ཐོན་སྐྱེད་ཀྱི་འཕེལ་རྒྱས་ལ་སྐུལ་མ་ནུས་ལྡན་ཐེབས་ཡོད། གཉིས་ནི་ཞིང་འབྲོག་ཁུལ་དུ “ས་ཞིང་དུད་ཚང་ལ་འདེབས་རྒྱུར་སྤྲོད་པ་དང་། རང་བདག་གཉེར་སྐྱོང་། ཡུན་རིང་མི་འགྱུར་བ ”བཅས་དང “ཕྱུགས་རིགས་དུད་ཚང་ལ་བདག་པ་དང་། སྒེར་བདག་སྒེར་གསོ། རང་བདག་གཉེར་སྐྱོང་། ཡུན་རིང་མི་འགྱུར་བ ”བཅས་ཀྱི་སྲིད་ཇུས་ལག་བསྟར་བྱས་པས་ཞིང་འབྲོག་ཐོན་སྐྱེད་མགྱོགས་མྱུར་ངང་སླར་གསོ་དང་འཕེལ་རྒྱས་བྱུང་ཡོད། གསུམ་ནི་ལས་གྲྭའི་རྣམ་གྲངས་43འཛུགས་སྐྲུན་བྱས་ནས་བོད་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྗེས་ལུས་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་ཡོད། བཞི་ནི་ནང་སར་བོད་ལྗོངས་འཛིན་གྲྭ (སློབ་གྲྭ )བཙུགས་པ་དང་ཞིང་འབྲོག་ཁུལ་གྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མར “འགན་ལེན་གསུམ ”གྱི་སྲིད་ཇུས་ལག་ལེན་བསྟར་ཡོད། ལྔ་ནི་བོད་ཀྱི་སྒྱུར་བཅོས་སྒོ་དབྱེའི་གོམ་སྟབས་མགྱོགས་སུ་བཏང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་བས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་དངོས་པོའི་འཚོ་བའི་ཆུ་ཚད་དང་ཚན་རིག་རིག་གནས་ཀྱི་ཆུ་ཚད་གོང་མཐོར་འགྲོ་རྒྱུར་སྐུལ་མ་ཐེབས་པ་དང་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ལྟོ་གོས་ཀྱི་གནད་དོན་ཐག་གཅོད་བྱུང་ཡོད།
བློ་མཐུན་ཅང་ཙེ་མིན་གྱིས་སྲོག་ཤིང་གནང་བའི་ཏང་གི་མི་རབས་གསུམ་པའི་ཀྲུང་དབྱང་འགོ་ཁྲིད་མཉམ་སྡེབ་ཀྱིས་ཏང་ཡོངས་དང་རྒྱལ་ཡོངས་ལས་དོན་གྱི་ཁྱོན་ཡོངས་དང་བསྟུན་ནས་བོད་ཀྱི་ལས་དོན་དང་བོད་མི་དམངས་ལ་ཚད་མཐོའི་མཐོང་ཆེན་དང་ཐུགས་ཁུར་གནང་ཡོད། གཅིག་ནི་1989ལོའི་ཟླ་བ་བཅུ་པར་བོད་ཀྱི་ལས་དོན་ལ་མཛུབ་ཁྲིད་བྱེད་པའི་བསམ་འཆར་དོན་ཚན་བཅུ་གྲུབ་པ་དེ་དུས་སྐབས་གསར་པའི་བོད་ཀྱི་ལས་དོན་གྱི་ཁ་ཕྱོགས་འགྱུར་མཚམས་ཤིག་ཏུ་གྱུར་ཡོད། གཉིས་ནི་1994ལོར་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པའི་ཐོག་བོད་ལ་ཤང་གྲོང་ཁེ་ལས་ཀྱི་ཐོབ་ཁྲལ་རྩ་ཆག་གཏོང་རྒྱུའི་གཟིགས་སྐྱོང་གི་སྲིད་ཇུས་ལག་ལེན་བསྟར་བ་དང་། བོད་དུ་རྒྱལ་ཡོངས་ལས་བརྒྱ་ཆའི་གྲངས་3དམའ་བའི་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་ལག་ལེན་བསྟར་བ། ཞིང་འབྲོག་པར་ཁྲལ་གྲོན་སྣ་ཚོགས་རྩ་ཆག་བཏང་བ། ཀྲུང་དབྱང་ནོར་སྲིད་ཀྱིས་བོད་ཀྱི་དངུལ་རྩ་དང་འགན་བཅོལ་ཁེ་ལས་ལ་ཁ་གསབ་བྱེད་པ། རྒྱལ་ཡོངས་ལས་བརྒྱ་ཆའི་གྲངས་གཉིས་དམའ་བའི་གཟིགས་སྐྱོང་གི་དངུལ་བུན་སྐྱེད་ཚད་དང་འགན་བཅོལ་འགྲོ་གྲོན་སྤྲོད་ཚད་དམའ་བའི་སྲིད་ཇུས་ལག་ལེན་བསྟར་བའི་རྒྱབ་སྐྱོར་བཅས་བཏོན་པ་དང་འབྲེལ་རྒྱལ་ཡོངས་ཀྱིས་བོད་ལ་རྒྱབ་སྐྱོར་དང་། ཞིང་ཆེན་དང་གྲོང་ཁྱེར་15ཡིས་བོད་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཐབས་ཇུས་གལ་ཆེན་ཡང་བཏོན་ནས་རྒྱལ་ཁབ་ཀྱིས་ཐད་ཀར་མ་འཇོག་དང་རྒྱལ་ཡོངས་སྐུལ་སློང་བྱས་ནས་ལས་གྲྭའི་རྣམ་གྲངས་62སྐྲུན་རོགས་བྱས་ཡོད། གསུམ་ནི་2001ལོར་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བཞི་པའི་ཐོག་རྒྱལ་ཁབ་ཀྱིས་ཐད་ཀར་མ་འཇོག་བྱས་ནས་སྤྱིའི་མ་འཇོག་སྒོར་དུང་ཕྱུར་312ཟིན་པའི་རྣམ་གྲངས་117འཛུགས་སྐྲུན་བྱ་རྒྱུའི་གཏན་འཁེལ་བྱས་པ་དང་ཀྲུང་དབྱང་དང་ས་གནས་ཁག་གིས་ཁ་གཏད་རོགས་སྐྱོར་རྣམ་གྲངས་ལ་མ་འཇོག་བྱེད་ཚད་སྒོར་དུང་ཕྱུར་322ཟིན་ཡོད། བཞི་ནི་ཀྲུང་དབྱང་གིས་བོད་ཀྱི་ནོར་སྲིད་ལ་ཁ་གསབ་བྱེད་ཚད་སྒོར་དུང་ཕྱུར་397ཟིན་པ་དེ་དག་གཙོ་བོ་ཞིང་འབྲོག་ལས་འཕེལ་རྒྱས་དང་། རྨང་གཞིའི་སྒྲིག་བཀོད། ཚན་རྩལ་སློབ་གསོ། གཞི་རིམ་སྲིད་དབང་གི་འབྲེལ་ཡོད་སྒྲིག་བཀོད་འཛུགས་སྐྲུན་དང་དེ་བཞིན་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྱོང་སོགས་ཐད་སྤྱད་པ་དང་བོད་ཀྱི་འཕེལ་རྒྱས་ལ་ཚོད་འཛིན་བྱེད་པའི “འཇུར་མིག ”དང་མངོན་གསལ་དོད་པའི་གནད་དོན་གཙོ་གནད་ཐོག་ཐག་གཅོད་བྱས་པས་བོད་འདི་ཉིད་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཀྱི་མྱུར་བགྲོད་ལམ་བུའི་ཐོག་བསྐྱོད་རྒྱུར་སྐུལ་འདེད་བཏང་ཡོད།
བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་མི་དམངས་ལ་བྱམས་བརྩེའི་ཐུགས་ཁུར་གནང་ནས་བོད་འདི་ཉིད་ཚན་རིག་དང་མཐུན་པའི་ངང་འཕེལ་རྒྱས་གཏོང་བའི་ལམ་བུའི་ཐོག་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་བཏང་གནང་བ་བཅས་ཏང་གིས་བོད་ཀྱི་ལས་དོན་སྒྲུབ་སྐྱོང་གི་ལོ་རྒྱུས་ཐོག་ལམ་ཚད་རྡོ་རིང་གསར་པ་གཞན་ཞིག་བསླངས་ཡོད། གཅིག་ནི་2005ལོར་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུ་གཙོ་སྐྱོང་གནང་ནས་དུས་རབས་གསར་པ་དང་དུས་མཚམས་གསར་པའི་བོད་ཀྱི་ལས་དོན་ལ་ཆེད་མངགས་ཞིབ་འཇུག་གནང་སྟེ་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བ་དང་། ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་བ་བྱ་རྒྱུ་དེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ལས་འགན་ཨང་དང་པོར་བརྩིས་ནས་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་ཀྱིས་ནུས་ཤུགས་ཡོད་རྒུས་བདེ་སྡོད་ལས་བརྩོན་གཙོ་གནད་དུ་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་པ་དང་། ནུས་ཤུགས་ཡོད་རྒུས་དཔལ་འབྱོར་འཕེལ་རྒྱས་འགྲོ་སྟངས་ལ་འགྱུར་ལྡོག་གཏོང་དགོས་པ། ནུས་ཤུགས་ཡོད་རྒུས་སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་གཏོང་དགོས་པ། ནུས་ཤུགས་ཡོད་རྒུས་དམངས་འཚོ་འགན་ལེན་དང་དེ་ལེགས་སུ་གཏོང་དགོས་པ། ནུས་ཤུགས་ཡོད་རྒུས་མཚོ་བོད་ས་མཐོའི་སྣོད་བཅུད་བདེ་འཇགས་ཀྱི་སྲུང་ཡོལ་སྐྲུན་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་ཡོད། གཉིས་ནི་བོད་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་རྒྱུ་དེ་བོད་སྐྱོར་ལས་ཀའི་གཙོ་གནད་དུ་བརྩིས་པ་དང་། ཏཱ་ལའི་རུ་ཚོགས་དང་འཐབ་རྩོད་བྱེད་པའི་གཞི་རྩའི་ཁ་ཕྱོགས་མཐའ་འཁྱོངས་ཀྱིས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་ངང་སྤེལ་ཐོག་དུས་བདེའི་བོད་ལྗོངས་ཧུར་ཐག་སྐྲུན་བཞིན་ཡོད། གསུམ་ནི་2006ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བོད་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་བོད་ཀྱི་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་གཟིགས་སྐྱོང་གི་སྲིད་ཇུས་ཁག་40བཏོན་ཡོད། བཞི་ནི་2007ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྤྱིའི་མ་འཇོག་སྒོར་དུང་ཕྱུར་770ལྷག་ཙམ་ཟིན་པའི་མངའ་རིས་གནམ་གྲུ་ཐང་དང་མཚོ་བོད་ལྕགས་ལམ་སྣུར་བསྲིང་ལམ་ཐིག་སོགས་གཙོ་གནད་འགྲིམ་འགྲུལ་རྣམ་གྲངས་དང་། ཞིང་འབྲོག་ཁུལ་གྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་རྒྱུའི་གྲོང་གསེབ་ཀྱི་ཉེན་མེད་འཐུང་ཆུའི་ལས་གྲྭ གློག་མེད་ས་ཁུལ་གྱི་གློག་ཤུགས་འཛུགས་སྐྲུན། གྲོང་ཚོ་ཚང་མར་ཁ་པར་ཤར་གཏོང་། ཞིང་འབྲོག་པའི་འདུས་སྡོད་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་སོགས་རྣམ་གྲངས་ཚུད་པའི་བོད་ཀྱི “ལོ་ལྔ་ཚན་བཅུ་གཅིག་པའི ”ལས་གྲྭའི་རྣམ་གྲངས་180སླར་ཡང་གཏན་འཁེལ་གནང་ཡོད། ལྔ་ནི་2009ལོའི་ཟླ་བ་གཉིས་པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས 《 བོད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་འཛུགས་སྐྲུན་འཆར་འགོད (2008ལོ་ནས་2030ལོའི་བར 》གྲོས་ཞིབ་གནང་ནས་གྲོས་འཆམ་བྱུང་ཡོད། དྲུག་ནི་2010ལོའི་ཟླ་བ་དང་པོར་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་སླར་ཡང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུ་གཙོ་སྐྱོང་གནང་ནས་དུས་བབ་གསར་པའི་འོག་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་ལས་དོན་ལ་ཞིབ་འཇུག་གནང་བ་རེད། དེ་དག་ཚང་མས་བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་ལ་སྔར་བས་གཟིགས་སྐྱོང་གི་སྲིད་ཇུས་དང་། དེ་བས་མང་བའི་རྣམ་གྲངས་རྒྱབ་སྐྱོར། དེ་བས་ནུས་ལྡན་གྱི་ལས་དོན་མཛུབ་ཁྲིད་བཅས་མཁོ་འདོན་བྱས་པས་བོད་འདི་ཉིད་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་དམིགས་ཚད་དུ་སྐྱོད་པར་སྐུལ་མ་ཤུགས་ཆེན་བཏང་ཡོད།
(གཉིས )རྒྱལ་ཡོངས་མི་དམངས་ཁྱིམ་ཚང་གཅིག་ལྟར་བརྩེ།
བོད་ཞི་བས་བཅིངས་འགྲོལ་བཏང་ཚུན་གྱི་ལོ་རྒྱུས་ཀྱི་དུས་སྐབས་ཁག་ཏུ་རྒྱལ་ཡོངས་མི་དམངས་ཀྱིས་བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཕྱིར་རོགས་རམ་དང་སྒེར་སེམས་མེད་པར་རྒྱབ་སྐྱོར་ཤུགས་ཆེན་བྱས་ཡོད། བོད་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་རྣམས་དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། སེམས་པ་གཅིག་སྦྲེལ། ཤི་གསོན་མཉམ་གནས་བཅས་ཀྱི་འབྲེལ་བ་སྔར་བས་ལེགས་སུ་སོང་ནས་བརྩེ་དུང་ཟབ་མོ་ཆགས་ཡོད། བོད་ཞི་བས་བཅིངས་འགྲོལ་གཏོང་བའི་དུས་སུ་བོད་སྐྱོད་མི་དམངས་བཅིངས་འགྲོལ་དམག་གིས་ཏང་གི་མི་རིགས་དང་ཆོས་ལུགས་སྲིད་ཇུས་ལག་ལེན་ནན་ཏན་བསྟར་བ་དང་། ས་གནས་དེ་གའི་ཡུལ་སྲོལ་གོམས་གཤིས་ལ་བརྩི་འཇོག་བྱས་པ། བོད་རིགས་མང་ཚོགས་ལ་ལམ་བཟོ་རོགས་དང་ཁང་པ་རྒྱག་རོགས་བྱས་པ། སྨན་བཅོས་བྱས་པ་དང་སྨན་བསྐྱལ་བ། ལོ་ཏོག་བསྡུ་རོགས་བཅས་བྱས་ནས་ཕྱོགས་གང་ཅིའི་ཐད་ནས་མང་ཚོགས་ལ་དོན་བཟང་སྒྲུབ་རོགས་བྱས་པས་བོད་རིགས་མང་ཚོགས་ཀྱིས་མི་དམངས་བཅིངས་འགྲོལ་དམག་ལ་སྤྲོ་སེམས་འཁོལ་བའི་ངང “རྒྱ་མི་གསར་པ ”ཞེས་དང་བཅིངས་འགྲོལ་དམག་མི་ཡག་པོ་འདུག་ཅེས་བསྔགས་བརྗོད་བྱེད་ཀྱི་ཡོད། བོད་ཞི་བས་བཅིངས་འགྲོལ་བཏང་རྗེས “མཐའ་མཚམས་སུ་སྐྱོད་པ ”དང་། “དཀའ་ཚེགས་ཆེ་བའི་ས་གནས་སུ་སྐྱོད་པ ” “མེས་རྒྱལ་གྱི་དགོས་མཁོ་ཆེ་ཤོས་ཀྱི་ས་ཆར་སྐྱོད་པ ”བཅས་ནི་དུས་རབས་ཀྱི་རྟ་དབྱངས་གཙོ་བོར་གྱུར་ཡོད། ལས་བྱེད་པ་དང་། ལས་བཟོ། དམག་མི་བཅས་མང་པོས་ཏང་དང་རྒྱལ་ཁབ་ཀྱི་འབོད་སྐུལ་དང་ལེན་གྱིས་མེས་རྒྱལ་གྱི་ཕྱོགས་བཞི་མཚམས་བརྒྱད་ནས་བོད་དུ་ཡོང་ནས་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་དང་ཐུན་མོང་ཐོག་བོད་འཛུགས་སྐྲུན་བྱས་པས་བཟོ་གྲྭ་དང་པོ་དང་། སློབ་གྲྭ་དང་པོ། སྨན་ཁང་དང་པོ། སྦྲག་ཁང་དང་པོ་ལ་སོགས་པ་གཅིག་རྗེས་གཉིས་མཐུད་ངང་འགྱིང་ངེར་བསླངས་ཡོད། ཁོང་ཚོས་ལང་ཚོ་དང་ཟུངས་ཁྲག་བོད་དུ་ཕུལ་ནས་བོད་རིགས་མང་ཚོགས་དབར་བརྩེ་དུང་ཟབ་མོ་ཆགས་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བརྩི་འཇོག་ཐོབ་ཡོད། 1966ལོའི་ཟླ་བ་གསུམ་པར་ཧོ་པེའི་ཤིན་ཐའེ་རུ་ས་ཡོམ་རིམ་པ་6.7བརྒྱབ་ནས་མི་སྣ་དང་རྒྱུ་ནོར་ལ་གྱོང་གུན་ཚབས་ཆེན་བྱུང་བས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་མི་སྣ་60ལས་གྲུབ་པའི་རྟ་ཁལ་རུ་ཁག་བཙུགས་ནས་དུས་ཡུན་ཉིན་26ནང་ལམ་ཐག་སྤྱི་ལེ་6000ཙམ་བསྐྱོད་དེ་རྟ་240ཤིན་ཐའེ་རུ་བསྐྱལ་ནས་སྤུན་ཟླ་མི་རིགས་ཀྱིས་ཡོམ་འགོག་གེགས་སེལ་བྱེད་པར་རོགས་སྐྱོར་བྱས་ཡོད། 1999ལོའི་ཟླ་བ་ལྔ་པར་བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་40འཁོར་བར་རྟེན་འབྲེལ་ཞུ་ཕྱིར་ཧོ་པེའི་ཤིན་ཐའེ་ཡིས་འདྲུད་འཐེན་འཕྲུལ་འཁོར་60བོད་ལ་ཞལ་འདེབས་ཕུལ་བ་རེད། “རྟ་མཆོག་ཤིན་ཐའེ་རུ་སྐྱེལ་བ ”དང་ཤིན་ཐའེ་ཡིས་བོད་ལ་འཚམས་ལན་སློག་པའི་མི་རིགས་མཐུན་སྒྲིལ་གྱི་གླུ་དབྱངས་དེ་ཐོག་ནས་ཤ་ཁྲག་ལྟ་བུའི་སྤུན་ཟླའི་བརྩེ་སེམས་མཚོན་ཡོད།
ཀྲུང་དབྱང་གིས་བོད་ལ་ཐུགས་ཁུར་དང་རྒྱལ་ཡོངས་ཀྱིས་བོད་ལ་རྒྱབ་སྐྱོར་བྱས་ནས་བོད་ཀྱི་བྱ་གཞག་ཁག་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་རྒྱུར་སྒུལ་ཤུགས་ཆེན་པོ་འདོན་སྤེལ་བྱས་ཤིང་། 1994ལོར་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པའི་ཐོག “ཁག་བགོས་འགན་ཁུར་དང་། ཁ་གཏད་རོགས་སྐྱོར། དུས་བཀག་བརྗེ་རེས ”བཅས་ཀྱི་ཇུས་འགོད་གལ་ཆེན་གནང་བ་དང་1995ལོ་ནས་བཟུང་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་18དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་པུའུ་དང་ཨུ་ལྷན་60ལྷག་ཙམ། ཀྲུང་དབྱང་ཁེ་ལས་17བཅས་ཀྱི་ལས་བྱེད་པ་ཁག་5ཡིས་བོད་ཀྱི་དཔལ་འབྱོར་འཛུགས་སྐྲུན་ཐད་ཁ་གཏད་རོགས་སྐྱོར་བྱས་པ་ལྗོངས་དེ་ཡོངས་ཀྱི་ས་ཁུལ་མཐའ་དག་དང་རྫོང (གྲོང་ཁྱེར་དང་ཆུས )73ལ་ཁྱབ་ཡོད། ལོ་ངོ་15ཡི་རིང་ཁ་གཏད་རོགས་སྐྱོར་ཚན་པ་ཁག་གིས་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་རིམ་རྩིས་བྱས་ན་སྤྱིའི་མ་འཇོག་སྒོར་དུང་ཕྱུར་133.15ཟིན་པའི་བོད་སྐྱོར་རྣམ་གྲངས་6300བསྐྲུན་པ་དེས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་སྡོད་ཁང་དང་། སྨན་བཅོས། སློབ་ཞུགས། འགྲིམ་འགྲུལ། འཐུང་ཆུ། འཕྲིན་གཏོང་སོགས་ཀྱི་གནད་དོན་སྤྱིར་ན་ཐག་གཅོད་ཐུབ་པ་དང་མི་རིགས་ཁག་གི་མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་ལེགས་སུ་སོང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པར་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ཡོད། རྒྱ་ཆེའི་བོད་སྐྱོར་ལས་བྱེད་པས་བོད་ནི་ཕ་ཡུལ་གཉིས་པ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་གཉེན་ཉེ་ལྟ་བུར་བརྩིས་ཏེ་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་དང་བློ་གཅིག་སེམས་གཅིག་ངང་བོད་འཛུགས་སྐྲུན་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེ་མོ་དང་། འཕེལ་རྒྱས་ཆེ་མོ། དར་རྒྱས་ཆེ་མོ་བཅས་ཀྱི་དུས་རབས་ཀྱི་རྒྱལ་ཁའི་གླུ་དབྱངས་བརྩམས་ཡོད། བོད་ཀྱི་དར་རྒྱས་ཡར་ཐོན་ནི་མེས་རྒྱལ་གྱི་ཁྱིམ་ཚང་ཆེ་མོའི་ནང་ཐོབ་པ་ཞིག་རེད། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་རང་ཉིད་ཀྱི་ཉེ་འགྲམ་དུ་ཐོན་པའི་གནམ་ས་བླ་འོག་འགྱུར་ལྟ་བུའི་འགྱུར་ལྡོག་ཆེ་མོ་དེ་ནས་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་། སྤྱི་ཚོགས་རིང་ལུགས་ཀྱི་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད། མི་རིགས་མཐུན་སྒྲིལ་གྱི་བརྩེ་སེམས་བཅས་མྱོང་ཚོར་ཟབ་མོ་བྱུང་ཡོད། རྒྱལ་ཡོངས་མི་དམངས་ཁྱིམ་གཅིག་ལྟར་མཛའ་བརྩེ་བ་དེ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་འདོད་འདུན་ཞིག་རེད།
(གསུམ )མཐུན་སྒྲིལ་འབད་འབུངས་བྱས་ནས་རྣམ་པ་གསར་པ་གཏོད།
བོད་ཞི་བས་བཅིངས་འགྲོལ་བཏང་བ་དང་ལྷག་དོན་དུ་དམངས་གཙོའི་བཅོས་སྒྱུར་བྱས་ཚུན་གྱི་དུས་རབས་ཕྱེད་ཀ་ལྷག་ཙམ་རིང་ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་འོག་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་དཀའ་སྤྱད་འབད་འཐབ་བྱས་ནས་བོད་ཀྱི་ལོ་རྒྱུས་ཐོག་གཏན་ནས་བྱུང་མྱོང་མེད་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་བཏོད་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་འཕེལ་རྒྱས་གསར་པ་དང་། འཚོ་བ་གསར་པ། འགྱུར་ལྡོག་གསར་པ་བཅས་མཚོན་ཡོད། ལག་ལེན་ཀྱི་ཐོག་ནས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྲ་ཞིང་བརྟན་པའི་འགོ་ཁྲིད་ནི་བོད་འདི་ཉིད་འཕེལ་རྒྱས་ཡར་ཐོན་བྱུང་བའི “སྣེ་ཁྲིད་པ ”དང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ནི་བོད་ཀྱི་གསར་བརྗེ་དང་འཛུགས་སྐྲུན་གྱི་གཞི་རྩའི་སྟོབས་ཤུགས། བོད་སྡོད་མི་དམངས་བཅིངས་འགྲོལ་དམག་དཔུང་སྡེ་དང་། དྲག་ཆས་ཉེན་རྟོག སྤྱི་བདེའི་ལས་བྱེད་པ་དང་ཉེན་རྟོག་པ་བཅས་ནི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་མཁན་གྱི་སྲ་བརྟན་འགྱུར་མེད་ཀྱི་ཀ་རྟེན་བཅས་ཡིན་པ་ར་འཕྲོད་བྱུང་ཡོད།
དམངས་གཙོའི་བཅོས་སྒྱུར་བྱས་ཚུན་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་བྱེད་ཕྱོགས་དང་སྲིད་ཇུས་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་ལྷག་པར་དུ་དུས་སྐབས་གསར་པའི་བོད་ཀྱི་ལས་དོན་གྱི་མཛུབ་ཁྲིད་བསམ་བློར་དམ་པོར་དམིགས་ཏེ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་ཕྱོགས་གཅིག་ནས་འཕེལ་རྒྱས་ལ་དམ་འཛིན་དང་ཕྱོགས་གཞན་ཞིག་ནས་བརྟན་ལྷིང་ལ་དམ་འཛིན་བྱས་པས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་རྒྱུ་མངོན་འགྱུར་བྱུང་ཡོད། ཉེ་བའི་ལོ་ཤས་རིང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུའི་བླང་བྱ་གཞིར་བཟུང “ཐོན་ལས་དང་པོ་ཆུ་ཚད་དུ་སླེབས་པ་བྱེད་པ་དང་། ཐོན་ལས་གཉིས་པའི་གཙོ་གནད་དམ་འཛིན་བྱེད་པ། ཐོན་ལས་གསུམ་པ་འཕེལ་རྒྱས་ཤུགས་ཆེན་གཏོང་བ ”བཅས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་ཐོག་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་རྒྱུ་དང་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་བ་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ལས་འགན་ཨང་དང་པོར་བརྩིས་ནས “ཡུན་རིང་མི་འགྱུར་བ་གསུམ ”(ཞིང་ཁུལ་དུ “ས་ཞིང་དུད་ཚང་ལ་འདེབས་རྒྱུར་སྤྲོད་པ་དང་། རང་བདག་གཉེར་སྐྱོང་། ཡུན་རིང་མི་འགྱུར་བ ”བཅས་དང་འབྲོག་ཁུལ་དུ “ཕྱུགས་རིགས་དུད་ཚང་ལ་བདག་པ་དང་། སྒེར་བདག་སྒེར་གསོ། རང་བདག་གཉེར་སྐྱོང་། ཡུན་རིང་མི་འགྱུར་བ ”དང “རྩྭ་ར་སྤྱི་ལ་བདག་པ་དང་། དུད་ཚང་དུ་འགན་གཙང་སྤྲོད་པ། རང་བདག་གཉེར་སྐྱོང་། ཡུན་རིང་མི་འགྱུར་བ ”བཅས་ཀྱི་སྲིད་ཇུས་ལག་ལེན་བསྟར་བ )གྱི་སྲིད་ཇུས་མཐའ་འཁྱོངས་དང་དེ་འཐུས་ཚང་དུ་གཏོང་བའི་རྨང་གཞིའི་ཐོག་བདེ་སྡོད་ལས་གྲྭ་གཙོ་གནད་དུ་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་ཤུགས་ཆེན་བྱས་ནས་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་རྒྱུན་བསྲིང་དང་བརྟན་པོའི་ངང་འཕར་རྒྱུ་འགན་ལེན་བྱེད་པ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་འཛུགས་སྐྲུན་དང་ཕྱོགས་བསྡུས་ནུས་རྒྱུའི་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། ལས་གྲྭ་ཆེ་མོར་བརྟེན་ནས་བཅོས་སྐྱོང་ཆེ་མོར་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་སྒོ་མོ་དབྱེ་རྒྱ་ཆེ་རུ་བཏང་ནས་གཙོ་གནད་ཐོག་ནང་སར་སྒོ་མོ་དབྱེ་རྒྱ་ཆེ་རུ་གཏོང་བ། དམངས་འཚོ་ལེགས་སུ་ཤུགས་ཆེན་བཏང་ནས་སྤྱི་ཚོགས་ཀྱི་བྱ་གཞག་ཕྱོགས་ཡོངས་ནས་གོང་འཕེལ་རྒྱས་རྒྱུར་སྐུལ་འདེད་གཏོང་བ་དང་སློབ་གསོ་དམིགས་སུ་བཀར་ནས་འཕེལ་རྒྱས་བཏང་ཐོག་ལོ་དྲུག་ལམ་ལུགས་ཀྱི་འོས་འགན་སློབ་གསོ་སྲ་བརྟན་དུ་གཏོང་བའི་རྨང་གཞིའི་ཐོག་ལོ་དགུའི་ལམ་ལུགས་ཀྱི་འོས་འགན་སློབ་གསོ་འབད་བརྩོན་ཆེན་པོས་མངོན་འགྱུར་ཐུབ་པ་བྱེད་པ། སྨན་བཅོས་དང་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་མགྱོགས་སུ་བཏང་ནས་མི་རིགས་ཁག་གི་མང་ཚོགས་ལ་ནད་མང་པོ་མི་ཕོག་པ་བྱེད་པ་དང་། ནད་ལྟ་ཐུབ་པ། ནད་སྨན་བཅོས་ཐུབ་པ་བཅས་བྱེད་པ། ལས་ཞུགས་དང་ལས་ཞུགས་བསྐྱར་མའི་ལས་ཀ་ནན་ཏན་ངང་ཡག་པོ་བྱས་ནས་མི་རིགས་ཁག་གི་ངལ་རྩོལ་པ་ལས་ཞུགས་བྱེད་པར་ལས་གནས་ཡོད་པ་དང་། ལས་གཏོད་བྱེད་པར་ཐབས་ལམ་ཡོད་པ། ཕྱུག་འགྱུར་བྱེད་པར་རེ་བ་ཡོད་པ་བཅས་བྱེད་པ། གྲོང་ཁྱེར་དང་གྲོང་གསེབ་ཏུ་ཁྱབ་པའི་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་བཏང་ནས་མི་རིགས་ཁག་གི་མང་ཚོགས་རྣམས་ལྟོ་གོས་འཛོམས་པ་དང་། འཚོ་བའི་ཡོང་ཁུངས་ཡོད་པ། རྒན་གསོར་འགན་བཅོལ་ཡོད་པ་བཅས་བྱེད་དགོས་ཞེས་བཏོན་ཡོད། བྱ་ཐབས་དེ་དག་ལས་འབྱོར་འབྲིང་བོད་ལྗོངས་དང་། དུས་བདེའི་བོད་ལྗོངས། མཐུན་སྦྱོར་ལྡན་པའི་བོད་ལྗོངས། སྣོད་བཅུད་བཟང་བའི་བོད་ལྗོངས་བཅས་སྐྲུན་པར་སྐུལ་མ་ནུས་ལྡན་ཐེབས་ཡོད།
མི་རིགས་ཁག་གི་མི་དམངས་མང་ཚོགས་ནི་ཐོག་མཐའ་བར་གསུམ་དུ་བོད་ཀྱི་བྱ་གཞག་ཁག་འཕེལ་རྒྱས་གཏོང་བའི་སྟོབས་ཤུགས་ཀྱི་འབྱུང་རྩ་དང་རྒྱལ་ཁའི་གཞི་རྩ་ཡིན་ལ་བོད་འཛུགས་སྐྲུན་དང་བོད་འཕེལ་རྒྱས་གཏོང་བའི་གཙོ་གཟུགས་སྟོབས་ཤུགས་ཤིག་ཀྱང་ཡིན། གྲོང་ཁྱེར་ནས་གྲོང་གསེབ་བར་དང་། ལས་ཁུངས་ནས་ཁེ་ལས་བར། སྡེ་ཁུལ་ནས་སློབ་གྲྭའི་བར་བཅས་སུ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲངས་ནས་དཀའ་ཚེགས་ལ་མི་འཛེམས་པ་དང་། ལས་བརྩོན་ཞུམ་མེད། མཐུན་སྒྲིལ་འབད་འཐབ། ཞུམ་མེད་འབད་འབུངས་བཅས་ཀྱི་ཐོག་ནས་ཞུམ་མེད་མདུན་སྐྱོད་ཀྱི་སེམས་ཤུགས་དང་གསར་འབྱེད་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཐོག་རི་ཀླུང་ཪྙིང་པར་སྒྱུར་བཀོད་ཀྱིས་ཐུན་མོང་ཐོག་འབྱོར་འབྲིང་དུ་སྐྱོད་པའི་གསོན་ཉམས་ལྡན་པའི་ལེའུ་ཞིག་བརྩམས་པ་དང་། གནམ་སྒྱུར་ས་བརྗེས་དང་བརྗིད་ཆེའི་འཆར་འགོད་བཟོ་བའི་ལོ་རྒྱུས་ཀྱི་རླབས་ཆེན་བྱས་རྗེས་བཏོད་ནས་དམངས་སེམས་གཅིག་མཐུན་དང་བློ་སྟོབས་གཅིག་སྒྲིལ་གྱིས་རྒྱལ་ཁབ་ཀྱི་བདེ་འཇགས་དང་བོད་ཀྱི་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ཟངས་གྱང་ལྕགས་རྩིག་ཅིག་ཆགས་ཡོད།
བོད་སྡོད་མི་དམངས་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་རྒྱ་ཆེའི་དཔོན་དམག་གིས་བོད་ཞི་བས་བཅིངས་འགྲོལ་བཏང་བ་དང་། ངོ་ལོག་ཟིང་འཁྲུག་ཞོད་འཇགས་སུ་བཏང་བ། དམངས་གཙོའི་བཅོས་སྒྱུར། གཞི་ཁྱོན་ཆེ་བའི་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་བཅས་བྱས་པ་ནས་སྒྱུར་བཅོས་སྒོ་དབྱེའི་བར་ཐོག་མཐའ་བར་གསུམ་དུ་ཏང་གི་བཀོད་འདོམས་ལ་ཉན་པ་དང་། མི་དམངས་ལ་ཞབས་འདེགས་ཞུ་བ། དཔའ་ངར་ཞུམ་མེད་ཀྱིས་དམག་རྒྱག་མཁས་པ་བཅས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་ཤུགས་ཆེན་བཏང་ནས་གདོང་ལེན་བྱེད་ཕོད་པ་དང་ལེགས་སྐྱེས་འབུལ་ཕོད་པའི་ཐོག་ནས་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་། སྤྱི་ཚོགས་ཡར་ཐོན། མི་རིགས་མཐུན་སྒྲིལ། མཐའ་སྲུང་སྲ་བརྟན་བཅས་ཀྱི་ཆེད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་བ་དང་། མི་རིགས་ཁག་གི་མང་ཚོགས་དང་ཉ་ཆུ་ལྟ་བུའི་བརྩེ་སེམས་ཟབ་མོ་ཆགས་ནས་གངས་ལྗོངས་ས་མཐོར་དམག་དམངས་མཐུན་སྒྲིལ་གྱིས་མཐའ་མཚམས་སྲུང་སྐྱོབ་དང་མཐའ་མཚམས་འཛུགས་སྐྲུན་བྱེད་པའི་དཔའ་བོའི་ལོ་རྒྱུས་ཀྱི་སྙན་ངག་ཅིག་བརྩམས་ཡོད། ཁོང་ཚོ་ནི་ཏང་དང་མི་དམངས་ཀྱི་ངོ་གནོང་མི་དགོས་པའི་བློ་དཀར་སེམས་དཀར་གྱི་སྲུང་དམག་དང་། རྒྱལ་ཁབ་ཀྱི་བདེ་འཇགས་དང་མི་དམངས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་མཁན་ལྕགས་དང་ངར་ལྕགས་ལྟ་བུའི་ལྕགས་རི་རིང་པོ། བོད་ཀྱི་སྒྱུར་བཅོས་སྒོ་དབྱེ་དང་དེང་རབས་ཅན་གྱི་བྱ་གཞག་སྲུང་སྐྱོབ་བྱེད་མཁན་སྲ་ཞིང་བརྟན་པའི་ཀ་བ་བཅས་རེད།
ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཐུན་མོང་ཐོག་འབད་འཐབ་བྱས་པ་བརྒྱུད་ད་ཆའི་བོད་འདི་ཉིད་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་རྣམ་པའི་ཐོག་ནས་འཇིག་རྟེན་པའི་མིག་ལམ་དུ་མངོན་པ་མ་ཟད་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་ཕྱོགས་སུ་སྐྱོད་བཞིན་ཡོད་པ་རེད།
གསུམ་པ། བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པས་བརྗིད་ཆེའི་དམིགས་ཚད་འགྲུབ་པའི་འགན་ལེན་བྱས་པས་བོད་ཀྱི་འབྱུང་འགྱུར་དེ་བས་མཛེས་སྡུག་ལྡན།
འདི་ལོའི་ཟླ་1ཚེས་18ནས་ཚེས་20ཉིན་བར་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་པེ་ཅིང་དུ་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་སྐོང་ཚོགས་བྱས་ཡོད། ཚོགས་འདུའི་ཐོག་ཏང་གི་ཚོགས་ཆེན་བཅུ་བདུན་པ་དང་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་དགོངས་དོན་སྒོ་ཀུན་ནས་ལག་བསྟར་དོན་འཁྱོལ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བཞི་པ་འཚོགས་ཚུན་གྱི་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ལ་ཐོབ་པའི་གྲུབ་འབྲས་དང་ཉམས་མྱོང་ཕྱོགས་སྡོམ་ནན་ཏན་དང་འབྲེལ་བོད་ཀྱི་ལས་དོན་ལ་འཕྲད་པའི་དུས་བབ་དང་ལས་འགན་ལ་སྒོ་ཀུན་ནས་དབྱེ་ཞིབ་བྱས་ཏེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་བོད་ཀྱི་ལས་དོན་གྱི་བྱེད་ཕྱོགས་དང་། བསམ་ཕྱོགས། གཙོ་གནད་བཅས་ཁ་གསལ་བཏོན་ནས་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་རྒྱུར་འཐབ་ཇུས་བཀོད་སྒྲིག་བྱས་ཡོད། ཚོགས་འདུའི་ཐོག་སྲིད་ཇུས་བྱེད་ཐབས་གལ་ཆེན་རབ་དང་རིམ་པ་བཏོན་ནས་2020ལོ་བར་བོད་ཀྱི་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་བརྗིད་ཆེའི་དམིགས་ཚད་འགྲུབ་པའི་འགན་ལེན་བྱས་ཡོད།
(གཅིག )བོད་ཀྱིས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་བརྗིད་ཆེའི་དམིགས་ཚད་འགྲུབ་ཐུབ་ངེས་ཡིན་པ།
ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་ཐོག་བཏོན་པའི་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་གཙོ་བོ་ནི། 2015ལོར་སླེབས་སྐབས་དཔལ་འབྱོར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཀྱི་དུས་བབ་རྒྱུན་འཁྱོངས་དང་། ཞིང་འབྲོག་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་དང་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དབར་གྱི་ཧེ་བག་མངོན་གསལ་དོད་པོས་ཆུང་དུ་གཏོང་རྒྱུ། གཞི་རྩའི་སྤྱི་པའི་ཞབས་ཞུའི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་གཏོང་རྒྱུ། སྣོད་བཅུད་ཁོར་ཡུག་སྔར་བས་ལེགས་སུ་གཏོང་རྒྱུ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་འཕེལ་རྒྱས་གསར་པ་ཡོང་བ་བྱ་རྒྱུ། མི་རིགས་ཁག་མཐུན་སྒྲིལ་འཆམ་མཐུན་ཡོང་བ་བྱ་རྒྱུ། སྤྱི་ཚོགས་རྒྱུན་བསྲིང་བརྟན་ལྷིང་ཡོང་བ་བྱ་རྒྱུ། འབྱོར་འབྲིང་སྤྱི་ཚོགས་རྨང་གཞི་དེ་བས་བརྟན་དུ་གཏོང་རྒྱུ་བཅས་དང་། 2020ལོར་སླེབས་སྐབས་ཞིང་འབྲོག་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་ཀྱི་ཡོང་འབབ་ཁེ་གཙང་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ཀྱི་མཚམས་སུ་སླེབས་པ་དང་། མི་དམངས་ཀྱི་འཚོ་བའི་ཆུ་ཚད་སྒོ་ཀུན་ནས་མཐོ་རུ་གཏོང་རྒྱུ། གཞི་རྩའི་སྤྱི་པའི་ཞབས་ཞུའི་ནུས་པ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ཀྱི་མཚམས་སུ་སླེབས་པ། རྨང་གཞིའི་སྒྲིག་བཀོད་ཆ་རྐྱེན་སྒོ་ཀུན་ནས་ལེགས་སུ་གཏོང་རྒྱུ། སྣོད་བཅུད་བདེ་འཇགས་སྲུང་ཡོལ་འཛུགས་སྐྲུན་ཐད་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ། རང་ངོས་འཕེལ་རྒྱས་ཀྱི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་གཏོང་རྒྱུ། སྤྱི་ཚོགས་དེ་བས་མཐུན་སྦྱོར་དང་བརྟན་ལྷིང་ཡོང་བ་བཅས་བྱས་ཏེ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་བ་འགན་ལེན་བྱ་རྒྱུ་དེ་ཡིན།
ཚོགས་འདུའི་ཐོག་གཏན་ལ་འཁེལ་བའི་བྱེད་ཐབས་ཀྱིས་བོད་ལ་ལག་བསྟར་བྱེད་པའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་དང་རོགས་རམ་བྱེད་ཐབས་མུ་མཐུད་རྒྱ་ཆེར་བཏང་ནས་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་བ་དང་། སློབ་གསོ་དང་། སྨན་བཅོས། འཕྲོད་བསྟེན། རིག་གནས་བཅས་བྱ་གཞག་སོགས་འཕེལ་རྒྱས་མགྱོགས་སུ་གཏོང་བ། ཡུན་རིང་བདེ་འཁོད་མངོན་འགྱུར་ཧུར་ཐག་བྱེད་པ། བོད་འབྲེལ་གྱི་ཕྱི་ཕྱོགས་ལས་དོན་ལ་ཤུགས་སྣོན་རྒྱག་པ། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་དང་དེ་ལེགས་སུ་གཏོང་བ་བཅས་བྱེད་དགོས་པའི་ནན་བཤད་བྱས་ཡོད། ཀྲུང་དབྱང་གིས་གཏན་ལ་འཁེལ་བའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་ཁག་མ་འཇོག་དང་། ནོར་སྲིད་ཁྲལ་བསྡུ། དངུལ་རྩ། སྣོད་བཅུད་འཛུགས་སྐྲུན། ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་རྒྱུ། སྤྱི་ཚོགས་བྱ་གཞག སྤྱི་ཚོགས་འགན་སྲུང་། ལས་ཞུགས། གཞི་རིམ་རྩ་འཛུགས་འཛུགས་སྐྱོང་། ཁ་གཏད་རོགས་སྐྱོར་སོགས་ནང་ཁྱབ་ཡོད་པ་དེ་ཐོག་ནས་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བྱམས་བརྩེའི་ཐུགས་ཁུར་གནང་ལུགས་སླར་ཡང་གང་ལེགས་མཚོན་ཡོད་ལ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་བརྗིད་ཆེའི་དམིགས་ཚད་མངོན་འགྱུར་བྱ་རྒྱུར་འགན་ལེན་ནུས་ལྡན་མཁོ་འདོན་བྱས་ཡོད།
(གཉིས )དམངས་འཚོ་སྒོ་ཀུན་ནས་ལེགས་སུ་གཏོང་རྒྱུ་ཡིན་པ།
ཀྲུང་དབྱང་གིས་རང་ལྗོངས་ཀྱི་དམངས་འཚོ་འགན་ལེན་དང་དེ་ལེགས་སུ་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་གནང་ནས་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་རྒྱུ་དང་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ལས་འགན་ཨང་དང་པོར་བཞག་ནས་མི་རིགས་ཁག་གི་མང་ཚོགས་ཚོས་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སྤྱོད་ཐུབ་པ་བྱེད་དགོས་པའི་ནན་བཤད་བྱས་ཡོད། བོད་ཀྱི་ལས་དོན་སྐོར་གྱི་མཛུབ་ཁྲིད་བསམ་བློའི་ནང “དམངས་འཚོ་ལེགས་སུ་གཏོང་རྒྱུ་དེ་འགོ་འཛུགས་ས་དང་དོན་ལ་བབས་སར ”བྱེད་དགོས་ལུགས་ཁ་གསལ་བཏོན་པ་དང་འབྲེལ་དགོངས་པ་དེ་དཔལ་འབྱོར་འཕེལ་རྒྱས་དང་། རིག་གནས་འཛུགས་སྐྲུན་། སྤྱི་ཚོགས་བྱ་གཞག སྣོད་བཅུད་སྲུང་སྐྱོང་། ཁ་གཏད་རོགས་སྐྱོར་སོགས་ཕྱོགས་ཁག་གི་ཐད་ཁྱབ་ཡོད། ལྷག་པར་དུ་སྲིད་ཇུས་དང་མ་དངུལ་དེ་བས་མང་བའི་སྒོ་ནས་རྒྱ་ཆེའི་ཞིང་འབྲོག་ཁུལ་དང་མཐའ་མཚམས་ལུང་ཁུག་ས་ཁུལ་དུ་ཕྱོགས་ནས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་དང་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་གཙོ་གནད་ཐོག་ཐག་གཅོད་བྱེད་དགོས་པའི་ནན་བཤད་བྱས་ཡོད། དེ་དག་ཐོག་ནས་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་བརྩེ་དུང་ཟབ་མོ་གང་ལེགས་མངོན་ཡོད་པས་དམངས་འཚོ་སྒོ་ཀུན་ནས་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་ཐེབས་ངེས་རེད། དམངས་འཚོ་སྒོ་ཀུན་ནས་ལེགས་སུ་འགྲོ་བ་དེ་གཤམ་གསལ་ཕྱོགས་13ཐོག་ནས་མངོན་ཐུབ་པ་སྟེ།
1.དྭངས་ཤིང་གཙང་བའི་ཆུ་འཐུང་རྒྱུ་ཡོང་བ་བྱ་རྒྱུ། གཞི་རིམ་མང་ཚོགས་དང་ལྷག་པར་དུ་ཞིང་འབྲོག་མང་ཚོགས་ཀྱི་འཐུང་ཆུའི་གནད་དོན་ཐག་གཅོད་བྱ་ཆེད་རྒྱལ་ཁབ་ཀྱིས་བྱེད་ཐབས་གསུམ་སྤྱོད་རྒྱུ་སྟེ། གཅིག་ནི་འབད་བརྩོན་བྱས་པ་བརྒྱུད་2009ལོར་རང་ལྗོངས་སུ་རིམ་བརྩིས་བྱས་ན་མི་ཁྲི་122.2ཡི་བདེ་འཇགས་ཀྱི་འཐུང་ཆུའི་གནད་དོན་ཐག་གཅོད་བྱུང་ནས་ལོ་གཅིག་གི་སྔ་སྣུར་དུ “ལོ་ལྔ་ཚན་བཅུ་གཅིག་པའི ”འཆར་འགོད་ལས་འགན་ལེགས་སྒྲུབ་བྱས་པ་དང་འདི་ལོ་ད་དུང་ཞིང་འབྲོག་མང་ཚོགས་ཁྲི་25ཡི་བདེ་འཇགས་ཀྱི་འཐུང་ཆུའི་གནད་དོན་ཐག་གཅོད་བྱ་རྒྱུ་དང་། གཉིས་ནི་བདེ་འཇགས་འཐུང་ཆུའི་འདུ་འགོད་ལག་བསྟར་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་2013ལོར་སླེབས་སྐབས་ཞིང་འབྲོག་མང་ཚོགས་དང་ལྷག་པར་དུ་ཞིང་ནགས་རའི་ལས་བཟོའི་འཐུང་ཆུའི་གནད་དོན་ཐག་གཅོད་བྱ་རྒྱུ། གསུམ་ནི “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་གྲོང་ཁྱེར་ཁག་གཅིག་ཏུ་འཐུང་ཆུའི་ཆུ་འགོའི་འདུ་འགོད་གསར་སྐྲུན་དང་ཆུ་འགོ་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ལྷ་ས་གྲོང་ཁྱེར་གྱི་སྣེའུ་ཁུལ་གསར་གྱི་ཆུ་བཟོ་གྲྭ་དང་ནག་ཆུ་གྲོང་རྡལ་གྱི་ཆུ་བཟོ་གྲྭ་བསྐྲུན་རྒྱུ་དང་འབྲེལ་ས་ཁུལ (གྲོང་ཁྱེར )གནས་ཡུལ་དང་རྫོང་གྲོང་ཁག་གཅིག་ཏུ་ཆུ་བཤངས་མདོང་ལམ་བསྣུར་བསྲིང་སྒྱུར་བཀོད་འདུ་འགོད་ལག་བསྟར་བྱ་རྒྱུ་མ་ཟད། གྲོང་ཁྱེར་དང་གྲོང་རྡལ་ཁག་གཅིག་ཏུ་ཆུ་སྙིགས་གཙང་མ་བཟོ་ས་བསྐྲུན་རྒྱུ་བཅས་རེད།
2.བདེ་འཇགས་དང་སྟབས་བདེའི་གློག་སྤྱོད་ཐུབ་པ་བྱ་རྒྱུ། གཞི་རིམ་དང་ཞིང་འབྲོག་ཁུལ་དུ་གློག་དཀོན་པའི་གནད་དོན་ཐག་གཅོད་བྱ་ཆེད་རྒྱལ་ཁབ་ཀྱིས་བྱེད་ཐབས་བརྒྱད་སྤྱོད་རྒྱུ་སྟེ། གཅིག་ནི་འབད་བརྩོན་བྱས་པ་བརྒྱུད་མིག་སྔར་རང་ལྗོངས་ཀྱི་ཞིང་འབྲོག་མང་ཚོགས་ཁྲི་150གློག་སྤྱོད་ཐུབ་པ་དང་། གཉིས་ནི་ཀྲུང་དབྱང་གིས་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་བོད་ལྗོངས་གློག་ཤུགས་ཀྱི་ཁྱོན་ཡོངས་ཀྱི་ཞབས་ཞུའི་གནད་དོན་ཐག་གཅོད་བྱ་རྒྱུ། གསུམ་ནི་ཁྲའེ་ཡིའུ་སྣུམ་གྱི་གློག་གཏོང་འཕྲུལ་ཙུའུ་བོད་དུ་འདྲེན་ནས་བོད་དབུས་དང་མངའ་རིས་ས་ཁུལ་དུ་འཕྲལ་སྡོམ་གློག་ཁུངས་བསྐྲུན་རྒྱུ། བཞི་ནི་ཆུ་ཤུགས་གློག་ཁང་ཁག་གཅིག་བསྐྲུན་ནས་མཚོ་བོད་ཐད་རྒྱུག་མཉམ་འབྲེལ་དྲ་བའི་ལས་གྲྭ་བསྐྲུན་རྒྱུ། ལྔ་ནི་རྒྱལ་ཁབ་ཀྱི “ནུབ་གློག་ཤར་འདྲེན ”གྱི་འབྲེལ་མཐུད་ནུས་རྒྱུའི་རྟེན་གཞི་བསྐྲུན་རྒྱུ། དྲུག་ནི་ཉི་འོད་ནུས་པ་དང་ས་འོག་ཚ་ནུས་སོགས་སུ་སླར་སྐྱེའི་ནུས་རྒྱུ་གསར་སྤེལ་ལ་རྒྱབ་སྐྱོར་བྱ་རྒྱུ་དང་རྒྱལ་ཁབ་ཀྱིས་ནུས་རྒྱུ་གསར་པའི་ཐད་ཀྱི་མ་དངུལ་བོད་དུ་ཕྱོགས་རྒྱུ། བདུན་ནི་མངའ་རིས་དང་བོད་དབུས་སོགས་ཀོང་ཕུའུ་གློག་ཁང་ཆེ་གྲས་དང་ནུས་གསོག་སྒྲིག་བཀོད་བསྐྲུན་རྒྱུ། བརྒྱད་ནི་གློག་དྲ་བསྣུར་བསྲིང་དང་ཆུ་ཤུགས་གློག་ཁང་ཆུང་གྲས་དང་། ཀོང་ཕུའུ་གློག་གཏོང་། རླུང་ནུས། ཀོང་ཕུའུ་གློག་གསབ་སོགས་ཀྱི་བྱེད་ཐབས་བརྒྱུད་གྲོང་གསེབ་ཀྱི་གློག་མེད་པའི་ས་ཁུལ་གྱི་གློག་གི་གནད་དོན་ཐག་གཅོད་བྱས་ཏེ་གྲོང་གསེབ་ཀྱི་གློག་ཤུགས་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་བཅས་རེད།
3.ཕྱོགས་བཞི་མཚམས་བརྒྱད་དུ་སྐྱོད་སའི་ལམ་ཡོད་པ་བྱ་རྒྱུ།
ཞིང་འབྲོག་ཁུལ་གྱི་གཞི་རིམ་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་ལེགས་སུ་གཏོང་བ་དང་ཕྱིར་སྐྱོད་དཀའ་བའི་གནད་དོན་ཐག་གཅོད་བྱ་ཆེད་རྒྱལ་ཁབ་ཀྱིས་བྱེད་ཐབས་བདུན་སྤྱོད་རྒྱུ་སྟེ། གཅིག་ནི་2009ལོར་རང་ལྗོངས་ཀྱི་ཤང་གྲོང་668དང་སྲིད་འཛིན་གྲོང་ཚོ་4222ལ་ལམ་བཟོས་ནས་ལོ་གཅིག་གི་སྔ་སྣུར་དུ་80%ཡི་སྲིད་འཛིན་གྲོང་ཚོར་གཞུང་ལམ་ཡོད་པ་བྱ་རྒྱུའི་དམིགས་ཚད་མངོན་འགྱུར་བྱུང་བ་དང་། གཉིས་ནི་གཞུང་ལམ་གྱིས་རྨང་གཞི་བྱེད་པ་དང་། གཞུང་ལམ་ཨ་མ་དང་། ལྕགས་ལམ། མཁའ་འགྲུལ་བཅས་ཀྱིས་སྒྲོམ་གཞི་བྱེད་པ། གྲོང་གསེབ་གཞུང་ལམ་གྱིས་གཙོ་བོ་བྱེད་པ་བཅས་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་འཐུས་ཚང་དུ་གཏོང་རྒྱུ། གསུམ་ནི་མཐའ་མཚམས་སུ་གཞུང་ལམ་བསྐྲུན་རྒྱུ། བཞི་ནི “ལོ་ལྔ་ཚན་བཅུ་གཉིས་པའི ”དུས་མཇུག་ཏུ་སླེབས་སྐབས་རྫོང་ཚང་མར་སྣུམ་ནག་ལམ་ཡོད་པ་བྱ་རྒྱུ། ལྔ་ནི་གྲོང་གསེབ་ཀྱི་གཞུང་ལམ་བསྐྲུན་རྒྱུར་ཤུགས་སྣོན་བརྒྱབ་ནས་ཆ་རྐྱེན་འཛོམས་པའི་སྲིད་འཛིན་གྲོང་ཚོ་དང་ཞིང་ནགས་ར་བར་གཞུང་ལམ་བཟོ་རྒྱུ་དང་ཤང་གྲོང་ལ་སྣུམ་ནག་ལམ་མམ་ཡང་ན་ཨར་འདམ་གྱི་ལམ་བཟོ་རྒྱུ། དྲུག་ནི་ལྷ་ས་ནས་གཞིས་རྩེ་བར་དང་ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་ལས་འགོ་འཛུགས་རྒྱུ། བདུན་ནི་མངའ་རིས་གནམ་ཐང་དང་། གཞིས་རྩེ་གནམ་ཐང་། ནག་ཆུ་གནམ་ཐང་བཅས་འཛུགས་སྐྲུན་ལས་གྲྭ་ལེགས་འགྲུབ་བྱ་རྒྱུ་བཅས་རེད།
` 4.ཁོར་ཡུག་སྲུང་སྐྱོང་དང་དྭངས་གཙང་གི་རྫབ་རླངས་སྤྱོད་ཐུབ་པ་བྱ་རྒྱུ།
གཞི་རིམ་དང་ཞིང་འབྲོག་ཁུལ་གྱི་ནུས་རྒྱུའི་གྲུབ་ཆ་རིམ་གྱིས་ཐག་གཅོད་དང་དེ་ལེགས་སུ་བཏང་ནས་རྒྱ་ཆེའི་མང་ཚོགས་ཚོས་གོང་ཁེ་ལ་ཁོར་ཡུག་སྲུང་སྐྱོང་གི་རྫབ་རླངས་སྤྱོད་ཐུབ་པ་བྱ་ཆེད་རྒྱལ་ཁབ་ཀྱིས་བྱེད་ཐབས་བཞི་སྤྱོད་རྒྱུ་སྟེ། གཅིག་ནི་ས་གནས་དེ་རང་གི་ནུས་རྒྱུ་གསར་སྤེལ་དང་སྤུས་ལེགས་ཀྱི་ནུས་རྒྱུ་འདྲེན་རྒྱུ་མཐའ་འཁྱོངས་བྱས་ནས་ཆུ་ཤུགས་གློག་ཁང་གིས་གཙོ་བོ་བྱེད་པ་དང་། སྣུམ་རླངས་དང་ནུས་རྒྱུ་གསར་པ་གསབ་རེས་བྱས་ཏེ་བརྟན་པོ་དང་། དྭངས་གཙང་། བདེ་འཇགས། གོང་ཁེ་བ། རྒྱུན་མཐུད་འཕེལ་རྒྱས་བཅས་ཀྱི་ཕྱོགས་བསྡུས་ནུས་རྒྱུའི་མ་ལག་ཆགས་པ་བྱ་རྒྱུ་དང་། གཉིས་ནི་ལྷ་ས་ལྕགས་ལམ་སྣུམ་རླངས་འདོན་འཇུག་མཛོད་ཁང་སྐྲུན་རྒྱུ། གསུམ་ནི་གྲོང་གསེབ་ཀྱི་གློག་རླངས་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་ཞིང་འབྲོག་ཁུལ་དུ་འབུད་ཚབ་འདུ་འགོད་ལག་བསྟར་བྱས་ཏེ་ཞིང་འབྲོག་ཁུལ་གྱི་རྫབ་རླངས་བེད་སྤྱོད་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུ་དང་མིག་སྔར་རང་ལྗོངས་ཀྱིས་རིམ་རྩིས་བྱས་ན་དུད་ཚང་ཁྲི་11.4ལ་རྫབ་རླངས་རྫིང་བུ་བསྐྲུན་ཟིན་པ། བཞི་ནི་ས་ཁུལ (གྲོང་ཁྱེར )གནས་ས་དང་རྫོང་གྲོང་ཁག་གཅིག་ཏུ་དྲོད་མཁོ་འདོན་དང་རྫབ་རླངས་མཁོ་འདོན་གྱི་འདུ་འགོད་ལག་བསྟར་བྱ་རྒྱུ་བཅས་རེད།
5.བདེ་འཇགས་དང་སྤྱོད་གོ་ཆོད་པའི་སྡོད་ཁང་ནང་སྡོད་ཐུབ་པ་བྱ་རྒྱུ།
མི་རིགས་ཁག་གི་མང་ཚོགས་ཀྱི་སྡོད་ཁང་ཆ་རྐྱེན་ལེགས་སུ་གཏོང་ཆེད་རྒྱལ་ཁབ་ཀྱིས་བྱེད་ཐབས་གསུམ་སྤྱོད་རྒྱུ་སྟེ། གཅིག་ནི་མིག་སྔར་དུད་ཚང་ཁྲི་23དང་ཞིང་འབྲོག་མང་ཚོགས་ཁྲི་120ཡི་བདེ་སྡོད་གནད་དོན་ཐག་གཅོད་བྱས་བས་ལོ་གཅིག་གི་སྔ་སྣུར་དུ་ཞིང་འབྲོག་མང་ཚོགས་ཀྱི་བདེ་སྡོད་ལས་གྲྭའི་འཛུགས་སྐྲུན་ལས་འགན་ལེགས་སྒྲུབ་བྱས་པ་དང་། གཉིས་ནི་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱིས་སྐྱས་སྤོའི་འབྲོག་པ་གཞིས་ཆགས་དང་། ཡུལ་ནད་ཁུལ་གྱི་མང་ཚོགས་གནས་སྤོ། གཞུང་ཁོངས་ཞིང་ནགས་ར་བའི་སྡོད་ཁང་ཪྙིང་པ་སྒྱུར་བཀོད་བཅས་འདུ་འགོད་མགྱོགས་མྱུར་ལག་བསྟར་བྱས་ཏེ་ཞིང་པའི་སྡོད་ཁང་སྒྱུར་བཀོད་ཀྱི་དངུལ་བུན་དེ་དབུལ་སྐྱོར་སྐྱེད་གསབ་ཀྱི་དངུལ་བུན་ཁྱབ་ཁོངས་ནང་བཞག་ནས་ཞིང་འབྲོག་མང་ཚོགས་ཚང་མ་བདེ་འཇགས་དང་སྤྱོད་གོ་ཆོད་པའི་སྡོད་ཁང་ནང་སྡོད་ཐུབ་པ་བྱ་རྒྱུ། གསུམ་ནི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་སྡོད་ཁང་གི་ཆ་རྐྱེན་ལེགས་སུ་གཏོང་བ་དང་། ཁང་གླ་ཁེ་བའི་སྡོད་ཁང་བསྐྲུན་རྒྱུར་རྒྱབ་སྐྱོར་བྱེད་པ། ས་ཁུལ (གྲོང་ཁྱེར )གནས་ས་དང་རང་ཚུགས་བཟོ་གཏེར་ཁེ་ལས་ཀྱི་གྲོང་ཁུལ་ཪྙིང་པའི་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་བཅས་ཀྱི་ཐད་རྒྱལ་ཁབ་ཀྱི་ཁ་གསབ་ཚད་གཞི་འོས་འཚམ་ངང་མཐོ་རུ་གཏོང་རྒྱུ་བཅས་རེད།
6.ཕྲུ་གུ་ཚོ་སློབ་གྲྭར་སྐྱོད་སྐབས་སློབ་ཡོན་སྤྲོད་མི་དགོས་པ།
མི་རིགས་ཁག་གི་མང་ཚོགས་ཀྱི་ཚན་རིག་རིག་གནས་ཀྱི་ཆུ་ཚད་གོང་མཐོར་གཏོང་ཆེད་རྒྱལ་ཁབ་ཀྱིས་བྱེད་ཐབས་ལྔ་སྤྱོད་རྒྱུ་སྟེ། གཅིག་ནི་རང་ལྗོངས་སུ་ལོ་དགུའི་ལམ་ལུགས་ཀྱི་འོས་འགན་སློབ་གསོ་ཁྱབ་གདལ་གཏོང་བ་དང “ཡིག་རྨོངས་སེལ་བའི ”ལས་འགན་སྒོ་ཀུན་ནས་སྒྲུབ་པ་དང “འགན་ལེན་གསུམ ”གྱི་ཚད་གཞི་དེ་སྒོར་1800ཟིན་པ་བྱ་རྒྱུ་དང་། གཉིས་ནི་ཞིང་འབྲོག་ཁུལ་གྱི་ཐག་རིང་ས་ཁུལ་དུ་གཅིག་སྡུད་སློབ་གཉེར་བྱེད་པའི་ལས་དོན་ལ་གཙོ་གནད་ཐོག་སྐུལ་འདེད་གཏོང་བ་དང་། ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ་མགྱོགས་མྱུར་བསྐྲུན་པ། མཐོ་རིམ་སློབ་འབྲིང་བསྐྲུན་རྒྱུར་རྒྱབ་སྐྱོར་བཅས་བྱས་ཏེ་ཞིང་འབྲོག་མང་ཚོགས་ཀྱི་བུ་ཕྲུག་ལ་འོས་འགན་སློབ་གསོའི “འགན་ལེན་གསུམ ”གྱི་སྲིད་ཇུས་མུ་མཐུད་ལག་བསྟར་བྱ་རྒྱུ་དང་འབྲེལ་ཕྱོགས་ཡོངས་ལ་ཁྱབ་པ་བྱས་ཏེ་ཁ་གསབ་ཀྱི་ཚད་གཞི་རིམ་གྱིས་མཐོ་རུ་བཏང་ཐོག་མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་བུ་ཕྲུག་ཚང་མ “འགན་ལེན་གསུམ ”གྱི་ཁྱབ་ཁོངས་ནང་འཇོག་རྒྱུ། གསུམ་ནི་མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་བསྡུའི་གཞི་ཁྱོན་ཆེ་རུ་བཏང་ནས་བོད་ཀྱི་མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་དངོས་མིན་སློབ་ཞུགས་ཀྱི་ཚད་གཞི་2015ལོར་80%ཟིན་པ་བྱ་རྒྱུ། བཞི་ནི་འབྲིང་རིམ་ལས་རིགས་སློབ་འབྲིང་ལ་སློབ་ཡོན་མི་ལེན་པའི་སྲིད་ཇུས་ལག་བསྟར་བྱས་ཏེ་སློབ་མ་དབུལ་པོར་རོགས་རམ་བྱེད་པའི་སྲིད་ཇུས་སྔར་བས་འཐུས་ཚང་དུ་གཏོང་རྒྱུ། ལྔ་ནི་མཐོ་རིམ་སློབ་གྲྭའི་དགེ་འོས་དང་ས་གཏེར་དང་དེ་བཞིན་ཞིང་འབྲེལ་བཅས་ཀྱི་ཆེད་ལས་སློབ་མར་སློབ་ཡོན་མི་དགོས་པའི་སློབ་གསོ་ལག་བསྟར་བྱ་རྒྱུ་བཅས་རེད།
7.ནད་བཅོས་ཐུབ་པ།
མི་རིགས་ཁག་གི་མང་ཚོགས་དང་ལྷག་པར་དུ་ཞིང་འབྲོག་མང་ཚོགས་ཀྱི་བདེ་ཐང་ཆུ་ཚད་འགན་ལེན་བྱ་ཆེད་རྒྱལ་ཁབ་ཀྱིས་བྱེད་ཐབས་ལྔ་སྤྱོད་རྒྱུ་སྟེ། གཅིག་ནི་རང་ལྗོངས་ཀྱི་ཞིང་འབྲོག་མང་ཚོགས་ཚོས་སྨན་རིན་མི་དགོས་པར་སྨན་བཅོས་བྱ་རྒྱུ་རྨང་གཞིར་བྱེད་པའི་སྨན་བཅོས་འགན་ལེན་ལོངས་སུ་སྤྱོད་རྒྱུ་དང་ཞིང་འབྲོག་མང་ཚོགས་ཀྱི་སྨན་བཅོས་ཁ་གསབ་ཀྱི་ཚད་གཞི་སྒོར་180ཟིན་རྒྱུ་དང་འབྲེལ་ཞིང་འབྲོག་མང་ཚོགས་ཀྱི་སྦྲུམ་མ་སྨན་ཁང་དུ་ཕྲུ་གུ་བཙས་ན་སྨན་རིན་སྤྲོད་མི་དགོས་ཁར་བྱ་དགའ་དང་འཚོ་བའི་རོགས་སྐྱོབ་སྲིད་ཇུས་ལག་བསྟར་བྱ་རྒྱུ། གཉིས་ནི་སྨན་རིན་མི་དགོས་པར་སྨན་བཅོས་བྱ་རྒྱུ་རྨང་གཞིར་བྱེད་པའི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་སྔར་བས་འཐུས་ཚང་དུ་བཏང་སྟེ་ཁ་གསབ་ཀྱི་ཚད་གཞི་དང་འགན་ལེན་གྱི་ཆུ་ཚད་རིམ་གྱིས་མཐོ་རུ་གཏོང་རྒྱུ། གསུམ་ནི་ཞིང་འབྲོག་ཁུལ་གྱི་རིམ་གསུམ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་དང་གྲོང་ཁྱེར་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་དྲ་བ་གཙོ་གནད་དུ་འཐུས་ཚང་དུ་གཏོང་རྒྱུ། བཞི་ནི་སྨན་བཅོས་ཞབས་ཞུ་དང་ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་འཕྲལ་སྡོམ་ཐག་གཅོད་ནུས་པ་ཆེ་རུ་གཏོང་རྒྱུ། ལྔ་ནི་ཡུལ་ནད་དང་། ས་མཐོའི་ནད། འགོ་ནད་བཅས་འགོག་བཅོས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་བཅས་རེད།
8.ལས་ཞུགས་ཀྱི་ལམ་ཡངས་ཤིང་རྒྱ་ཆེ་བ།
ལས་ཞུགས་ནི་དམངས་འཚོའི་རྩ་བ་ཡིན་པར་བརྟེན་རྒྱལ་ཁབ་ཀྱིས་བྱེད་ཐབས་བརྒྱད་སྤྱད་དེ་མི་རིགས་ཁག་གི་མང་ཚོགས་ཀྱི་ལས་ཞུགས་འགན་ལེན་བྱ་རྒྱུ་སྟེ། གཅིག་ནི་ལས་གཏོད་ལ་བརྟེན་ནས་ལས་ཞུགས་ལ་སྣེ་ཁྲིད་བྱས་ཏེ་མཐོ་རིམ་སློབ་གྲྭའི་སློབ་ཐོན་སློབ་མ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ངལ་རྩོལ་ནུས་ཤུགས་གསར་པ། ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ཀྱི་ལས་ཞུགས་གནས་སྤོ་བཅས་ལ་སྐུལ་འདེད་བཏང་ནས་ཞིང་འབྲོག་མང་ཚོགས་ཕ་ཡུལ་དུ་ལོག་ནས་ལས་ཞུགས་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་དང་། གཉིས་ནི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དམག་མིའི་སློབ་གསོ་གསོ་སྦྱོང་དང་བཀོད་སྒྲིག་ལས་སྒྱུར་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུ། གསུམ་ནི་ལས་རིགས་ལག་རྩལ་སློབ་གྲྭར་གཞིགས་ཏེ་ལས་རིགས་རྩལ་ནུས་གསོ་སྦྱོང་འཐུས་ཚང་དུ་གཏོང་རྒྱུ། བཞི་ནི་འབྲོག་ཁུལ་གྱི་རྩྭ་ར་སྲུང་སྐྱོང་དང་གྲོང་གསེབ་ཀྱི་འགྲོ་ལམ་རམ་སྐྱོང་བ་སོགས་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁྱད་ཆོས་དང་འཚམ་པའི་སྤྱི་ཕན་རང་བཞིན་གྱི་ལས་གནས་གསར་སྤེལ་བྱས་ཏེ་ལས་ཞུགས་མེད་པའི་ཁྱིམ་ཚང་དང་དཀའ་ངལ་ཡོད་པའི་ཚོགས་སྤྱིའི་ལས་ཞུགས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ། ལྔ་ནི་སྲིད་གཞུང་གིས་མ་དངུལ་བཏང་བའི་འཛུགས་སྐྲུན་རྣམ་གྲངས་ནང་སྔོན་ལ་ས་གནས་དེ་རང་གི་ངལ་རྩོལ་ནུས་ཤུགས་བསྡུ་རྒྱུ། དྲུག་ནི་ཞིང་འབྲོག་མང་ཚོགས་ཀྱི་ལས་རིགས་རྩལ་ནུས་གསོ་སྦྱོང་དང་མི་ཤུགས་ཐོན་ཁུངས་ཁྲོམ་རའི་ཆ་འཕྲིན་དྲ་བ་དེ་བཞིན་འབྲེལ་ཡོད་སྒྲིག་བཀོད་འཛུགས་སྐྲུན་བྱས་ནས་མི་ཤུགས་ཐོན་ཁུངས་ཁྲོམ་རའི་ཆ་འཕྲིན་ཞབས་ཞུའི་མ་ལག་འཛུགས་པ་དང་འཐུས་ཚང་གཏོང་རྒྱུ། བདུན་ནི་རྫོང་རིམ་པ་ཡན་གྱི་སྤྱི་པའི་ལས་ཞུགས་ཞབས་ཞུའི་མ་ལག་འཛུགས་རྒྱུར་རྒྱབ་སྐྱོར་བྱས་ཏེ་ངལ་རྩོལ་པར་རིན་མི་དགོས་པར་ལས་ཞུགས་ཀྱི་ཞབས་ཞུ་མཁོ་འདོན་བྱ་རྒྱུ། བརྒྱད་ནི་གྲོང་ཁྱེར་ནང་ལས་ཀ་བྱེད་པར་ཡོང་མཁན་ཞིང་འབྲོག་མང་ཚོགས་ལ་ལས་རིགས་གསོ་སྦྱོང་ཐད་གསབ་དངུལ་སྤྲོད་རྒྱུ་དང་ཐེངས་གཅིག་རང་བཞིན་གྱི་ཐོག་ནས་ལས་རིགས་རྩལ་ནུས་གསལ་འབྱེད་སྐྱིན་གསབ་སྤྲོད་རྒྱུ་བཅས་རེད།
9.ཁྱིམ་དུ་བསྡད་ཀྱང་གནམ་འོག་གི་གནས་ཚུལ་ཤེས་ཐུབ་པ་བྱ་རྒྱུ།
རྒྱལ་ཁབ་ཀྱིས་བྱེད་ཐབས་བཞི་སྤྱད་ནས་གྲོང་གསེབ་ཀྱི་འཕྲིན་གཏོང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུ་སྟེ། གཅིག་ནི་ཆ་འཕྲིན་གྲོང་ཚོ་ཀུན་ཁྱབ་ཀྱི་འདུ་འགོད་ལག་བསྟར་བྱས་ཏེ་ཤང་ཀུན་ཁྱབ་ཀྱི་དྲ་བ་མངོན་འགྱུར་བྱ་རྒྱུ་དང་། གཉིས་ནི་སྐུད་ཡོད་དང་སྐུད་མེད་སོགས་ཀྱི་བྱེད་ཐབས་སྣ་ཚོགས་བརྒྱུད་སྲིད་འཛིན་གྲོང་ཚོ་དང་ཆ་རྐྱེན་འཛོམས་པའི་རང་བྱུང་གྲོང་ཚོར་ཁ་པར་ཁྲིད་རྒྱུ། གསུམ་ནི་ཆ་རྐྱེན་འཛོམས་པའི་ཤང་གྲོང་དུ་3Gཁྱབ་པ་དང་ཆ་རྐྱེན་ཡོད་པའི་སྲིད་འཛིན་གྲོང་ཚོར་དྲ་བ་སྤྱོད་ཐུབ་པ་བྱ་རྒྱུ། བཞི་ནི་ཤང་གྲོང་གིས་གཙོ་བོ་བྱས་པའི་སྦྲག་སྲིད་ཀྱི་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་རྒྱུ་དང་འབྲེལ་ཆ་རྐྱེན་འཛོམས་པའི་ཤང་གྲོང་དུ་སྦྲག་སྲིད་ཤར་གཏོང་ཐུབ་པ་བྱ་རྒྱུ་བཅས་རེད།
10.རིག་གནས་རོལ་རྩེད་བྱེད་ས་ཡོད་པ་བྱ་རྒྱུ།
མི་རིགས་ཁག་གི་མང་ཚོགས་ཚོའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་ཆེད་རྒྱལ་ཁབ་ཀྱིས་བྱ་ཐབས་ཁག་དྲུག་སྤྱོད་རྒྱུ་སྟེ། གཅིག་ནི་སྤྱི་པའི་རིག་གནས་ཀྱི་ཞབས་ཞུའི་དྲ་བ་འཛུགས་པ་དང་དེ་འཐུས་སྒོ་ཚང་དུ་གཏོང་བ་དང་སྤྱི་པའི་རིག་གནས་ཀྱི་སྒྲིག་གཞིའི་འཁོར་བསྐྱོད་འགན་ལེན་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་བཙུགས་ཟིན་པའི་རིག་གནས་ཀྱི་བྱེད་སྒོ་སྤེལ་ས་ཚང་མར་བྱེད་སྒོ་སྤེལ་ཐུབ་པ་བྱ་རྒྱུ་དང་། གཉིས་ནི་ཤང་གྲོང་གི་ཕྱོགས་བསྡུས་རིག་གནས་ས་ཚིགས་དང་། རིག་གནས་ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད། སྐོར་སྐྱོད་གར་སྟེགས་རླངས་འཁོར་སོགས་རིག་གནས་འདུ་འགོད་དང་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་གཞི་རྩའི་ཆ་ནས་རང་སྐྱོང་ལྗོངས་དང་ས་ཁུལ (གྲོང་ཁྱེར )ཁག་ཚང་མར་དཔེ་མཛོད་ཁང་དང་མང་ཚོགས་སྒྱུ་རྩལ་ཁང་ཡོད་པ་དང་། རྫོང་ལ་ཕྱོགས་བསྡུས་རིག་གནས་བྱེད་སྒོའི་ལྟེ་གནས་ཡོད་པ། ཤང་གྲོང (ཞིང་ར་དང་ནགས་ར )དུ་ཕྱོགས་བསྡུས་རིག་གནས་ས་ཚིགས་ཡོད་པ། སྲིད་འཛིན་གྲོང་ཚོར་རིག་གནས་བྱེད་སྒོ་ཁང་ཡོད་པ་བཅས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་བ་བྱ་རྒྱུ། གསུམ་ནི་རླུང་འཕྲིན་བཪྙན་འཕྲིན་གྲོང་ཚོ་ཀུན་ཁྱབ་ཀྱི་འདུ་འགོད་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་ནས་དུད་ཚང་ཚང་མར་རླུང་འཕྲིན་དང་བཪྙན་འཕྲིན་ཁྱབ་པ་བྱ་རྒྱུ། བཞི་ནི་བོད་སྐད་ཀྱི་རླུང་འཕྲིན་དང་། གློག་བཪྙན། བཪྙན་འཕྲིན་བཅས་ཀྱི་འཁྲབ་ཚན་བསྒྱུར་བཟོའི་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ་གཞི་རིམ་གྱི་མང་ཚོགས་ལ་དེ་བས་མང་བ་དང་དེ་བས་ལེགས་པའི་བོད་སྐད་ལེ་ཚན་བལྟ་ཐུབ་པ་བྱ་རྒྱུ། ལྔ་ནི་གྲོང་གསེབ་ཀྱི་གྲངས་གཞི་ཅན་གྱི་གློག་བཪྙན་སྟོན་པའི་འདུ་འགོད་མུ་མཐུད་ལག་བསྟར་བྱས་ཏེ་ས་ཁུལ (གྲོང་ཁྱེར )དང་རྫོང་ཁག་ཏུ་གྲངས་གཞི་ཅན་གྱི་གློག་བཪྙན་ཁང་བསྐྲུན་རྒྱུ། དྲུག་ནི་བོད་ཡིག་གི 《མི་དམངས་ཉིན་རེའི་ཚགས་པར 》དང 《བོད་ལྗོངས་ཉིན་རེའི་ཚགས་པར 》རིན་མི་དགོས་པར་གཞི་རིམ་དུ་སྤྲོད་རྒྱུ་བཅས་རེད།
11.གཞི་རྩའི་འཚོ་བ་འགན་ལེན་ཡོད་པ་བྱ་རྒྱུ།
རྒྱལ་ཁབ་ཀྱིས་བྱ་ཐབས་བདུན་སྤྱད་དེ་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བར་འགན་ལེན་བྱ་རྒྱུ་སྟེ། གཅིག་ནི་གྲོང་ཁྱེར་དང་གྲོང་གསེབ་ཏུ་ཁྱབ་པའི་ཡུལ་མིའི་སྤྱི་ཚོགས་འགན་སྲུང་མ་ལག་བསྐྲུན་ཏེ་གཙོ་གནད་ཐོག་ཞིང་འབྲོག་ཁུལ་དང་དཀའ་ངལ་ཡོད་པའི་ཚོགས་སྤྱིའི་སྤྱི་ཚོགས་འགན་སྲུང་ཞབས་ཞུ་དང་དེ་བཞིན་དབང་པོ་སྐྱོན་ཅན་གྱི་ཞབས་ཞུར་ཤུགས་སྣོན་རྒྱག་རྒྱུ་དང་། གཉིས་ནི་གྲོང་ཁྱེར་དང་གྲོང་རྡལ་གྱི་གཞི་རྩའི་རྒན་གསོའི་འགན་བཅོལ་དང་། གཞི་རྩའི་སྨན་བཅོས་འགན་བཅོལ། ལས་ཤོར་འགན་བཅོལ། ལས་རྨས་འགན་བཅོལ་དང་བུ་བཙའི་འགན་བཅོལ་བཅས་ཀྱི་ལམ་ལུགས་སྔར་བས་འཐུས་ཚང་དུ་གཏོང་རྒྱུ། གསུམ་ནི་ནོར་སྲིད་ཀྱི་ཐད་ནས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་གཞི་རྩའི་རྒན་གསོའི་འགན་བཅོལ་འཆར་གཞི་བཞིན་སྤྲོད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་ཁེ་ལས་ཀྱི་རྒན་ཡོལ་ཞུས་པའི་མི་སྣའི་རྒན་གསོའི་དངུལ་གྱི་ཆུ་ཚད་སྔར་བས་མཐོ་རུ་གཏོང་རྒྱུ། བཞི་ནི་གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་ལམ་ལུགས་གསར་པ་བཙུགས་ཏེ་2012ལོའི་སྔོན་དུ་གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་གསར་པ་གཞི་རྩའི་ཆ་ནས་ཚང་མར་ཁྱབ་ཐུབ་པ་བྱ་རྒྱུ། ལྔ་ནི་ས་ཆ་བསྡུ་ལེན་བྱས་པའི་ཞིང་པ་དང་སྐྱས་སྤོས་འབྲོག་པའི་སྤྱི་ཚོགས་འགན་སྲུང་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ་དང་དོན་འཁྱོལ་བྱ་རྒྱུ། དྲུག་ནི་སྤྱི་ཚོགས་རོགས་སྐྱོབ་མ་ལག་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་འཁྱམ་པོ་དང་ན་སོ་དར་ལ་མ་བབས་པའི་མིར་རོགས་སྐྱོབ་སྲུང་སྐྱོབ་དང་། སྡེ་ཁུལ་གྱི་ཞབས་ཞུ། བྱིས་པའི་ཕན་བདེ། རྒན་གསོའི་ཞབས་ཞུ། དབང་པོ་སྐྱོན་ཅན་གྱི་ཕྱོགས་བསྡུས་ཞབས་ཞུའི་སྒྲིག་བཀོད་བཅས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ། བདུན་ནི་གེགས་སེལ་འཕྲལ་སྡོམ་གྱི་ཞབས་ཞུའི་མ་ལག་འཛུགས་པ་དང་། འཐུས་ཚང་དུ་བཏང་ནས་གེགས་སེལ་དངོས་ཟོག་གྲ་སྒྲིག་གི་སྒྲིག་བཀོད་དང་གེགས་སེལ་འཕྲལ་སྡོམ་གྱི་སྒྲིག་ཆས་བསྐྲུན་རྒྱུ་བཅས་རེད།
12.འཚོ་བའི་ཁོར་ཡུག་དེ་བས་མཛེས་སྡུག་ལྡན་པ་བྱ་རྒྱུ།
བོད་ཀྱི་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་སྲུང་སྐྱོབ་དང་ང་ཚོའི་འཚོ་བའི་ཁོར་ཡུག་སྔར་བས་མཛེས་སྡུག་ལྡན་པ་ཡོང་ཆེད་རྒྱལ་ཁབ་ཀྱིས་སྲུང་སྐྱོབ་ཀྱི་བྱ་ཐབས་ཆེན་པོ་ཁག་ལྔ་བཏོན་པ་སྟེ། གཅིག་ནི་གཙོ་གནད་ས་ཁུལ་གྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོབ་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ་གཙང་པོ་དང་ཆུ་བོ་རྒྱུག་ཁུལ་དང་། རྩྭ་ཐང་། འདམ་ར། རང་བྱུང་ནགས་ཚལ་བཅས་དང་དེ་བཞིན་སྐྱེ་དངོས་སྣ་མང་ཅན་གྱི་སྲུང་སྐྱོབ་སོགས་དང་ལྷག་པར་དུ་མཐོ་སྒང་གི་གདོད་མའི་སྐྱེ་དངོས་དང་གདོད་མའི་རྩི་ཤིང་དང་བདག་ཏུ་མ་བཟུང་བའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང་། གཙོ་གནད་ས་ཁུལ་གྱི་ས་ཆུ་ཤོར་བ་དང་ས་ཞིང་བྱེ་ཐང་ཅན་དུ་འགྱུར་བར་ཕྱོགས་བསྡུས་བཅོས་སྐྱོང་དང་སྦགས་བཙོག་འགོག་བཅོས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། སྐྱས་སྤོས་རྩྭ་གསོ་དང་། མིའི་ཐབས་ལ་བརྟེན་ནས་རྩྭ་འདེབས་པ། རྩྭ་ཐང་གི་ནད་དང་། འབུ། ཨ་བྲའི་གནོད་འཚེ་འགོག་བཅོས་བཅས་ཀྱི་འདུ་འགོད་ལ་སྐུལ་འདེད་བཏང་སྟེ་གཙོ་གནད་ཐོག་ནགས་ཚལ་སྲུང་སྐྱོང་དང་ནགས་ཚལ་མེ་ཟོན་སྔོན་འགོག་དང་དེ་བཞིན་སྲུང་སྐྱོབ་ཁུལ་འཛུགས་རྒྱུ། གཉིས་ནི་སྣོད་བཅུད་ཁོར་ཡུག་གི་ལྟ་ཞིབ་ནུས་པ་ཆེ་རུ་བཏང་ནས་རང་བྱུང་གནོད་འཚེ་དང་སྣོད་བཅུད་ཁོར་ཡུག་གི་འགྱུར་ལྡོག་དུས་ཐོག་ཏུ་སྔོན་འགོག་བྱ་རྒྱུ། གསུམ་ནི་འཁོར་རྒྱུག་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་གྲོང་གསེབ་ཏུ་རྫབ་རླངས་དང་ཉི་འོད་ནུས་པ་ཁྱབ་གདལ་བཏང་སྟེ་ཁེ་ལས་ཀྱི་ནུས་རྒྱུ་བསྲི་ཚགས་དང་བཙོག་འབུད་ཉུང་གཏོང་ལ་སྐུལ་འདེད་དང་རྗེས་ལུས་ཀྱི་ཐོན་ནུས་དོར་ནས་ནུས་རྒྱུ་གྲོང་ཆུང་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་ལག་རྩལ་གསར་པ་ཁྱབ་གདལ་དང་བེད་སྤྱོད་བྱེད་པ་དང་ནུས་ལྡན་ངང་ཉི་འོད་ནུས་པ་དང་། རླུང་ནུས། ས་འོག་ཚ་ནུས་བཅས་སྤྱོད་རྒྱུ། བཞི་ནི་སྣོད་བཅུད་སྐྱིན་གསབ་ཀྱི་ཕུགས་ཕན་ལམ་སྲོལ་འཛུགས་རྒྱུ། ཉེ་བའི་ལོ་ཤས་རིང་ནགས་ཚལ་སྣོད་བཅུད་སྐྱིན་གསབ་མ་དངུལ་ཁོ་ན་སྒོར་དུང་ཕྱུར་7.7ཟིན་པ་དང་སྦྲགས་རིམ་གྱིས་མང་དུ་བཏང་བ་དང “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་སྒོར་དུང་ཕྱུར་15ཟིན་རེ་ཡོད་པ་རེད། ཀྲུང་དབྱང་གིས་ད་དུང་རྩྭ་ཐང་སྣོད་བཅུད་སྲུང་སྐྱོབ་ཀྱི་བྱ་དགའི་ལམ་སྲོལ་འཛུགས་རྒྱུ། ལྔ་ནི་གཏེར་རིའི་ཁོར་ཡུག་བཅོས་སྐྱོང་དང་སྣོད་བཅུད་སླར་གསོའི་འགན་འཁྲིའི་ལམ་སྲོལ་བཙུགས་ཏེ་གཏེར་ཁུལ་གྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོབ་ཡག་པོ་བྱ་རྒྱུ་བཅས་རེད།
13.འབབ་འཕར་གྱི་ཐབས་ལམ་དེ་བས་རྒྱ་ཆེ་རུ་གཏོང་རྒྱུ།
ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་ཐོག་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་རབ་དང་རིམ་པ་བཏོན་ནས་མི་རིགས་ཁག་གི་མང་ཚོགས་དང་ལྷག་པར་དུ་ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ལ་ཡངས་ཤིང་རྒྱ་ཆེ་བའི་ཐབས་ལམ་གཏོད་རྒྱུ་སྟེ། གཅིག་ནི་རྒྱལ་ཁབ་ཀྱིས་བོད་ཀྱི་གཞི་རྩའི་སྒྲིག་བཀོད་ལ་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་བ་དེ་དེ་སྔའི་གཞི་ཁྱོན་ལས་བརྒལ་ཡོད་པ་དང་། གཉིས་ནི་རྒྱལ་ཁབ་ཀྱིས་ཁྱད་ལྡན་གྱི་ཞིང་འབྲོག་ལས་འཕེལ་རྒྱས་གཏོང་རྒྱུར་སྐུལ་ལྕག་གཏོང་བ་དང་། ལེགས་ཆ་ལྡན་པའི་ཞིང་འབྲོག་ཐོན་ཟོག་དང་ཐོན་ལས་ཁུལ་བསྐྲུན་རྒྱུར་རྒྱབ་སྐྱོར་བྱེད་པ། སྐྱེ་དངོས་ཐོན་ལས་རྣམ་གྲངས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། ཞིང་འབྲོག་ལས་ཀྱི་ཕྱོགས་བསྡུས་གསར་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བ། འདེབས་གསོའི་དུད་ཆེན་དང་ཁྱིམ་ཚང་གི་ཞིང་འབྲོག་རར་རྒྱབ་སྐྱོར་བཅས་བྱ་རྒྱུ། གསུམ་ནི་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་གཉེར་སྐྱོང་དང་ཞིང་འབྲོག་ལས་ཆེད་ལས་མཉམ་ལས་དཔལ་འབྱོར་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཞིང་འབྲོག་ཁུལ་གྱི་ཁྲོམ་རའི་འཁོར་རྒྱུག་མ་ལག་འཐུས་ཚང་དུ་གཏོང་རྒྱུ། བཞི་ནི་གྲོང་གསེབ་ཀྱི་ཡུལ་སྐོར་དང་ནགས་ཚལ་སྣོད་བཅུད་ཡུལ་སྐོར་ལ་རོགས་སྐྱོར་ཤུགས་ཆེན་བྱ་རྒྱུ། ལྔ་ནི་ཧུར་བརྩོན་ཆེན་པོས་སྣེ་འདྲེན་ཁེ་ལས་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་དང་། ཁྱད་ལྡན་ཞིང་འབྲོག་ལས་ལས་སྣོན་ཞིབ་ཚགས་བྱེད་པར་རྒྱབ་སྐྱོར། མི་རིགས་ལག་ཤེས་བཟོ་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བཅས་བྱ་རྒྱུ། དྲུག་ནི་ལུགས་མཐུན་དང་གོ་རིམ་ལྡན་པའི་ངང་གཏེར་ལས་ཀྱི་ལེགས་ཆ་གསར་སྤེལ་དང་བོད་སྨན་ཐོན་ལས་ཅན་ལ་སྐུལ་འདེད་ཧུར་ཐག་གཏོང་རྒྱུ། བདུན་ནི་ཕྱི་ཕྱོགས་ཚོང་དོན་དང་ཟོག་འགྲེམས་ལས་རིགས་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་དང་། ཡ་གླིང་ལྷོ་མའི་ཚོང་དོན་གྱི་སྐམ་སའི་བགྲོད་ལམ་ཆེ་མོ་བསྐྲུན་རྒྱུར་རྒྱབ་སྐྱོར་བྱས་ཏེ་ས་ཁོངས་ལས་བརྒལ་བའི་དཔལ་འབྱོར་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ། བརྒྱད་ནི་མཐོ་སྒང་གི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བསྐྲུན་ནས་རྩ་ཐང་གི་སྣོད་བཅུད་སྲུང་སྐྱོབ་ཀྱི་བྱ་དགའ་དང་སྣོད་བཅུད་ཕན་འབྲས་ཁ་གསབ་ཀྱི་ཕུགས་ཕན་ལམ་སྲོལ་འཛུགས་རྒྱུ། དགུ་ནི་མཐའ་མཚམས་རྫོང་གི་འཛུགས་སྐུན་ལ་ཤུགས་སྣོན་རྒྱག་རྒྱུ། མཐའ་དར་དམངས་ཕྱུག་ཐད་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་མཐའ་མཚམས་མི་དམངས་ལ་ཁ་གསབ་སྤྲོད་པའི་ལམ་སྲོལ་བཙུགས་ཏེ་མོན་པ་དང་ལྷོ་པ་རིགས་སོགས་མི་འབོར་ཉུང་བའི་མི་རིགས་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ། བཅུ་ནི་ཞིང་དར་ཞིང་ཕན་གྱི་ཁ་གསབ་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་སྟེ་ནས་དེ་རྒྱལ་ཁབ་ཀྱི་སོན་བཟང་ཁ་གསབ་ཁྱབ་ཁོངས་ནང་འཇོག་པ་དང་། རྒྱུད་བཟང་གི་འབྲི་གཡག་དང་ཞོག་ཁོག་སོན་བཟང་ཐད་ཁ་གསབ་ཚོད་ལྟ་བྱ་རྒྱུ། བཅུ་གཅིག་ནི་མུ་མཐུད་བོད་ལྗོངས་འདི་ཉིད་དམིགས་བསལ་དང་། གཅིག་སྡུད། ཡུག་སྦྲེལ་བཅས་ཀྱི་དབུལ་པོའི་ས་ཁོངས་སུ་བརྩིས་ནས་རོགས་སྐྱོར་ཤུགས་ཆེན་བྱེད་པ་དང་། ཆེད་དོན་དབུལ་སྐྱོར་གསར་སྤེལ་གྱི་འཆར་འགོད་བཟོ་བ། ཀྲུང་དབྱང་གི་དབུལ་སྐྱོར་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་བཅས་བྱ་རྒྱུ་རེད།
གཞན་ཡང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་ཐོག་ད་དུང་དགོན་པར་ལམ་དང་། གློག ཆུ། འཕྲིན་གཏོང་། རླུང་འཕྲིན་བཪྙན་འཕྲིན་བཅས་ཁྱབ་པ་བྱ་རྒྱུ་དང་དེ་བཞིན་དགོན་པའི་དཔེ་དེབ་ཁང་སོགས་ཀྱི་གནད་དོན་རིམ་གྱིས་ཐག་གཅོད་བྱ་རྒྱུ་བཏོན་པ་དེ་ཐོག་ནས་ཏང་དང་སྲིད་གཞུང་གིས་རྒྱ་ཆེའི་གྲྭ་བཙུན་ཚོར་དམིགས་བསལ་གྱི་ཐུགས་ཁུར་གང་ལེགས་གནང་གི་ཡོད་པ་མཚོན་ཐུབ།
སྔོན་ཆད་ཕྱིར་དྲན་བྱེད་སྐབས་དངོས་འབྲེལ་སེམས་སྐྱོ་དགོས་པ་ཞིག་ཡོད་མོད། ད་ཆར་བལྟ་སྐབས་བདེ་སྐྱིད་ཕུན་ཚོགས་པའི་འཚོ་བ་སྐྱེལ་རྒྱུ་ཡོད་པས་སེམས་ནང་མི་དགའ་ཅི་ལ་སྲིད། བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ་གཏན་འཁོལ་བྱས་ནས་ལོ་གཅིག་འཁོར་ཉེར་ཡོད་པའི་སྐབས་སུ་ང་ཚོར་ད་ཆའི་འཚོ་བ་ནི་དེ་བས་བདེ་སྐྱིད་ལྡན་པ་ཞིག་ཡིན་པའི་ཚོར་སྣང་ཡོང་གི་འདུག བོད་ཪྙིང་པར་ཏཱ་ལས་གཙོས་པའི “མངའ་བདག་ཆེན་པོ་གསུམ ”གྱིས་རྒྱ་ཆེའི་ཞིང་བྲན་གྱི་འཆི་གསོན་ལ་རྩ་བ་ནས་མི་བལྟོས་པར་ཁོ་པ་ཚོའི་མིག་ནང་ཞིང་བྲན་ནི་སྨྲ་ཤེས་པའི་ལག་ཆ་ཙམ་ཡིན་པས་ཁོ་པ་ཚོས་བསྒྲུབ་རྒྱུའི་བྱ་བ་ནི་ཞིང་བྲན་ལ་རྫོགས་མཐའ་མེད་པའི་ཁྲལ་འུ་ལག་རྒྱུག་ཏུ་འཇུག་རྒྱུ་དང་རྫོགས་མཐའ་མེད་པའི་སྐྱེད་ལྕིའི་བུ་ལོན་འཇལ་དུ་འཇུག་རྒྱུ་དེ་རེད། ད་ཆ་ཏང་དང་སྲིད་གཞུང་གིས་རྒྱ་ཆེའི་མི་དམངས་མང་ཚོགས་ལ་ཆུ་དང་། གློག ལམ། རྫབ་རླངས། སྡོད་ཁང་བཅས་དང་། ལྟོ་ཆས། དངུལ། ཕྲུ་གུ་སློབ་གྲྭར་བསྐྱོད་རྒྱུ། ན་ཚ་བཅོས་རྒྱུ། ཁ་པར། བཪྙན་འཕྲིན་སོགས་ཕྱོགས་ཚང་མའི་ཐད་དགོངས་པ་བཞེས་གནང་བ་དང་སྦྲགས་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་དང་བྱེད་མུས་ཡིན་པས་བོད་གསར་ཪྙིང་གཉིས་གནམ་ས་འཛོལ་ཡོད། ང་ཚོས་ངེས་པར་དུ་ལོ་རྒྱུས་སེམས་ལ་བརྟན་པོར་ངེས་པ་དང་ད་ཆའི་དུས་བབ་ལ་གཅེས་འཛིན་བྱས་ཏེ་ཐུན་མོང་ཐོག་དེ་བས་མཛེས་སྡུག་ལྡན་པའི་བོད་ཀྱི་འབྱུང་འགྱུར་ཧུར་ཐག་གཏོད་དགོས།
འགན་འཁུར་རྩོམ་སྒྲིག་པ། admin
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣