དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • བོད་རང་སྐྱོང་ལྗོངས་ཀྱི་ཆུ་དཔྱད་དོ་དམ་བྱ་ཐབས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བཀའ་རྒྱ།

        (ཨང་94པ )

        《བོད་རང་སྐྱོང་ལྗོངས་ཀྱི་ཆུ་དཔྱད་དོ་དམ་བྱ་ཐབས 》འདི་2009ལོའི་ཟླ་10ཚེས་21ཉིན་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ཐེངས་18པའི་ཐོག་གྲོས་འཆམ་བྱུང་དོན་བཞིན་ད་ལྟ་ཁྱབ་བསྒྲགས་བྱས་ཡོད་པས། 2010ལོའི་ཟླ་1ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་དགོས།

        རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བྱམས་པ་ཕུན་ཚོགས་ནས།

        2009ལོའི་ཟླ་11ཚེས་16ཉིན།  

          ལེའུ་དང་པོ། སྤྱིའི་རྩ་འཛིན།

        དོན་ཚན་དང་པོ། ཆུ་དཔྱད་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་ཆུ་དཔྱད་ཀྱི་ལས་དོན་ཚད་ལྡན་བཟོ་རྒྱུ་དང་། ཆུའི་ཐོན་ཁུངས་གསར་སྤེལ་དང་། བེད་སྤྱོད། གྲོན་ཆུང་། སྲུང་སྐྱོབ་བཅས་བྱས་ཐོག ཆུའི་གནོད་འཚེ་འགོག་སེལ་ལ་ཞབས་འདེགས་ཞུས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་རྒྱུན་མཐུད་འགྲོ་བ་བྱེད་པར་སྐུལ་མ་གཏོང་རྒྱུའི་དོན་དུ 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆུའི་སྐོར་གྱི་བཅའ་ཁྲིམས 》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འབྲུབ་འགོག་སྐོར་གྱི་བཅའ་ཁྲིམས 》 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆུ་དཔྱད་སྲོལ་ཡིག 》ལ་སོགས་པའི་ཁྲིམས་ལུགས་དང་ཁྲིམས་སྲོལ་གཞིར་བཟུང་རང་སྐྱོང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་བྱ་ཐབས་འདི་བཟོས་པ་ཡིན།

         དོན་ཚན་གཉིས་པ། རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ཁྱབ་ཁོངས་ནང་ཆུ་དཔྱད་ས་ཚིགས་ཀྱི་དྲ་བ་འཆར་འགོད་དང་འཛུགས་སྐྲུན་བྱེད་རྒྱུ་དང་། ཆུ་དཔྱད་ལྟ་ཞིབ་ཚད་ལེན་བྱེད་རྒྱུ་དང་སྔོན་བརྡ་གཏོང་རྒྱུ། ཆུའི་ཐོན་ཁུངས་ཀྱི་བརྟག་དཔྱད་ཚོད་སྐོར་བྱེད་རྒྱུ། ཆུ་དཔྱད་ལྟ་ཞིབ་ཚད་ལེན་དཔྱད་ཡིག་ཕྱོགས་བསྡུས་སྙན་འབུལ་དང་། བདག་སྐྱོང་། བེད་སྤྱོད་བཅས་བྱེད་རྒྱུ། ཆུ་དཔྱད་ཀྱི་སྒྲིག་བཀོད་དང་ལྟ་ཞིབ་ཚད་ལེན་གྱི་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་རྒྱུ་ལ་སོགས་པའི་བྱེད་སྒོའི་རིགས་སྤེལ་སྐབས་བྱ་ཐབས་འདི་སྤྱོད་ཆོག

           དོན་ཚན་གསུམ་པ། ཆུ་དཔྱད་བྱ་གཞག་ནི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྨང་གཞིའི་རང་བཞིན་གྱི་སྤྱི་ཕན་བྱ་གཞག་ཡིན་པས། རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་ནང་འཇུག་དགོས་པ་དང་། དེར་མཁོའི་འགྲོ་གྲོན་ནི་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ནོར་སྲིད་སྔོན་རྩིས་ནང་འཇུག་དགོས། ས་ཁུལ (གྲོང་ཁྱེར )དང་རྫོང་(གྲོང་ཁྱེར་དང་ཆུས )མི་དམངས་སྲིད་གཞུང་གིས་རང་གནས་སའི་ཆུ་དཔྱད་ལས་ཁུངས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་བེད་སྤྱོད་བྱེད་རྒྱུར་མ་དངུལ་སོགས་ཀྱི་ཐད་ནས་རྒྱབ་སྐྱོར་བྱེད་དགོས།

        དོན་ཚན་བཞི་པ། རང་སྐྱོང་ལྗོངས་ཆུའི་སྲིད་འཛིན་གཙོ་གཉེར་སྡེ་ཚན་གྱིས་ལྗོངས་ཡོངས་ཀྱི་ཆུ་དཔྱད་ལས་དོན་གཙོ་གཉེར་བྱེད་རྒྱུ་དང་། དེའི་ཐད་གཏོགས་ཆུ་དཔྱད་ལས་ཁུངས (གཤམ་དུ་རང་སྐྱོང་ལྗོངས་ཆུ་དཔྱད་ལས་ཁུངས་ཞེས་བསྡུས་མིང་འབྲི་རྒྱུ )ཀྱིས་ལྗོངས་ཡོངས་ཀྱི་ཆུ་དཔྱད་དོ་དམ་གྱི་ལས་དོན་ལ་ཞིབ་ཕྲའི་འགན་འཁུར་རྒྱུ། རང་སྐྱོང་ལྗོངས་ཆུ་དཔྱད་ལས་ཁུངས་ཀྱི་ས་ཁུལ (གྲོང་ཁྱེར )ཁག་ཏུ་བཅའ་སྡོད་ཆུ་དཔྱད་ལས་ཁུངས་ཀྱིས་རང་སྐྱོང་ལྗོངས་ཆུ་དཔྱད་ལས་ཁུངས་ཀྱི་འགོ་ཁྲིད་འོག གནས་སའི་ས་ཁུལ་གྱི་ཆུ་དཔྱད་དོ་དམ་ལས་དོན་ལ་ཞིབ་ཕྲའི་འགན་འཁུར་བ་དང་ཆབས་ཅིག་གནས་སའི་ས་ཁུལ་གྱི་ཆུའི་སྲིད་འཛིན་གཙོ་གཉེར་སྡེ་ཚན་ནས་ལས་རིགས་ཀྱི་མཛུབ་ཁྲིད་བྱས་རིགས་དང་ལེན་ཞུ་དགོས། ཆུ་དཔྱད་ཀྱི་བྱེད་སྒོ་སྤེལ་མཁན་ཚན་པ་གཞན་དག་གིས་རང་སྐྱོང་ལྗོངས་ཆུ་དཔྱད་ལས་ཁུངས་ནས་ལས་རིགས་ཀྱི་དོ་དམ་བྱས་རིགས་དང་ལེན་ཞུ་དགོས།

        དོན་ཚན་ལྔ་པ། རང་སྐྱོང་ལྗོངས་ཆུ་དཔྱད་ལས་ཁུངས་དང་དེའི་ས་ཁུལ (གྲོང་ཁྱེར )ཁག་ཏུ་བཅའ་སྡོད་ཆུ་དཔྱད་ལས་ཁུངས་ཀྱིས་ཆུ་དཔྱད་ལྟ་ཞིབ་ཚད་ལེན་དཔྱད་ཡིག་ལེགས་སྒྲིག་ཕྱོགས་བསྡུས་དང་། བདག་སྐྱོང་། གསང་སྲུང་། ཆུ་དཔྱད་ཀྱི་གྲངས་གཞིའི་མཛོད་ཁང་གི་ཡིག་ཚགས་བཟོ་རྒྱུ་བཅས་ཀྱི་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ་ཆུ་དཔྱད་ལྟ་ཞིབ་ཚད་ལེན་གྱི་ཆ་འཕྲིན་བསྡུ་ལེན་གནད་སྨིན་བྱེད་དགོས་པ་མ་ཟད། གཏན་འབེབས་ལྟར་གོང་རིམ་གཙོ་གཉེར་སྡེ་ཚན་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་ལ་དུས་ཐོག་ཏུ་འབུལ་དགོས།

          དོན་ཚན་དྲུག་པ། ཕྱི་རྒྱལ་གྱི་རྩ་འཛུགས་དང་མི་སྒེར་གྱིས་རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ཁྱབ་ཁོངས་ནང་ཆུ་དཔྱད་གྱི་ལས་དོན་སྤེལ་དགོས་བྱུང་ཚེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་འཛིན་གཙོ་གཉེར་སྡེ་ཚན་ལ་ཆོག་མཆན་ཞུ་དགོས་པ་མ་ཟད། རྒྱལ་ཁབ་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་དང་དེ་བཞིན་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་བཅས་ལ་བརྩི་སྲུང་ཞུ་དགོས། རྒྱལ་མཚམས་གྲོལ་བའི་ཆུ་བོའི་ཐོག་ཏུ་ཆུ་དཔྱད་ཀྱི་བྱེད་སྒོ་སྤེལ་དགོས་བྱུང་ཚེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་འབྲེལ་ཡོད་རྒྱལ་ཁབ་དབར་བཞག་པའི་ཆིངས་ཡིག་དང་གྲོས་མཐུན་ལ་བརྩི་སྲུང་ཞུ་དགོས། རང་སྐྱོང་ལྗོངས་ཆུ་དཔྱད་ལས་ཁུངས་ཀྱིས་རྒྱལ་མཚམས་གྲོལ་བའི་ཆུ་བོའི་ཆུ་དཔྱད་ཀྱི་གནས་ཚུལ་ལྟ་ཞིབ་ཚད་ལེན་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། གནས་ཚུལ་ཆེ་རིགས་ནི་རང་སྐྱོང་ལྗོངས་ཆུའི་སྲིད་འཛིན་གཙོ་གཉེར་སྡེ་ཚན་ནས་དུས་ཐོག་ཏུ་འབྲེལ་ཡོད་སྡེ་ཚན་ལ་བརྡ་ཁྱབ་གཏོང་དགོས།

        དོན་ཚན་བདུན་པ། རང་སྐྱོང་ལྗོངས་ཀྱིས་ཆུ་དཔྱད་ཀྱི་ཚན་རིག་ལག་རྩལ་ཞིབ་འཇུག་དང་། ཁྱབ་སྤེལ། བེད་སྤྱོད་བཅས་བྱེད་པར་སྐུལ་ལྕག་དང་རྒྱབ་སྐྱོར་བྱས་ནས་ཆུ་དཔྱད་ཀྱི་ཚན་རྩལ་མི་སྣ་གསོ་སྐྱོང་བྱས་ཏེ་ཆུ་དཔྱད་ཀྱི་རྒྱལ་སྤྱིའི་སྤེལ་རེས་དང་མཉམ་ལས་བྱེད་པར་ཤུགས་སྣོན་རྒྱག་རྒྱུ།

        ལེའུ་གཉིས་པ། འཆར་འགོད་དང་འཛུགས་སྐྲུན།

        དོན་ཚན་བརྒྱད་པ། རང་སྐྱོང་ལྗོངས་ཆུའི་སྲིད་འཛིན་གཙོ་གཉེར་སྡེ་ཚན་གྱིས་རྒྱལ་ཁབ་ཀྱི་ཆུ་དཔྱད་བྱ་གཞག་འཕེལ་རྒྱས་ཀྱི་འཆར་འགོད་དང་། ཆུ་རྒྱུད་ཀྱི་ཆུ་དཔྱད་བྱ་གཞག་འཕེལ་རྒྱས་ཀྱི་འཆར་འགོད། དེ་བཞིན་རང་སྐྱོང་ལྗོངས་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བཅས་ཀྱི་དགོས་མཁོར་གཞིགས་ནས་རང་སྐྱོང་ལྗོངས་ཀྱི་ཆུ་དཔྱད་བྱ་གཞག་འཕེལ་རྒྱས་ཀྱི་འཆར་འགོད་བཟོས་ཏེ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལ་ལག་ལེན་བསྟར་རྒྱུའི་ཆོག་མཆན་ཞུ་དགོས་པ་མ་ཟད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆུའི་སྲིད་འཛིན་གཙོ་གཉེར་སྡེ་ཚན་ལ་ཐོ་དཔོད་སྙན་ཞུ་བྱེད་དགོས། རང་སྐྱོང་ལྗོངས་ཆུའི་སྲིད་འཛིན་གཙོ་གཉེར་སྡེ་ཚན་གྱིས་ཆུ་དཔྱད་བྱ་གཞག་འཕེལ་རྒྱས་ཀྱི་འཆར་འགོད་ལ་གཞིགས་ནས་ཆུ་དཔྱད་ལས་ཁུངས་སྒྲིག་འཛུགས་ཀྱིས་ཆུ་དཔྱད་ཀྱི་ཆེད་ལས་འཆར་འགོད་བཟོས་ཏེ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལ་ལག་ལེན་བསྟར་རྒྱུའི་ཆོག་མཆན་ཞུ་དགོས། ཆུ་དཔྱད་བྱ་གཞག་འཕེལ་རྒྱས་ཀྱི་འཆར་འགོད་དང་། ཆུ་དཔྱད་ཆེད་ལས་ཀྱི་འཆར་འགོད་ལ་བཟོ་བཅོས་རྒྱག་དགོས་བྱུང་ཚེ། བྱ་རིམ་གཞིར་བཟུང་ཐོག་མའི་ཆོག་མཆན་སྤྲོད་མཁན་ལས་ཁུངས་ལ་ཆོག་མཆན་ཞུ་དགོས།

          དོན་ཚན་དགུ་པ། ཆུ་དཔྱད་ས་ཚིགས་ཀྱི་དྲ་བ་འཛུགས་སྐྲུན་བྱེད་དགོས་བྱུང་ཚེ། རང་སྐྱོང་ལྗོངས་ཀྱི་ཆུ་དཔྱད་བྱ་གཞག་འཕེལ་རྒྱས་ཀྱི་འཆར་འགོད་ལ་གཞིགས་ནས་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་རྣམ་གྲངས་འཛུགས་སྐྲུན་བྱ་རིམ་གཞིར་བཟུང་སྒྲིག་འཛུགས་དང་ལག་བསྟར་བྱེད་དགོས། རང་སྐྱོང་ལྗོངས་ཀྱི་ཆུ་བེད་དང་། ཆུ་གློག ཆུའི་བཀོད་གཏོང་སོགས་རྨང་གཞིའི་ལས་གྲྭའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པར་ཞབས་ཞུ་བྱེད་རྒྱུའི་ཆུ་དཔྱད་ས་ཚིགས་ཀྱི་དྲ་བ་འཛུགས་སྐྲུན་དང་འཁོར་སྐྱོད་དོ་དམ་གྱི་འགྲོ་གྲོན་ནི་ལས་གྲྭ་འཛུགས་སྐྲུན་གྱི་ཚོད་རྩིས་དང་འཁོར་སྐྱོད་དོ་དམ་གྱི་འགྲོ་གྲོན་ནང་སོ་སོར་འཇུག་དགོས།

           དོན་ཚན་བཅུ་པ། ཆེད་སྤྱོད་ཆུ་དཔྱད་ཚད་ལེན་ས་ཚིགས་འཛུགས་དགོས་བྱུང་ཚེ། རྒྱལ་ཁབ་ཀྱི་གཞི་རྩའི་ཆུ་དཔྱད་ཚད་ལེན་ས་ཚིགས་དང་བསྐྱར་ཟློས་བྱེད་མི་ཆོག ཆེད་སྤྱོད་ཆུ་དཔྱད་ཚད་ལེན་ས་ཚིགས་འཛུགས་དགོས་ངེས་ཡིན་ཚེ། རང་སྐྱོང་ལྗོངས་ཀྱི་ཆུ་དཔྱད་ལས་ཁུངས་ལ་ཆོག་མཆན་ཞུ་དགོས་པ་དང་། ཆུ་རྒྱུད་དོ་དམ་ལས་ཁུངས་ལ་ཞིབ་བཤེར་ཆོག་མཆན་ཞུ་དགོས་རིགས་ནི་ཆུ་རྒྱུད་དོ་དམ་ལས་ཁུངས་ལ་ཆོག་མཆན་ཞུ་དགོས། ཆེད་སྤྱོད་ཆུ་དཔྱད་ཚད་ལེན་ས་ཚིགས་འཛུགས་པར་གཤམ་གསལ་གྱི་དཔྱད་ཡིག་འཁོ་འདོན་བྱེད་དགོས་པ་སྟེ། (གཅིག )རེ་འདུན་ཞུ་ཡིག་དང་།

        (གཉིས )རྣམ་གྲངས་གསར་འཛུགས་ཀྱི་མཆན་འགོད་བཀའ་ལན།

        (གསུམ )ཆེད་སྤྱོད་ཆུ་དཔྱད་ཚད་ལེན་ས་ཚིགས་ཀྱི་ཇུས་འགོད་སྙན་ཞུ།

        (བཞི )རྒྱལ་ཁབ་དང་རང་སྐྱོང་ལྗོངས་ནས་གཏན་འབེབས་བྱས་པའི་དཔྱད་ཡིག་གཞན་དག་བཅས།

        དོན་ཚན་བཅུ་གཅིག་པ། རེ་འདུན་ཞུ་མཁན་ནས་ཆེད་སྤྱོད་ཆུ་དཔྱད་ཚད་ལེན་འཛུགས་རྒྱུའི་རེ་འདུན་ཞུས་ཚེ། རང་སྐྱོང་ལྗོངས་ཆུ་དཔྱད་ལས་ཁུངས་ཀྱིས་གཤམ་གསལ་གྱི་གནས་ཚུལ་མི་འདྲ་བར་གཞིགས་ཏེ་ཐག་གཅོད་སོ་སོར་བྱེད་དགོས་པ་སྟེ།

        (གཅིག )རེ་ཞུའི་དཔྱད་ཡིག་ཆ་ཚང་ཞིང་རང་ལས་ཁུངས་ནས་བདག་སྤྲོད་བྱེད་ཁོངས་སུ་གཏོགས་པ་ཡིན་རིགས་བདག་སྤྲོད་བྱེད་དགོས་པ་དང་།

        (གཉིས )གོང་འབུལ་དཔྱད་ཡིག་ཆ་མི་ཚང་བའམ་ཡང་ན་རེ་འདུན་ཞུ་ཡིག་གི་ནང་དོན་ཁ་གསལ་མེད་པ་ཡིན་ཚེ། ལས་ཀའི་ཉིན་5ཡི་ནང་ཚུན་དུ་རེ་འདུན་ཞུ་མིར་ཁ་གསབ་དང་ཡོ་བསྲང་བྱེད་དུ་འཇུག་དགོས།

        (གསུམ )རང་ལས་ཁུངས་ཀྱི་བདག་སྤྲོད་བྱེད་ཁོངས་སུ་མ་གཏོགས་པ་ཡིན་ཚེ། ལས་ཀའི་ཉིན་5ཡི་ནང་ཚུན་དུ་རེ་འདུན་ཞུ་མིར་བདག་སྤྲོད་བྱེད་དབང་ཡོད་པའི་ལས་ཁུངས་སུ་རེ་ཞུ་བྱེད་དུ་འཇུག་དགོས།

          དོན་ཚན་བཅུ་གཉིས་པ། རང་སྐྱོང་ལྗོངས་ཆུ་དཔྱད་ལས་ཁུངས་ཀྱིས་ཆེད་སྤྱོད་ཆུ་དཔྱད་ཚད་ལེན་ས་ཚིགས་འཛུགས་རྒྱུའི་རེ་ཞུ་བདག་སྤྲོད་བྱས་རྗེས། རེ་ཞུའི་དཔྱད་ཡིག་ལ་ཁྱོན་ཡོངས་ནས་ཞིབ་བཤེར་བྱེད་དགོས་པ་དང་། བདག་སྤྲོད་བྱས་ཚུན་ནས་བཟུང་གི་ཉིན་20ཡི་ནང་ཚུན་དུ་ཆོག་མཆན་སྤྲོད་མིན་གཏན་འཁེལ་བྱེད་དགོས། ཆོག་མཆན་མ་སྤྲད་ཚེ། རེ་ཞུ་བྱེད་མཁན་ལ་ཡིག་ཐོག་ནས་བརྡ་ཐོ་གཏོང་བ་དང་འབྲེལ་རྒྱུ་མཚན་གསལ་བཤད་བྱེད་དགོས་པ་དང་། དུས་བཀག་ཡོལ་ཡང་ཆོག་མཆན་སྤྲོད་མིན་གཏན་འཁེལ་མ་བྱས་པ་ནི་མོས་མཐུན་བྱས་པར་བརྩི་དགོས།

          དོན་ཚན་བཅུ་གསུམ་པ། ཆེད་སྤྱོད་ཆུ་དཔྱད་ཚད་ལེན་ས་ཚིགས་ཀྱིས་ལྟ་ཞིབ་ཚད་ལེན་གྱི་ལས་དོན་སྤེལ་སྐབས་གཤམ་གསལ་གྱི་ཆ་རྐྱེན་ཚང་དགོས་པ་སྟེ། (གཅིག )ཆུ་དཔྱད་ལྟ་ཞིབ་ཚད་ལེན་གྱི་ལས་དོན་སྤེལ་བར་ངེས་པར་དགོས་པའི་ས་ཆ་དང་རྨང་གཞིའི་སྒྲིག་བཀོད་ཡོད་པ་དང་།

        (གཉིས )ཆུ་དཔྱད་ལྟ་ཞིབ་ཚད་ལེན་བྱེད་པར་ངེས་པར་དགོས་པའི་ཆེད་སྤྱོད་ལག་རྩལ་སྒྲིག་ཆས་དང་ཚད་འཇལ་ཡོ་ཆས་ཡོད་པ།

        (གསུམ )བབ་མཚུངས་ཆེད་ལས་ཀྱི་ལག་རྩལ་མི་སྣ་ཡོད་པ་བཅས། ཆེད་སྤྱོད་ཆུ་དཔྱད་ཚད་ལེན་ས་ཚིགས་འཛུགས་མཁན་ཚན་པས་རང་སྐྱོང་ལྗོངས་ཆུ་དཔྱད་ལས་ཁུངས་ལ་ཆེད་སྤྱོད་ཆུ་དཔྱད་ཚད་ལེན་ས་ཚིགས་ཚབ་འཛུགས་དང་དོ་དམ་བྱེད་རྒྱུ་མངག་ཆོག་པ་དང་། དེར་མཁོའི་འགྲོ་གྲོན་ནི་ཆེད་སྤྱོད་ཆུ་དཔྱད་ཚད་ལེན་ས་ཚིགས་འཛུགས་མཁན་ཚན་པས་གཏོང་དགོས།

           དོན་ཚན་བཅུ་བཞི་པ། རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ཁྱབ་ཁོངས་ནང་ཆུ་དཔྱད་དང་ཆུའི་ཐོན་ཁུངས་བརྟག་དཔྱད་ཚོད་སྐོར་གྱི་བྱེད་སྒོ་སྤེལ་དགོས་བྱུང་ཚེ། ངེས་པར་དུ་བབ་མཚུངས་ཀྱི་འོས་བབ་ལྡན་དགོས་པ་མ་ཟད། རང་སྐྱོང་ལྗོངས་ཀྱི་ཆུའི་སྲིད་འཛིན་གཙོ་གཉེར་སྡེ་ཚན་ལ་ཐོ་འགོད་སྙན་ཞུ་བྱས་རྗེས། འོས་བབ་ཀྱི་རིམ་པ་དང་གཏན་འབེབས་ཀྱི་ལས་སྒོའི་ཁྱབ་ཁོངས་གཞིར་བཟུང་ཆུ་དཔྱད་དང་ཆུའི་ཐོན་ཁུངས་བརྟག་ཞིབ་ཚོད་སྐོར་གྱི་བྱེད་སྒོ་སྤེལ་ཆོག

        ལེའུ་གསུམ་པ། ལྟ་ཞིབ་ཚད་ལེན་གྱི་སྔོན་བརྡ་དང་དཔྱད་ཡིག་གི་དོ་དམ།

        དོན་ཚན་བཅོ་ལྔ་པ། ཆུ་དཔྱད་ལྟ་ཞིབ་ཚད་ལེན་གྱི་བྱེད་སྒོ་སྤེལ་སྐབས་རྒྱལ་ཁབ་ནས་གཏན་འཁེལ་བཟོས་པའི་ཆུ་དཔྱད་ལག་རྩལ་གྱི་ཚད་ལྡན་ཚད་གཞི་དང་ལས་རིམ་ལ་བརྩི་སྲུང་ཞུས་ཏེ་ཆུ་དཔྱད་ལྟ་ཞིབ་ཚད་ལེན་དཔྱད་ཡིག་གི་སྤུས་ཚད་འགན་ལེན་བྱེད་དགོས།

        དོན་ཚན་བཅུ་དྲུག་པ། རང་སྐྱོང་ལྗོངས་ཆུ་དཔྱད་ལས་ཁུངས་ཀྱིས་འཐུང་ཆུའི་ཆུ་འགོའི་ས་ཆ་དང་། ས་འོག་ཆུ། གཙང་པོ། མཚེའུ། ཆུ་མཛོད་བཅས་ཀྱི་ཆུའི་མང་ཉུང་དང་སྤུས་ཚད་ལྟ་ཞིབ་ཚད་ལེན་བྱེད་པའི་ལས་དོན་ལ་ཤུགས་སྣོན་བརྒྱབ་ཐོག ཆུ་དཔྱད་ལྟ་ཞིབ་ཚད་ལེན་གྱི་སྟབས་བསྟུན་ལམ་སྲོལ་འཐུས་ཚང་བཙུགས་ཏེ་ཆུ་དཔྱད་གྱི་རང་འགུལ་ཚད་ལེན་སྔོན་བརྡ་བྱེད་ནུས་འཛུགས་མགྱོགས་སུ་གཏོང་བ་དང་ཚད་ལེན་སྔོན་བརྡ་གཏོང་ཐབས་འཐུས་ཚང་བཟོ་བ་ལ་བརྟེན་ནས་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་དགོས།

        དོན་ཚན་བཅུ་བདུན་པ། བསྡུ་ཉར་བྱས་པའི་ཆུ་དཔྱད་ཀྱི་གསང་འཕྲིན་ལ་རང་སྐྱོང་ལྗོངས་ཆུ་དཔྱད་ལས་ཁུངས་ཀྱིས་དུས་ཐོག་ཏུ་དབྱེ་ཞིབ་དང་སྔོན་དཔག་བྱེད་དགོས་པ་མ་ཟད། དབང་ཚད་ལྟར་ཆུ་དཔྱད་ཀྱི་གསང་འཕྲིན་སྔོན་བརྡ་བཏང་སྟེ་འབྲུབ་འགོག་ཐན་འགོག་གི་བཀོད་གཏོང་དང་གེགས་འགོག་གེགས་སེལ་གྱི་སྲིད་གཅོད་བྱེད་པར་གཞི་འཛིན་མཁོ་འདོན་བྱེད་དགོས། ཆུ་དཔྱད་ཀྱི་གསང་འཕྲིན་དང་འབྲུབ་འགོག་གི་སྙན་ཞུའི་ལས་འགན་འཁུར་བའི་ཆུའི་ལས་གྲྭ་དོ་དམ་ཚན་པས་འབྲུབ་འགོག་བྱེད་རིང་རང་སྐྱོང་ལྗོངས་ཆུ་དཔྱད་ལས་ཁུངས་ལ་ཆུའི་མང་ཉུང་བཀོད་གཏོང་གི་ཆ་འཕྲིན་དུས་ཐོག་ཏུ་འབུལ་དགོས།

         དོན་ཚན་བཅོ་བརྒྱད་པ། རླུང་འཕྲིན་དང་། བཪྙན་འཕྲིན། ཚགས་པར་དུས་དེབ། གློག་ཀླད་དྲ་བ་ལ་སོགས་པའི་གསར་འགྱུར་ཚན་པས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་དང་རང་སྐྱོང་ལྗོངས་ཀྱི་འབྲུབ་འགོག་ཐན་འགོག་གི་བླང་བྱ་གཞིར་བཟུང་ཆུ་དཔྱད་དང་ཆུའི་ཐོན་ཁུངས་ཀྱི་ཆ་འཕྲིན་དང་སྔོན་བརྡ་ཡོན་མེད་ཀྱི་ཐོག་ནས་རླུང་འཕྲིན་དང་བཪྙན་འཕྲིན་ནང་སྒྲོག་སྤེལ་དང་ཚགས་པར་དུས་དེབ་དང་གློག་ཀླད་དྲ་བའི་ཐོག་འགོད་དགོས་པ་མ་ཟད། བརྡ་ཁྱབ་གཏོང་མཁན་ལས་ཁུངས་ཀྱི་མིང་དང་བཟོ་དུས་གསལ་པོ་འགོད་དགོས།

           དོན་ཚན་བཅུ་དགུ་པ། རང་སྐྱོང་ལྗོངས་འཕྲིན་གཏོང་དོ་དམ་སྡེ་ཚན་གྱིས་ཆུ་དཔྱད་ལས་དོན་གྱི་དགོས་མཁོར་གཞིགས་ནས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་འཕྲིན་གཏོང་འགན་སྲུང་བྱས་ཏེ། ཆུ་དཔྱད་ལས་ཁུངས་ནས་ཆུ་དཔྱད་ཀྱི་གསང་འཕྲིན་དང་སྔོན་བརྡ་དུས་ཐོག་གཏོང་ཐུབ་པའི་འགན་ལེན་བྱེད་དགོས།

        དོན་ཚན་ཉི་ཤུ་པ། རང་སྐྱོང་ལྗོངས་ཆུ་དཔྱད་ལས་ཁུངས་ཀྱིས་ཆུ་དཔྱད་ཆེད་ལས་ཟབ་སྦྱོང་དཔྱད་ཞིབ་ཀྱི་ཚད་གཞི་ལོན་པའི་མི་སྒེར་ལ་ཆར་ཆུ་འབབ་ཚད་དང་ཆུ་ཁ་མཐོ་དམན་ལ་སོགས་པའི་ཆུ་དཔྱད་ལྟ་ཞིབ་ཚད་ལེན་གྱི་རྣམ་གྲངས་མངག་ཆོག མངག་བཅོལ་དང་ལེན་ཞུ་མཁན་གྱིས་མངག་བཅོལ་གྱི་དོན་གནད་དང་རེ་བ་ལྟར་ཆུ་དཔྱད་ལྟ་ཞིབ་ཚད་ལེན་གྱི་ལས་དོན་སྒྲུབ་དགོས།

         དོན་ཚན་ཉེར་གཅིག་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཆུ་དཔྱད་གཙོ་གཉེར་སྡེ་ཚན་གྱིས་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོར་གཞིགས་ཏེ། ཆུ་དཔྱད་དང་ཆུའི་ཐོན་ཁུངས་བརྟག་དཔྱད་ཚོད་སྐོར་གྱི་འོས་བབ་ལྡན་པའི་ཚན་པ་སྒྲིག་འཛུགས་བྱས་ནས་སྲིད་འཛིན་ས་ཁོངས་དེ་གའི་ནང་གི་ཆུ་དཔྱད་དང་ཆུའི་ཐོན་ཁུངས་བརྟག་དཔྱད་ཚོད་སྐོར་བྱེད་དགོས། ས་ཁུལ (གྲོང་ཁྱེར )གྲོལ་བའམ་ཡང་ན་གཙང་པོ་དང་མཚེའུ་ཆེ་རིགས་ཀྱི་ཆུའི་ཐོན་ཁུངས་བརྟག་ཞིབ་ཚོད་སྐོར་བྱས་འབྲས་ནི་རང་སྐྱོང་ལྗོངས་ཆུའི་སྲིད་འཛིན་གཙོ་གཉེར་སྡེ་ཚན་ལ་ཞིབ་བཤེར་གཏན་འཁེལ་བྱེད་རྒྱུར་འབུལ་དགོས་པ་དང་། དེ་མིན་གྱི་ཆུའི་ཐོན་ཁུངས་བརྟག་དཔྱད་ཚོད་སྐོར་བྱས་འབྲས་ནི་ས་གནས་དེ་རང་གི་ཆུའི་སྲིད་འཛིན་གཙོ་གཉེར་སྡེ་ཚན་ནས་ཞིབ་བཤེར་གཏན་འཁེལ་བྱེད་དགོས།

         དོན་ཚན་ཉེར་གཉིས་པ། ཆུ་དཔྱད་ལྟ་ཞིབ་ཚད་ལེན་དཔྱད་ཡིག་ཐད་གཅིག་གྱུར་ཕྱོགས་བསྡུས་སྙན་འབུལ་ལམ་ལུགས་ལག་བསྟར་བྱེད་རྒྱུ། རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ཁྱབ་ཁོངས་ནང་ས་ངོས་ཀྱི་ཆུ་དང་ས་འོག་གི་ཆུའི་ཆུ་དཔྱད་ལྟ་ཞིབ་ཚད་ལེན་བྱེད་མཁན་ཚན་པས་རྒྱལ་ཁབ་ཀྱི་ཆུ་དཔྱད་ལག་རྩལ་གྱི་ཚད་གཞི་ལྟར་ཆུ་དཔྱད་ལྟ་ཞིབ་ཚད་ལེན་དཔྱད་ཡིག་ལེགས་སྒྲིག་ཕྱོགས་བསྡུས་བྱས་རྗེས། ཆུ་དཔྱད་ལས་ཁུངས་ལ་དུས་ཐོག་དང་ཡོན་མེད་ཀྱི་ཐོག་ནས་གཅིག་གྱུར་སྙན་འབུལ་ཞུ་དགོས།

        ཆུ་དཔྱད་ལྟ་ཞིབ་ཚད་ལེན་དཔྱད་ཡིག་ནི་གཤམ་གསལ་གྱི་གཏན་འབེབས་ལྟར་ཕྱོགས་བསྡུས་སྙན་འབུལ་ཞུ་དགོས་པ་སྟེ།

        (གཅིག )རྒྱལ་ཁབ་ཀྱི་གཞི་རྩའི་ཆུ་དཔྱད་ལྟ་ཞིབ་ཚད་ལེན་ས་ཚིགས་ཀྱི་ལོ་དེ་གའི་ལྟ་ཞིབ་ཚད་ལེན་དཔྱད་ཡིག་ནི་ས་ཁུལ (གྲོང་ཁྱེར )ཆུ་དཔྱད་ལས་ཁུངས་ཀྱིས་ལེགས་སྒྲིག་ཕྱོགས་བསྡུས་བྱས་རྗེས། ལོ་རྗེས་མའི་ཟླ་3ཚེས་15ཉིན་གྱི་གོང་དུ་རང་སྐྱོང་ལྗོངས་ཆུ་དཔྱད་ལས་ཁུངས་ལ་ཕྱོགས་བསྡུས་སྙན་འབུལ་ཞུ་དགོས་པ་དང་།

        (གཉིས )ཆུ་དཔྱད་ལྟ་ཞིབ་ཚད་ལེན་ཚན་པ་གཞན་དག་གི་ལོ་དེ་གའི་ཆུ་དཔྱད་ལྟ་ཞིབ་ཚད་ལེན་དཔྱད་ཡིག་ནི་ལྟ་ཞིབ་ཚད་ལེན་ཚན་པས་ལེགས་སྒྲིག་ཕྱོགས་བསྡུས་བྱས་རྗེས། ལོ་རྗེས་མའི་ཟླ་5ཚེས་15ཉིན་གྱི་གོང་དུ་ས་གནས་དེ་གའི (གྲོང་ཁྱེར )ཆུ་དཔྱད་ལས་ཁུངས་སམ་ཡང་ན་རང་སྐྱོང་ལྗོངས་ཆུ་དཔྱད་ལས་ཁུངས་ལ་ཕྱོགས་བསྡུས་སྙན་འབུལ་ཞུ་དགོས།

        དོན་ཚན་ཉེར་སུམ་པ། ཆུ་དཔྱད་ལྟ་ཞིབ་ཚད་ལེན་དཔྱད་གཞིའི་ཐད་མཉམ་སྤྱོད་ལམ་ལུགས་ལག་བསྟར་བྱེད་རྒྱུ། རང་སྐྱོང་ལྗོངས་ཆུ་དཔྱད་ལས་ཁུངས་ཀྱིས་ཕྱོགས་བསྡུས་སྙན་ཕུལ་གྱི་ཆུ་དཔྱད་ལྟ་ཞིབ་ཚད་ལེན་དཔྱད་ཡིག་རྣམས་དུས་ཐོག་ཏུ་ལེགས་སྒྲིག་དང་ཞིབ་བཤེར་གཏན་འཁེལ་བྱས་ཏེ་ཕྱོགས་བསྡུས་བྱས་མཚམས་རྒྱལ་ཁབ་ཀྱི་ཆུ་དཔྱད་གྲངས་གཞིའི་མཛོད་ཁང་ནང་བཅུག་ནས་སྤྱི་དམངས་ཚོས་ཆུ་དཔྱད་ལྟ་ཞིབ་ཚད་ལེན་དཔྱད་ཡིག་རྩད་ཞིབ་དང་རག་ཐབས་བྱེད་པར་སྟབས་བདེ་སྐྲུན་དགོས། རྒྱལ་ཁབ་ཀྱི་གསང་བའི་ཁོངས་སུ་གཏོགས་པ་ཕུད་པའི་གཞི་རྩའི་ཆུ་དཔྱད་ལྟ་ཞིབ་ཚད་ལེན་དཔྱད་ཡིག་ནི་ཁྲིམས་ལྟར་ཡོངས་བསྒྲགས་བྱེད་དགོས།

           དོན་ཚན་ཉེར་བཞི་པ། རྒྱལ་ཁབ་ལས་ཁུངས་ཀྱི་ཐབས་ཇུས་དང་། གེགས་འགོག་གེགས་སེལ། རྒྱལ་སྲུང་འཛུགས་སྐྲུན། སྤྱི་པའི་བདེ་འཇགས། ཁོར་ཡུག་སྲུང་སྐྱོབ་སོགས་སྤྱི་ཕན་བྱ་གཞག་ཐོག་ཆུ་དཔྱད་ལྟ་ཞིབ་ཚད་ལེན་གྱི་དཔྱད་ཡིག་དང་གྲུབ་འབྲས་སྤྱོད་དགོས་བྱུང་ཚེ། ཡོན་མེད་ཀྱི་ཐོག་ནས་མཁོ་འདོན་བྱེད་དགོས། ཡོན་ལེན་ནས་ཆུ་དཔྱད་ལྟ་ཞིབ་ཚད་ལེན་དཔྱད་ཡིག་དང་གྲུབ་འབྲས་སྤྱོད་དགོས་བྱུང་ཚེ། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་གྲོན་དངུལ་བསྡུ་དགོས་པ་མ་ཟད། གཏོང་ཡོང་ཕྱོགས་གཉིས་ནས་དོ་དམ་བྱེད་དགོས། ཆུ་དཔྱད་ལས་ཁུངས་ཀྱིས་དམིགས་བཙུགས་རྣམ་གྲངས་ལ་མཁོ་འདོན་བྱས་པའི་ཆུ་དཔྱད་ལྟ་ཞིབ་ཚད་ལེན་དཔྱད་ཡིག་ནི་སྤྱོད་མཁན་ཚན་པས་དམིགས་བཙུགས་རྣམ་གྲངས་དེ་རང་ལ་སྤྱོད་རྒྱུར་མཁོ་འདོན་བྱས་པ་ཞིག་ཡིན་པས། ཆུ་དཔྱད་ལས་ཁུངས་ཀྱི་མོས་མཐུན་མ་ཐོབ་པར་སྡེ་ཚན་ཡང་ན་མི་སྒེར་གང་ཞིག་གིས་ཀྱང་རང་འཚམ་གྱིས་ནང་བཤུག་དང་། ཞག་བསྐྱིས། པར་སྐྲུན་བཅས་བྱེད་མི་ཆོག་པའམ་ཡང་ན་གཉེར་སྐྱོང་རང་བཞིན་གྱི་བྱེད་སྒོ་གཞན་དག་ལ་སྤྱོད་་མི་ཆོག

        དོན་ཚན་ཉེར་ལྔ་པ། གཤམ་གསལ་གྱི་བྱེད་སྒོར་ཆུ་དཔྱད་དཔྱད་ཡིག་སྤྱོད་དགོས་བྱུང་ཚེ། རང་སྐྱོང་ལྗོངས་ཆུ་དཔྱད་ལས་ཁུངས་ལ་ཞིབ་བཤེར་བྱེད་རོགས་ཞུ་དགོས་པ་སྟེ།

        (གཅིག )ཕྱོགས་བསྡུས་རང་བཞིན་གྱི་འཆར་འགོད་སྣ་ཚོགས་དང་ཆུའི་ཐོན་ཁུངས་གསར་སྤེལ་བེད་སྤྱོད་ཀྱི་འཆར་འགོད་བཟོ་རྒྱུ་དང་།

        (གཉིས )གཙོ་གནད་རྣམ་གྲངས་ཀྱི་འཆར་དགོད་དང་། འཛུགས་སྐྲུན། དེ་བཞིན་ཆུའི་ཐོན་ཁུངས་ཀྱི་དོ་དམ།

        (གསུམ )ཆུའི་ཐོན་ཁུངས་ཀྱི་བརྟག་དཔྱད་ཚོད་སྐོར་དང་། རིགས་པས་ཁུངས་སྐྱེལ། ཆུའི་ཁོར་ཡུག་གི་ཤུགས་རྐྱེན་ཚོད་སྐོར། ཚན་རིག་གི་ཚོད་ལྟ་དང་ཞིབ་འཇུག

        (བཞི )གསར་སྐྲུན་དང་། བསྐྱར་སྐྲུན། རྒྱས་སྐྲུན་བཅས་ཀྱི་ཆུ་སྤྱོད་དང་། ཆུ་འབུད། དེ་བཞིན་འབྲུབ་འགོག་ཐན་འགོག་སོགས་ཀྱི་ལས་གྲྭ།

        (ལྔ )རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་གཏན་འབེབས་བྱས་པའི་བྱེད་སྒོ་གཞན་དག་བཅས།

        ལེའུ་བཞི་པ། ཆུ་དཔྱད་ཀྱི་སྒྲིག་བཀོད་དང་ལྟ་ཞིབ་ཚད་ལེན་གྱི་ཁོར་ཡུག་སྲུང་སྐྱོབ།

        དོན་ཚན་ཉེར་དྲུག་པ། རྒྱལ་ཁབ་ཀྱི་གཞི་རྩའི་ཆུ་དཔྱད་ལྟ་ཞིབ་ཚད་ལེན་ས་ཚིགས་ཡུན་རིང་བརྟན་པོ་ཡོང་བ་བྱེད་རྒྱུ། ལས་གྲྭ་ཆེ་རིགས་ཀྱི་སྒྲིག་བཀོད་འཛུགས་སྐྲུན་བྱེད་རྒྱུའི་དགོས་མཁོའི་དབང་གིས་རྒྱལ་ཁབ་ཀྱི་གལ་ཆེའི་ཆུ་དཔྱད་ལྟ་ཞིབ་ཚད་ལེན་ས་ཚིགས་གནས་སྤོ་བྱེད་དགོས་ངེས་བྱུང་རིགས་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆུའི་སྲིད་འཛིན་གཙོ་གཉེར་དོ་དམ་སྡེ་ཚན་གྱི་ཐད་གཏོགས་ཆུ་དཔྱད་ལས་ཁུངས་ལ་ཆོག་མཆན་ཞུ་དགོས་པ་དང་། སྤྱིར་བཏང་གི་ཆུ་དཔྱད་ལྟ་ཞིབ་ཚད་ལེན་ས་ཚིགས་གནས་སྤོ་བྱེད་དགོས་བྱུང་རིགས་ནི་རང་སྐྱོང་ལྗོངས་ཀྱི་ཆུའི་སྲིད་འཛིན་གཙོ་གཉེར་དོ་དམ་སྡེ་ཚན་ལ་ཆོག་མཆན་ཞུ་དགོས་ཤིང་། དེར་མཁོའི་གྲོན་དངུལ་ནི་འཛུགས་སྐྲུན་ཚན་པས་གཏོང་དགོས། སྡེ་ཚན་དང་མི་སྒེར་གང་ཞིག་གིས་ཀྱང་ཆོག་མཆན་མ་ཐོབ་པར་རྒྱལ་ཁབ་ཀྱི་གཞི་རྩའི་ཆུ་དཔྱད་ལྟ་ཞིབ་ཚད་ལེན་ས་ཚིགས་གནས་སྤོ་བྱེད་མི་རུང་།

        དོན་ཚན་ཉེར་བདུན་པ། ཆུ་དཔྱད་ལྟ་ཞིབ་ཚད་ལེན་ས་ཚིགས་གནས་སའི་རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ཆུ་དཔྱད་ལྟ་ཞིབ་ཚད་ལེན་ས་ཚིགས་ཀྱི་ཁང་པ་དང་། ལྟ་ཞིབ་ཚད་ལེན་བྱ་གནས། ལྟ་ཞིབ་ཚད་ལེན་གྱི་སྒྲིག་བཀོད་བཅས་འཛུགས་སྐྲུན་བྱེད་པར་སྤྱོད་རྒྱུའི་ས་ཆ་དང་འགྲོ་ལམ་གྱི་ས་ཆ་བཅད་སྤྲོད་གཏན་འཁེལ་བྱེད་དགོས་པ་མ་ཟད། ས་ཆ་བེད་སྤྱོད་ཀྱི་འགྲོ་ལུགས་ཁྲིམས་བཞིན་གཉེར་དགོས།

           དོན་ཚན་ཉེར་བརྒྱད་པ། ཆུ་དཔྱད་ལྟ་ཞིབ་ཚད་ལེན་གྱི་སྒྲིག་བཀོད་ལ་སྤྱོད་པའི་ས་ཆ་དང་། ལྟ་ཞིབ་ཚད་ལེན་གྱི་སྒྲིག་བཀོད། འཕྲིན་གཏོང་སྒྲིག་བཀོད་བཅས་ལ་ཁྲིམས་ལུགས་ཀྱི་སྲུང་སྐྱོབ་ཐོབ་པས། སྡེ་ཚན་དང་མི་སྒེར་གང་ཞིག་གིས་ཀྱང་བཙན་བཟུང་དང་གཏོར་སྐྱོན་གཏོང་མི་ཆོག་ལ། ཆུ་དཔྱད་ལྟ་ཞིབ་ཚད་ལེན་གྱི་བྱེད་སྒོར་འགོག་རྐྱེན་བཟོ་མི་ཆོག

        དོན་ཚན་ཉེར་དགུ་པ། རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལ་གཞིགས་ནས་ཆུ་དཔྱད་ལྟ་ཞིབ་ཚད་ལེན་གྱི་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་དགོས་པ་མ་ཟད། གཤམ་གསལ་གྱི་ཚད་གཞི་ལྟར་ཆུ་དཔྱད་ལྟ་ཞིབ་ཚད་ལེན་ཁོར་ཡུག་གི་སྲུང་སྐྱོབ་ཁྱབ་ཁོངས་དབྱེ་མཚམས་འབྱེད་པ་དང་འབྲེལ་སྲུང་སྐྱོབ་ཁྱབ་ཁོངས་མཐའ་མཚམས་ཀྱི་ས་ངོས་སུ་མཚོན་རྟགས་འཛུགས་དགོས། 、

        (གཅིག )ཆུ་དཔྱད་ལྟ་ཞིབ་ཚད་ལེན་བྱ་ཡུལ་ཆུ་བོའི་སྲུང་སྐྱོབ་ཁྱབ་ཁོངས་ནི་ཡར་ཀླུང་གཙང་པོ་དང་། འབྲི་ཆུ། རྒྱལ་མོ་རྔུལ་ཆུ། རྫ་ཆུ་བཅས་རྒྱུག་ཁུལ་གཙོ་བོའི་རྒྱལ་ཁབ་ཀྱི་གཞི་རྩའི་ཆུ་དཔྱད་ལྟ་ཞིབ་ཚད་ལེན་ས་ཚིགས་ཀྱི་གཞི་རྩའི་ཆུ་བོའི་འཇལ་བྱེད་ཁྲེ་ཙེའི་བཅད་ངོས་ཀྱི་སྟོད་རྒྱུད་དང་སྨད་རྒྱུད་སོ་སོའི་སྤྱི་ཁྲེ་1000གི་ས་དང་ཆུ་བོའི་འགྲམ་ངོགས་གཉིས་ཀྱི་ལོ་རྒྱུས་ཐོག་གི་འབྲུབ་ཆུའི་ཆུ་ཁ་མཐོ་ཤོས་མན་ཆད་ཡིན་པ་དང་། དེ་མིན་ཆུ་བོའི་ཆུ་དཔྱད་ལྟ་ཞིབ་ཚད་ལེན་ས་ཚིགས་ཀྱི་གཞི་རྩའི་ཆུ་བོའི་འཇལ་བྱེད་ཁྲེ་ཙེའི་བཅད་ངོས་ཀྱི་སྟོད་རྒྱུད་དང་སྨད་རྒྱུད་སོ་སོའི་སྤྱི་ཁྲེ་500ཡི་ས་དང་ཆུ་བོའི་འགྲམ་ངོགས་གཉིས་ཀྱི་ལོ་རྒྱུས་ཐོག་གི་འབྲུབ་ཆུའི་ཆུ་ཁ་མཐོ་ཤོས་མན་ཆད་ཡིན།

        (གཉིས )ཆུ་དཔྱད་ལྟ་བཤེར་ཚད་འཇལ་དང་ལྟ་ཞིབ་ཚད་ལེན་བྱ་ཡུལ་གྱི་སྲུང་སྐྱོབ་ཁྱབ་ཁོངས་ནི་ཆུ་དཔྱད་ལྟ་བཤེར་ཚད་འཇལ་དང་ལྟ་ཞིབ་ཚད་ལེན་བྱ་ཡུལ་མཐའ་སྐོར་ནས་རྩིས་པའི་ཕྱི་རོལ་གྱི་སྤྱི་ཁྲེ་10ཡི་ས་རྣམས་ཡིན།

         དོན་ཚན་སུམ་ཅུ་པ། སྡེ་ཚན་དང་མི་སྒེར་གང་ཞིག་གིས་ཀྱང་ཆུ་དཔྱད་ལྟ་ཞིབ་ཚད་ལེན་གྱི་ཁོར་ཡུག་སྲུང་སྐྱོབ་ཁྱབ་ཁོངས་ནང་གཤམ་གསལ་གྱི་བྱེད་སྒོའི་རིགས་སྤེལ་མི་ཆོག་པ་སྟེ།

        (གཅིག )ལྕང་མ་འཛུགས་པ་དང་། རྐང་ཡུ་རིང་བའི་སྐྱེ་དངོས་འདེབས་པ། དངོས་ཟོག་སྤུངས་པ། ཁང་པ་རྒྱག་པ། གྲུ་གཟིངས་འཇོག་པ་བཅས་དང་།

        (གཉིས )ས་ལེན་པ་དང་། བྱེ་མ་སྔོག་པ། རྡོ་གཤགས་པ། གཏེར་ཁ་འདོན་པ། རྫས་མེ་རྒྱག་པ། གད་སྙིགས་དབྱུགས་པ་བཅས།

        (གསུམ )ལྟ་ཞིབ་ཚད་ལེན་གྱི་བཅད་ངོས་སུ་ཆུ་ལེན་པ་དང་ཆུ་ཪྙོག་་བཤངས་པའམ་ཡང་ན་ཆུ་སྒྲོལ་སྒྲིག་ཆས་དང་། གནམ་གཤིས་ལྟ་དཔྱད་བྱ་ཡུལ། ལྟ་ཞིབ་ཚད་ལེན་གྱི་བཅད་ངོས་བཅས་ཀྱི་བར་སྣང་མཐོངས་སུ་སྐུད་ལམ་འཁྲིད་པ་བཅས།

        (བཞི )ཆུ་དཔྱད་ལྟ་ཞིབ་ཚད་ལེན་གྱི་ལས་སྒོར་གནོད་པའི་བྱེད་སྒོའི་རིགས་གཞན་དག་བཅས།

         དོན་ཚན་སོ་གཅིག་པ། ཆུ་དཔྱད་ལྟ་ཞིབ་ཚད་ལེན་མི་སྣས་ཆུ་ཡུར་དང་། འགྲོ་ལམ། ཟམ་པ་བཅས་ཀྱི་སྟེང་དུ་ཆུ་དཔྱད་ལྟ་ཞིབ་ཚད་ལེན་གྱི་ལས་སྒོ་གཉེར་སྐབས། ངེས་པར་དུ་ཉེན་ཟོན་མཚོན་རྟགས་ཁྲིམས་བཞིན་འཛུགས་དགོས་པ་དང་། ཕར་འགྲོ་ཚུར་འོང་བྱེད་མཁན་གྱི་གྲུ་གཟིངས་དང་འཁོར་རིགས་ཡོད་ཕྱིན་འགྲོ་སྐྱོད་འགོར་དུ་གཏོང་དགོས་པའམ་ཡང་ན་ཟུར་གཡོལ་བྱེད་དགོས།

        ལེའུ་ལྔ་པ། ཁྲིམས་ལུགས་ཀྱི་འགན་འཁྲི།

          དོན་ཚན་སོ་གཉིས་པ། བྱ་ཐབས་འདིའི་གཏན་འབེབས་ལས་འགལ་ནས་གཤམ་གསལ་གྱི་བྱ་སྤྱོད་རིགས་ཡོད་ཕྱིན། དེའི་ཐད་ཀའི་འགན་འཁུར་གཙོ་གཉེར་མི་སྣ་དང་ཐད་ཀའི་འགན་འཁུར་མི་སྣ་གཞན་པར་ཁྲིམས་བཞིན་ཉེས་ཆད་གཏོང་དགོས་པ་དང་། ཉེས་གསོག་གི་དོགས་གཞི་ཡོད་པ་ཡིན་ཕྱིན། ཁྲིམས་འཛིན་ལས་ཁུངས་སུ་ཐག་གཅོད་བྱེད་པར་སྐྱེལ་དགོས་པ་སྟེ།

        (གཅིག )ཆུ་དཔྱད་ལྟ་ཞིབ་ཚད་ལེན་གྱི་ཆ་འཕྲིན་སྤེལ་ནོར་ཤོར་ནས་དཔལ་འབྱོར་གྱི་གྱོང་གུན་ཚབས་ཆེན་བཟོས་རིགས་དང་།

        (གཉིས )ཆུ་དཔྱད་ལྟ་ཞིབ་ཚད་ལེན་གྱི་ཆ་འཕྲིན་མ་སྤེལ་བ་དང་སྤེལ་རྒྱུ་ཕྱི་དྲགས་པའི་རིགས།

        (གསུམ )རང་འཚམ་གྱིས་ཆུ་དཔྱད་ཀྱི་གསང་འཕྲིན་སྔོན་བརྡ་གཏོང་རིགས།

        (བཞི )ཆུ་དཔྱད་ལྟ་ཞིབ་ཚད་ལེན་གྱི་དཔྱད་ཡིག་བོར་བརླག་སོང་བ་དང། གཏོང་སྐྱོན་བཏང་བ། རྫུན་བཟོ་བྱས་རིགས།

        (ལྔ )རང་འཚམ་གྱིས་ཆུ་དཔྱད་ལྟ་ཞིབ་ཚད་ལེན་གྱི་དཔྱད་ཡིག་ནང་བཤུག་བཏང་བ་དང་། གཡར་པོ་བཏང་བ། པར་བསྐྲུན་བཅས་སམ་ཡང་ན་གཉེར་སྐྱོང་རང་བཞིན་གྱི་བྱེད་སྒོ་གཞན་དག་ལ་སྤྱད་རིགས།

        (དྲུག )འགན་འཁྲི་ཁྲིམས་བཞིན་མི་འཁུར་བའི་བྱེད་སྤྱོད་གཞན་དག་རིགས།

         དོན་ཚན་སོ་གསུམ་པ། བྱ་ཐབས་འདིའི་གཏན་འབེབས་ལས་འགལ་ཏེ་ཐོ་དཔོད་སྙན་ཞུ་མ་བྱས་པར་རང་འཚམ་གྱིས་ཆུ་དཔྱད་དང་ཆུའི་ཐོན་ཁུངས་ཀྱི་བརྟག་དཔྱད་ཚོད་སྐོར་བྱེད་སྒོ་སྤེལ་མཁན་ལ་དུས་བཀག་ནང་ཐོ་དཔོད་སྙན་ཞུ་བྱེད་དུ་འཇུག་དགོས་པ་དང་། དུས་བཀག་ཡོལ་ཡང་ཐོ་དཔོད་སྙན་ཞུ་མི་བྱེད་མཁན་ལ་ཆུ་དཔྱད་དང་ཆུའི་ཐོན་ཁུངས་ཀྱི་བརྟག་དཔྱད་ཚོད་སྐོར་བྱེད་སྒོ་མཚམས་འཇོག་བྱེད་དུ་འཇུག་དགོས། གནས་ཚུལ་ཚབས་ཆེ་རིགས་ལ་སྒོར་5000ཡན་ནས་སྒོར་20000མན་གྱི་དངུལ་ཆད་གཅོད་ཆོག

        དོན་ཚན་སོ་བཞི་པ། བྱ་ཐབས་འདིའི་གཏན་འབེབས་ལས་འགལ་བའི་བྱེད་སྤྱོད་གཞན་དག་ནི་ཁྲིམས་ལུགས་དང་ཁྲིམས་སྲོལ་ནང་འཁོད་ཀྱི་ཉེས་ཆད་དང་དངུལ་ཆད་གཅོད་རྒྱུའི་གཏན་འབེབས་ཡོད་པ་ཡིན་ཕྱིན། གཏན་འབེབས་དེ་དག་ལ་གཞིགས་ནས་ཉེས་ཆད་དང་དངུལ་ཆད་གཅོད་དགོས།

        ལེའུ་དྲུག་པ། ཞར་བྱུང་།

        དོན་ཚན་སོ་ལྔ་པ། བྱ་ཐབས་འདི་2010ལོའི་ཟླ་1ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་དང་ཆབས་ཅིག་1998ལོའི་ཟླ་8ཚེས་21ཉིན་འགྲེམས་སྤེལ་བྱས་པའི 《བོད་རང་སྐྱོང་ལྗོངས་ཀྱི་ཆུ་དཔྱད་དོ་དམ་བྱ་ཐབས 》དེ་རྩིས་མེད་གཏོང་རྒྱུ།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།